བོད་ཀྱི་དག་ཡིག་གི་བྱུང་བ་རོབ་ཙམ་གླེང་བ།

ལོ་རིམ་ལྔ་པའི་སློབ་གཉེར་བ། ཀུན་བཟང་ཉི་མ།

དང་པོ། གླེང་སློང་བ།[1]

སྤྱིར་རང་རྐྱ་ཐུབ་པའི་རིག་པ་ཞིག་དང་བྱེ་བྲག་བརྡ་དག་སོགས་ཀྱི་གནས་གང་ཞིག་ལ་བསམས་ཀྱང་། དེར་འཐུས་སྒོ་ཚང་བ་ཞིག་ཡོང་བ་ལ་དུས་ཚོད་དང་འབད་བརྩོན། མཐོང་ཐོས་མྱོང་གསུམ་མང་པོ་ཞིག་གི་སྦྱོར་བ་སྔོན་དུ་འགྲོ་དགོས་པས་བསྲེག་བཅད་བརྡར་གསུམ་གྱི་བརྒྱུད་རིམ་དགོས་པ་ལས་གཞན་རྩོམ་ཡིག་རེ་གཉིས་ཀྱིས་ཡོང་བ་ཞིག་མིན་མོད། རང་གིས་མཐོང་ཐོས་ཀྱིས་སྙོབ་པའི་ད་ལྟའི་བར་དུ་བོད་ཀྱི་སུམ་རྟགས་དག་གསུམ་ལས་སུམ་རྟགས་གཉིས་ཀྱི་བྱུང་རིམ་ཙམ་ལས། དག་ཡིག་གི་བྱུང་རིམ་ཞིག་མཐོང་བའི་ཡུལ་དུ་མ་གྱུར་སྟབས། འདིར་དཔྱད་གཞིའམ་དོ་སྣང་གི་ས་བོན་ཙམ་གྱི་ཚུལ་དུ་དག་ཡིག་གི་བྱུང་བ་ཅུང་ཙམ་ཞིག་འབྲི་བའི་ཐོག་མའི་ཀུན་སློང་གིས་བསྐུལ་ཏེ། ཐོག་མར་གླེང་སློང་བའམ་མཚམས་སྦྱོར་བའི་ཚུལ་གྱིས་དང་པོ་དུས་རབས་བདུན་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་ལོ་རྒྱུས་རྒྱལ་རབས་དག་ཏུ་གསལ་བ་ལྟར། སློབ་དཔོན་ཐོན་མི་སཾ་བྷོ་ཊས། ང་དྲིན་ཆེན་གྱི་བློན་པོ་ཐོན་མི་ང་། །ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ། །ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད། །ཅེས་གསུངས་པ་བཞིན་གུཔྟའི་རྒྱལ་རབས་ཕྱི་མའི་[2]སྐབས་ལམ་བགྲོད་པར་དཀའ་བའི་རྒྱ་གར་འཕགས་པའི་ཡུལ་དུ་སོང་སྟེ་དཀའ་བ་ཁྱད་བསད་དང་ངལ་བ་དང་བླངས་ཀྱིས་ཕྱིར་བོད་དུ་ཕེབས་ཏེ་བཙན་པོ་སྲོང་བཙན་སྒམ་པོ་དང་མཉམ་དུ་སྐུ་མཁར་མ་རུ་ནས་གུཔྟའི་དབྱངས་གསལ་གྱི་ཡི་གེ་(ཡིག་གཟུགས་)[3]1ལ་བརྟེན་ནས་བོད་ཀྱི་དབྱངས་གསལ་སོ་བཞིའི་བདག་ཉིད་ཅན་གྱི་ཡིག་གཟུགས་གསར་གཏོད་བྱས་པ་ནས་བོད་ཀྱི་གཙུག་ལག་རིག་གཞུང་ལ་སྲོག་གསར་བ་ཞིག་བསྣན་ཅིང་། རིམ་གྱིས་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་མཁན་སློབ་ཆོས་གསུམ་སོགས་ཀྱིས་མཚོན་ལོ་པཎ་དང་མེས་པོ་རྣམས་ཀྱིས་བོད་ཀྱི་གཙུག་ལག་རིག་གཞུང་མེད་པ་ནས་ཡོད་པ། ཡོད་པ་ནས་མ་ལག་ཚང་བ་ཞིག་བསྐྲུན་པ་ནི། དེང་སང་ང་ཚོའི་མིག་སྔར་ཡོད་པའི་ཡ་གླིང་གི་ཚབ་མཚོན་དང་འཛམ་གླིང་སྤྱིའི་གཅེས་ནོར་དུ་ངོས་འཛིན་བཞིན་པའི་ཆོས་ཚན་ལྔ་བརྒྱ་དང་པོད་གྲངས་སུམ་བརྒྱ་ལྷག་གི་བདག་ཉིད་དུ་གྱུར་པའི་བཀའ་བསྟན་གཉིས་ལྟ་བུའོ།།

དེ་དག་ལ་ཞིབ་ཚགས་པོའི་སྒོ་ནས་བསམས་ན་གློ་བུར་དུ་སྟབས་ལེགས་སྟེས་དབང་གིས་བྱུང་བ་ཞིག་མ་ཡིན་པར། རྒྱུན་ཆད་མྱོང་མེད་པའི་བོད་ཀྱི་ཡབ་མེས་ཚོའི་ཆོད་སེམས་དང་དཀའ་སྡུག་གི་ལོ་རྒྱུས་བྱུང་རིམ་གྱི་རྒྱབ་ལྗོངས་ཡོད་པ་ནི་སྨོས་མ་དགོས་ཏེ། དཔེར་ན་ཡིག་གཟུགས་གསར་གཏོད་བྱས་པ་ནས་སྒྲ་སྒྱུར་གྱི་སྡེ་བཙུགས་པ། སྒྲ་སྒྱུར་གྱི་སྡེ་བཙུགས་པ་ནས་རིམ་གྱིས་སྐད་གསར་བཅད་བྱུང་བ། དེ་ནས་སྐད་ཀྱི་གདངས་འགྲོས་དང་དེ་མཚོན་བྱེད་ཀྱི་ཡི་གེའི་བར་ཐག་རིང་དུ་སོང་བའི་འགལ་རྐྱེན་སེལ་བྱེད་གཙོ་བོ་མིང་དག་པར་བྱེད་པའི་རང་རྐྱ་ཐུབ་པའི་བརྡ་སྤྲོད་ཀྱི་གཞུང་དག་ཡིག་བརྩམས་གནང་མཛད་པ་སོགས། མདོར་ན། དེང་གི་དུས་སུའང་ངོམ་ཆོག་པའི་བོད་ཀྱི་གཙུག་ལག་རིག་གཞུང་ལ་འཛམ་གླིང་སྤྱིའི་ཤེས་རིག་གིི་བརྒྱུད་རིམ་དང་འཕོ་འགྱུར་བཞིན་དངོས་ཡོད་ལོ་རྒྱུས་ཀྱི་བྱུང་བ་ཡོད་པ་ནི་སྨོས་མ་དགོས་སོ།།

གཉིས་པ། དག་ཡིག་གི་ལོ་རྒྱུས་མདོར་བསྡུས།

དང་པོ་ངོ་སྤྲོད་ཀྱི་ཚུལ་དུ་དག་ཡིག་གི་ལོ་རྒྱུས་མདོར་བསྡུས་ཤིག་བརྗོད་ན། མཁས་པ་རྣམ་པས་ཡོངས་གྲགས་སུ་གཅིག་མཚུངས་ཀྱིས་ཁས་ལེན་པའི་ཁུངས་དག་ཅིག་བརྗོད་དུ་མ་མཆིས་ཤིང་། གོང་བཤད་ལྟར་དེ་སྔོན་དེ་འདྲ་ཞིག་རང་གི་མཐོང་ཐོས་སུ་མ་གྱུར་མོད། སྤྱིར་བོད་ཀྱི་མཁས་པ་དག་གིས་མཛད་པའི་དག་ཡིག་གི་བསྟན་བཅོས་མང་པོ་ཞིག་ཡོད་པ་དང་། དེ་ཡང་དབྱར་གྱི་ནམ་མཁའི་གློག་ལྟར་གློ་བུར་ཐོག་རྒྱག་གི་སྣང་ཚུལ་ཞིག་མ་ཡིན་ཞིང་། ལྷག་ཏུ་བོད་ཀྱི་སྔོན་བྱོན་མཁས་པ་དག་གིས་དཀའ་སྡུག་དང་རྔུལ་ཆུས་བཙགས་པའི་རྣམ་ཐར་རྟོགས་བརྗོད་ལོ་རྒྱུས་ལ་བསམས་ན། འགྲོ་བ་མིའི་གཙུག་ལག་རིག་གཞུང་སྤྱིའི་ཆོས་ཉིད་ལས་ལྷག་པའི་བྱུང་བ་མེད་ན་ཡང་། དེ་དང་འདྲ་བའི་ལོ་རྒྱུས་ཤིག་ཡོད་པས། དག་ཡིག་ལོ་རྒྱུས་ཀྱི་ཤོག་ལྷེ་ལས་ཀྱང་དེ་དང་གཅིག་མཚུངས་ཡིན་སྟབས། ཤོག་ལྷེ་དེ་སྟོང་པར་ལུས་ན་ཤིན་ཏུ་ཕངས་ཕྱིར་རང་གིས་འབྲི་ཐུབ་མིན་ལ་མ་ལྟོས་པར་སྤོབས་པ་ཆེ་རུ་བསྐྱེད་དེ། དག་ཡིག་འཕེལ་རིམ་གྱི་སྔོན་འགྲོ་རུ་དག་ཡིག་གི་ལོ་རྒྱུས་མདོར་བསྡུས་ཤིག་བརྗོད་ན།

དག་ཡིག་གི་ལོ་རྒྱུས་ཤེས་པ་ལ་ཐོག་མར་གང་བཤད་བྱའི་དག་ཡིག་ཟེར་བ་དེ་གང་ཡིན་ངོས་ཟིན་དགོས་པ་དང་། དེ་ནས་དེའི་བྱུང་བའི་རིམ་པ། བྱུང་དགོས་པའི་རྒྱུ་རྐྱེན་སོགས་རྒྱུ་མཚན་དུ་མ་ཞིག་ཡོད་པ་ལས་བྱུང་བའི་རིམ་པ་སོགས་འོག་གི་དག་ཡིག་གི་འཕེལ་རིམ་དངོས་ཀྱི་སྐབས་སུ་བརྗོད་པར་བྱ་ལ། འདིར་དང་པོ་དག་ཡིག་ཟེར་བ་ངོས་འཛིན་པ་ལ་ཐོག་མར་ཚད་མ་རིག་པའི་མཚན་ཉིད་བཞག་པ་ལྟར་ཁུངས་ཐུབ་ཀྱི་ཡིག་ཆ་དག་ཏུ་མཚན་ཉིད་དམ་ངོ་བོ་དེ་ལྟ་བུ་ཞིག་མ་མཐོང་ན་ཡང་། «བོད་རྒྱ་ཚིག་མཛོད་ཆེན་མོ་»ལས།[4] ཡི་གེ་དག་བྱེད་ཀྱི་དཔེ་ཆའི་མིང་ཞེས་གསུངས་པ་དང་། དེ་བཞིན་«སྨོན་ལམ་ཚིག་མཛོད་ཆེན་མོ་» ལས། ཡི་གེ་དག་ཆ་སྟོན་པའི་གཞུང་སྟེ། གཙོ་བོ་མིང་གི་དག་ཆ་རྣམས་སྟོན་བྱེད་ཀྱི་དཔེ་ཆའི་མིང་། ཞེས་དང་། སྔོན་རྗེས་དང་མགོ་འདོགས་སོགས་ཡི་གེའི་དག་ཆ་གཙོ་བོར་སྟོན་པའི་དཔེ་ཆ་ལ་དག་ཡིག་གི་གཞུང་ཞེས་གསུངས་ཡོད། དེ་བས་སྤྱིར་རིག་ཚན་གང་ཞིག་ཡིན་ན་ཡང་སྒྲ་ཡངས་དོག་གཉིས་སུ་གོ་བ་ལེན་ཆོག་པ་ལྟར་བརྡ་སྤྲོད་པའི་དག་ཡིག་ལ་ཡང་དེ་དང་གཉིས་སུ་མ་མཆིས་པས། དག་ཡིག་གི་འཕེལ་རིམ་སོགས་ལ་གཞིགས་ན་སྒྲ་ཡངས་དོག་གི་གོ་བ་གཉིས་ལེན་ཆོག་པར་སྣང་སྟེ། དང་པོ་སྤྱི་བམ་གྱིས་དག་ཡིག་ཅེས་བརྗོད་སྐབས་སྒྲ་དོག་འཇུག་གིས་ང་ཚོའི་བློ་ངོར་འཆར་བ་ནི། དཔེར་ན་དག་ཡིག་ངག་སྒྲོན་དང་། དག་ཡིག་མཁས་པ་དགའ་བསྐྱེད། བདུད་འཇོམས་དག་ཡིག་ལྟ་བུ་དག་ཡིག་གི་གཞུང་ངམ་དཔེ་ཆ་དག་ཡིན་ལ། གཉིས་པ་ཞིབ་ཀྱིས་བོད་ཀྱི་བརྡ་སྤྲོད་ཀྱི་གོང་འོག་བསྒྲིགས་ནས་བལྟས་ན་དག་ཡིག་ལ་དེ་ལས་ཞིབ་ཏུ་གཏོང་རྒྱུ་ཡོད་པས་གོང་གི་བོད་རྒྱ་ཚིག་མཛོད་དང་སྨོན་ལམ་ཚིག་མཛོད་དག་ཏུ་ཡོད་པ་ནི། སྒྲ་དོག་འཇུག་གིས་དབང་གི་གོ་དོན་ནམ་ཡང་ན་ཚིག་མཛོད་གཉིས་ཆ་རུ་དཔེ་ཆ་ཞེེས་བརྗོད་པས་དག་ཡིག་གི་མཚན་བྱང་ཅན་གྱི་གཞུང་གི་ངོ་བོ་རུ་ངོས་འཛིན་དགོས་པར་སེམས་སོ།།

དེས་ན་སྒྲ་ཡངས་འཇུག་གི་དག་ཡིག་གི་གོ་དོན་ལ། ལོ་རྒྱུས་ཀྱི་ངོས་ནས་བལྟས་པ་ཡིན་ན།«ཤེས་བྱ་ཀུན་ཁྱབ་མཛོད་»ལས།[5]བོད་དུ་ཐོན་མིས་འཕགས་ཡུལ་མཁས་པ་ལས། །སྒྲ་ཡིག་བསླབས་ལ་དཔེ་བྱས་ཡི་གེའི་གཟུགས། །བོད་ལ་ཉེར་མཁོའི་ཕྲི་སྣོན་བཅས་པ་དང་། །སུམ་རྟགས་ལ་སོགས་བརྡ་སྤྲོད་གཞུང་བརྒྱད་མཛད། །ཅེས་དུས་རབས་བཅུ་དགུ་པའི་ནང་བྱུང་བའི་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ (༡༨༡༣-༡༨༩༤) དང་། དུས་རབས་བཅུ་བཞི་པའི་ནང་བྱོན་པའི་བུ་སྟོན་རིན་ཆེན་གྲུབ་ (༡༢༩༠-༡༣༦༤) ཀྱི་ཆོས་འབྱུང་སོགས་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་ཐོན་མིས་བརྡ་སྤྲོད་ཀྱི་བསྟན་བཅོས་བརྒྱད་མཛད་པར་གསུངས་ན་ཡང་། ལོ་རྒྱུས་དར་རྒུད་ཀྱི་དབང་གིས་ད་ལྟའི་མཐོང་ཡུལ་དུ་མེད་ཅིང་། ལོ་རྒྱུས་དེབ་ཐེར་དུ་ལྷག་པའི་བསྟན་བཅོས་བརྒྱད་པོ་[6]དེ་དག་གི་མཚན་དུ་དག་ཡིག་ཅེས་མིང་དངོས་སུ་བྱུང་མེད་པར་བརྟེན་དེར་དག་ཡིག་གི་བསྟན་བཅོས་ཡོད་མེད་དང་དག་ཡིག་ཡིན་མིན་གྱི་ཁ་ཚོན་མི་ཆོད་པས། དེ་ལ་ཚོད་དཔག་དང་རིགས་འདེད་བྱེད་པར་དགོས་པ་དང་རྒྱུ་མཚན་ཆེར་མ་མཐོང་བས་འདིར་བཏང་སྙོམས་སུ་བཞག་པ་ཡིན་ནོ།།

