མ་གཡར་གྱི་ལས་དབང་།

ལོ་རིམ་བདུན་པའི་སློབ་གཉེར་བ། བཀྲ་ཤིས་རྡོ་རྗེ།

དགུན་ཁ་བ་ཟིམ་ཟིམ་འབབ་པའི་དགོང་མོ་ཞིག་ལ་ཉི་མ་ལྷ་མོས་རང་གི་སྒོ་རའི་ནང་དུ་མཛོ་དང་མཛོ་མོ་སོགས་རྡང་ལ་བཏགས་ཤིང་། སྔས་འགོར་རྩྭ་ཕུབ་མ་གང་ཙམ་སྤུངས་ཏེ་བུད་ཤིང་ཁ་ཤས་པང་ཁུག་ཏུ་ཁྱེར་ནས་ཁྱིམ་ནང་དུ་འཛུལ་བ་དང་། ཐབ་ཀྱི་འཁྲིས་སུ་མེ་སྲོ་བཞིན་པའི་བུ་བསྟན་འཛིན་དང་བུ་མོ་བདེ་ཆེན།  དབྱངས་སྐྱིད་བཅས་མཐོང་དུས་ནོར་བུ་ཚེ་རིང་ནང་དུ་ལོག་མེད་པ་ཤེས་པ་དང་། ལམ་སེང་ཉི་མ་ལྷ་མོས་དབྱངས་སྐྱིད་ལ་ནོར་བུ་ཚེ་རིང་འཚོལ་དུ་བཏང་། ཕྱི་རོལ་དུ་ཁ་བ་བར་མ་ཆད་པར་འབབ་བཞིན་པ་དང་། ས་ལ་བྱ་ཡི་རྗེས་གསལ་ཙམ་གྱི་ཁ་བ་ཡང་ཆགས་ཟིན། དུས་རྒྱུན་ཉི་མ་ལྷ་མོས་ནོར་བུ་ཚེ་རིང་ནི་མོའི་མིག་ནང་གི་ཚེར་མ་བཞིན་ལྟ་སྟངས་འཛིན་པ་དང་། གལ་སྲིད་ཁོ་ཁྱིམ་འདིར་མེད་ཚེ་རྒྱུ་ནོར་སྦར་མོ་གང་པོ་དེ་རང་གི་བུ་ལ་དབང་རྒྱུ་ཁོ་ཐག་ཡིན་པས། དེར་བརྟེན་མོས་ནོར་བུ་ཚེ་རིང་ལ་ནམ་ཡང་བརྙས་བཅོས་དང་སྡང་སེམས་ཀྱིས་ཉིན་གཅིག་ཀྱང་བྱམས་པའི་འཛུམ་གྱིས་བསུ་མྱོང་མེད་ལ། སྙན་པའི་གཏམ་ཚིག་གཅིག་ཀྱང་བཤད་མྱོང་མེད། འོན་ཀྱང་དེ་རིང་ཁོ་འདི་ལྟ་བུའི་ཁ་བའི་ནང་དུ་གནས་ཚུལ་ཚབས་ཆེན་འདྲ་བྱུང་ཚེ་ཕྱིའི་ཡུལ་མིའི་མི་ཁ་ཟུག་ཡོང་བསམས་ནས་ཁང་པའི་སྒོ་ཁ་ནས་མི་འདོད་པའི་གོམ་ཁ་ཞིང་ཁའི་ཕྱོགས་སུ་སྒྱུར་དགོས་བྱུང་།

