ཕ་མའི་དྲིན།

ལོ་རིམ་བདུན་པའི་སློབ་གཉེར་བ། བློ་བཟང་བརྩོན་འགྲུས།

ལས་རླུང་བག་ཆགས་ཕྲ་མོའི་བཙན་དབང་གིས།།
ལན་བརྒྱར་ངན་སོང་གནས་སུ་ལྷུང་ན་ཡང་།།
རྙེད་པར་དཀའ་བའི་དལ་འབྱོར་རིན་ཆེན་འདི།།
ད་རེས་སླར་ཡང་ཐོབ་པ་ཕ་མའི་དྲིན།།

སྐྱེས་ནས་བཟུང་སྟེ་རང་མགོ་མ་ཐོན་བར།།
བྱམས་དང་བརྩེ་བའི་དྲོད་ཁོལ་མ་ཡལ་ནས།།
འཛུམ་མདངས་ཞི་བའི་རྣམ་འགྱུར་དགོད་སྒྲའི་འོག །
བདེ་སྐྱིད་འཚར་ལོང་བྱུང་བ་ཕ་མའི་དྲིན།།

སྙིང་པོ་མི་ལུས་བཟང་པོ་བླངས་པའི་སྟེང་།།
ལས་འབྲས་སླུ་མེད་ཡིན་པར་ཡིད་ཆེས་དང་།།
དཀར་པོའི་ཆོས་དང་ཚད་ལྡན་བླ་མ་སོགས།།
མཇལ་བ་འདི་ཡང་ཕ་མ་གཉིས་ཀྱི་དྲིན།།

སྟོན་པའི་རྗེས་སུ་འབྲངས་ནས་རབ་ཏུ་བྱུང་།།
ལུང་རྟོགས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་སོགས།།
ཚུལ་བཞིན་སྟོན་པའི་བཤེས་གཉེན་དམ་པ་རྣམས།།
ཚེ་འདིར་མཇལ་བ་འདི་ཡང་ཕ་མའི་དྲིན།།

རང་དང་མདུན་ལམ་གཅིག་པའི་ཆོས་གྲོགས་ཚོ།།
གྲུབ་དབང་བླ་མའི་གདན་སའི་མཐོ་སློབ་ཏུ།།
གཞུང་ལུགས་ཐོས་བསམ་སྒོམ་པའི་ཉམས་ལེན་ལ།།
ལྷན་དུ་བརྩོན་གྲོགས་བྱུང་བ་ཕ་མའི་དྲིན།།

༢༠༢༢/༦/༥

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།