དེས་ན་སྒྲ་དོག་འཇུག་གི་དག་ཡིག་ཅེས་པའི་མཚན་བྱང་ཡོད་པའི་ལོ་རྒྱུས་སུ་གསལ་བའི་དེང་གི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་དག་ཡིག་གི་བསྟན་བཅོས་ཐོག་མ་ནི་«དག་ཡིག་ཉེར་མཁོ་བསྡུས་པ།»ཡིན་ཡང་། དེར་དག་ཡིག་གི་བསྟན་བཅོས་དེ་རྩོམ་དགོས་པའི་རྒྱུ་མཚན་འཆད་སྐབས་མཛད་པ་པོ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ (༡༠༤༩-༡༡༠༩) ཀྱིས། འདིར་ཉེ་བར་མཁོ་བའི་འདིའི་མིང་འདི་བྱ་ཞིང་། དོན་འདི་བརྗོད་པ་ལ་ཚིག་འདི་དང་འདི་འཇུག་གོ་ཞེས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་བསྟན་བཅོས་འདི་རྩོམ་མོ། །[7]ཞེས་དང་། ཉང་ཉི་མ་འོད་ཟེར་ (༡༡༢༤-༡༡༩༢) གྱི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས།[8]འབྲི་ཀློག་དག་པར་བྱ་བའི་ཕྱིར་དུ་སྒྲའི་བསྟན་བཅོས་དང་། དག་ཡིག་རྒྱས་པ་ཡང་མཛད་དེ་རྒྱལ་པོའི་ (སྲོང་བཙན་སྒམ་པོ།) ཕྱག་ཏུ་ཕུལ་བས་མཉེས་སོ། །ཞེས་གསུངས་པ་དང་། དེ་བཞིན་ཚེ་ཏན་ཞབས་དྲུང་ (༡༩༡༠-༡༩༨༥) གིས་«ཐོན་མིའི་ཞལ་ལུང་»གི་ས་བཅད་དུ་དག་ཡིག་སྨྲ་སྒོ་མཚོན་ཆ་རྩ་འགྲེལ་ཞེས་སྨྲ་སྒོ་མཚོན་ཆ་དག་ཡིག་ཏུ་ངོས་བཟུང་བ་སོགས་དག་ཡིག་གི་མཚན་བྱང་ཡོད་པའི་རྔོག་ལོ་ཙཱ་བའི་དག་ཡིག་ཉེར་མཁོ་བསྡུས་པ་བརྩམས་པའི་དགོས་པ་དང་། ལྷག་ཏུ་ཉང་ཉི་མ་འོད་ཟེར་ལགས་ཀྱིས་བཙན་པོ་སྲོང་བཙན་གྱི་དུས་ནས་དག་ཡིག་རྒྱས་པ་ཡོད་པ་དང་། སྒྲའི་བསྟན་བཅོས་དང་དག་ཡིག་རྩོམ་པའི་དགོས་པ་སོགས་ལ་གཞིགས་ན་སྒྲ་ཡངས་བའི་དག་ཡིག་ལ་གོ་བ་ཞིག་ལོན་པ་མ་ཟད། དེ་ལས་ཀྱང་བོད་ཀྱི་ཡི་གེ་ནི་དབྱངས་གསལ་ཡི་གེའི་ཁོངས་སུ་གཏོགས་ཤིང་དབྱངས་གསལ་ཡི་གེ་ནི་མིང་ཚིག་གཉིས་ཀྱི་རྩོོམ་གཞིར་གྱུར་བའི་སྐད་ཀྱི་གདངས་ལ་ངོས་འཛིན་དགོས་ཕྱིར། སྐད་གདངས་ཀྱི་ངོ་བོར་གྱུར་པའི་དབྱངས་གསལ་ཡི་གེ་ལ་མཚོན་ན། སློབ་དཔོན་ཐོན་མིས། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོ་ང་རོ་རྣམས་ལ་སྦྱང་། །ཞེས་གསུངས་པ་བཞིན་བོད་ཀྱི་ཡི་གེའི་དོན་དངོས་ཀྱི་དག་ཆ་གཙོ་བོ་ཐོན་པ་ལ་དང་པོ་ང་རོ་སྦྱོང་སྟངས་ནས་འགོ་འཛིན་དགོས་པས་སྒྲ་ཡངས་བའི་དག་ཡིག་ཅིག་ངོས་འཛིན་དགོས་པའི་རྒྱུ་མཚན་ལ་དེ་ལྟར་མནོ་བསམ་བཏང་ན་ལས་སླ་བོར་གོ་ནུས་པ་མ་ཟད། འོག་ནས་བྱུང་བའམ་འཕེལ་རིམ་དངོས་ཀྱི་སྐབས་ནས་ཀྱང་བརྗོད་པ་ལྟར་དག་ཡིག་གི་འཕེལ་རིམ་ཡང་དང་པོ་ང་རོ་སྦྱོང་སྟངས་ནས་འགོ་འཛུགས་དགོས་པས་ཞིབ་ཀྱིས་བལྟས་ན་གསལ་ངེས་སོ།།

དེས་ན་སྒྲ་ཡངས་དོག་གཉིས་ཀྱིས་ངོས་ནས་དག་ཡིག་གི་ལོ་རྒྱུས་ལ་བསམས་ན་སྤྱིར་ཐོན་མིའི་སྐབས་ནས་དག་ཡིག་ཡོད་པ་ཙམ་མ་ཟད་རྒྱས་པ་ཡོད་པ་དུས་རབས་བཅུ་གཉིས་ནང་འཁྲུངས་པའི་ཉང་ཉི་མ་འོད་ཟེར་གྱི་ཆོས་འབྱུང་སོགས་ལོ་རྒྱུས་ཡིག་ཆ་ཁག་ཏུ་ཁ་གསལ་ལ། དམིགས་བསལ་བོད་ཀྱི་བརྡ་དག་གི་འཕེལ་རིམ་ལ་བལྟས་ན་ད་ལྟའི་དབྱངས་གསལ་སོ་བཞིའི་བདག་ཉིད་དུ་གྲུབ་པའི་སྒྲ་ཡངས་འཇུག་གི་དག་ཡིག་གི་འགོ་དུས་རབས་བདུན་པ་ནས་བཙུགས་པར་ངོས་བཟུང་ན་མ་འགྲིག་པ་གང་ཡང་མེད་ཅིང་། སྒྲ་དོག་འཇུག་གི་མཚན་བྱང་ཡོད་པའི་དེང་དུས་དངོས་སུ་མཇལ་དུ་ཡོད་པའི་དག་ཡིག་གི་ཐོག་མ་ནི། གོང་བཤད་ལྟར་དུས་རབས་བཅུ་གཅིག་ནང་བརྩམས་པའི་«དག་ཡིག་ཉེར་མཁོ་བསྡུས་པ་»ཡིན་ལ། དག་ཡིག་དེར་བོད་ཀྱི་དབྱངས་གསལ་སོ་བཞི་དང་མགོ་འདོགས་ནས་བཟུང་སྡོམ་ལྔའི་སྒོ་ནས་གསུངས་ཡོད་པ་དང་། དེ་ནས་རིམ་གྱིས་བོད་ཀྱི་བརྡ་སྤྲོད་དག་ཡིག་གི་ལོ་རྒྱུས་ལ་བལྟས་ན་སློབ་དཔོན་བསོད་ནམས་རྩེ་མོས་ (༡༡༤༢-༡༡༨༢) ཡི་གེའི་འབྱུང་གནས། འབྱིན་ཐབས། བཀླག་ཐབས་སོགས་ཇོ་བོ་སྨྲི་ཏིའི་ (༨༩༢-༡༠༣༣) སྨྲ་སྒོ་མཚོན་ཆའི་རྨང་གཞིའི་ཐོག་དུས་རབས་བཅུ་གཉིས་པའི་ནང་«ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་»ཞེས་བྱ་བ་བརྩམས་ཤིང་། དེ་བཞིན་ས་པཎ་དང་པཎ་ཆེན་ཤཱཀྱ་མཆོག་ལྡན། ཞ་ལུ་ལོ་ཙཱ་བ་དང་སྐྱོགས་སྟོན་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས་སོགས་ཀྱིས་བརྡ་དག་སྒྲ་ཡངས་དོག་གི་དག་ཡིག་གི་གཞུང་རྣམས་དང་། དེ་ནས་དམིགས་བསལ་དུས་རབས་བཅོ་ལྔ་པར་དཔལ་ཁང་ལོ་ཙཱ་བའི་ (༡༤༥༦-?) ངག་སྒྲོན་དུ་དག་ཡིག་གི་སྒྲིག་རིམ་ཐད་ལ་དེང་གི་ཚིག་མཛོད་ཀྱིས་སྒྲིག་སྟངས་བཞིིན་ཀ་ནས་ཨའི་བར་གསལ་བྱེད་སུམ་ཅུའི་སྡེ་ཚན་ཆ་ཚང་བའི་སྒྲིག་རིམ་ཐོག་མར་བྱུང་བ་དང་། གཞན་བརྡ་དག་གམ། དག་ཡིག་མང་དུ་མཆིས་ཀྱང་དུས་རབས་བཅུ་བདུན་པའི་སྨད་ཙམ་ལ་བརྩམས་པའི་«དག་ཡིག་མཁས་པ་དགའ་སྐྱེད་»ལྟ་བུར་མཚོན་ན་ཚིག་ཉུང་ངུས་ཡི་གེའི་འཇུག་པ་དུ་མ་བསྟན་པ། བོད་ཀྱི་བརྡའི་གནད་དྲིལ་ཞིང་གོ་སླ་བས་བློར་འཛིན་བདེ་བ་དང་། སྒྲིག་རིམ་ཡང་དབྱངས་གསལ་གཉིས་ནས་མགོ་འདོགས། ཡི་གེའི་ཐོབ་ཐང་། འཕུལ་དང་མཐའ་རྟེན་གྱི་འཁྲུལ་སྤོང་། ཡང་འཇུག་ཡོད་མེད་ཀྱི་དོན་གྱི་ཁྱད་པར། ཚིག་གི་མཐུན་པ་ལ་འཁྲུལ་བའི་ཡི་གེ་དག་སྡེབ་སོགས་མང་ཉུང་ལ་མ་བལྟས་པའི་གནད་ཆེ་ཚུལ་འོག་ཏུ་བཤད་པའི་ཡང་འཇུག་ཡོད་མེད་ཀྱི་གསལ་ཁ་བཏོད་པ་མ་ཟད། ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་ (༡༤༤༡-༡༥༢༧) དག་ཡིག་ཟ་མ་ཏོག་གི་མཆན་འགྲེལ་མདོར་བསྡུས་ཕུད་པའི་ཤུལ་དུ་དག་ཡིག་གི་རང་འགྲེལ་ཆ་ཚང་བ་དང་པོ་ཡང་དག་ཡིག་མཁས་པ་དགའ་སྐྱེད་འདི་ཉིད་ཡིན་པར་སེམས་སོ།།

དེ་བཞིིན་གཞན་དག་ཡིག་ལ་དེང་དུས་སློབ་ཆུང་དག་ཡིག་ལྟ་བུ་ན་ཚོད་ཀྱི་འཚར་ལོངས་དང་བསྟུན་པའི་དག་ཡིག་ཀྱང་བསྒྲིགས་ཡོད་པ་སོགས་འདི་ནི་དག་ཡིག་གི་ལོ་རྒྱུས་མདོར་བསྡུས་པ་ཙམ་ཡིན་ལ། ཞིབ་ཏུ་ཤེས་འདོད་ན་གངས་ལྗོངས་བརྡ་དག་ཀུན་བཏུས་[9]དང་། དག་ཡིག་ཕྱོགས་བསྒྲིགས་ཁག དེ་བཞིན་ཚེ་ཏན་ཞབས་དྲུང་གི་སུམ་རྟགས་དང་འབྲེལ་བའི་དག་ཡིག་དང་ཡི་གེའི་བཤད་པ་གྲགས་ཅན་སྐོར་[10]གྱི་ས་བཅད་དུ་བཀོད་པའི་བརྡ་དག་མཚན་བྱང་སུམ་ཅུ་སོགས་མདོར་ན་དག་ཡིག་གི་བསྟན་བཅོས་རྣམས་དང་། དེ་དག་གི་བྱུང་རིམ་གྱི་ལོ་རྒྱུས་རྒྱབ་ལྗོངས་སོགས་སྦྱར་ནས་ཤེས་པར་བྱའོ།།

གསུམ་པ། དག་ཡིག་གི་བྱུང་བ་དངོས།

ཐོན་མི་རང་གིས་མཛད་པའི་སུམ་རྟགས་ནས་བཟུང་གནས་བརྒྱད་རྩ་འགྲེལ།[11] དེ་བཞིན་བོད་ཀྱི་ཚིག་མཛོད་ཐོག་མའི་གྲས་སྒྲ་སྦྱོར་བམ་གཉིས་[12]དང་བྱེ་བྲག་རྟོག་བརྗོད་ཆེན་མོ།[13] སྨྲ་སྒོ་མཚོན་ཆའི་རྩ་འགྲེལ་དང་ལྷག་ཏུ་དག་ཡིག་གི་ཐོག་མ་ཉེར་མཁོ་བསྡུས་པས་མཚོན་བོད་ཀྱི་བརྡ་དག་དག་ཡིག་ཁག་ལ་དཔྱད་འཚོལ་བྱེད་པ་ནི་ཤིན་ཏུ་གལ་ཆེ་བར་འདོད་དེ། བོད་ཀྱི་བྱུང་རབས་ཀྱི་སྐད་ཡིག་གཟུགས་བརྙན་ལ་ལྟ་དགོས་ན་མེ་ལོང་འདི་དག་ནི་གསེར་ལས་ཀྱང་ལྷག་པའི་རིན་ཐང་ཆེ་བར་མ་ཟད། ལྷག་ཏུ་སྐད་བརྡ་རིག་པ་དང་སྦྱར་ནས་ལྟ་དགོས་ན་དུས་རབས་རིམ་བྱོན་གྱི་དག་ཡིག་ཁག་ནི་ཁ་སྐོང་ངམ་ཚབ་མཚོན་མེད་དུ་མི་རུང་བ་ཞིག་ཏུ་སེམས། དེ་བས་རང་གིས་འཁྱོངས་མིན་ལ་མ་ལྟོས་པར་དག་ཡིག་གི་བྱུང་རིམ་འདི་འབྲི་དགོས་པའི་རྩ་དོན་གྱི་ཆ་ཤས་ཞིག་ཀྱང་དེ་ལྟར་ཡིན་པ་བཤད་ཆོག་གོ།