རྒྱང་རིང་རབ་རིབ་ཀྱི་ཁ་བའི་གསེང་ནས་དབྱངས་སྐྱིད་ཀྱི་ལག་གཡས་པར་ནོར་བུ་ཚེ་རིང་ཁྲིད་ནས་ཡོང་བཞིན་པ་མཐོང་མ་ཐག་ཁོང་ཁྲོ་ཆེན་པོས་མདུན་དུ་རྒྱུགས་ནས་འགྲམ་ལྕག་ཅིག་གཞུས་ཏེ་ངར་སྐད་དང་ལྷན་དུ་“ཅི་རེད། ཉིན་གང་པོར་འཁྱམས་ཤེས་ཀྱང་ལོག་མི་ཤེས་མཁན་བ་ཕྱུགས་ལས་ཀྱང་ཐབས་སྡུག་ག་རེད་འདུག” ཅེས་ཡང་བསྐྱར་གཞུ་གྲབས་བྱེད་དུས་དབྱངས་སྐྱིད་ཀྱིས་བཀག་སྟེ་གཞུ་རུ་མ་བཅུག གདོང་ཆུང་ཆུང་ནས་མིག་ཆུའི་ཕྲེང་ཐག་ཆད་པ་བཞིན་རྡོལ་བའི་ནོར་བུ་ཚེ་རིང་ཉི་མ་ལྷ་མོས་འདྲུད་མ་འཐེན་གྱིས་ཁང་པའི་ནང་ལ་འཁྲིད་སོང་། ཕྲུ་གུ་གཞན་དང་འདྲ་བའི་བྱམས་བརྩེའི་གཅེས་སྐྱོང་གནང་མཁན་གྱི་ཨ་མ་མེད་པའི་ནོར་བུ་ཚེ་རིང་ལ་ཡང་ཅི་ཁག ཁོས་ཞིང་ཁའི་ཡུར་བའི་ནང་རྩེད་མོར་གཡེངས་ནས་གཉིད་ཤོར་བ་ལས། ལོག་མ་ཤེས་པ་ག་ལ་ཡིན། གནམ་གཤིས་ཧ་ཅང་གྲང་བས་ཉི་མ་ལྷ་མོས་རྫ་ལའི་1ནང་བུད་ཤིང་ཁ་ཤས་དང་ལྕི་བ་རེ་གཉིས་བསྣན་རྗེས་ཐབ་ཀྱི་མེ་དྲོད་སྔར་བས་ཆེ་བར་གྱུར་བ་དང་ཕྲུ་གུ་ཚོས་ཀྱང་ཐབ་སྐྱོར་ནང་དུ་འཚངས་ཏེ་མེ་སྲོ་བར་བྲེལ། ཉི་མ་ལྷ་མོས་དགོང་ཟས་བསྐོལ་ཏེ་མི་རིང་བར་ཐབ་སྟེང་གི་ཐུག་པའི་ཁོལ་སྒྲ་གྲག་པ་དང་དགོང་ཐུག་གྲ་སྒྲིག་ཟིན་ནའང་། བྱིས་པའི་ལྟོ་ལས་གཉིད་སྐྱིད་ཅེས་པའི་དཔེ་ལྟར་ཁོང་ཚོས་ཐབ་ཀྱི་མེ་དྲོད་ལས་ཐབ་ཀྱི་གོ་ཁའི་འཁྲིས་སུ་གཉིད་ཤོར་ཏེ་སྔུར་སྒྲ་ཡང་སིར་སིར་གྲག་འོང་། དེ་ནས་མོས་ཁོང་ཚོ་གཉིད་ལས་བསླངས་ཏེ་ཐུག་པ་བླུགས་ནས་དགོང་ཟས་ལ་རོལ། ནམ་རྒྱུན་བཞིན་མོས་རང་གི་བུ་བསྟན་འཛིན་དང་བུ་མོ་བདེ་ཆེན་གཉིས་ཀྱི་ཐུག་ཕོར་ནང་དུ་ཁུ་བ་ཉུང་ཙམ་དང་ཤ་དང་བག་རིལ་མང་ཙམ་བླུགས་པ་དང་། ནོར་བུ་ཚེ་རིང་དང་དབྱངས་སྐྱིད་གཉིས་ལ་ཐུག་ཁུ་ཙམ་ལས་ཤ་དང་བག་རིལ་རེ་གཉིས་ལས་མཐོང་རྒྱུ་མེད།  གཉིད་ཀྱིས་བཟི་བའི་ནོར་བུ་ཚེ་རིང་གིས་ཤ་རེ་གཉིས་འཐོབ་རྒྱུར་ཐུག་པ་ཐུག་ཕོར་དོ་བཏུངས་ཀྱང་ཤ་རྡོག་གཅིག་ཀྱང་མ་ཐོབ། ཨ་མ་མེད་པའི་ནོར་བུ་ཚེ་རིང་ལ་ཨ་མ་ལས་ཀྱང་བརྩེ་བའི་དབྱངས་སྐྱིད་ཀྱིས་རང་གི་ཐུག་ཕོར་ནས་ཐོབ་པའི་ཤ་རྐང་རེ་གཉིས་དེ་མ་བཟས་པར་ཟུར་དུ་ཉར་ཏེ། མཚན་མོའི་མལ་གོས་གྱི་འོག་ཏུ་ཁུ་སིམ་སིམ་གྱིས་ནོར་བུ་ཚེ་རིང་ལ་སྤྲད། ཐོ་རངས་བྱ་སྐད་དང་པོ་མ་བསྒྲག་པའི་སྔོན་དུ་དབྱངས་སྐྱིད་གཉིད་ལས་སད་ཅིང་།  འགྲམ་དུ་གཉིད་པའི་ནོར་བུ་ཚེ་རིང་ལ་མལ་གོས་གཡོགས་སྐྱོར་བྱེད་སྐབས། ཁོའི་ཉལ་གདན་རློན་པར་འགྱུར་ཡོད་པ་མཐོང་ཞིང་།  དབྱངས་སྐྱིད་ཀྱི་བསམ་པར་གནས་ཚུལ་དེ་ཉི་མ་ལྷ་མོས་ཤེས་ན་ཁོ་ལ་ཉེས་རྡུང་རག་ཁོ་ཐག་ཡིན་པས།  ལོ་བདུན་ལ་སོན་པའི་བྱིས་པ་ཞིག་ལ་ཉེས་རྡུང་དེ་འདྲ་ཞིག་འཛེད་པ་ནི་རང་གི་སེམས་ཀྱི་བཟོད་ཐབས་མེད་པར་བརྟེན།  དབྱངས་སྐྱིད་རང་གི་ཉལ་གདན་སྐམ་པོ་དེར་ནོར་བུ་ཚེ་རིང་བསྙལ་ཅིང་། གདན་རློན་པའི་སྟེང་དུ་རང་ཉིད་ཉལ། ཡུད་ཙམ་ཞིག་ལ་བྱ་སྐད་དང་པོ་དང་གཉིས་པ་བསྒྲགས་པ་དང་། ཉི་མ་ལྷ་མོས་སྐད་ཤུགས་ཆེན་པོས “དབྱངས་སྐྱིད་ཡར་ལངས་ནས་མེ་ཁ་གསོས་དང་།” ཞེས་འབོད་དུས་དབྱངས་སྐྱིད་ཀྱི་སེམས་ནང་དངངས་སྐྲག་དང་འཇིགས་སྣང་གིས་བསམ་བློ་ཇི་ཙམ་བཏང་ཡང་སྔ་ཕྱི་མ་གཏོགས་ཉི་མ་ལྷ་མོའི་ལག་འོག་ནས་ཉེས་རྡུང་ཞིག་རག་རྒྱུ་ཡིན་པ་ཤེས་པས། ཚབ་ཚུབ་ཀྱིས་མལ་ལས་ལངས་ནས་སྐ་རགས་འཆིང་དུས་ཉི་མ་ལྷ་མོས་ཉལ་ས་རློན་པར་གྱུར་ཡོད་པ་མཐོང་བ་དང་། ཤ་མདོག་སྨུག་ལ་རྒྱགས་པའི་བཞིན་རས་དེ་ཁོང་ཁྲོས་སྔར་ལས་གནག་ཏུ་གྱུར་ཅིང་སྐད་ཤུགས་ཆེན་པོས་ “ངོ་ཚ་རྒྱུ་མེད་པ་བུ་མོ་ཆེན་པོ་དེ་འདྲ་ཆགས་ན་ཡང་མལ་གཅིན་བཏང་བ་དེ་འདྲ་མཐོང་མྱོང་མེད། ལས་ངན་མ་ཁྱོད་” ཅེས་ངར་སྐད་དང་ལྷན་དུ་ཐུང་ལ་འཛིངས་བའི་ལྷ་མོའི་སྐྲ་ནས་བཟུང་སྟེ་སར་དྲུད་པ་དང་སྐེ་རགས་དེ་ལྟེབ་རྩེག་ཉིས་བལྟབས་ཀྱིས་ཤུགས་གང་ཡོད་ཀྱིས་བརྡུངས་ཤིང་། དབྱངས་སྐྱིད་ཀྱིས་ངུ་སྐད་དང་ལྷན་ཞུ་བ་ཇི་ཙམ་འཐེན་ཡང་ཕན་ཐོགས་མ་བྱུང་། འགྲམ་དུ་གཉིད་པའི་ནོར་བུ་ཚེ་རིང་ཡང་གཉིད་ལས་སད་དེ་དངངས་སྐྲག་གིས་མིག་ཆུ་གཏོང་བཞིན་ངུ་རྒྱུས་ལས། རང་ལ་ཤིན་ཏུ་བྱམས་པའི་ཨ་ནེར་ཅི་ཡང་བྱ་མ་ནུས་ལ། མ་གཡར་ཉི་མ་ལྷ་མོ་ལ་ཡང་ཅི་ཡང་ཞུ་མ་ཕོད།