འོ་ན་དམིགས་བསལ་གྱིས་དག་ཡིག་ཁག་ནི་དུས་རབས་དང་བསྟུན་པའི་བོད་ཀྱི་སྐད་བརྡའི་ཚབ་མཚོན་གང་ཞེ་ན། འདིར་བྱུང་འཕེལ་དངོས་དང་སྦྱར་ནས་བརྗོད་པར་བྱ་སྟེ། དེ་དག་ལེགས་པོ་ཞིག་ངོས་འཛིན་ཐུབ་ན་འདིའི་གལ་ཆེན་རང་བཞིན་ཡང་ཞོར་དུ་གོ་ཐུབ། སྤྱིར་དོན་དངོས་དང་ག་ཚོད་གཅར་ཐུབ་མིན་གྱི་ཁ་ཚོན་ནི་རང་གིས་ཐག་ཆོད་པ་ཞིག་མ་ཡིན་པར་དུས་ཚོད་དང་ལོ་རྒྱུས། ཀློག་པ་པོ་དང་རྒྱབ་ལྗོངས་མང་པོ་ཞིག་ལ་རག་ལས་པས་འདིར་བཤད་སྤོབས་པ་ཞིག་མ་ཡིན་མོད། རང་གིས་དཔེ་ཀློག་གི་ད་ལྟའི་གྲུབ་དོན་ལྟར་སྤྲོས་ན། དག་ཡིག་ལ་སྒྲ་ཡངས་དོག་གཉིས་སུ་གོ་བ་ལེན་ཆོག་པའམ་དགོས་པ་ནི་གོང་དུ་བརྗོད་པ་བཞིན་ཡིན་པ་དང་། དེའི་ཕྱིར་བོད་ཀྱི་དག་ཡིག་གི་འཕེལ་རིམ་དངོས་ལ་དཔྱད་དགོས་ན་སློབ་དཔོན་ཐོན་མིའི་ད་ལྟའི་དབྱངས་གསལ་སོ་བཞིའི་བདག་ཉིད་དུ་གྲུབ་པའི་བོད་ཡིག་[14]གསར་གཏོད་བྱས་པ་ནས་འགོ་མ་བཟུང་ཐབས་མེད་ཡིན་ཞིང་། དོན་དངོས་ཐོག་བོད་ཡིག་དེ་ཡང་འཛམ་གླིང་གི་སྐད་ཡིག་སྤྱིའི་འགྲོས་ལྟར་གསར་གཏོད་བྱས་ཡོད་པ་ལས། རང་སྣང་གང་ཤར་དང་སྦྱང་བརྩོན་གྱི་གྲུབ་འབྲས་གང་ལ་ཡང་མ་ལྟོས་པར་ལྷ་སྒྲུང་རང་བཞིན་གྱི་འཆར་སྣང་གིས་རང་སེམས་གསོ་བའི་སྐད་ཆ་ལྟ་བུ་མ་ཡིན་པས། འཛམ་གླིང་སྤྱི་འགྲོས་ལྟར་གསར་གཏོད་བྱས་ཟེར་བ་དེ་ཡང་། དང་པོ་དབྱངས་གསལ་གྱི་ཡི་གེ་གང་ཞིག་གསར་གཏོད་བྱས་པ་ཡིན་ན་ཡང་སྐད་ཀྱི་རམ་འདེགས་ལ་བརྟེན་ནས་མཚོན་བྱ་སྐད་ཀྱི་མཚོན་བྱེད་དུ་བཟོ་དགོས་སྟབས། ཐོག་མའི་སྐབས་དེར་དག་ཆ་གཙོ་བོ་མཚོད་བྱེད་ཡི་གེ་ལས་མཚོན་བྱ་སྐད་ཀྱི་ཐོག་ཏུ་ཡོད་པས། སྐད་ཀྱི་དག་ཆ་གཙོ་ཆེ་སྟབས་ངེས་པར་དུ་མཚོན་བྱེད་ཀྱི་ཡི་གེ་རེ་རེའི་མཚོན་པའི་ང་རོའི་དག་ཆ་སོགས་དཔྱིས་ཕྱིན་པ་ཞིག་ཡོང་དགོས་པ་ནི། དབྱངས་གསལ་སྐད་ཡིག་གྲུབ་སྟངས་ཀྱི་མེད་ཐབས་མེད་པའི་ཆོས་ཉིད་ཅིག་ཡིན་ལ། མ་ཟད་སྐབས་དེར་ཡི་གེའི་བྱེད་ལས་གཙོ་བོ་ཡང་། གང་གི་མཚོན་བྱེད་དུ་བཟོས་པའི་སྐད་མཚོན་རྒྱུ་དེ་ཡིན་པས་སྐད་གདངས་ཀྱི་འགྲོས་བཞིན་དག་སྡེབ་དགོས་པས། གོང་དུ་བཤད་པའི་སྒྲ་ཡངས་བའི་དག་ཡིག་ནི་ང་རོ་སྦྱོང་བ་ནས་འགོ་འཛུགས་དགོས་པ་འཕེལ་རིམ་དངོས་ཀྱི་སྐབས་སུ་གསལ་ཞེས་པའི་རྒྱུ་མཚན་གཅིག་འདི་ལྟར་གོ་ན་མ་འགྲིག་པ་གང་ཡང་མེད། དེ་ལ་དགོངས་ནས་སློབ་དཔོན་ཐོན་མིས་སུམ་ཅུ་པའི་རྩ་བ་ལས། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོ་ང་རོ་རྣམས་ལ་སྦྱང་། །སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ། །ཀློག་གི་ཆེད་དུ་བསླབ་པ་ཡིན། །ཞེས་སྔོན་རྗེས་མིང་གསུམ་ཀློག་གི་ཆེད་དུ་བསླབ་པ་ཡིན་པ་ཐོན་མི་རང་ཉིད་ཀྱིས་དེ་ག་རང་སྒྲ་དངོས་ཀྱིས་བསྟན་པ་དང་། དེ་བཞིན་མགོ་ཅན་གསུམ་དང་འདོགས་ཅན་བཞི། རྒྱ་གར་གྱི་གསལ་བྱེད་སུམ་ཅུ་རྩ་བཞི་དང་དབྱངས་བཅུ་དྲུག་སོགས་འཕྲི་སྣོན་གྱིས་བོད་ཀྱི་དབྱངས་གསལ་སོ་བཞི་ཉིད་གཏན་ལ་ཕབ་པ་ལ་འདིར་ཅིའི་ཕྱིར་ཞེས་དྲི་བ་ཞིག་བཏོན་ན། བོད་སྐད་ཀྱི་ཆོས་ཉིད་ཀྱི་སྒྲོམ་ལྟར་གཏན་ལ་ཕབ་པའི་རྒྱུ་མཚན་ལས་རྒྱུ་མཚན་གཞན་མི་རྙེད་ཅིང་འདི་ལྟར་བང་བསྒྲིགས་ཏེ་བསམས་ན་ཀློག་སྦྱོར་གྱི་དག་སྡེབ་རེ་རེ་ནི་བོད་ཀྱི་སྐད་དང་དབྱངས་གསལ་ཡི་གེ་རེ་རེའི་སྲོག་ལྟ་བུ་ཡིན་པས་ཧ་ཅང་གལ་ཆེ་བ་དང་། བོད་ཀྱི་དབྱངས་གསལ་སོ་བཞིའི་བདག་ཉིད་དུ་གྲུབ་པའི་ཡི་གེ་དང་པོ་མཛད་པའི་སྐབས། འཛམ་གླིང་སྤྱིའི་དབྱངས་གསལ་གྱི་ཡི་གེ་གྲུབ་ཚུལ་ལྟར་སྐད་ཀྱི་རམ་འདེགས་ཀྱིས་ཡི་གེ་བཟོས་ཡོད་སྟབས། སྦྱོར་ཀློག་དང་ཡི་གེའི་དག་སྡེབ་གཉིས་ལས་སྦྱོར་ཀློག་གཙོ་ཆེ་བའི་རྒྱུ་མཚན་གྱིས་ཐོན་མིས་ཀྱང་སུམ་ཅུ་པའི་རྩ་བ་ལས་དང་པོ་ཀློག་གལ་ཆེ་ཚུལ་ལས་དག་ཡིག་གི་མཚན་བྱང་ཡོད་པའི་ཡི་གེའི་དག་སྡེབ་ཅན་གྱི་བསྟན་བཅོས་རང་རྐྱ་བ་མ་བརྩམས་སོ།།

དེ་ལྟར་མ་བརྩམས་པ་དེ་ཡང་ཞིབ་ཀྱིས་འདང་བརྒྱབས་ན་སྐད་ཡིག་གི་འཕེལ་རིམ་དང་འབྲེལ་བ་ངེས་ཅན་ཡོད་དེ། དང་པོ་བོད་སྐད་ཀྱི་ཆོས་ཉིད་ལྟར་དབྱངས་གསལ་སོ་བཞིའི་བདག་ཉིད་དུ་གྲུབ་པའི་བོད་ཡིག་སྲོལ་བཏོད་པ་ཡིན་པར་བརྟེན། སྒྲ་གདངས་རང་གི་ཐོག་ལ་དག་ཆ་ཡོད་པས་སྒྲ་གདངས་ཀྱི་དག་ཆ་ཐོན་ན་ཡི་གེ་འབྲི་བ་ལ་འཁྲུལ་བ་མི་འབྱུང་བས་དག་ཡིག་བསྟན་བཅོས་ཀྱི་དགོས་མཁོ་མེད་ཅིང་། དཔེར་ན་དབུས་ཕྱོགས་ཀྱིས་དབྱངས་བཞི་དང་རྒྱལ་རོང་དང་ལ་དྭགས་སོགས་ཀྱིས་བྱེད་འབྲེལ་གྱི་ཡི་གེའི་དག་ཆ་ད་ལྟ་ཡང་མི་ནོར་བ་འབྲི་ཐུབ་པ་ནི། སྐད་ཀྱི་སྟེང་ནས་སྒྲ་གདངས་དེ་ག་རང་བསླེབས་ཀྱི་ཡོད་པའི་རྒྱུ་མཚན་གྱིས་ཡིན་ནོ། །དེ་བཞིན་དང་པོ་བོད་ཀྱི་ཡི་གེ་ཐམས་ཅད་སྐད་རང་དང་གཉིས་སུ་མེད་པར་གྲུབ་པའམ་བཟོས་པ་མ་ཟད། སྐད་མཚོན་བྱེད་ཀྱི་ཡི་གེ་གསར་དུ་བཟོས་པ་དང་དུས་ཚོད་ཀྱི་བར་ཐག་ཀྱང་ཤིན་ཏུ་ཐུང་བས་སྐད་རང་གི་ཐོག་ནས་གོང་གི་དབྱངས་བཞི་དང་བྱེད་འབྲེལ་གྱི་དཔེར་བརྗོད་ལྟ་བུ་སྔོན་རྗེས་ཡང་གསུམ་དང་བརྩེགས་འདོགས་རྐྱང་གསུམ་སོགས་ཡི་གེ་གང་ཞིག་ཡིན་ཡང་མ་ནོར་བ་ཀློག་ཐུབ་ཀྱི་ཡོད་སྟབས་དག་ཡིག་གི་བསྟན་བཅོས་ཟུར་དུ་རྩོམ་པར་དགོས་པ་མེད་ལ། རྒྱུ་མཚན་དེ་དག་ཀྱང་རང་གི་སྣང་ཚུལ་ཙམ་ཞིག་མ་ཡིན་པར་བོད་ཀྱི་བརྡ་དག་གི་འཕེལ་རིམ་ལ་བསམ་བློ་གཏོང་ས་ཡོད་པ་ཞིག་སྟེ། བོད་ཀྱི་སྐད་གསར་བཅད་ཁག་དང་བརྡ་གསར་རྙིང་གི་བསྟན་བཅོས་དག་ནི་དེའི་དཔེར་མཚོན་ཡག་ཤོས་ཤིག་ཏུ་སེམས་པ་དང་། གཞན་གོང་དུ་བཤད་པ་དེ་དག་ལ་ཁུངས་དྲངས་ན། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ (༡༧༠༠-༡༧༧༤)«མུ་ཏིག་ཕྲེང་མཛེས།»ལས།[15]སྔོན་འབྲི་གུང་དུ་སྐྱོབ་པ་རིན་པོ་ཆེ་བཞུགས་པའི་ཚེ་གནའ་བོའི་དུས་བཞིན་དུ་ཡིག་ཀློག་ཚུན་ཆད་ཀྱང་བརྩེགས་འཕུལ་སོགས་ཀྱི་སྒྲ་ཟུར་ཕྱིན་པར་འདོན་པའི་སྲོལ་བཟང་པོ་བྱུང་བར་གྲགས་པ་དང་། ཁམས་ཕྱོགས་ཀྱི་མཐའ་ཨ་མདོ་དང་རྒྱལ་མོ་རོང་སོགས་བྱང་ཤར་གྱི་ས་ཆ་རྣམས་སུ་འཁོད་པའི་སྐྱེ་བོ་དག་ལའང་གནའ་བོའི་དུས་སུ་བོད་ཡུལ་དབུས་ནས་བྱུང་བའི་ཀློག་ཚུལ་མ་ཉམས་པར་གྲགས་པའི་ཡི་གེ་ཀློག་ཚུལ་དང་། དེ་དག་གི་ཡུལ་སྐད་བཅས་ལའང་གྱོང་ཉམས་ཆེ་ཙམ་ལས་འཕུལ་རྟེན་སོགས་ཀྱི་ཟུར་དག་པར་འདོན་པ་འབྱུང་བ་སོགས་ཀྱིས་ཀྱང་མཚོན་ནུས་སོ། །ཞེས་དང་། དེ་བཞིན་འགོས་པདྨ་རྒྱལ་མཚན་ (༡༩༥༦-༢༠༠༡) ལགས་ཀྱི་བརྡ་སྤྲོད་གླེང་བརྗོད་«འཛམ་གླིང་རྒྱན་གཅིག»ལས།[16]ཐུ་མིས་བོད་ཀྱི་ཡི་གེའི་རྣམ་གཞག་ད་ལྟའི་བོད་སྐད་ཐོག་བྲི་སྲོལ་ཡོད་པ་ལྟར་མཛད་པ་ཡིན་པ་མ་ཟད་ད་ལྟ་ཡང་འབྲས་ལྗོངས་ལ་དྭགས་སོགས་ཀྱི་སྐད་ལ་མགོ་འདོགས་ཀྱི་སྒྲ་ཟུར་མང་པོ་གསལ་པོར་ཐོན་པས་ཤེས་ཐུབ། ཅེས་གསུངས་པ་དེ་མཚུངས་སོ།།

དེ་བཞིན་གོང་གི་འཕྲོས་སུ་དཀྱུས་ལ་བབས་ན། དུས་རབས་བདུན་པ་ནས་དུས་རབས་བཅུ་གཅིག་པ་ཡན་ཆད་ལ་དག་ཡིག་གི་གཞུང་མ་བརྩམས་པར་སེམས་ཤིང་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་«དག་ཡིག་ཉེར་མཁོ་བསྡུས་པ་»ནི་དོན་དངོས་ཐོག་སྒྲ་དོག་འཇུག་གི་དག་ཡིག་བསྟན་བཅོས་ཐོག་མ་ཡིན་པའི་དབང་དུ་བཏང་ན། ཡི་གེའི་དག་སྡེབ་ངོས་ཀྱི་དག་ཡིག་གི་གཞུང་ནི་འདི་ཡན་ཆད་ལ་དགོས་མཁོ་ཧ་ཅང་ཆེན་པོ་མིན་པ་འདྲ་སྟེ། གལ་ཏེ་དགོས་པ་ཆེན་པོ་ཞིག་ཡོད་པའི་དབང་དུ་བཏང་ན་བཙན་པོ་སྲོང་བཙན་ནས་བཟུང་ལྷག་ཏུ་ཁྲི་སྲོང་ལྡེའུ་བཙན་དང་། དམིགས་བསལ་གྱིས་བཙན་པོ་ཁྲི་ལྡེ་སྲོང་བཙན་སྐབས་སྒྲ་སྦྱོར་བམ་གཉིས་ལྟ་བུ་སྒྲིག་འཛུགས་ཅན་གྱི་གཞུང་ཞིག་དག་ཡིག་ལའང་དེང་སང་དངོས་སུ་མཇལ་དུ་ཡོད་པའམ་ཡང་ན་ལོ་རྒྱུས་ཡིག་ཚང་དག་ཏུ་མཚན་ཙམ་ཡོད་དགོས་པ་ནི་བསྙོན་དུ་མེད་པ་ཞིག་ཡིན་མོད། དེ་ལྟར་མ་བྱུང་བ་ནི་མཐོང་ཡུལ་དུ་གྱུར་པའི་ལོ་རྒྱུས་ཁག་གིས་ར་སྤྲོད་བྱས་ཡོད་པས། མ་བྱུང་བའི་རྒྱུ་མཚན་ཡང་མཚོན་བྱ་མཚོན་བྱེད་ཀྱི་སྐད་དང་ཡི་གེའི་བར་ཐག་ཉེ་ཞིང་དག་ཡིག་བསྟན་བཅོས་ཀྱི་དགོས་མཁོ་དུས་སུ་མ་སྨིན་པ་ལོ་རྒྱུས་ཀྱི་ཆོས་ཉིད་དབང་གིས་ཡིན་ཞིང་། དེ་བཞིན་དུས་རབས་བརྒྱད་པའི་ནང་བྱོན་པའི་ལོ་ཙཱ་བ་ལྕེ་ཁྱིི་འབྲུག་གི་«གནས་བརྒྱད་རྩ་བ་»རུ་ཡི་གེའི་འཇུག་པའི་གནས་བརྒྱད་བཤད་སྐབས་སྒྲ་དང་། སྐད་དང་། མིང་དང་། མཚན་མ་དང་། བརྡ་དང་། ཐ་སྙད་དང་། ཚིག་དང་དོན་བརྒྱད་ཀྱི་མཚན་གཞི་དང་ངོ་བོ་ཙམ་ལས་ཆེར་གསུངས་མེད་པ་འདི་ལ་ཡང་གཞིག་ཏུ་ཡོད་པར་སེམས་སོ།།