གཅིག

རུད་ཆུ་ཀླུང་དཀར་པོའི་གྲོང་སྡེ་ནི་རི་བོ་འབར་འབུར་ཞིག་གི་སྒང་ལ་ཆགས་ཤིང་། ཤིན་ཏུ་གཟར་བའི་གྲོང་སྡེའི་རྒྱབ་ཀྱི་ཕུམ་ཐིང་བྲག་རྒྱུད་དང་རྫ་རོང་ཐམས་ཅད་ནི་རལ་གྲིའི་སོ་ཁ་གྱེན་དུ་ཕྱོགས་པ་བཞིན་རྣོ་ངར་གྱིས་འགྱིངས་ཡོད་ལ། མདུན་རི་ག་མ་ཆེན་ནི་ཡུལ་གྱི་ནོར་ཕྱུགས་ཀྱི་རྩྭ་ས་དང་། སྨན་རྩྭ་སྣ་མང་གིས་ཁེངས་ཤིང་། རི་རྩེ་ལ་ཆེན་ལ་ཐུག རི་གཤམ་མར་གཙང་དང་འབྲེལ་ཡོད། ལ་ཆེན་ནས་བཞུར་བའི་གཙང་པོ་དང་། གཡུ་ལུང་དང་ཁང་ཁྱུ་ནས་རྒྱུག་ཡོང་བའི་ཆུ་བོ་དེ་དག་རིམ་བཞིན་མཐར་གཙང་དང་འདྲེས་ཏེ། དལ་གྱིས་ཤར་ཕྱོགས་སུ་རྒྱུགས་འགྲོ། རྒྱང་ནས་བལྟས་ཚེ་གྲོང་ཚོ་དེའི་ཆགས་སྟངས་ནི་རལ་གྲི་བཞག་པའི་སའི་ཤུལ་ཞིག་དང་མཚུངས་ལ་ཆེ་རྒྱུ་ཆུང་རྒྱུ་མེད་པའི་ཞིང་ཁ་དང་།  ས་ཕག་ལས་བཟོས་པའི་དུད་ཁྱིམ་སྟོད་སྨད་བར་གསུམ་པོ་ནི་སྔོ་ལྗང་སྤང་རིའི་སྟེང་དུ་ནོར་ལུག་ཁྱུ་ཚོགས་ཆུང་ཆུང་རེ་ཚོགས་པ་དང་འདྲ། དེ་དག་ལས་དབུས་ཀྱི་གྲོང་ཚོ་ཆུང་ཆུང་དེ་ནི་རུད་ཆུ་ཀླུང་དཀར་པོའི་བར་མའི་གྲོང་ཚོ་རེད། ཕ་རྡོ་རྗེ་ཚེ་རིང་དང་མ་སྒྲོལ་མ་གཉིས་ལ་བུ་ཞིག་བཙས་ནས་ཉིན་གསུམ་སོང་བའི་དེ་རིང་ཁང་ཐོག་ཏུ་སྔགས་པ་འགའ་གདན་འདྲེན་ཞུས་ཏེ་བསང་གསོལ་གཏོང་བཞིན་འདུག གཉེན་སྒྲིག་བྱས་ནས་ལོ་གསུམ་སོང་ནའང་མ་སྒྲོལ་མར་ཕྲུ་གུ་མ་བྱུང་བས་ཕ་རྡོ་རྗེ་ཚེ་རིང་སེམས་སྡུག་མང་པོ་བྱུང་མོད། འོན་ཀྱང་ད་ནི་སྡུག་བསྔལ་དེ་ལས་ཡོངས་སུ་ཐར་ཟིན་པས།  གདོང་གི་འཛུམ་མདངས་དང་སེམས་ཀྱི་སྤྲོ་སྣང་གིས་ཡུལ་མི་ཁྱིམ་མཚེས་ཀྱི་མདུན་དུ་སྔར་དང་མ་འདྲ་བའི་རྣམ་འགྱུར་ཚ་གེ་ཚི་གེ་ཞིག་ཏུ་གྱུར་སོང་། དེ་སྔོན་ཁྱིམ་ནང་དུ་ཕ་རྡོ་རྗེ་ཚེ་རིང་དང་། གཅུང་མོ་དབྱངས་སྐྱིད། བཟའ་ཟླ་སྒྲོལ་མ་བཅས་མི་གསུམ་ལས་མེད་ཀྱང་། ད་ལྟ་བཟའ་མི་བཞིར་གྱུར་བས་ཁྱིམ་ཚང་སྔར་ལས་དྲོ་སོབ་སོབ་ཏུ་གྱུར།  ཕ་རྡོ་རྗེ་ཚེ་རིང་ནི་གཟུགས་སྟོབས་ཆུང་ལ་ལུས་པོའི་མ་ལག་ཧ་ཅང་བདེ་བའི་ཁར་ནང་གི་ཁྱིམ་དང་ཞིང་ལས། ཕྱིའི་ཚོང་ལས་ཐོག་ཧ་ཅང་འཇོན་ཐང་ཅན་ཞིག་ཡིན། འོན་ཀྱང་ཁོང་ནི་ཆང་འཐུང་རྒྱུར་གོམས་ལོབས་སུ་སོང་བས། ཁྱིམ་ནས་བཟོས་པའི་ནས་ཆང་དེ་སྔ་དགོང་གཉིས་པོར་རྒྱུན་མ་ཆད་པར་འཐུང་རྒྱུ་ཡོད་ལ།  མཚམས་རེར་མགྲོན་པོ་འདྲ་སླེབས་ཚེ་ཆང་དམ་བེ་བཞི་ལྔ་ཙམ་འཐུང་བ་དང་། ཆང་གིས་བཟི་དུས་རང་གི་ཆུང་མར་ལག་པ་འཆང་རྒྱུ་དང་ཉོག་གཏམ་བཤད་རྒྱུ་ནི་ཁོའི་གཤིས་ཀ་ཡིན་མོད། བུ་ནོར་བུ་ཚེ་རིང་བཙས་པ་ནས་བཟུང་ནང་འཁྲུག་ཅུང་ཙམ་ཉུང་དུ་སོང་།

གཉིས།

ཉིན་མོའི་དུས་ཚོད་རིང་དུ་སོང་བ་དང་ས་གཞི་ཡོངས་རྫོགས་དཔྱིད་དྲོད་ཀྱིས་ཁྱབ་ནས་སྐྱ་ཐིང་ཐིང་གི་རི་བོའི་འདབས་སུ་རྩྭ་དང་རྩི་ཤིང་རྣམས་ལོ་མ་འབུ་འགོ་ཚུགས། མང་རྒྱུ་མེད་པའི་ས་ཞིང་དེར་ལོ་ལྟར་ཆུ་ཡུར་བསྐྱར་གསོ་སོགས་ནི་འཆར་ཅན་གྱི་བྱ་དགོས་པའི་ལས་ཀ་ཡིན། ཆུ་ཀླུང་དཀར་པོའི་གྲོང་མི་ཚོས་ལ་ལས་ཞིང་ཁའི་ཡུར་བ་བསྐྱར་བཅོས་གནང་ཞིང་། ཁ་ཤས་ཀྱིས་ཞིང་ཁའི་མཐའ་ཟུར་དུ་ཞིག་ཟིན་པའི་རྩིག་པ་རྣམས་རྩེག་སྐྱོར་བྱེད་པ་དང་། ཕ་རྡོ་རྗེ་ཚེ་རིང་གིས་ཀྱང་ཞིང་ཁ་རྨོ་བྱེད་ཀྱི་ཐོང་པ་དེ་སྒོ་རའི་ཕྱི་ལ་བཏོན་ནས་ལྕགས་གཟེར་གནོན་སྐྱོར་དང་། ཐོང་གཤོལ་ལ་སྣུམ་བྱུགས་ཏེ་ལྕགས་བཙའ་གཙང་མ་བཟོ་བ། ཐོང་ཐག་དང་གཉའ་ཤིང་གི་ཐག་པ་རིགས་འཚེམ་སྐྱོར་གནང་སྟེ། ཞིང་རྨོ་རྒྱུའི་སྟ་གོན་ལ་བྲེལ།  དུས་ཚོད་ཚེས་གྲངས་བཟང་བའི་ཉིན་མོར་ཡུལ་སྟོད་སྨད་བར་གསུམ་གྱི་ཞིང་ཁའི་ཟུར་དུ་བསང་དུད་སྔོ་ཕྱུར་ཕྱུར་ངང་རང་རང་གི་ས་ཞིང་རྨོ་བཞིན་བྲེལ་བྲེལ་འཚུབ་འཚུབ་ཀྱི་གདོང་གི་རྔུལ་ཆུ་ཕྱི་ལོང་ཙམ་ཡང་མེད། སྒྲོལ་མས་ཞིང་ཁའི་ཟུར་དུ་མེ་བཏང་སྟེ་ཇ་བསྐོལ་བ་དང་།  ཞོར་དུ་བུ་ནོར་བུ་ཚེ་རིང་ལ་ནུ་མ་སྣུན་བཞིན་ལས་ཀ་ཙག་ཙིག་རྣམས་ཚར་རྗེས་བཟའ་ཟླ་དང་དབྱངས་སྐྱིད་སྐད་བཏང་ཏེ་གུང་ཟས་ལ་རོལ།  སྒྲོལ་མས་བུ་ནོར་བུ་ཚེ་རིང་ཞིང་ཁའི་ཟུར་དུ་བསྙལ་ཏེ་ཆུ་ཡུར་བཤངས་པ་དང་། ཞིང་ལ་ཆུ་འདྲེན་དུས་སྟབས་བདེ་པོ་ཡོང་ཆེད། རྨོས་ཟིན་པའི་ཞིང་ཁའི་བོང་བ་ཆེན་པོ་དེ་དག་ལ་ཏོག་རྩེས་བཞུས་ནས་ཞིབ་ཞིབ་ཏུ་བཏང་། ཞིང་ཟུར་དུ་ངུ་བཞིན་པའི་བུ་ལ་སླར་ཡང་ནུ་མ་བསྣུན་རྗེས་ཉིན་རྒྱབ་ཁྱིམ་དུ་ལོག་ནས།  ནང་ལས་ཙག་ཙིག་ཚར་བ་དང་། སླར་ཡང་དགུན་དུས་བསྙལ་བའི་རྨོས་ཆང་དེ་ནས་དམ་བེ་ཁ་ཤས་བཏོན་ཏེ་ཞིང་ཁར་སོང་།  དཔྱིད་ཀྱི་ཉི་འོད་ཤིན་ཏུ་ཚ་བས་རྡོ་རྗེ་ཚེ་རིང་གི་གདོང་དུ་རྔུལ་ཆུ་བཞུར་བའི་སྒང་ལ་ས་རྡུལ་རེ་གོས་ཏེ།  བཞིན་མདོག་ཅུང་ཟད་ནག་པོར་གྱུར་འདུག  སྒྲོལ་མ་ཞིང་ཁར་འབྱོར་བ་དང་། རྨོན་མཛོ་གཉིས་ཀྱི་སྔས་མགོར་རྩྭ་སྐམ་དོ་བོ་ཁ་ཤས་སྤུངས་ཏེ།  རང་གི་བཟའ་ཟླར་ཆང་བླུགས་ཤིང་།  ཕ་རྡོ་རྗེ་ཚེ་རིང་གིས་ཆང་ཕོར་ཆེན་པོ་དེ་ཧུབ་འཐུང་ཁ་ཤས་གནང་སྟེ། ཐང་ཆད་པའི་ཉམས་ཀྱིས་ “སྙིང་རྗེ་རྨོན་མཛོ་གཉིས་པོ་དེས་ད་ལོ་ངར་བ་བྱས་སོང་། ན་ནིང་ཡིན་ན་ཉིན་རྒྱབ་ཡོལ་ཙམ་ལ་མཛོ་སེན་གདོང་དེ་ཉལ་གྱིན་ཉལ་གྱིན་བྱས་ནས་རྨོས་ཡག་པོ་ཞིག་འགྲོ་མ་སོང་།” ཞེས་བཤད་པ་དང་། སྒྲོལ་མས་རྨོན་མཛོ་གཉིས་པོར་ལྟ་ཙམ་བྱས་ཏེ་དུད་འགྲོ་དེ་དག་ནི་ཧ་ཅང་དྲིན་ཆེན་པོ་ཡིན་པའི་ཚོར་སྣང་ཤུགས་དྲག་པོ་སྐྱེས། འགྲམ་དུ་ཡོད་པའི་དབྱངས་སྐྱིད་ཉིན་གང་པོར་བོང་བ་བརྡུངས་བས་ཧ་ཅང་དཀའ་ལས་ཁག་པ་འདྲ། ཉིན་གུང་གི་བཟོས་པའི་ཇ་ནག་ལྷག་མ་དེའི་སྒང་ལ་ཕོར་མར་ཞིག་བརྒྱབ་སྟེ་དལ་གྱིས་འཐུང་གིན་འདུག འོན་ཀྱང་ཆང་གིས་བཟིས་ན་ལག་པར་བདག་པོ་མེད་པའི་རྡོ་རྗེ་ཚེ་རིང་གིས་ཆང་མང་པོ་འཐུང་བ་མཐོང་དུས།  སྒྲོལ་མའི་སེམས་ལ་དངངས་སྐྲག་དང་འཇིགས་སྣང་ཆེ་རུ་སོང་།