གཞན་སྒྲ་ཡངས་དོག་གཉིས་ཀྱི་དག་ཡིག་གི་བྱུང་འཕེལ་ལ་ལྟ་དགོས་ན་དུས་རབས་བཅུ་གཅིག་པའི་ནང་བྱོན་པའི་ཇོ་བོ་སྨྲི་ཏིའི་«སྨྲ་སྒོ་མཚོན་ཆ་»དང་དུས་རབས་བཅུ་གཉིས་པའི་ནང་བྱོན་པའི་སློབ་དཔོན་བསོད་ནམས་རྩེ་མོའི་«ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་»གཉིས་ནི་སྒྲ་དོག་འཇུག་གི་དག་ཡིག་གི་བསྟན་བཅོས་ཀྱི་ཀྱོག་མཚམས་ཆེན་པོ་ཞིག་ཏུ་སེམས་ཏེ། སྤྱིར་ཇོ་བོ་སྨྲི་ཏི་ནི་མི་རིགས་གཞན་དང་ལྷག་ཏུ་པཎྜི་ཏ་ཞིག་ཡིན་པ་མ་ཟད་ཁོང་གི་ངུ་བྲོ་བ་གསུམ་དང་དགོད་བྲོ་བ་གསུམ་གྱི་གཏམ་རྒྱུད་སོགས་ལ་བསམས་ན་པཎྜི་ཏ་གཞན་ཐམས་ཅད་ལས་བོད་ཀྱི་སྐད་ཡིག་དང་གོམས་སྲོལ་ལ་ཟབ་ཞུགས་བྱས་ཏེ་བོད་ཀྱི་སྐད་ཡིག་ལ་རྒྱུས་ལོན་ཤིན་ཏུ་ཆེ་བ་ཞིག་ཡིན་པ་ནི་ལོ་རྒྱུས་ཀྱིས་གསལ་བཤད་བྱས་ཡོད་ཅིང་། ཁོང་གི་སྨྲ་སྒོ་མཚོན་ཆ་ལ་བལྟས་ན་ཚོད་དཔག་ཅིག་ཐུབ་པ་ནི། བོད་ཀྱི་སྐད་གདངས་དང་སྦྱོར་བ་ཡི་གེ་གཉིས་ཀྱི་བར་ཐག་རིང་དུ་འགྲོ་བཞིན་པའི་སྐབས་ཤིག་ལ་ཁེལ་ཡོད་པ་དཔོག་ཐུབ་སྟེ། གོང་དུ་བཤད་པའི་ཁོང་དང་དུས་རབས་གཅིག་གི་ནང་བྱོན་པའི་རྔོག་ལོ་ཙཱ་བས་ཀྱང་དག་ཡིག་ཅེས་པའི་བསྟན་བཅོས་རྩོམ་དགོས་ཐུག་ཅིང་། སྤྱིར་བོད་ཀྱི་ཡི་གེ་ནི་དབྱངས་གསལ་ཡི་གེ་ཡིན་ཞིང་དེའི་དག་ཆ་ཐོན་པ་ལ་རྩ་བའི་ང་རོ་འབྱིན་སྟངས་སོགས་དང་འབྲེལ་བ་དམ་པོ་ཡོད་པ་དང་། ང་རོའི་དག་ཆ་ཐོན་པ་ལ་གདངས་དེ་སྐྱེ་བའི་གནས་དང་། གྲིམ་ལྷོད་ཀྱི་བྱེད་རྩོལ་སོགས་མེད་ཐབས་མེད་སྟབས། སློབ་དཔོན་ཐོན་མིའི། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོ་ང་རོ་རྣམས་ལ་སྦྱང་། །ཞེས་པའི་དགོངས་པ་ལ་བསྐྱར་ཞིབ་ལྟ་བུ་བྱས་ཏེ་སྐབས་དེར་དེ་གལ་ཆེན་དུ་གཟིགས་ཤིང་། མཚོན་བྱ་མཚོན་བྱེད་ཀྱི་བོད་ཀྱི་སྐད་དང་ཡི་གེའི་དག་སྡེབ་ཀྱི་བར་ཐག་རིང་དུ་འགྲོ་བཞིན་ཡོད་སྟབས་དེ་གཉིས་ཀྱི་ཟམ་པ་ལྟ་བུ་ལ་སྨྲ་སྒོ་མཚོན་ཆའི་བསྟན་བཅོས་འདིའི་དབུ་དང་པོ་ནས་སྐྱེ་གནས་དང་བྱེད་རྩོལ་ཀྱི་རྣམ་གཞག་ཅིག་ཞིབ་ཀྱིས་གསུངས་པར་སྙམ་མོ།།

དེ་བཞིན་སློབ་དཔོན་བསོད་ནམས་རྩེ་མོས་ནི་དེ་ལས་ཀྱང་མཚོན་བྱ་མཚོན་བྱེད་ཀྱི་བོད་ཀྱི་སྐད་ཡིག་གཉིས་ཀྱི་བར་ཐག་ཛ་དྲག་ཏུ་གཟིགས་ནས་ཐོན་མིའི་དགོངས་དོན་ལྟར་ཡི་གེའི་འབྱུང་གནས། འབྱིན་ཐབས། བཀླག་ཐབས་གསུམ་གྱི་སྒོ་ནས་སྐྱེ་གནས་བྱེད་རྩོལ་ཙམ་དུ་མ་ཟད། དང་པོ་ཡི་གེའི་འབྱུང་གནས་བཤད་སྐབས་གསལ་བྱེད་སུམ་ཅུའི་སྐྱེ་གནས་བྱེད་རྩོལ་ལ་བགོ་བྱ་ཞིབ་ཚགས་བརྒྱབས་པ་དང་། དེ་བཞིན་འབྱིན་ཐབས་སྐབས་སུ་མཛུབ་མོ་རི་སྟོན་གྱིས། དཔེར་ན། “དེ་ཡང་ཡི་གེ་གོ་རིམ་བཞིན། །བསླབས་ན་དག་པར་འགྱུར་བ་ཡིན། །”ཞེས་དང་། “གང་དང་གང་ལ་གང་བཏགས་པ། །གོ་རིམ་བཞིན་དུ་གནས་ནས་འབྱུང་། །དེ་ལ་ར་མགོ་ལྕེ་རྩེ་འདར། །ལ་མགོ་ལྕེ་ཀློད་རྒྱ་ཡང་བསྐྱེད། །ས་མགོ་སོ་ཡི་བར་ནས་འབྱུང་། །ལྷག་མ་རྣམས་ཀྱང་དེ་བཞིན་ཤེས། །གལ་ཏེ་མི་ཕྱིན་གྱུར་པ་ནི། །ཡི་གེ་ཕྲལ་ཞིང་བརྗོད་པར་བྱ། །དཔེར་ན་གྲ་ལ་ག་ར་འམ། །སྒྲ་ལ་སྒ་ར་ཇི་བཞིན་དུ། །”ཞེས་དང་། “འཕུལ་ཤིང་(ཞིང་)བརྩེགས་པའི་ཡི་གེ་ཡང་། །གོ་རིམ་བཞིན་དབྱུང་མ་ཕྱིན་ན། །འདི་ཡང་ཕྲལ་ཞིང་བཀླག་པ་སྟེ། །མཁྲ་ལ་མཁའ་ར་ཇི་བཞིན་ནོ། །”ཞེས་དང་། “དཔེར་ན་སྒྲུ་ལ་གུ་རུ་འམ། །སྦྲེ་ལ་སྦེ་རེ་ཇི་བཞིན་ནོ། །”[17]ཞེས་པའི་གསུང་ཚིག་འདི་དག་ལ་བལྟས་ན་ཐོན་མིའི་མགོ་འདོགས་བརྩེགས་གསུམ་དང་སྔོན་རྗེས་མིང་གསུམ་སོགས་ཅིའི་ཕྱིར་བརྩམས་པའི་དགོས་པ་ཧ་གོ་ཐུབ་པ་མ་ཟད། བསྟན་བཅོས་འདི་ཆ་ཚང་ལ་ཞིབ་ཚགས་ཤིག་བལྟས་ན་སྒྲ་ཡངས་བའི་དག་ཡིག་ལ་ངེས་ཤེས་དང་ཡིད་རྟོན་འཕར་མ་རེ་ཡང་སྐྱེ་ངེས་ཤིང་། དེ་བཞིན་གོང་དུ་དེ་ལས་ཀྱང་ཛ་དྲག་ཏུ་གཟིགས་ནས་བཤད་པ་བཞིན་ཀློག་སྦྱོར་གྱི་སྒྲ་གདངས་ལུང་ཚན་དུ་སོ་སོར་གྱེས་ཏེ་བོད་སྤྱིའི་སྐད་མཚོན་བྱེད་ཀྱི་ཡི་གེ་དག་སྡེབ་ལ་གས་ཆག་ཤོར་སྟབས། སྤྱིར་མདོ་དབུས་ཁམས་གསུམ་དུ་འདི་འདྲའི་མཚན་གཞི་མི་ཉུང་བ་རེ་ཡོད་སྲིད་མོད། བྱེ་བྲག་སློབ་དཔོན་བསོད་ནམས་རྩེ་མོས་རང་ཉིད་དང་ཐག་ཉེ་བའི་ས་ཕྱོགས་ཀྱི་མཚན་གཞི་དག་བཀོད་པ་ནི། “དབུས་པས་ར་ཡི་མགོ་ཅན་དང་། །རྐྱང་པར་འདྲ་ཞིང་ཡ་སྟ་དང་། །ར་སྟ་ཡང་ནི་ནོར་བ་ཡོད། །གཙང་པས་མས་འཕུལ་འས་འཕུལ་དུ། །ནོར་ཅིང་ར་ཡི་མགོ་ཅན་དང་། །གས་འཕུལ་དས་འཕུལ་ནོར་བ་ཡོད། །” ཅེས་དང་། “གཙང་པས་དས་འཕུལ་ར་མགོ་རྣམས་སུ་ནོར། །དབུས་པས་འཕུལ་དང་ར་ས་རྐྱང་པ་ནི། །ནོར་གྱུར་གུག་སྐྱེད་མཐའ་རྟེན་བཅས་དང་འདྲ། །དེ་བས་གུག་སྐྱེད་མཐའ་རྟེན་བཅས་པ་བསླབས། །”[18]ཞེས་སྐབས་དེ་དུས་ཀྱི་འདི་ལྟ་བུའི་གནས་སྟངས་ངོས་ལ་གཞིགས་ན་བོད་ཀྱི་མཚོན་བྱ་མཚོན་བྱེད་ཀྱི་སྐད་ཡིག་གི་བར་ཐག་རིང་དུ་འགྲོ་བཞིན་ཡོད་སྟབས་དག་ཡིག་གི་བསྟན་བཅོས་ཀྱི་དགོས་མཁོ་དུས་སུ་སྨིན་ནས་ཡི་གེ་དག་སྡེབ་ལ་གཅིག་གྱུར་རང་བཞིན་ཅན་གྱི་དག་ཡིག་ཅེས་པའི་བསྟན་བཅོས་དངོས་སུ་བྱུང་བ་འདྲའོ།།

སྤྱིར་བོད་ཀྱི་མཁས་པའི་ཁྲོད་ན་དག་ཡིག་ནི་སློབ་དཔོན་ཐོན་མིས་མཛད་པའི་བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་ཀྱི་ཡ་གྱལ་དུ་འདོད་པ་དང་། ཡང་ན་དག་ཡིག་ནི་རྣམ་དབྱེ་དང་པོ་ངོ་བོ་ཙམ་སྟོན་པའི་འཕྲོས་བཤད་དུ་འདོད་པ་དང་། གཞན་དག་ཡིག་ཉེར་མཁོ་ནི་སྒྲ་དོག་འཇུག་གི་དག་ཡིག་བསྟན་བཅོས་ཐོག་མ་མིན་པ་འདོད་མཁན་སོགས་མང་དག་ཅིག་ཡོད་སྲིད་ཅིང་། དོན་དངོས་ཐོག་ལྟ་ཚུལ་དེ་དག་ནི་དག་ཡིག་དང་ལོ་རྒྱུས་ལ་བཟུང་བའི་རྣམ་འགྱུར་མི་འདྲ་བའི་དབང་གིས་བྱུང་ན་ཡང་། རང་སྒེར་གྱི་གྲུབ་དོན་ནམ་ལྟ་ཚུལ་ནི་གོང་བཤད་ལྟར་བོད་ཀྱི་བརྡ་དག་གི་འཕེལ་རིམ་ལ་བལྟས་ན་དག་ཡིག་ལ་སྒྲ་ཡངས་དོག་གཉིས་ཀྱི་གོ་བ་ལེན་ཆོག་པ་དང་གཅིག ཐོན་མིས་མཛད་པའི་སུམ་རྟགས་གཉིས་ལས་གཞན་པའི་བརྡ་སྤྲོད་པ་དག་ནི་འབྱུང་བ་ས་ཆུ་མེ་རླུང་ལ་ཐིམ་ཟིན་པའམ་ཡང་ན་ད་ལྟ་ལག་སོན་དུ་མ་བྱུང་བའི་ཡིག་ཚང་རྙིང་པ་ཁག་ཏུ་ལུས་ཡོད་པས་འདིར་དེར་དཔྱད་པའི་དགོས་པ་ཆེར་མ་མཐོང་བ་དང་གཉིས། གལ་ཏེ་ལོ་རྒྱུས་ཀྱི་རྒྱུ་ཆ་གསར་བ་ཞིག་ལག་སོན་མ་བྱུང་ན་སྒྲ་དོག་འཇུག་གི་དག་ཡིག་བསྟན་བཅོས་ནི་འདི་ལས་གཞན་ཞིག་མེད་པ་ཡིག་ཆ་ཁག་གིས་ཁ་གྲག་ཡོང་བའི་རྒྱུ་མཚན་གསུམ་ལས་གཞན་ཞིག་ཅི་ཡང་མེད་ན་ཡང་འགྲིག་པར་སེམས་སོ།།

ལྷག་པར་གོང་དུ་སྒྲ་ཡངས་དོག་གཉིས་སུ་བཤད་པའི་དག་ཡིག་ནི། ཐོན་མིའི་སུམ་རྟགས་ནས་བཟུང་རིམ་པ་བཞིན་བཤད་ཟིན་པ་མ་ཟད། སྐད་བརྡའི་ཆོས་ཉིད་ཀྱི་འཕོ་འགྱུར་རམ་འཕེལ་རིམ་དང་དེ་བཞིན་བོད་ཀྱི་ཡི་གེ་ཐོག་མར་བཟོ་ཚུལ། དམིགས་བསལ་དུས་རབས་རིམ་བྱུང་གི་བརྡ་དག་ཁག་ལ་བྱུང་བ་རིག་པའི་ངོས་ནས་བལྟས་ན་གང་བཤད་དེ་དག་ཆ་ཚང་ལ་སྒེར་གྱི་མཐོང་ཐོས་ཀྱིས་སྙོབ་པའི་དོན་དངོས་དང་ཁ་ཐག་ཤིན་ཏུ་ཉེ་བར་འདོད་དོ། །གོང་དུ་བརྡ་དག་གི་ལོ་རྒྱུས་སུ་ཤིན་ཏུ་གལ་ཆེ་བའི་དག་ཡིག་«ཉེར་མཁོ་བསྡུས་པ་»དང་«སྨྲ་སྒོ་མཚོན་ཆ།» «བྱིས་པ་བདེ་འཇུག་»བར་དུ་འཕེལ་རིམ་དངོས་ས་བཅད་མ་སྟོང་ཙམ་དུ་བཤད་ཟིན་ཏོ།།