ཕྱི་དྲོའི་ཉི་མ་ལ་ཁར་བཞུད་དུས་ཡུལ་མི་ཕལ་ཆེ་བ་རང་རང་གི་རྨོན་མཛོ་དེད་ནས་ནང་ལ་ལོག་འགྲོ་བ་དང་། ཕ་རྡོ་རྗེ་ཚེ་རིང་ཡང་ཕྲག་སྟེང་དུ་ཐོང་གཤོལ་ཁུར་ཏེ་རྨོན་མཛོ་དེད་ནས་ཤར་རེར་ཁྱིམ་དུ་འབྱོར། སྒྲོལ་མས་མཛོ་གཉིས་པོའི་སྔས་མགོར་རྩྭ་སྔོན་སྐམ་པོ་འགའ་སྤུངས་ཏེ། ཐབ་ནང་དུ་བུད་ཤིང་ཁ་ཤས་བསྣན་པ་དང་། རྡོ་རྗེ་ཚེ་རིང་གིས་བཀའ་བཞིན་ཆང་དམ་བེ་གང་ཚ་བོ་བཟོས་ཤིང་། ད་སོ་མར་བཟོས་པའི་ཇ་བསྲུབས་མ་དེ་བཟའ་ཟླ་དང་དབྱངས་སྐྱིད་ལ་བླུགས། ཚར་རྒྱུ་མེད་པའི་ཁྱིམ་ལས་ཙག་ཙིག་གིས་ཨ་མ་སྒྲོལ་མ་ལྷོད་ལྷོད་ཞིག་སྡོད་ཁོམས་མ་བྱུང་ནའང་། དེ་རིང་ཉིན་གང་པོར་ཞིང་ལས་ཀྱིས་ཐང་ཆད་ཡོད་པའི་ཇ་དང་རྩམ་ལྡུར་གྱིས་ཕ་སྤུན་གཉིས་པོ་སྣེ་ལེན་ཞུས།

ཆང་ཕོར་ཡང་ཡང་བཀྱག་བཞིན་པའི་ཕ་རྡོ་རྗེ་ཚེ་རིང་ནི་ཐབ་ཀྱི་མེ་དྲོད་དང་། ཁོག་པའི་ཆང་དྲོད་ལས་ངོ་གདོང་དམར་སྨུག་དུ་འགྱུར་བ་དང་། མིག་ཡང་དམར་ཐིང་ཐིང་གྱུར་ཅིང་། ཁ་ནས་ཉོག་གཏམ་ཡང་མང་དུ་སོང་། ཕྲུ་གུ་པང་དུ་ཉར་ནས་དགོང་ཟས་གཡོས་སྦྱོར་ལ་བྲེལ་བའི་སྒྲོལ་མས་སེམས་ལ་འཇིགས་སྣང་གིས་རྡོ་རྗེ་ཚེ་རིང་ལ་“ད་ཆང་ཉུང་ཙམ་འཐུངས་”ཞེས་ངག་འཇམ་པོས་བཤད་པ་དང་།  གློ་བུར་དུ་ཕ་རྡོ་རྗེ་ཚེ་རིང་ཁྲོས་ཏེ་ “ངས་བསགས་པའི་རྒྱུ་དེ་ངས་མ་འཐུང་ན་སུས་འཐུང་། རྒྱལ་པོའི་རྒྱུ་ལ་བློན་པོས་ཐིག་ཚད་མ་བྱེད། དེ་ལས་ཆང་དམ་བེ་གང་བླུགས་ཤོག” ཅེས་སྐད་ཤུགས་ཆེན་པོས་བཤད་པས།  ཅི་ཡང་སྨྲ་མ་ཐུབ་པའི་སྒྲོལ་མས་དམ་བེ་གང་བླུག་དགོས་བྱུང་།

ཆང་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན་ཟེར་བ་དེ་ཅི་འདྲའི་བདེན་ཨང་། དེ་ལྟར་དྲོད་སོབ་སོབ་ཀྱི་ཁྱིམ་ཚང་དེ་གློ་བུར་དུ་ངུ་སྐད་ཀྱིས་ཁེངས། སྒྲོལ་མས་ཐབ་ཀྱི་མོ་གྲལ་དུ་བུ་ཆུང་དེ་པང་དུ་སྙོར་ཞིང་དགོང་ཟས་གཡོས་ནས་ཚར་ལ་རན་སྐབས་རྡོ་རྗེ་ཚེ་རིང་གིས་ཆང་ཕོར་དཀར་ཡོལ་དེ་སྒྲོལ་མའི་མགོ་ལ་གཞུས། མོས་བུ་ཆུང་ལ་ཁེལ་བར་དོགས་ནས་མགོ་བོ་ཕྲུ་གུའི་མདུན་དུ་གུག་སྐབས་རང་ཉིད་ཀྱི་མགོར་ཕོག་སྟེ་དཔྲལ་བ་ནས་ཁྲག་དམར་ཆིལ་ལེར་བཞུར་ཡོང་།  བུ་ཆུང་ནོར་བུ་ཚེ་རིང་བཟུང་སྟེ་ཡར་ལངས་ནས་བྲོས་པར་རྩོམ་པ་ན། ཕ་རྡོ་རྗེ་ཚེ་རིང་གིས་འཁྱར་མ་འཁྱོར་གྱིས་མོའི་སྐྲ་ནས་བཟུང་སྟེ་ལྟག་རྒྱབ་ཏུ་འཐེན་པས་གན་རྐྱལ་དུ་ས་ལ་འགྱེལ། སྒྲོལ་མས་བུ་ཆུང་ཆུང་དེ་ལག་པར་དམ་པོར་བཟུང་ནས་ཡར་ལང་གྲབས་བྱེད་དུས་སླར་ཡང་ཁོས་རྒྱབ་ནས་རྡོག་ཐོ་བཞུས་ཏེ་ཡར་ལངས་མ་ཐུབ། དབྱངས་སྐྱིད་ཀྱིས་སྐད་གང་ཡོད་བཏོན་ནས་ངུ་བཞིན་གྲོང་པ་ཁྱིམ་མཚེས་འབོད་དུ་སོང་བ་དང་། ཅུང་ཙམ་ནས་མི་གཉིས་གསུམ་གྱིས་ཕ་རྡོ་རྗེ་ཚེ་རིང་གི་རྐང་ལག་ནས་བཟུང་བས་ཡུད་ཙམ་ཞིག་ནང་ཁྱིམ་འདི་ནི་ཅུང་ཁུ་སིམ་སིམ་དུ་གྱུར།