འདིར་མུ་མཐུད་དུ་སྒྲ་དོག་འཇུག་གི་དག་ཡིག་ཅེས་པའི་མཚན་བྱང་ཡོད་པའི་བརྡ་དག་གི་འཕེལ་རིམ་དངོས་ལ་ཅུང་བལྟས་ན། དུས་རབས་བཅུ་གཅིག་པའི་ནང་ཙམ་ནས་སྐད་གསར་བཅད་དང་བོད་ཀྱི་ཡི་གེ་སྦྱོར་ཀློག་གི་དག་སྡེབ་ཙམ་གྱིས་བོད་ཀྱི་ཡི་གེའི་བརྡ་དག་གི་དགོས་མཁོ་སྐོང་ཐུབ་པའི་ར་བ་ལས་འདས་ཏེ། གོང་དུ་སློབ་དཔོན་བསོད་ནམས་རྩེ་མོས་“དབུས་པ”དང་“གཙང་པའི་”མཚན་གཞི་བཀོད་པ་ལྟར་ཀློག་སྦྱོར་གྱི་དག་སྡེབ་ལུང་ཚན་དུ་གྱེས་ཤིང་སྤྱིའི་བོད་ཡིག་གི་དག་ཆ་ལ་ཆག་གྲུམ་ཤོར་སྟབས། དེ་དག་གཅིག་གྱུར་གྱི་ཐབས་ཡི་གེ་དག་སྡེབ་ཀྱི་དག་ཡིག་གི་བསྟན་བཅོས་ཀྱི་དགོས་མཁོ་བྱུང་ཞིང་གོང་བཤད་དག་ཡིག་གི་བསྟན་བཅོས་ཐོག་མ་ཡང་དུས་རབས་བཅུ་གཅིག་པའི་ནང་མཛད་དགོས་ཐུག་ཅིང་། དག་ཡིག་ཉེར་མཁོ་བསྡུས་པ་ལས།[19]ཀློག་མཁན་རྣམས་ཀྱིས་ནོར་བ་ཀློག །རྟོག་དཔྱོད་མཁན་པོའི་ལོག་པར་གོ །དེ་ནས་དོན་རྣམས་འཆུགས་པ་སྲིད། །དེ་ཕྱིར་འཁྲུལ་པ་བསལ་བྱའི་ཕྱིར། །ཉེར་མཁོའི་བསྟན་བཅོས་འདི་ཉིད་ཀྱིས། །དབྱེ་བ་སོ་སོར་བཤད་པ་འདི། །མ་འདྲེས་སོ་སོར་ཤེས་པར་བྱ། །ཞེས་མཛད་པ་པོ་རང་གིས་བསྟན་བཅོས་འདིའི་མཇུག་ཏུ་གཞུང་འདི་རྩོམ་དགོས་པའི་རྒྱུ་མཚན་འདི་ལྟ་བུ་ཞིག་གསལ་བཤད་བྱས་ཡོད་པ་ནི་ཀུན་གྱིས་ཁས་ལེན་ཐུབ་པའི་དག་ཡིག་བསྟན་བཅོས་དུས་སུ་སྨིན་པའི་རྟགས་ཡང་དག་ཅིག་དང་། བསྟན་བཅོས་འདིར།[20] སྤྱིར་བསྟན་གྲངས་ངེས་ཚིག་ཕྲད་དང་། །འཕུལ་དང་བརྟེན་པའི་སྤང་བླང་དང་། །དམིགས་བསལ་སོ་སོ་དབྱེ་བ་སྟེ། །རྣམ་པ་ལྔ་ཡིས་བསྡུས་པ་ཡིན། །ཞེས་སྡོམ་ལྔའི་སྒོ་ནས་གསུངས་ཏེ། འདིར་ཡི་གེ་སྦྱོར་བའི་དག་ཆ་གཙོ་བོ་ཡང་ཆིངས་ལྔ་པ་དམིགས་ཀྱིས་བསལ་ཏེ་སྨྲས་པའི་ནང་དུ་བཤད་ཅིང་། སྒྲིག་རིམ་དེ་ཡང་མགོ་ཅན་གསུམ་ནས་བརྩམས་ཏེ་གཙོ་བོ་འཕུལ་གྱི་གོ་རིམ་ལྟར་མཛད་ཡོད་ལ། དེ་ལྟར་མཛད་པའི་དགོས་པ་ཡང་གོང་དུ་སློབ་དཔོན་བསོད་ནམས་རྩེ་མོའི་གསུང་དྲངས་པ་ལྟར་དབུས་དང་གཙང་ཕྱོགས་ཀྱིས་མགོ་ཅན་དང་འཕུལ་གྱི་སྦྱོར་ཀློག་གི་སྒྲ་དག་པོ་ཡོང་གི་མེད་པས་དེ་ལྟ་བུ་རྒྱུ་རྐྱེན་སོགས་ཀྱི་དབང་གིས་ཡིན་པར་སེམས་སོ།།

རིམ་གྱིས་དག་ཡིག་གི་བསྟན་བཅོས་ཁག་སྣ་ཚོགས་བྱུང་ཞིང་སྒྲིག་སྟངས་ཀྱང་འདྲ་མིན་བྱུང་ཡང་དེ་དག་གི་ནང་ནས་རྒྱུགས་ཆེ་བ་གཅིག་ནི། དེང་གི་ཚིག་མཛོད་ལྟར་ཀ་ནས་ཨའི་བར་གྱི་གསལ་བྱེད་གོ་རིམ་གྱི་སྒྲིག་སྟངས་དེ་ཡིན་ཞིང་། སྒྲིག་སྟངས་འདིའི་ཐོག་མ་ཕལ་ཆེར་དུས་རབས་བཅོ་ལྔ་པའི་ནང་བྱུང་བའི་ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོས་ (༡༤༤༡-༡༥༢༧) མཛད་པའི་«བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ་»ཞེས་བྱ་འདི་ཡིན་ཞིང་། འདི་ལ་ཞ་ལུ་ལོ་ཙཱ་བ་རང་གིས་མཆན་འགྲེལ་ཞིག་ཀྱང་མདོར་བསྡུས་ཏེ་མཛད་ཡོད་པས་བོད་ཀྱི་དག་ཡིག་གི་འགྲེལ་པ་ཐོག་མ་ཡང་འདི་ཉིད་ཡིན་མོད། ཡིན་ན་ཡང་འདིར་གསལ་བྱེད་ཀྱི་གོ་རིམ་ལྟར་མཛད་ཡོད་པ་ལས་ཧ་དང་ཨ་གཉིས་མི་གསལ་སྟབས་ཀ་ནས་ཨའི་བར་གསལ་བྱེད་སུམ་ཅུ་ཆ་ཚང་བའི་དག་ཡིག་གི་བསྟན་བཅོས་ཐོག་མ་ནི་དུས་རབས་བཅོ་ལྔ་པའི་ནང་བྱུང་བའི་དཔལ་ཁང་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོས་མཛད་པའི་«བོད་ཀྱི་བརྡ་དག་ངག་སྒྲོན་གྱི་རྩ་བ་»ཞེས་པའི་བསྟན་བཅོས་འདི་ཉིད་ཡིན་ཞིང་། བསྟན་བཅོས་འདི་ལ་དུས་རབས་ཉི་ཤུ་པའི་ནང་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་ (༡༨༩༤-༡༩༧༧) གྱིས་«བོད་ཀྱི་བསྟན་བཅོས་ངག་སྒྲོན་གྱི་འགྲེལ་པ་ཚིག་གསལ་»ཞེས་པ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཀུན་བཟང་རྣམ་རྒྱལ་ཟེར་བས་«ངག་སྒྲོན་གྱི་ཡང་འགྲེལ།»བརྩམས་ཏེ་དག་ཡིག་འདིའི་ཕྲིན་ལས་ཀྱི་གཟི་འོད་ནི་ད་ལྟ་བརྒྱ་ལོ་ཉེར་གཅིག་པའི་ནང་དུ་ཡང་འབར་བཞིན་པ་ཡིན་པས་བོད་ཀྱི་དག་ཡིག་བསྟན་བཅོས་ཁྲོད་ཀྱི་མཛད་པ་ཆེ་ཤོས་ཀྱི་གྲས་ཤིག་ཡིན། དེ་བཞིན་དབྱངས་ཅན་རོལ་པའི་འོ་མཚོས་མཛད་པའི་«དག་ཡིག་མཁས་པ་དགའ་སྐྱེད་»ལ་མཚོན་ན་ཡང་དེའི་ཁྱད་ཆོས་དང་གལ་ཆེན་རང་བཞིན་སོགས་དགེ་མཚན་བརྗོད་དུ་མི་ལོངས་བ་ཞིག་ཡོད་ན་ཡང་འདིར་གོང་གི་དག་ཡིག་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་སུ་བརྗོད་པ་དེས་འཐུས་པ་བྱས་ཤིང་། དམིགས་བསལ་དག་ཡིག་འདི་ལ་མཚོན་ན་དག་ཡིག་གི་བྱུང་བའི་ཁྲོད་རང་འགྲེལ་ཆ་ཚང་བ་ཐོག་མ་ལྟ་བུ་ཡིན་པ་མ་ཟད། ཉེ་དུས་རྒན་ཚུལ་ཁྲིམས་གཞན་ཕན་ཟེར་བས་དག་ཡིག་འདིའི་འགྲེལ་པ་«དག་འགྲེལ་བློ་གསལ་མགུལ་རྒྱན་»ཞེས་པ་བརྩམས་ཏེ་པར་ཐེངས་གཉིས་པའི་དཔྱད་གླིང་འདུ་ཚོགས་རྒྱ་མི་ཆུང་བ་ཞིག་ཀྱང་སྤྱི་ལོ་ ༢༠༡༨ ལོའི་ཟླ་བ་བཅུ་པའི་ནང་འཚོགས་ཡོད་པས། དག་ཡིག་འདི་ཉིད་ཀྱང་དག་ཡིག་ངག་སྒྲོན་ལྟ་བུ་དག་ཡིག་ནང་གི་མཛད་པ་ཆེས་ཤོས་ཀྱི་གྲས་ཡིན་ནོ།།

གཞན་དག་ཡིག་ཕལ་ཆེར་འདྲ་ཞིང་འདིར་ཅུང་ཙམ་གླེང་དགོས་པ་གཉིས་ལས་དང་པོ་ནི། ལོ་རབས་བརྒྱད་ཅུའི་ནང་བོད་རང་སྐྱོང་ལྗོངས་སློབ་གཞི་རྩོམ་སྒྱུར་ཁང་ནས་རྩོམ་སྒྲིག་བྱས་པའི་«སློབ་ཆུང་དག་ཡིག་»སྟེ། དང་པོ། དག་ཡིག་འདིས་མཚན་བྱང་གཅིག་པུའི་ཆ་ནས་ང་ཚོའི་ལོ་རྒྱུས་ཀྱི་ཟུར་ཞིག་མཐོང་བ་དང་། གཉིས་པ། བརྗོད་བྱ་དངོས་ལ་བབས་ན། དཔེར་ན། “བཤུ་གཞོག་ཤིང་གཞོག་སྔོན་འཇུག་ག།”[21]ཞེས་པའི་བཤུ་གཞོག་ལྟ་བུ་དང་། དེ་བཞིན་“གསལ་བསྒྲགས་གསལ་ནི་ག་གསལ་དང་། །”ཞེས་པའི་གསལ་བསྒྲགས་དང་། གཞན་“རུལ་སུངས་སུངས་ནི་ས་སུངས་དང་། །”[22]ཞེས་པའི་རུལ་སུངས་ལྟ་བུ་ལ་མཚོན་ན་དུས་ཚོད་དེའི་ཆ་ཤས་ཤིག་མཐོང་ཐུབ་པ་མ་ཟད་བོད་ཀྱི་དག་ཡིག་གི་འཕེལ་རིམ་དངོས་ཀྱི་བརྗོད་བྱའི་ཐོག་གི་འགྱུར་བ་ཞིག་ཀྱང་མཐོང་ཐུབ་བོ།།

གཉིས་པ་ནི། ཡང་འཇུག་གི་རྣམ་གཞག་གམ་ས་མཐའི་རྣམ་གྲངས་དེ། འདི་ནི་དཔྱད་གཞི་གལ་ཆེན་ཞིག་ཡིན་ཞིང་། འདིའི་སྐོར་ལ་གླེང་གཞི་ཤུགས་ཆེ་ཤོས་འདོན་མཁན་ནི་ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་ལགས (༡༨༣༦-༡༩༡༤) ་ཡིན་པས། ཁོང་གི་མཚན་གཞན་ལ་བརྡ་སྤྲོད་པ་དག་གིས་ས་གཅོད་བླ་མ་ཡང་ཟེར། སྤྱིར་ཡང་འཇུག་གི་སྐོར་ལ་བོད་ཀྱི་བརྡ་དག་གི་འཕེལ་རིམ་དང་སྦྱར་ཏེ་དཔྱད་པ་ངེས་ཅན་གཏོང་རྒྱུ་ཡོད་པ་དང་། སྐད་བརྡ་རིག་པའི་འགྲོས་དང་སྦྱར་ནས་དཔྱད་འཚོལ་བྱེད་ཐུབ་ན་བོད་ཀྱི་སྐད་ཡིག་གི་སྤྱིའི་སྒྲོམ་ལ་ལྟད་མོ་གཞན་ཞིག་ཀྱང་མཐོང་ཐུབ་པར་སེམས་ཤིང་། ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱིས་«དག་སྦྱོར་གྱི་ཡི་གེའི་དཀའ་གནས་ལ་ཅུང་ཟད་དཔྱད་པ་ཐུ་མིའི་དགོང་པར་ངེས་པའི་རྒྱན་ཕྲེང་»ལས།[23] “ཡང་འཇུག་གཉིས་བྲི་དགོས་པར་སུམ་རྟག་གཉིས་ཀར་ཚིག་གཅིག་ཀྱང་མེད། གལ་ཏེ་ཡོད་ན། རྗེས་འཇུག་བཅུ་ཡི་ནང་ནས་ནི། །ཡང་འཇུག་ཡི་གེ་གཉིས་དང་ནི། །སྔོན་འཇུག་སོག་གསུང་དགོས་པར་དེ་མེད་པའི་ཕྱིར་དང་། སུམ་ཅུ་པར་ཡང་ད་དྲག་གིས་དྲང་པའི་ཏོ་ཏམ་ཏུ་རྣམས་གསུང་རིག་པ་ལ། དེ་རྣམ་ཡང་འཇུག་སྦྱར་མཁན་དེས་གསར་སྦྱར་ལས་སྔོན་ནས་མེད་པའི་ཕྱིར་སྙམ།”ཞེས་དང་།“ཡང་འགའ་ཞིག་གིས་རྗེས་འཇུག་ག་དང་བ་ཡང་འཇུག་ཅན་ཕོ་སྐྱེས་བུ་རབ་འབྲིང་ཡིན་པར་རྩ་བ་ལས། ཕོ་ལ་སྐྱེ་བུ་རབ་འབྲིང་གསུམ། །སོག་ཀྱིས་བསྟན་པ་སོག་གསུང་བའང་ཕྱག་མོ་འདྲ་བཏབ་ན་མ་གཏོག་དེ་ལྟར་ཡིན་པ་སྒྲུབ་བྱེད་ཚུལ་གསུམ་གྲུབ་པའི་རྟག་ཚད་ལྡན་གང་ཡང་མེད།” ཅེས་དང་། གཞན་མཁས་བླུན་གང་གི་དབང་དུ་བྱས་ཀྱང་ཡང་འཇུག་མི་དགོས་ཚུལ་དང་། སྡེ་སྣོད་དང་རྒྱུད་སྡེ་བརྡ་སྤྲོད་སོགས་གཏན་ལ་འབེབ་པ་ལ་མི་གནོད་ཚུལ། དེ་བཞིན་བྱ་བའི་མིང་རྐྱང་ལ་ཡང་འཇུག་མི་དགོས་ཚུལ་དང་སི་ཏིའི་འགྲེལ་ཆེན་དུ་ཡང་འཇུག་བསྡུས་ཚུལ་སོགས་གོང་གི་བསྟན་བཅོས་དང་«ཟུར་གསལ་»གཉིས་ལས་ཤིན་ཏུ་མད་པར་གསུངས་ཡོད་ནའང་། སྐབས་འདིའི་དཀྱུས་ཀྱི་བརྗོོད་བྱ་དང་འབྲེལ་བ་གཙོ་ཆེ་མིན་ཅི་རིགས་ཀྱིས་ཆ་ཚང་དྲངས་བའི་ངལ་བ་མ་བྱས་སོ།།

གོང་དུ་དྲངས་པའི་ལུང་དག་ལ་བལྟས་ན་ཡང་འཇུག་དང་འབྲེལ་བའི་གནད་དེ། སློབ་དཔོན་ཐོན་མིའི་ད་ལྟ་བཞུགས་པའི་སུམ་རྟགས་གཉིས་ཀྱི་ཚིག་ཟིན་ཏུ་མེད་པ་མ་ཟད། གཞན་བོད་ཀྱི་ཁུངས་ཐུབ་ཀྱི་བརྡ་སྤྲོད་གནས་བརྒྱད་རྩ་འགྲེལ་»དང་།«སྨྲ་སྒོ་མཚོན་ཆ་»རུ་ཚིག་གི་ཟུར་ཙམ་ཡང་མེད་པ་དང་། དེ་བཞིན་«དག་ཡིག་ཉེར་མཁོ་བསྡུས་པ་»ལྟ་བུར་མཚོན་ན་ཡང་སྤྱིར་བསྟན་པ་དང་བྱེ་བྲག་གང་གི་སྐབས་ཡིན་ཡང་མགོ་འདོགས་དབྱངས་གསུམ་དང་སྔོན་རྗེས་མིང་གསུམ་ཙམ་ལས་ཡང་འཇུག་གི་སྐོར་ལ་“ན་ར་ལ་གསུམ་རྗེས་སུ་ནི། །སྒྲ་བསྒྱུར་སྔ་མས་ད་དྲག་བཞེད། །”[24]ཅེས་པ་ཙམ་ལས་གང་ཡང་མེད་ཅིང་།«ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་»རུ་ཡང་ཕ་མ་བུ་ཚའི་ཡི་གེ་དང་། ཡི་གེ་འབྱུང་གནས། འབྱིན་ཐབས། བཀླག་ཐབས་ཞེས་ཞིབ་ཏུ་བརྗོད་སྐབས་དང་། ལྷག་ཏུ་ཡུལ་དབུས་དང་གཙང་སོགས་ཀྱིས་ཀློག་སྟངས་ནོར་བར་བཤད་པའི་སྐབས་སུ་གོང་མཚུངས་ཙམ་ལས་ཡང་འཇུག་གི་སྐོར་མི་གསལ་བ་ནི་དོགས་གཞི་ཆེ་ཞིང་ཡ་མཚན་སྐྱེ་བའི་གནས་ཤིག་གོ།

གཞན་དུས་རབས་བཅུ་གཉིས་པའི་ནང་དུ་བྱོན་པའི་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་«དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་རྒྱས་པ་»རུ་[25]“ད་ས་གཉིས་ནི་ཡང་འཇུག་སྟེ། །ད་ནི་ན་ར་ལ་གསུམ་དང་། །ས་ནི་ག་ང་བ་མར་ཐོབ། །”ཅེས་ཡང་འཇུག་གི་ཚིག་ཟིན་གསལ་ཁ་ཅན་ཞིག་ཡོད་ན་ཡང་འདི་ནི་དུས་རབས་བཅུ་དགུ་པའི་ནང་བྱོན་པའི་དབྱངས་ཅན་གྲུབ་པའི་རྡོ་རྗེའི་«ལེགས་བཤད་ལྗོན་དབང་»གི་ཚིག་དང་ཤིན་ཏུ་འདྲ་བ་མ་ཟད། ས་པཎ་གྱི་«དག་ཡིག་ཉེར་མཁོ་བསྡུས་པ་སྡེབ་སྦྱོར་ཡིད་བཞིན་ནོར་བུའི་»སྤྱི་སྡོམ་གྱི་སྐབས་མགོ་འདོགས་དང་འཕུལ་རྟེན་མཐའ་རྟེན་སོགས་ལས་ཡང་འཇུག་གི་སྐོར་གང་ཡང་བཤད་མེད་པ་དང་། དམིགས་བསལ་ཕྲད་ཀྱི་སྒྲ་སྦྱོར་སྐབས་“ད་བ་ས་ཀྱི་”ཞེས་དང་། “ག་ད་བ་སའི་རྗེས་སུ་ཀྱང་། །” ཞེས་དང་། དེ་བཞིན་“ས་མཐར་ཤེ་ན་སྦྱར་ཏེ་དཔེར། །” ལྟ་བུ་ས་མཐར་སྦྱར་བའི་ཚིག་ཕྲད་སྐོར་གསུངས་ཀྱང་དཔེར་བརྗོད་སྐབས། “ཁྱོད་ཀྱི་རྒྱབ་ཀྱི་གཡས་ཀྱི་ཆ། །” ཞེས་དང་། “བྱ་བ་ཐོབ་ཀྱང་དེས་ཀྱང་ཅི། །” ཞེས་དང་དེ་བཞིན། “རྒྱུ་ཅིས་ཤེ་ན་ནོར་རྒྱུན་གྱིས། །”[26] ཞེས་པ་ལྟ་བུ་ཕྲད་སྦྱར་ས་རྗེས་འཇུག་རྐྱང་པ་ལས་ཡང་འཇུག་སའི་མཐའ་ཅན་གྱི་དཔེར་བརྗོད་གཅིག་ཀྱང་མེད་པ་«དག་ཡིག་ཉེར་མཁོ་བསྡུས་པ་»དང་འདྲ་བ་སོགས་ལ་གཞིགས་ན་གོང་གི་«དག་པར་བྱེད་པ་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ་རྒྱས་པ་»ཡི་ཚིག་དེ་དག་ལ་དོགས་པ་ཞིག་རང་བཞིན་གྱིས་ཡོང་བ་དང་། ཞོར་དུ་གོང་གི་ཁུངས་ཐུབ་ཀྱི་བརྡ་སྤྲོད་དག་ལ་བསམས་ན་ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་གྱིས་གསུང་དག་ལ་དཔྱད་གཞིའི་རིན་ཐང་ག་འདྲ་ཞིག་ཡོད་མེད་ནི་ཟུར་བལྟས་ལེབ་མཐོང་གི་དཔེ་ལས་མ་འདས་སྙམ་མོ།།

འདིར་གོ་དགོས་པ་ཞིག་ལ་ཐོན་མིའི་སུམ་རྟགས་ནས་བཟུང་གོང་བརྗོད་ད་ཡོད་ཀྱི་བརྡ་སྤྲོད་དག་ཏུ་ཡང་འཇུག་ཅན་གྱི་ཡི་གེ་ཞིག་མེད་པའི་སྐད་ཆ་མིན་མོད། དཔེ་ཆ་དེ་དག་ནི་ཉེ་དུས་ཀྱི་པར་སྐྲུན་ཡིན་པས་བོད་ཀྱི་བརྡ་སྤྲོད་རྙིང་པ་དག་ལ་ཡང་འཇུག་གི་སྐོར་གསུངས་མེད་པར་བརྟེན། ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་ལགས་ཀྱི་གསུང་དང་དེ་དག་གི་དོན་དངོས་ཀྱི་བར་ཐག་ལ་དཔྱད་པ་ཤིན་ཏུ་གལ་ཆེ། ཁོང་གིས་[27]“ངག་སྒྲོན་དང་ས་མཐའི་རབ་དབྱེར་ས་མཐའ་མིང་ཡང་”ཞེས་པ་ནི་ཤིན་ཏུ་ཐུགས་མད་པར་མ་ཟད། བསྟན་བཅོས་ཀྱི་མཚན་ལ་ས་མཐའི་རྣམ་དབྱེ་ཞེས་ཐོག་མར་སྦྱར་མཁན་ནི་བོད་ཀྱི་བརྡ་དག་གི་ལོ་རྒྱུས་སུ་ཕྲེང་པོ་གཏེར་སྟོན་ཤེས་རབ་འོད་ཟེར་ (༡༥༡༨-༡༥༨༤) ལགས་ཡིན་པ་འདྲ་སྟེ། ཁོང་གི་«བོད་ཀྱི་བརྡ་དག་ས་མཐའི་རྣམ་དབྱེ་རབ་གསལ་སྒྲོན་མའི་»ཡར་སྔོན་དུ་རང་གི་མཐོང་ཐོས་སུ་གྱུར་པའི་བརྡ་དག་གང་དུ་ཡང་དེ་འདྲ་མི་གསལ་བས་སོ།།

ཡིན་ན་ཡང་ཚོགས་ཤུལ་བླ་མ་ནོར་བུ་བསྟན་འཛིན་ལགས་ཀྱིས་མིང་སྨོས་པའི་བསྟན་བཅོས་དེ་གཉིས་སུ་ཡང་འཇུག་ས་མཐའ་ཅན་མང་ཞིག་གསུངས་པ་ཙམ་ལས། ཡང་འཇུག་ལ་སྡེ་ཚན་དམིགས་བཀར་གྱིས་དག་ཡིག་གི་ཁུངས་སུ་རྩལ་ཏུ་བཏོན་ནས་བཤད་མཁན་ནི་དབྱངས་ཅན་རོལ་པའི་འོ་མཚོ་སྟེ་«དག་ཡིག་མཁས་པ་དགའ་སྐྱེད་དུ་»[28]“རྗེས་འཇུག་ག་སོགས་ཕལ་ཆེར་ལ། །ཡང་འཇུག་ས་མཐའ་ཡོད་མེད་ཀྱི། །དོན་གྱི་ཁྱད་པར་ཐ་དད་དུ། །འབྱེད་པའི་ཚུལ་དེ་ཅུང་ཞིག་སྨྲ། །རྒྱུན་དུ་རྟག་དང་རྟགས་མཚན་དང་། །” ཞེས་པ་ནས། “འདི་འདྲ་ཚིག་གི་གདངས་མཐུན་ཀྱང་། །དོན་ཁྱད་ས་མཐའ་ཁོ་ན་ཡིས། །འབྱེད་དགོས་ཕྱིར་ན་མཁས་རྣམས་ཀྱིས། །ས་མཐའ་ཡོད་མེད་ཤེས་གལ་ཆེ། །འོན་ཀྱང་འདས་དང་སྐུལ་ཚིག་འགར། །ཡང་འཇུག་ཐོབ་ངེས་སྐབས་ཤིག་དགོས། །ཞེས་ཤིན་ཏུ་དོན་ཟབ་ལ་ཁ་གསལ་གོ་བདེ་ཡི་ལེགས་བཤད་རྨད་དུ་བྱུང་བ་ཞིག་གི་སྒོ་འཕར་ཕྱེ་ཞིང་། དེའི་རྗེས་དཔེར་ན་དུས་རབས་ཉི་ཤུའི་ནང་བྱོན་པའི་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ (༡༩༠༤-༡༩༨༥) «དག་ཡིག་མདོར་བསྡུས་པད་དཀར་ཆུན་པོ་བྱིས་པ་དགའ་བའི་རྣ་རྒྱན་»དུ་[29]ཡང་ “འདོད་ཆགས་ཞེ་ཆགས་ཡང་འཇུག་ཡོད། །” ཅེས་དང་། “སྲོག་ཆགས་གྲོག་མར་ཡང་འཇུག་མེད། །” ལྟ་བུ་ཡང་འཇུག་ཡོད་མེད་ཀྱི་ཚིག་ཟིན་གསལ་ཁ་བྱུང་བ་ལྟ་བའོ།།

དེང་སྐབས་སྤྱིར་ཡང་འཇུག་དང་དམིགས་བསལ་ས་ཡང་འཇུག་ཡོད་མེད་ལ་དོགས་པ་ཙམ་ཡང་ཆེར་མེད་པ་འདྲ་བས་འདི་གླེང་བ་ལ་དགོས་པ་མཐོང་མི་སྲིད་མོད། རང་གིས་གོང་བཤད་ལྟར་བོད་ཀྱི་བརྡ་དག་སྤྱིའི་སྒྲོམ་ལ་བསམས་ན་འདི་ནི་གལ་ཆེ་བ་ཙམ་དུ་མ་ཟད་འདིའི་གནད་བརྟོལ་ཐུབ་ན་བོད་ཀྱི་སྐད་བརྡ་སྤྱིའི་གནད་མི་ཉུང་བ་ཞིག་ཀྱང་རང་གྲོལ་དུ་འགྲོ་བར་འདོད་པས་ནན་བཤད་བྱས་པ་ཡིན་ཞིང་། གཞན་ཡང་འཇུག་གི་སྐོར་ལ་གོང་དུ་བརྗོད་པ་དག་ལས་ཚིག་བརྒྱ་མདོར་དྲིལ་བའི་སློབ་དཔོན་ཐོན་མིས་བཤད་ཡོད་མེད་དང་། ཡང་ན་རྗེས་འཇུག་མཁས་པ་ག་གེ་མོ་ཞིག་གིས་བསྣན་མིན་སོགས་གང་ཡང་ཞུ་ཚོད་མ་ཐིག་པས། བརྗོད་གཞི་འདི་ནི་རང་གི་མ་འོངས་པ་དང་བོད་ཀྱི་བརྡ་སྤྲོད་ལ་དཔྱད་ཞིབ་བྱེད་མཁན་དང་ཐུགས་སྣང་ཡོད་མཁན་དག་ལ་གླེང་བསླངས་བའི་དཔྱད་གཞི་རུ་ཕུལ་བའོ།།

དེ་མིན་བོད་ཀྱི་བརྡ་དག་གི་ཁྲོད་ལ་ཡང་འཇུག་མེད་ན་དེང་སྐབས་དཀའ་ངལ་ག་ཚོད་འཕྲད་མིན་གྱི་གནས་སྟངས་རོབ་ཙམ་དང་། ལྷག་ཏུ་ཀུན་མཁྱེན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་«ས་མཐའ་མེད་སྨྲ་དགག་པ་ལེགས་བཤད་རིན་པོ་ཆེའི་གཏེར་»ལས།[30] ས་འདིར་སྔོན་བྱོན་ལོ་པཎ་ཆོས་རྒྱལ་དང་། །ས་སྟེང་མཛེས་པའི་རྒྱན་འགྱུར་མཁས་རྣམས་ཀྱི། །ས་གཞི་ཁྱབ་པའི་བསྟན་པ་ཐམས་ཅད་ན། །ས་མཐའ་ཡོད་པར་མཛད་པའི་ལུགས་སྐྱོངས་ཤིག །ཅེས་པའི་རིན་ཐང་ཆེ་བའི་ལེགས་བཤད་འདི་དག་ཀྱང་མཇལ་བའི་སྐལ་བ་ཐོབ་མྱོང་བས་སོ།།