གསུམ།

དུས་ཚོད་ནི་སུ་ལའང་སྒུག་ལོང་མེད་པར་སྣ་ཚོགས་མེ་ཏོག་དང་། སྔོ་ལྗང་སྤང་གི་དཀྱིལ་ནས་དབྱར་ཁའི་རྣམ་པ་འགྱུར་ཞིང་། ད་ནི་རི་ལུང་ཡོངས་རྫོགས་ལ་གསེར་མདོག་གི་ན་བཟའ་བཀླུབས་པ་དང་། ལྕང་མ་དང་ཤོལ་པོའི་ལོ་མ་རྣམས་རིམ་གྱིས་ས་ལ་འཐོར་བས་ནམ་ཟླ་སྟོན་ཁ་སླེབས་བྱུང་། ཞོགས་པའི་ཉི་འོད་ཕུམ་ཐིང་རི་རྩེར་འཕྲོ་དུས་རུད་ཆུ་ཀླུང་དཀར་པོའི་སྟོད་སྨད་བར་གསུམ་གྱི་གྲོང་མི་རྣམས་རང་རང་གིས་ཞིང་ཁར་འབྱོར་ཟིན་ཅིང་བཙས་གླུ་གྱེར་བཞིན་བཙས་མར་བྲེལ།  སྒྲོལ་མ་ཞོགས་པ་སྔ་པོར་མལ་ནས་ལངས་ཏེ་ཞོགས་ཟས་སྟབས་བདེ་པོ་ཞིག་བཟས་རྗེས།  ཕ་རྡོ་རྗེ་ཚེ་རིང་གི་བཟའ་མི་ཚོས་ཀྱང་བཙས་མ་བརྔ་བར་ཐོན། བཟའ་མི་གཉིས་པོའི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུའི་བུ་ནོར་བུ་ཚེ་རིང་དེ་ཞིང་ཁའི་ཟུར་དུ་བསྙལ་ཏེ། ཞིང་གའི་མཐའ་ནས་འགོ་བཙུགས་ཏེ་བཙས་མ་རྔ་བར་བྲེལ།  སྒྲོལ་མས་སྐད་གདངས་ཧ་ཅང་དམའ་པོས་བཙས་གླུ་ལེན་བཞིན་མདུན་གྱི་ཐུ་སྣེ་སྐ་རགས་གསེང་དུ་བཙུད་དེ་བཙས་མ་རྔ་བ་དང་། བཟའ་ཟླས་ཀྱང་གླུ་ཡི་རམ་འདེགས་བྱེད་ཅིང་བར་བར་དུ་དགོད་སྒྲ་ཡང་ཐོས་རྒྱུ་ཡོད།

ཕ་རྡོ་རྗེ་ཚེ་རིང་ཆང་གིས་མ་བསླུས་ཚེ་མི་གཤིས་བཟང་པོ་ཞིག་ཡིན་᪍ས། ངག་གི་སྨྲ་བ་ཉུང་ཞིང་གང་བཤད་པ་དེ་ལ་དགོད་བྲོའི་ཚིག་མང་པོ་ཐོན་རྒྱུ་ཡོད་ལ། དུས་རྒྱུན་བཟའ་ཟླར་ངག་འཇམ་པོས་སྨྲ་བར་བྱེད་ཅིང་།  ལྷག་པར་དུ་ཁོའི་སེམས་ལ་སྒྲོལ་མའི་གླུ་སྐད་དང་ཞབས་བྲོ་ཡིས་བག་ཆགས་ཟབ་པོ་ཞིག་བཞག་ཡོད། འོན་ཀྱང་ཁོའི་ཁོག་ཏུ་ཆང་འཛུལ་ཚེ་རང་གིས་རང་ངོ་མི་ཤེས་ལ། ནང་གི་གཉེན་ངོ་ཡང་མི་ཕྲོད་པའི་ངན་གཤིས་དེ་ནི་ཁོའི་མི་ཚེའི་ནག་ཐིག་ཅིག་ཡིན། “ད་ལོ་ལོ་མོ་ལེགས་སོང་། བང་མཛོད་འབྲུ་ཡིས་བཀང་ཡོད།” ཅེས་ལག་གཡས་པས་ཟོར་བ་དང་། གཡོན་པས་སྙེ་མའི་རྩ་བར་བཟུང་སྟེ་རྩས་མ་རྔ་བཞིན་ཧ་ཅང་ཕྲ་ལ་གདངས་དམའ་པོས་ལེན་བཞིན་པའི་སྒྲོལ་མའི་གླུ་སྐད་ཐོས་ཚེ་ཕ་རྡོ་རྗེ་ཚེ་རིང་ལ་བཙས་མ་བརྔ་བའི་ངལ་དུབ་ཀྱི་ཚོར་སྣང་མེད་ཅིང་། སེམས་པར་སྤྲོ་སྣང་གིས་སྔར་ལས་ལྷག་པར་ངར་དགོས་བྱུང་།

འབྲུ་རིགས་ཀྱི་ཐོན་ཁུངས་ལ་བསམས་ན་གྲོང་ཚོ་དེར་ཟ་འབྲུར་དཀའ་ངལ་མེད་པས་ལྷག་པར་དུ་འདི་ལོར་ཆར་ཆུ་ལེགས་པས་དེ་ལས་ཀྱང་ཐོན་ཁུངས་ཡག་པོ་བྱུང་། སྟོན་ལས་ཡོངས་སུ་མཇུག་སྒྲིལ་ཟིན་པ་དང་། མང་རྒྱུ་མེད་པའི་སྒོ་ཕྱུགས་བཞོན་མ་དེ་དག་དབྱར་ཁར་ཁྱིམ་མཚེས་ཀྱི་ལྷས་རར་བཅོལ་བ་རྣམས་ཀྱང་སྒོ་རྩར་སླེབས་ཟིན། ད་ནི་སྒྲོལ་མར་ཞོགས་པ་མཛོ་མོ་བཞོན་མ་གསུམ་བཞོ་རྒྱུའི་ལས་ཀ་འཐོལ་པ་ཞིག་ཀྱང་ལས་རྒྱུ་ཡོད། ཧ་ཅང་མོད་རྒྱུ་མེད་ཀྱང་དབྱར་གང་པོར་བསགས་པའི་མར་ཕྱུར་དེ་དག་དགུན་དུས་ནང་མི་བཞི་པོས་ཇ་ལ་མར་རྒྱུན་མ་ཆད་ཙམ་ཡོད་ལ། ཕྱུ་ར་དང་། ཐུད་ཀྱང་དེ་བཞིན་ཟ་རྒྱུ་ཡོད།

ལོ་གསར་སྐབས་ནང་མི་ཚོས་གྱོན་པ་གསར་པ་རེ་གྱོན་ཏེ་ཞིམ་དགུའི་ཟས་ལ་རོལ་ཞིང་། ནམ་རྒྱུན་དང་མི་འདྲ་བའི་དེ་རིང་གི་སྒྲོལ་མ་ནི་ནང་གོས་སྟོད་ཐུང་ཟིང་སྐྱའི་སྟེང་དུ་སྣམ་བུའི་ཕྱུ་པ་ཕུ་མེད་ཅིག་དང་། སྐེ་རགས་ཐིག་མའི་སྟེང་དུ་དངུལ་གྱི་ཆབ་མ་ཞིག་བཅིངས་པས་ཕར་བལྟས་ཚོད་ལ་ཕྲུ་གུའི་ཨ་མ་ཞིག་ཡིན་པའི་ཚོར་སྣང་སུ་ལའང་འཁོར་མི་སྲིད་ལ་ད་དུང་ཁོང་གི་དཀར་བའི་ཤ་རྩི་དང་། ལྡེམ་མྱུར་གྱི་འགྱུར་འགྲོས། སྙན་པའི་མགྲིན་ངག་ལ་སོགས་པ་དེ་དག་ནི་ད་དུང་ཡང་གྲོང་པའི་ཕོ་གཞོན་མང་པོའི་གླེང་གཞིར་གྱུར་ཡོད།

ལོ་གསར་གྱི་དུས་སྐབས་གྲོང་པ་ཁྱིམ་མཚེས་ནང་ཕན་ཚུན་མགྲོན་འབོད་ཀྱི་ཕར་འགྲོ་ཚུར་འོང་དང་། ལོ་ན་བགྲེས་པ་རྣམས་ཀྱིས་གྲལ་གླུ་དང་། གཞོན་ནུ་རྣམས་ཀྱིས་གཞས་དང་ཞབས་བྲོ། ལོ་ཆུང་བྱིས་པ་ཚོས་ཀྱང་ཁྱུ་དང་ཁྱུ་ཚོགས་ཏེ་རྩེད་མོར་གཡེང་བས་དགའ་དགའ་སྤྲོ་སྤྲོའི་ངང་ལོ་གསར་དེ་འཁྱུག་ཙམ་ཞིག་ལ་རྫོགས་སོང་།

ལོ་གསར་རྗེས་ཀྱི་ཉིན་ཞིག་གི་ཕྱི་དྲོར་སྒྲོལ་མ་ཆུ་ལེན་དུ་འགྲོ་དུས་མགོ་རས་ཟིང་སྐྱ་དེ་གདོང་ཡོངས་སུ་བཏུམས་ཤིང་། དུས་རྒྱུན་དང་འདྲ་བའི་ཆུ་ལེན་བུ་མོ་གཞན་པ་ཚོ་ལ་གཏམ་གླེང་མི་བྱེད་པར་ཁུ་སིམ་སིམ་གྱིས་ནང་དུ་ལོག་འགྲོ་བ་མཐོང་དུས། མོའི་གྲོགས་མོ་ཚོས་ཀྱང་ཅི་ཡང་བཤད་མ་ཐུབ་པར་གྱུར། གཏམ་ངན་རླུང་གི་གཤོག་པ་ཟེར་བ་བཞིན། ཁ་ཤས་ཀྱིས་ཟེར་ན་མོ་ནི་ངོ་ཚ་མེད་པའི་ཁྱོ་ཁ་ཆང་གིས་བཟི་དུས་ཁྱིམ་མཚེས་ཀྱི་ཁང་པར་ཉལ་དུ་འགྲོ་བ་རེད་ཟེར། ཡང་འགས་ཤས་ཀྱིས་མདང་དགོང་ཁྱོ་གས་བརྡུངས་ནས་གདོང་ཡོངས་རྫོགས་སྨུག་ནག་ཏུ་གྱུར་བ་རེད་ཟེར་བ་སོགས། གང་ལྟར་ཆུ་ལེན་རོགས་པ་ཚོས་རྡོ་སྟེགས་སྟེང་དུ་མོའི་སྐོར་སྣ་ཚོགས་གླེངས་ཀྱང་། དོན་ངོ་མ་ནི་མདང་དགོང་ཚེས་བཅོ་ལྔ་ཡིན་པས་ཡུལ་མི་ཚོས་ཕོ་ལྷ་གསོལ་བའི་དུས་ཚེས་འཁེལ་ཡོད་པ་དང་། ཕ་རྡོ་རྗེ་ཚེ་རིང་ཞོགས་པ་ལྷ་གསོལ་ཟིན་པ་དང་། ཉིན་རྒྱབ་ལྷ་རར་འཛོམས་ཏེ་ལྷ་ཆང་ཚོད་མེད་བཏུངས་ནས། མཚན་མོར་ཁྱིམ་དུ་ལོག་དུས་སྒྲོལ་མས་ནང་སྒོ་གཏན་ཡོད་པས་དེར་ཁྲོས་ཏེ། མཚན་མོ་དེར་སྒྲོལ་མར་བརྡུངས་པ་རེད།  ཁོས་སྒྲོལ་མར་བརྡུངས་ཐེངས་རེར་དགོང་མོ་ཉལ་མ་བཟོད་ནས་འཇིགས་སྐྲག་ལ་གཡོལ་ཆེད། ཁྱིམ་མཚེས་ཀྱི་གྲོགས་མོའི་ནང་དུ་ཉལ་སོང་བ་རེད། ཁོས་ཆང་གིས་བཟི་ནས་སྤྱོད་ངན་བསྟན་པ་དང་། སྒྲོལ་མ་དང་བུ་ཆུང་ནོར་བུ་ཚེ་རིང་། དབྱངས་སྐྱིད་བཅས་ཁོང་གསུམ་པོ་ཁྱིམ་མཚེས་ཀྱི་ནང་དུ་སྤོས་འགྲོ་བ་ནི་རྒྱུན་ལྡན་ཞིག་ཡིན་ལ། འོན་ཀྱང་ཕ་རྡོ་རྗེ་ཚེ་རིང་གི་ཞོགས་པ་ཆང་བཟི་དྭངས་བ་དང་། ཕ་རྡོ་རྗེ་ཚེ་རིང་གིས་ཐབ་ཀྱི་མེ་ཁ་གསོས་ཤིང་། ནང་ལས་ཙག་ཙིག་ལས་པ་སོགས་མདང་དགོང་གནས་ཚུལ་གང་ཡང་བྱུང་མེད་པའི་ཚུལ་བཞིན་བྱེད་པ་ནི་རྒྱུན་ལྡན་ཡིན།

མཚམས་རེར་སྒྲོལ་མའི་སེམས་ནང་ད་ལྟ་བར་དུ་རང་གིས་བཟའ་ཟླར་ཚིག་རྩུབ་ཙམ་ཡང་སྨྲ་མ་མྱོང་ལ། ལྷག་པར་དུ་ཁོ་རང་ཆང་གིས་བཟི་དུས་ཟ་མ་ཚ་བོ་སྤྲད་རྒྱུ་དང་མལ་སར་བསྙལ་རྒྱུ་སོགས་གང་ཐུབ་ཀྱིས་དོ་ཁུར་བྱས་ཀྱང་། ཁོས་དེ་ལས་ལྡོག་སྟེ་ཆང་བཟི་ཚེ་ཁང་པའི་མཁོ་ཆས་གཏོར་རྒྱུ་དང་།  ནང་མིར་བརྡུང་རྒྱུ་བཅས་ནི་ཁོའི་དཔའ་རྟགས་འཇོག་རྒྱུ་ཙམ་དུ་འཛིན་པ་ནི་ཅི་འདྲའི་ཐབས་སྐྱོ་བ་ཞིག་དང་ལས་རྒྱུ་འབྲས་ཀྱིས་ཀྱང་ཐར་པར་བཏང་མི་སྲིད་པས་རྣམ་སྨིན་འཁོར་ངེས་རེད་ཨང་སྙམ།

བཞི།

དུས་ཚོད་ནི་ཉིན་ཞག་རེ་རེ་བཞིན་ཡལ་ཏེ། ལོ་འཁོར་མོ་འགའ་ནི་སེ་གོལ་གྱི་གཏོགས་ཡུན་ཙམ་ལས་མ་འདས། གློ་བུར་དུ་ཕྱིར་མིག་ཅིག་ལྟ་དུས་བགྲང་བྱ་ཧྲིལ་པོ་བཞི་ནི་ཡུད་ཙམ་ཞིག་ལ་རྫོགས། འཇིག་རྟེན་གྱི་གཏམ་དཔེར། ལོ་ལ་རྒན་གཞོན་ཡོད་ཀྱང་། ཚེ་ལ་རྒན་གཞོན་མེད་ཟེར་བ་བཞིན།  ཉིན་ཞིག་གི་མཚན་མོར་ཕ་རྡོ་རྗེ་ཚེ་རིང་རང་ལས་ལོ་ན་ལྔ་ཙམ་གྱིས་ཆུང་བའི་ཆུང་མ་དེ་ནམ་ཡང་ཕྱིར་ཡོང་མེད་པའི་ལམ་དུ་གཤེགས་སོང་།