 དེ་བས་དག་ཡིག་གི་འཕེལ་རིམ་དངོས་ལ་བལྟས་ན་དབྱངས་གསལ་གྱི་ངོ་བོར་གྱུར་པའི་ཡི་གེའི་དག་ཆ་ལ་ངག་ཐོག་གི་དག་ཆ་ཞིག་དང་། ཡིག་ཐོག་གི་དག་ཆ་གཉིས་ཡོད་པས་ངག་ཐོག་གི་དག་ཆ་ནི་གོང་བཤད་ལྟར་བོད་ཀྱི་སྐད་གདངས་མཚོན་ཐུབ་པའི་སྦྱོར་ཀློག་ནས་འགོ་རྩོམ་དགོས་ཤིང་། ཡིག་ཐོག་གི་དག་ཆ་ནི་སྐད་བརྡའི་འཕོ་འགྱུར་གྱི་ཆོས་ཉིད་དབང་གིས་ལོ་རྒྱུས་ཀྱི་ཀྱོག་མཚམས་སུ་སྐད་ཡིག་བར་ཐག་ཉེ་རིང་གི་དབང་གིས་གཅིག་གྱུར་གྱི་དགོས་མཁོ་ལས་བྱུང་བ་དང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་«དེང་རབས་ཚིག་མཛོད་རིག་པའི་རྣམ་གཞག་གནད་བསྡུས་ལས།»[31]གང་ལྟར་ཡང་། ཡི་གེའི་དག་ཆ་རྩལ་དུ་བཏོན་ནས་བརྗོད་པའི་ཡོ་བྱད་དཔེ་ཆ་དེ་དག་ཡིག་དང་། ཞེེས་གསུངས་པ་བཞིན་བོད་ཀྱི་ཡི་གེ་དག་ཆ་ཐོན་པ་ལ་ངག་ཐོག་དང་ཡིག་ཐོག་གཉིས་ཀ་ནས་ཐོན་དགོས་སྟབས་དག་ཆ་དེའི་རྣམ་གཞག་སྟོན་པའི་དག་ཡིག་ཅིག་མེད་ཐབས་མེད་ཅིང་། ངག་ཐོག་གི་དག་ཆ་ནི་གོང་བཤད་ལྟར་ང་རོ་སྦྱང་བ་ནས་འགོ་བཙུགས་དགོས་པས་དག་ཆ་དེ་དག་རྩལ་འདོན་གྱི་སྐྱེ་གནས་དང་བྱེད་རྩོལ་ཀློག་སྟངས་ཚུན་ཆད་ནས་ཞིབ་ཏུ་གསུངས་པ་དཔེར་ན། དེ་སྔོན་དག་ཡིག་གྲས་སུ་མ་བགྲངས་བའི་སློབ་དཔོན་བསོད་ནམས་རྩེ་མོའི་«ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་»ལྟ་བུ་ལ་ཡང་གོང་བཤད་ལོ་རྒྱུས་འཕེལ་རིམ་གྱི་རྒྱབ་ལྗོངས་ཆ་ཚང་ཡོད་པ་མ་ཟད་ཡི་གེའི་དག་ཆ་རྩལ་འདོན་གྱི་གཞུང་ཡིན་སྟབས་དག་ཡིག་གི་ཆ་རྐྱེན་ཚང་བས་བོད་ཀྱི་དག་ཡིག་ལ་སྒྲ་ཡངས་དོག་གཉིས་ཀྱི་སྒོ་ནས་གོ་བ་བླངས་ཏེ་དག་ཡིག་ངོས་འཛིན་གནང་དགོས་པ་ནི་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་ཆོས་ཉིད་དང་། བོད་ཀྱི་བརྡ་དག་ཆ་ཚང་བ་གྲུབ་པའི་ཆ་ཤས་གལ་ཆེན་ཞིག་ཏུ་འདོད་ཅིང་། ཐོན་མིའི་སུམ་རྟགས་བརྩམས་པ་ནས་བཟུང་ད་ལྟ་དུས་རབས་ཉེར་གཅིག་པའི་བར་བོད་ཀྱི་དག་ཡིག་གི་བྱུང་རིམ་དངོས་མདོར་བསྡུས་ཙམ་ཞིག་བརྗོད་ཟིན་པའོ།།

སྔོན་མེད་དཔྱོད་པའི་གཤོག་རྩལ་མ་རྒྱས་ཤིང་།།
ཁུངས་སྐྱེལ་གཞན་ལས་ལྷག་པའི་གདིང་མེད་ཀྱང་།།
དག་ཡིག་གཉིས་སུ་ཕྱེ་བའི་འཕེལ་རིམ་འདི།།
བདག་ལ་མཚོན་ན་སྤོབས་པའི་ང་རོ་ཡིན།།

ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

བཞི་བ། མཇུག་བསྡུ་བ།

སྤྱིར་བསྟན་བཅོས་ཁག་ཏུ་དགོས་པ་ནི། དང་པོ་ཉིད་ནས་དགོས་སོགས་ཆོས་བཞིའི་ཡ་གྱལ་དུ་བགྲངས་ཏེ་གསུང་གི་ཡོད་ན་ཡང་། འདིར་མཇུག་བསྡུ་དང་སྦྱར་ནས་དག་ཡིག་ལ་སྒྲ་ཡངས་དོག་གཉིས་སུ་བཤད་པའི་དགོས་པ་ནི། དང་པོ། བོད་ཀྱི་སྐད་ཡིག་གཅིག་གྱུར་ཡོང་བ་ལ་རམ་འདེགས་མེད་ཐབས་མེད་པ་ཞིག་སྟེ། འདིའི་རྒྱུ་མཚན་གནད་ཆེ་བ་དག་གོང་དུ་བཤད་ཟིན་ཅིང་། ད་དུང་དཔེ་གཅིག་བཞག་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། དེབ་ཐེར་དཀར་པོ་ལས།[32]དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་(ཀློག་)ཤིང་གོ་ཐུབ་པ་ཡིན། ཞེས་གསུང་པ་བཞིན་འདི་ནི་སྒྲ་དོག་པའི་བསྟན་བཅོས་རང་སྟེང་གི་དག་སྡེབ་ཀྱི་དགེ་མཚན་གླེང་བ་དང་། དེ་བཞིན་གལ་ཏེ་སྒྲ་ཡངས་འཇུག་གི་དག་ཡིག་ཁག་ཏུ་གསུངས་པའི་ང་རོ་སྦྱོང་སྟངས་ནས་འགོ་བཙུགས་ཏེ་དབྱངས་གསལ་སོ་བཞི་དང་སྔོན་རྗེས་མིང་གསུམ། བརྩེགས་འདོགས་རྐྱང་གསུམ་སོགས་རེ་རེ་ཡི་སྒྲ་གདངས་སྐྱེ་གནས་བྱེད་རྩོལ་སོགས་སླར་གསོ་བྱས་ཏེ། ཆད་ལྷག་མེད་པར་ཀློག་ཐུབ་ན་ཆེ་ས་ནས་མདོ་དབུས་ཁམས་གསུམ་གྱི་སྐད་ཀྱི་བར་ཐག་དང་། ཆུང་ས་ནས་ལུང་ཚན་བྱེ་བྲག་པ་ཚུན་ཆད་ནས་ཡིག་གེས་མཚོན་པའི་སྐད་ཀྱི་སྒྲ་གདངས་གཅིག་གྱུར་ཡོང་བས་བོད་མི་རིགས་ཀྱི་སྤྱི་སྐད་ཅིག་ཆགས་ཐུབ་པར་གདོན་མི་ཟ་སྟེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྐད་ཆ་ཁ་བསྒྱུར་ཏེ་བཤད་ན། དེ་ལྟ་བུའི་སྐད་དེ་ལ་དྭགས་འབྲས་ལྗོངས་ནས་ཨ་མདོའི་བར་དུ་བཤད་ན་ཡང་ཐམས་ཅད་ཀྱིས་ཤེས་ཤིང་གོ་ཐུབ་ཅིང་། ཐབས་ལམ་དེ་ཁོ་ན་ལས་གཞན་སྤྱི་སྐད་དམ་སྐད་ཡིག་གཅིག་གྱུར་ཟེར་བའི་སྐད་ཆ་དེ་ག་འདྲ་ཞིག་བཤད་ན་ཡང་སེམས་ཤུགས་ཙམ་ལས་གྲུབ་འབྲས་སྨིན་རྒྱུ་ནི། རྡོ་ཐོག་ལ་ས་བོན་བཏབ་པ་དང་གཉིས་སུ་མ་མཆིས་པར་སེམས་སོ།།

གཞན་དག་ཡིག་གི་ཁྱབ་ཁོངས་རྒྱ་བསྐྱེད་དེ་དཔྱད་ན་བོད་སྤྱིའི་སྐད་ཡིག་གི་འཕེལ་རིམ་ལ་གོ་བ་ལོན་ཐུབ་པ་མ་ཟད། སྐད་བརྡ་རིག་པ་དང་ཡང་སྦྱར་ཆོག་པ་འདྲ་ལ། ལྷག་ཏུ་ད་དུང་བཀས་བཅད་དང་དག་ཡིག ཆོས་ཀྱི་རྣམ་གྲངས་དང་དག་ཡིག མངོན་བརྗོད་དང་དག་ཡིག སྐད་གཉིས་ཤན་སྦྱར་དང་དག་ཡིག ས་མཐའི་རྣམ་དབྱེ་དང་དག་ཡིག ཚིག་མཛོད་དང་དག་ཡིག་སོགས་ཀྱི་འབྲེལ་བ་དང་བར་ཐག་ཉེ་རིང་མང་པོ་ཞིག་ལ་དཔྱད་ཆོག་ཅིང་། དམིགས་བསལ་དག་ཡིག་ནི་རྒྱ་ནག་ལ་མཚོན་ན་ཀྲིན་ཙི་ཧྥ་ (正字法) ཟེར་བ་ཙམ་དང་། དབྱིན་ཇི་ལ་ཡང་ཚིག་མཛོད་ཙམ་ལས་དག་ཡིག་ཟེར་བ་ལོགས་སུ་བོད་ནང་བཞིན་བསྟན་བཅོས་རང་རྐྱ་བ་ཞིག་མེད་སྐད། བོད་ཀྱི་མེས་པོ་དག་གི་རྣམ་དཔྱོད་ལས་འཁྲུངས་བའི་བོད་ཀྱི་དག་ཡིག་རིག་པ་ཟེར་བ་ཡང་གཏན་ལ་དབབ་ཆོག་པར་འདོད་དོ།།

དེ་བས་འདིར་དེ་སྔོན་རང་གི་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་པའི་དག་ཡིག་འཕེལ་རིམ་གྱི་དཔྱད་གཞིའམ་དོ་སྣང་གི་ས་བོན་ཙམ་ཞིག་བྲིས་པ་ལ། གཞན་དུ་ཕན་ཆེན་པོ་ཞིག་ཐོགས་པའི་སྤོབས་པ་མེད་མོད་རང་གི་ཚོད་ཀྱིས་དཔྱད་པ་བཏང་བའི་ཁུལ་ཡིན་པས། བསམ་པ་བདེ་ཞིང་གལ་ཏེ་འབྱུང་འགྱུར་གྱི་ཆ་ལ་རང་གི་ལྟ་ཚུལ་འདི་དང་མི་མཐུན་པའི་རྒྱུ་མཚན་ཡང་དག་བྱུང་ན། སྒེར་གྱི་བསམ་ཚུལ་འདི་ལ་འགྱུར་བ་གཏང་ཆོག་པས་རྒྱ་ཆེའི་ཀློག་པ་པོ་དག་གིས་དཔྱད་གླེང་ཡོད་པའི་རེ་བ་བཅས་མཇུག་བསྡུ་བའོ།།

སླར་སྨྲས་པ།

དབྱངས་གསལ་ཡི་གེ་ཐོད་པའི་ལས་ལ་བརྐོས།།
ལས་བགོས་རྟེན་འབྲེལ་འདི་ཀོ་ཤིན་ཏུ་འགྲིག།
དབྱངས་གསལ་བསྟར་ལ་བརྒྱུས་པའི་ཕྲེང་བ་འདི།།
བདག་ལ་མཚོན་ན་དྲིན་གྱི་བུ་ལོན་ཡིན།།
དགེ་གང་དབྱངས་གསལ་དར་བའི་རྒྱུ་རུ་བསྔོ།།


[1]  ཐཱའི་ཝན་བསྐྱར་པར་མ། བོད་རྒྱ་ཚིག་མཛོད་ཆེན་མོ། དེབ་གཟུགས། ཤོག་གྲངས། ༤༢༨ གཏམ་གྱི་འགོ་སློང་བའམ་སྐད་ཆའི་རྐྱེན་སློང་བ།

[2]  སྤྱི་ལོ་ ༥༣༥-༧༣༠ བར་ཡིན་པར་བཤད།

[3]  ཞ་ལུ་ལོ་ཆེན་གྱིས་ལཱཉྩ་ཡིག་གཟུགས་དང་། བུ་སྟོན་གྱིས་ཁ་ཆེའི་ཡིག་གཟུགས་དང་། སི་ཏུ་པཎ་ཆེན་གྱིས་ནཱ་ག་རའི་ཡིག་གཟུགས་དང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གུཔྟའི་ཡིག་གཟུགས་སོགས་འདི་ལ་འདོད་ཚུལ་མང་དག་ཅིག་མཆིས་ན་ཡང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་ «འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲའི་» ཤོག་གྲངས་ ༢༥-༢༦ བར་གྱི་དེ་དག་གི་འགལ་སྤོང་ལ་གཅིག་གཟིགས་ན་རྩ་བའི་ཆ་ནས་ཤར་དང་ལྷོ་ལྟ་བུའི་མཐུད་མི་ཐུབ་པའི་འགལ་འདུ་ཞིག་མིན་པ་འདྲ་ཞིང་། འདིར་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དེབ་དཀར་དུ། “གང་ལྟར་ཡང་ཐུ་མི་དེ་རྒྱ་གར་ན་གུཔྟའི་རྒྱལ་རྒྱུད་དག་གིས་སྲིད་སྐྱོང་བའི་སྐབས་སུ་བྱོན་པ་ཡིན་ཞིང་། ཤིན་ཏུ་ངོ་མཚར་བ་ནི། ཐུ་མི་དང་དུས་མཉམ་པའི་རྒྱ་གར་གྱི་རྒྱལ་པོ་ཧརྵ་དང་། ཀུ་མར་གུཔྟ། (གཞོན་ནུ་སྦས་པ་དང་། སུརྱ་ཊརྨན་ (ཉི་མའི་གོ་ཆ་) སོགས་ཀྱི་དུས་སུ་བྱུང་བའི་ཟངས་ཀྱི་གླེགས་བུ་ལ་སོགས་པ་ད་ལྟའི་བར་རྒྱ་གར་གྱི་ཡུལ་སོ་སོར་ཡོད་པ་དག་ལ། ཡི་གེ་བཀོད་པ་རྣམས་བོད་ཡིག་དང་ཧ་ཅང་འདྲ་ཆེ་ཞིང་། ཅུང་ཟད་རྒྱང་རིང་ནས་བལྟས་ཚེ་ལག་མི་མཁས་པ་ཞིག་གིས་བོད་ཡིག་བྲིས་སམ་སྙམ་པ་འཆར། ཡིག་འབྲི་ཕལ་ཆེར་མ་བསླབ་ཀྱང་ཐོལ་ལེ་བ་ཞིག་ཀློགས་ཐུབ་པར་འདུག” ཅེས་གསུང་པ་བཞིན། དང་པོ། ཐོན་མི་རྒྱ་གར་ཕེབས་དུས་དང་རྒྱ་གར་གྱི་གཞུང་སྤྱོད་ཡི་གེ་གུཔྟའི་ཡིག་གཟུགས་ཡིན་པ་དང་དུས་འགྲིག་པ། གཉིས་པ། གུཔྟའི་གསལ་བྱེད་ཡིག་གཟུགས་དང་བོད་ཀྱི་གསལ་བྱེད་ཡིག་གཟུགས་ཧ་ཅང་འདྲ་བ། གསུམ་པ། བཙན་པོའི་དུས་ཀྱི་རྡོ་རིང་དང་ཏུན་ཧོང་ཡིག་རྙིང་དུ་ཡོད་པའི་ལག་བརྐོས་ཡིག་གཟུགས་དག་གུཔྟའི་ཡིག་གཟུགས་དང་གཅིག་པ་ལྟ་བུ་ཡོད་པར་དེབ་དཀར་གཞིར་བཞག་སྒྲུབ་བྱེད་རྒྱུ་མཚན་གྱི་བརྒྱ་ཆ་མཐོ་བས། དེང་དུས་བོད་ཀྱི་མཁས་པ་རྣམས་ཀྱིས་གསུངས་པ་ལྟར་གུཔྟའི་ཡི་གེའམ་ཡིག་གཟུགས་ལ་བརྟེན་ནས་བོད་ཀྱི་དབྱངས་གསལ་ཡི་གེའམ་ཡིག་གཟུགས་གསར་གཏོད་བྱས་པ་ཡིན་ཞེས་འདིར་བཤད་པའོ།།