དེ་ཡང་སྒྲོལ་མས་དུས་རྒྱུན་ཁོག་པར་ན་ཟུག་ཕྲན་བུ་རེ་གཏོང་དུས་སྨན་པར་བསྟེན་གཏུགས་མ་བྱས་པར་ཁྱིམ་ལས་ཙག་ཙིག་གིས་རང་ཉིད་ཀྱི་ནད་གཞིར་དོ་སྣང་མ་སྤྲད་ལ་ལྷག་པར་དུ་རང་གི་བཟའ་ཟླ་ལ་ཡང་བཤད་མེད། དེ་ལྟར་ནད་གཞི་དེ་ཇེ་ལྕི་རུ་གྱུར་བས་གདོང་གི་ཤ་མདོག་ཀྱང་ཅུང་ནག་པོར་གྱུར་ལ། ཁྲ་རིལ་རིལ་གྱི་མིག་ཟུང་དེ་ཡང་ནང་དུ་འཛུལ་ཅིང་ལུས་གཟུངས་ཡོངས་སུ་ཟད་དེ་རིད་པར་གྱུར། དབྱར་ཁར་ཆར་པ་ཤག་ཤག་འབབ་པའི་མཚན་མོ་ཞིག་ལ་སྒྲོལ་མར་ཟུག་གཟེར་དྲག་པོ་བྱུང་བ་དང་། གང་ཐུབ་བཟོད་སྲན་བྱས་ཏེ་ཞོགས་པ་ནམ་ལངས་ཐབས་བྱས་ཀྱང་ན་ཟུག་སྔར་ལས་ཇེ་སྡུག་ཏུ་སོང་སྟེ། ཐག་རིང་གི་གཉེན་ལས་ཉེ་བའི་ཁྱིམ་མཚེས་དགའ་ཟེར་བ་བཞིན་མཚན་དཀྱིལ་དུ་དབྱངས་སྐྱིད་བོས་ནས་ཁྱིམ་མཚེས་སྐད་གཏོང་དུ་བཏང་།  མི་རིང་བར་ཁྱིམ་ནང་མི་མང་པོ་ཞིག་གིས་ལ་ལས་རྩམ་ཐུག་བླུད་པ་དང་། ཁ་ཤས་ཀྱིས་ནད་པའི་སྔས་མགོར་ཐབས་ཤེས་ཡོད་རྒུ་བྱེད་བཞིན་འདུག

ཐོ་རེངས་སྐྱ་མདའ་གཏོང་ལ་རན་པའི་སྐབས་སུ་གློ་བུར་ནད་པས་གློ་བརྒྱབ་པ་དང་།  ཁ་ནས་ལུད་པ་དང་ལྷན་དུ་ཁྲག་རུལ་ཕྱིར་ཐོན་ཞིང་། ཟུག་ངུ་ཅུང་ཙམ་ཞི་བ་ན་གཏམ་སྨྲ་འདོད་ཀྱི་རེ་བ་ཞིག་བྱས་ཀྱང་། ཕྱིའི་དབུགས་རྒྱུན་དལ་གྱིས་འགགས་པས་ཁ་ཆེམས་ཤིག་ཀྱང་འཇོག་མ་ཐུབ་པར་འཁྲིས་སུ་ཡོད་པའི་རང་ཉིད་ཀྱི་སྙིང་དང་འདྲ་བའི་བུ་ཆུང་ནོར་བུ་ཚེ་རིང་ལ་མིག་བརྡ་མཐའ་མ་དེ་བལྟས་རྗེས་མིག་གཉིས་པོའི་ཟུར་ནས་མཆི་མའི་ཐིགས་ཕྲེང་ནར་ནར་བཞུར་གྱིན་ཕྱི་མའི་ལམ་དུ་གཤེགས་སོང་། ཕ་རྡོ་རྗེ་ཚེ་རིང་ཚོང་ནས་ཕྱིར་ཡོང་སྐབས་ལམ་བར་དུ་གནས་ཚུལ་དེ་ཐོས་དུས་ནད་པ་ཛ་དྲག་ཡོད་པ་ལས།  ནམ་ཡང་ཕྱིར་ཡོང་མེད་པའི་ལམ་དུ་སོང་ཟིན་པ་ཁོའི་བསམ་པ་ལ་ཡང་མེད་མོད།  ད་ནི་ཅི་ཡང་མེད་པར་ཡོད་ཚད་ལ་རྫོགས་ཚིག་བརྒྱབ་ཟིན་པས་ཁོས་རང་གི་ཆུང་མ་གྲོང་དུས་གཏམ་ཚིག་གཅིག་དང་ཐུག་པ་ཕོར་པ་གང་ཡང་བླུད་མ་ཐུབ་པའི་འགྱོད་གདུང་གིས་མིག་ཆུའི་ཐིགས་པ་བར་མེད་གཏོང་རྒྱུ་ལས་ཅི་ཡང་བྱ་ཐབས་མ་བྱུང་། 

ལྔ་པ།

རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ཞིང་ཁའི་ལོ་ཏོག་རྣམས་སེར་ལྡེམ་ལྡེམ་དུ་གཡོ་ཞིང་།  སྔར་རྒྱུན་བཞིན་གྲོང་མི་ཚོས་རང་རང་གི་ཞིང་ཁར་བཙས་མ་བརྔ་བར་བྲེལ། ཕ་བུ་གསུམ་པོས་ཀྱང་ཞིང་ཁའི་ལས་ཀར་བྲེལ་ཞིང་།  དེ་སྔོན་གྱི་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་དེ་ད་ལྟ་ཅི་ཞིག་བརླག་པ་ལྟ་བུ་ཁུ་སིམ་སིམ་གྱི་འཇིག་རྟེན་ཞིག་ཏུ་གྱུར་སོང་།  ཕ་རྡོ་རྗེ་ཚེ་རིང་གི་བསམ་པར་ལོ་ན་ཤིན་ཏུ་ཆུང་བའི་བུ་ཆུང་ནོར་བུ་ཚེ་རིང་དང་། རང་གི་གཅུང་མོ་གཉིས་ལ་ཁྱིམ་ལས་ཧ་ཅང་མང་བ་དང་།  ལྷག་པར་དུ་རང་ཉིད་ཚོང་ལ་འགྲོ་དུས་ནང་དུ་ཁོ་ཚོ་གཉིས་ལ་དཀའ་སྡུག་མང་པོ་ཞིག་འཕྲད་བཞིན་ཡོད་ངེས་པས། དེར་བརྟེན་རང་དང་འཚམས་པའི་བུ་མོ་ཞིག་མནའ་མར་བསུས་ཚེ་ཁྱིམ་ལས་ཙག་ཙིག་ཐོག་དབྱངས་སྐྱིད་ལ་ཡང་དཀའ་ངལ་མི་ཡོང་ལ། རང་གི་གཅེས་པའི་བུ་ནོར་བུ་ཚེ་རིང་ལའང་ལྟ་རྟོག་ཡོང་རྒྱུའི་ཆེད།  ཁྱིམ་མཚེས་ཉི་མ་ལྷ་མོ་དང་འབྲེལ་འདྲིས་ཟབ་པར་གྱུར།

དུས་རྒྱུན་མོས་སྟོན་དུས་བཙས་མ་བརྔ་རོགས་དང་། དཔྱིད་དུས་ཞིང་ཁ་འདེབས་རོགས་སོགས་སུ་གང་ཁོམས་རྡོ་རྗེ་ཚེ་རིང་ལ་རོགས་པ་བྱས་ཤིང་། རྡོ་རྗེ་ཚེ་རིང་གིས་ཀྱང་མོའི་བཅོས་མའི་བྱ་སྤྱོད་ལ་ཁོའི་བསམ་པའི་རེ་བ་མང་པོ་ཞིག་ཀྱང་བཅོལ།