[4] སྤྱི་ལོ། ༢༠༡༣ ལོའི་ཐཱའི་ཝན་བསྐྱར་པར་མ། ཤོག་གྲངས། ༡༢༣༩ པར་གསལ།

[5] སྤྱི་ལོ། ༢༠༡༦ ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་ཡུལ་ཤུལ་ཚེ་དབང་བཀྲ་ཤིས་ཀྱི་བོད་ཀྱི་བརྡ་སྤྲོད་རིག་པའི་ཤོག་ངོས། ༢༣ ལས་བཏུས།

[6] སུམ་རྟགས་གཉིས་དང་། ཡི་གེའི་རྣམ་འགྱུར་གྱི་བཟོ། ཀ་མད་སུམ་ཅུར་བསྒྱུར་བ། སྡེབ་སྦྱོར་སྒྲིག་པའི་གཞི་མ། ཐོན་མིའི་མདོ་རྫིའི་སྒྲ་མདོ། སྔགས་ཀྱི་བཀླག་ཐབས་མུན་པའི་སྒྲོན་མེ། ཀླུ་དབང་མགུལ་རྒྱན་བཅས་སོ།།

[7] སྤྱི་ལོ་ ༢༠༡༠ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་དཔར་བའི་གངས་ལྗོངས་བརྡ་བཏགས་ཀུན་བཏུས། དེབ་གཟུགས། ཤོག་གྲངས་ ༠༡ པར་གསལ།

[8]  དར་ཐང་པར་མ། ཤོག་གྲངས། ༣༡༢ པར་གསལ།

[9]  བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་སྤྱི་ལོ་ ༢༠༡༠ ལོར་འགྲེམས་སྤེལ་བྱས་པའི་བོད་ཀྱི་བརྡ་དག་མི་འདྲ་བ་སུམ་ཅུ་ཐམ་པས་གྲུབ་པའི་བོད་ཀྱི་བརྡ་དག་གི་བསྟན་བཅོས་ཤིག་གོ།

[10]  སྤྱི་ལོ་ ༢༠༠༨ ལོའི་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་པར་མ། དེབ་གཟུགས། ཐོན་མིའི་ཞལ་ལུང། ཤོག་གྲངས་ ༡༩༦- ༡༩༩ བར་ལ་གསལ།

[11]  དུས་རབས་བརྒྱད་པའི་ནང་ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་མཛད་ཅིང་། དང་པོ། བྱེད་པའི་གནས་དང་། གཉིས་པ། བསྡུ་བའི་གནས་དང་། གསུམ་པ། སྒྱུར་བའི་གནས་དང་། བཞི་པ། དྲང་བའི་གནས་དང་། ལྔ་པ། འཇུག་པའི་གནས་དང་། དྲུག་པ། རྣམ་པར་དབྱེ་བའི་གནས་དང་། བདུན་པ། ཕྱོགས་ཀྱི་གནས་དང་། བརྒྱད་པ། དངོས་པོའི་གནས་བཅས་གནས་བརྒྱད་བསྟན་པའི་བོད་ཀྱི་བརྡ་སྤྲོད་རྙིང་ཤོས་གྲས་ཀྱི་བསྟན་བཅོས་ཤིག་གོ།

[12]  འདི་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་བཀའ་ལ་བརྟེན་ནས་རྒྱ་བོད་ཀྱི་ལོ་པཎ་རྣམས་ཕྱོགས་གཅིག་ཏུ་གདན་འཛོམས་ཀྱིས་གཏན་ལ་ཕབ་པའི་སྒྲ་བསྒྱུར་གྱི་གཞུང་དང་ཚིག་མཛོད་སྔ་ཤོས་ཀྱི་གྲས་ཤིག་སྟེ། འདི་ལ་ལོ་ ༡༢༠༠ ཡས་མས་ཀྱི་ལོ་རྒྱུས་ཡོད་པ་མ་ཟད་བསྟན་བཅོས་འདིའི་ནང་དུ་མིང་གི་སྡེ་ཚན་ ༤༧ དང་ཁྱོན་ཐ་སྙད་ ༤༡༥ ཙམ་ཡོད་པ་འདི་ལ་རྒྱུས་མངའ་ཡོད་པའི་དེང་དུས་མཁས་དབང་དག་གིས་གསུངས་ཤིང་། གཞན་བོད་ཀྱི་བརྡ་སྤྲོད་བྱེ་བྲག་རྟོག་བྱེད་འབྲིང་པོ་ཞེས་པ་ཡང་འདི་ལ་ངོས་བཟུང་ན་ཆོག་པར་འདོད་དོ།།

[13]  བསྟན་བཅོས་འདི་ནི་སྒྲ་བསྒྱུར་གྱི་བསྟན་བཅོས་ཤིག་ཡིན་པ་མ་ཟད་ཐ་སྙད་ཀྱི་སྡེ་ཚན་ ༢༧༥ དང་། ཁྱོན་ཐ་སྙད་  ༩༡༡༦ – ༩༤༢༠ ཙམ་བསྒྱུར་འགྲེལ་བྱས་ཡོད་པ་དེང་དུས་མཁས་པ་དག་གིས་གསུངས་སོ།།

[14]  ང་ཚོའི་བོད་ཡིག་གི་མཚན་ཉིད་ཟུར་དུ་སྐད་ཀྱི་གདངས་ཞེས་སྦྱར་ཡོད་སྟབས། བོད་ཀྱི་ཡི་གེ་ལབ་དུས་ཡོངས་གྲགས་དང་ཡོངས་གྲགས་མ་ཡིན་པའི་གོ་སྟངས་གཉིས་ཡོད་པས་འདིར་སྒྲ་ཡངས་བའམ་ཡོངས་གྲགས་ཀྱི་གོ་སྟངས་བྱས་ཡོད་པས། ཐོན་མིའི་བོད་ཡིག་གསར་གཏོད་བྱས་ཟེར་བ་དང་བོད་ཀྱི་དབྱངས་གསལ་ཡི་གེ་ཞེས་པ་སོགས་ཐམས་ཅད་ལ་སྐབས་ཐོབ་ཀྱིས་གོ་བ་ལེན་ཤེས་པར་བྱ་དགོས། དེ་མིན་ང་ཚོའི་སྐད་ཀྱི་གདངས་དགོས་པའི་སྒྲ་སོར་བཞག་གིས་མཚན་ཉིད་ཀྱི་ར་བ་ལས་འདའ་མི་ཆོག་པའི་དབང་དུ་བཏང་ནས་བཤད་ན་བོད་སྐད་གྲུབ་པ་ནས་བོད་ཡིག་ཀྱང་གྲུབ་ཚར་བས་སོ།།

[15]  སྤྱི་ལོ་ ༢༠༡༢ ལོའི་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་པར་མ། དེབ་གཟུགས། ཤོག་གྲངས། ༡༡༦ པར་གསལ།

[16]  སྤྱི་ལོ་ ༢༠༡༦ ལོའི་ལྡི་ལི་ (Delhi) པར་མ། དེབ་གཟུགས། ཤོག་གྲངས། ༠༩-༡༠ བར་གསལ།

[17]  སྤྱི་ལོ་ ༢༠༡༠ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་དཔར་བའི་གངས་ལྗོངས་བརྡ་བཏགས་ཀུན་བཏུས། དེབ་གཟུགས། ཤོག་གྲངས་ ༡༤-༡༥ བར་གསལ།

[18]  སྤྱི་ལོ་ ༢༠༡༠ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་དཔར་བའི་གངས་ལྗོངས་བརྡ་བཏགས་ཀུན་བཏུས། དེབ་གཟུགས། ཤོག་གྲངས ༡༥-༡༦ བར་གསལ།

[19] སྤྱི་ལོ་ ༢༠༡༠ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་དཔར་བའི་གངས་ལྗོངས་བརྡ་བཏགས་ཀུན་བཏུས། དེབ་གཟུགས། ཤོག་གྲངས། ༠༩ པར་གསལ།

[20] སྤྱི་ལོ་ ༢༠༡༠ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་དཔར་བའི་གངས་ལྗོངས་བརྡ་བཏགས་ཀུན་བཏུས། དེབ་གཟུགས། ཤོག་གྲངས། ༠༡ པར་གསལ།

[21]  སྤྱི་ལོ་ ༢༠༡༠ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་དཔར་བའི་གངས་ལྗོངས་བརྡ་བཏགས་ཀུན་བཏུས། དེབ་གཟུགས། ཤོག་གྲངས། ༤༨༠ པར་གསལ།

[22]  སྤྱི་ལོ་ ༢༠༡༠ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་དཔར་བའི་གངས་ལྗོངས་བརྡ་དག་ཀུན་བཏུས། དེབ་གཟུགས། ཤོག་གྲངས། ༤༨༢ པར་གསལ།

[23]  སྤྱི་ལོ་ ༢༠༡༢ ལོར་མི་རིགས་དཔེ་སྐྲུན་ཁང་གི་དཔར་བའི་བོད་སྐད་བརྡ་སྤྲོད་སྐོར་གྱི་དཔེ་རྒྱུན་དཀོན་རིགས་ཀྱི་བསྟན་བཅོས་ཐུང་ངུ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཐི་ལའི་ཕྲེང་བ། དེབ་གཟུགས། ཤོག་གྲངས། ༢༢༥ པར་གསལ།

[24]  སྤྱི་ལོ་ ༢༠༡༠ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་དཔར་བའི་གངས་ལྗོངས་བརྡ་བཏགས་ཀུན་བཏུས། དེབ་གཟུགས། ཤོག་གྲངས། ༠༤ པར་གསལ།

[25]  སྤྱི་ལོ་ ༢༠༡༠ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་དཔར་བའི་གངས་ལྗོངས་བརྡ་བཏགས་ཀུན་བཏུས། དེབ་གཟུགས། ཤོག་གྲངས། ༢༧ པར་གསལ།

[26] སྤྱི་ལོ་ ༢༠༡༠ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་དཔར་བའི་གངས་ལྗོངས་བརྡ་བཏགས་ཀུན་བཏུས། དེབ་གཟུགས། ཤོག་གྲངས། ༣༤-༣༥ བར་གསལ།

[27]  སྤྱི་ལོ་ ༢༠༡༢ ལོར་མི་རིགས་དཔེ་སྐྲུན་ཁང་གི་དཔར་བའི་བོད་སྐད་བརྡ་སྤྲོད་སྐོར་གྱི་དཔེ་རྒྱུན་དཀོན་རིགས་ཀྱི་བསྟན་བཅོས་ཐུང་ངུ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཐི་ལའི་ཕྲེང་བ། དེབ་གཟུགས། ཤོག་གྲངས། ༢༢༩ པར་གསལ།

[28] སྤྱི་ལོ་ ༢༠༡༠ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་དཔར་བའི་གངས་ལྗོངས་བརྡ་བཏགས་ཀུན་བཏུས། དེབ་གཟུགས། ཤོག་གྲངས། ༡༣༩-༡༤༠ བར་གསལ།

[29] སྤྱི་ལོ་ ༢༠༡༠ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་དཔར་བའི་གངས་ལྗོངས་བརྡ་བཏགས་ཀུན་བཏུས། དེབ་གཟུགས། ཤོག་གྲངས། ༣༩༧ པར་གསལ།

[30] སྤྱི་ལོ་ ༢༠༡༨ ལོར་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་གིས་དཔར་བའི་བརྡ་སྤྲོད་སྨྲ་བའི་རྒྱན། དེབ་གཟུགས། ཤོག་གྲངས། ༢༩༨ པར་གསལ།

[31]  འཕྲུལ་དེབ། ཤོག་གྲངས། ༡༤-༡༥ བར་གསལ།

[32]  སྤྱི་ལོ་ ༢༠༡༨ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་པར། དེབ་གཟུགས། ཤོག་གྲངས། ༩༥-༩༦ བར་གསལ།

  1. ཞ་ལུ་ལོ་ཆེན་གྱིས་ལཱཉྩ་ཡིག་གཟུགས་དང་། བུ་སྟོན་གྱིས་ཁ་ཆེའི་ཡིག་གཟུགས་དང་། སི་ཏུ་པཎ་ཆེན་གྱིས་ནཱ་ག་རའི་ཡིག་གཟུགས་དང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གུཔྟའི་ཡིག་གཟུགས་སོགས་འདི་ལ་འདོད་ཚུལ་མང་དག་ཅིག་མཆིས་ན་ཡང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་ «འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲའི་» ཤོག་གྲངས་ ༢༥-༢༦ བར་གྱི་དེ་དག་གི་འགལ་སྤོང་ལ་གཅིག་གཟིགས་ན་རྩ་བའི་ཆ་ནས་ཤར་དང་ལྷོ་ལྟ་བུའི་མཐུད་མི་ཐུབ་པའི་འགལ་འདུ་ཞིག་མིན་པ་འདྲ་ཞིང་། འདིར་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དེབ་དཀར་དུ། “གང་ལྟར་ཡང་ཐུ་མི་དེ་རྒྱ་གར་ན་གུཔྟའི་རྒྱལ་རྒྱུད་དག་གིས་སྲིད་སྐྱོང་བའི་སྐབས་སུ་བྱོན་པ་ཡིན་ཞིང་། ཤིན་ཏུ་ངོ་མཚར་བ་ནི། ཐུ་མི་དང་དུས་མཉམ་པའི་རྒྱ་གར་གྱི་རྒྱལ་པོ་ཧརྵ་དང་། ཀུ་མར་གུཔྟ། (གཞོན་ནུ་སྦས་པ་དང་། སུརྱ་ཊརྨན་ (ཉི་མའི་གོ་ཆ་) སོགས་ཀྱི་དུས་སུ་བྱུང་བའི་ཟངས་ཀྱི་གླེགས་བུ་ལ་སོགས་པ་ད་ལྟའི་བར་རྒྱ་གར་གྱི་ཡུལ་སོ་སོར་ཡོད་པ་དག་ལ། ཡི་གེ་བཀོད་པ་རྣམས་བོད་ཡིག་དང་ཧ་ཅང་འདྲ་ཆེ་ཞིང་། ཅུང་ཟད་རྒྱང་རིང་ནས་བལྟས་ཚེ་ལག་མི་མཁས་པ་ཞིག་གིས་བོད་ཡིག་བྲིས་སམ་སྙམ་པ་འཆར། ཡིག་འབྲི་ཕལ་ཆེར་མ་བསླབ་ཀྱང་ཐོལ་ལེ་བ་ཞིག་ཀློགས་ཐུབ་པར་འདུག” ཅེས་གསུང་པ་བཞིན། དང་པོ། ཐོན་མི་རྒྱ་གར་ཕེབས་དུས་དང་རྒྱ་གར་གྱི་གཞུང་སྤྱོད་ཡི་གེ་གུཔྟའི་ཡིག་གཟུགས་ཡིན་པ་དང་དུས་འགྲིག་པ། གཉིས་པ། གུཔྟའི་གསལ་བྱེད་ཡིག་གཟུགས་དང་བོད་ཀྱི་གསལ་བྱེད་ཡིག་གཟུགས་ཧ་ཅང་འདྲ་བ། གསུམ་པ། བཙན་པོའི་དུས་ཀྱི་རྡོ་རིང་དང་ཏུན་ཧོང་ཡིག་རྙིང་དུ་ཡོད་པའི་ལག་བརྐོས་ཡིག་གཟུགས་དག་གུཔྟའི་ཡིག་གཟུགས་དང་གཅིག་པ་ལྟ་བུ་ཡོད་པར་དེབ་དཀར་གཞིར་བཞག་སྒྲུབ་བྱེད་རྒྱུ་མཚན་གྱི་བརྒྱ་ཆ་མཐོ་བས། དེང་དུས་བོད་ཀྱི་མཁས་པ་རྣམས་ཀྱིས་གསུངས་པ་ལྟར་གུཔྟའི་ཡི་གེའམ་ཡིག་གཟུགས་ལ་བརྟེན་ནས་བོད་ཀྱི་དབྱངས་གསལ་ཡི་གེའམ་ཡིག་གཟུགས་གསར་གཏོད་བྱས་པ་ཡིན་ཞེས་འདིར་བཤད་པའོ།།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།