ལས་དབང་གིས་ལོ་ཟླའི་བང་ཁ་བགྲོད་པར་སུས་ཀྱང་འགོག་མ་ཐུབ་པར་ཁྱུག་ཙམ་ཞིག་ལ་དབྱངས་སྐྱིད་མོ་ལོ་བཅུ་དྲུག་ཟིན་དུས། ཁྱིམ་གྱི་སྒོ་ཕྱུགས་འཚོ་རྒྱུ་དང་། བུད་ཤིང་འཐུ་རྒྱུ། དེ་བཞིན་ནང་ལས་གང་གིས་ཐོག་ནས་ཀྱང་བཀོད་སྒྲིག་མི་དགོས་པར་རང་ཐོག་འགན་བབས་ཀྱིས་ནམ་རྒྱུན་མོའི་ལས་ཀ་ཞིག་ཏུ་གྱུར།  ལྷག་པར་དུ་རང་གི་གཅེན་པོའི་བུ་ནོར་བུ་ཚེ་རིང་ལ་གཅེས་གཅེས་གདུང་གདུང་གིས་གོས་གང་ཡག་དང་ཟས་གང་ཞིམ་གྱིས་རང་གི་ནུས་ཤུགས་ཡོད་རྒུ་བཏོན་ནས་ཁྱིམ་ཚང་དེ་སྔར་བཞིན་དྲོ་སྐྱིད་ཡོང་ཐབས་བྱེད་ཅིང་། རྡོ་རྗེ་ཚེ་རིང་གིས་ཀྱང་གཅུང་མོ་དབྱངས་སྐྱིད་ལ་སེམས་གཏིང་ནས་ཡིད་སྨོན་སྐྱེས་པ་དང་། མོའི་མི་ཚེའི་འགྲོ་ལུགས་ཐོག་གྱོང་གུད་མེད་པ་ཞིག་བྱ་རྒྱུའི་བསམ་བློ་ཐེངས་མང་པོ་བཏང་མྱོང་།

དྲུག་པ།

རྡོ་རྗེ་ཚེ་རིང་ཕོ་ལོ་ཉེར་དགུར་སླེབས་སྐབས་སླར་ཡང་ཁྱིམ་མཚེས་ཉི་མ་ལྷ་མོ་མནའ་མར་བསུས་ཤིང་།  ཐོག་དང་པོ་མནའ་མས་ཁྱིམ་མི་ཚོར་དགའ་དགའ་དང་བརྩེ་བརྩེ་ཡི་གཡོ་ཟོལ་སྣ་ཚོགས་ཀྱིས་གནས་སྐབས་ཁྱིམ་ཚང་འདིར་དྲོ་སྐྱིད་ཅུང་ཙམ་ལྡན་པར་བྱས་ན་ཡང་།  མི་རིང་བར་ལོ་ཟླ་རིམ་བཞིན་བུ་བསྟན་འཛིན་བཙས་པ་ནས་བཟུང་ཉི་མ་ལྷ་མོའི་ཡོད་ཚད་འགྱུར་ཟིན། རང་གི་བཟའ་ཟླར་ཁ་ལན་སློག་འགོ་ཚུགས་ཤིང་། དབྱངས་སྐྱིད་ལ་ཡང་ཚིག་རྩུབ་དང་འཁོན་སེམས་བཅངས་ཏེ། ནོར་བ་ཆུང་ཡང་བཀའ་བཀྱོན་བཙན་པས་དབྱངས་སྐྱིད་དང་ནོར་བུ་ཚེ་རིང་གཉིས་ལ་སྡུག་གི་ཉི་མ་འཆར་འགོ་བརྩམས།

ཉི་མ་ལྷ་མོ་ནི་གཟུགས་སྟོབས་ཆེ་ཞིང་། ཤ་མདོག་ཅུང་ཟད་ནག་ལ། དཔུང་ཤ་སྦོམ་པས་ཤེད་ཤུགས་ཧ་ཅང་ཆེ། ལུས་པོར་དགའ་འོས་པའི་མཛེས་ཆ་དེ་ཙམ་མེད་མོད། ཁྱིམ་དང་ཞིང་ལས་ཐོག་ཡུལ་མི་ཀུན་ཀྱི་མིག་དཔེར་འོས་པ་ཞིག་ཡིན་པས་ཁོའི་མནའ་མར་བསུས་པའི་རྒྱུ་མཚན་ཡང་དེ་འདྲ་ཞིག་ཡིན་སྲིད།

ནམ་རྒྱུན་རྡོ་རྗེ་ཚེ་རིང་ཆང་རག་གིས་བཟི་དུས་བཟའ་ཟླར་རྒོལ་རྒྱུའི་གཤིས་ངན་ཞིག་ཡོད་ནའང་ད་ནི་དེ་ལས་ལྡོག་སྟེ། མོའི་ལག་འོག་ནས་ཁ་རྡུང་དབྱུག་རྡུང་གཟེད་རྒྱུ་དང་ཁ་ངན་ཚིག་ངན་གྱིས་དམའ་འབེབས་ཉོ་དུས་ཁོང་ཁྲོ་གཏིང་ནས་ལངས་མོད་ཕར་རྒོལ་གྱི་ནུས་ཤུགས་དབེན་པས་ཁྲོ་བ་ཡོད་ཚད་སེམས་སུ་ཉར་ཏེ། གོ་ཐབ་འཁྲིས་ཀྱི་ཐབ་ཆས་གཅག་རྒྱུ་དང་། ཆང་ཕོར་བརྡབ་རྒྱུ་མ་གཏོགས་ཅི་ཡང་མི་ནུས་པ་ནི་དེ་སྔོན་རང་གི་བཟའ་ཟླ་རྙིང་པའི་ལས་འབྲས་ཀྱིས་རྣམ་སྨིན་དེ་མིག་གིས་མཐོང་གིན་སྨིན་པ་ལོས་ཡིན། ཁང་པའི་བང་མཛོད་ཀྱི་ལྡེ་མིག་མོའི་ལག་ཏུ་སླེབས་པ་ནས་བཟུང་དབྱངས་སྐྱིད་དང་ནོར་བུ་ཚེ་རིང་གཉིས་ལ་ལྟོ་ཕོ་བ་འགྲངས་པ་ཞིག་བཟའ་རྒྱུ་མེད་ལ། གོས་ལྷན་པ་གཉིས་བརྩེགས་ཀྱི་ལྷགས་སྐྱོབ་ཙམ་མ་གཏོགས་དེ་བས་མེད།

དགུན་གྱི་ཁ་བ་བཞུར་བ་དང་བསྟུན་ནས་ཆུ་ཀླུང་དཀར་པོའི་གྲོང་པ་སྟོད་སྨད་བར་གསུམ་པོས་རང་རང་གི་སྒོ་ཕྱུགས་དེད་དེ་རི་ལ་འཚོ་བར་འགྲོ་དགོས་པ་དང་། དབྱངས་སྐྱིད་ཀྱིས་ཀྱང་མང་རྒྱུ་མེད་པའི་བ་ཕྱུགས་ལ་སོགས་པ་དེ་དག་དེད་ནས་རི་ལ་རྫི་བོར་སོང།  ཉིན་གུང་རྫི་བོ་རྣམས་རི་འདབས་སུ་ཚོ་དང་ཚོ་བྱས་ནས་མེ་གསོས་ཏེ་ཇ་བསྐོལ་བ་དང་།  རང་རང་གི་འཁོས་ཀ་ལ་གཞིགས་ཏེ་མར་སྒམ་ནས་མར་བཏོན་རྗེས་རྫི་བོ་ཚང་མའི་ཇ་ཕོར་ནང་དུ་ཕོར་མར་བརྒྱབ་དུས།  དབྱངས་སྐྱིད་ལ་ཕོར་མར་གཏབ་རྒྱུ་མེད་པའི་ངོ་ཚས་གདོང་དམར་ཐིང་ངེར་གྱུར། དེ་ལས་ཀྱང་ཡ་ང་བ་ནི་མོའི་རྩམ་ཁུག་ཏུ་སྤག་ཐེངས་གཅིག་ཙམ་ཟ་རྒྱུ་མ་གཏོགས་པའི་རྩམ་པ་མེད་པས་རྩམ་ཁུག་ཕྱིར་སྟོན་མ་ནུས་པར་ལྐོག་ལྐོག་སུད་སུད་ཀྱིས་ཉིན་གུང་རྩམ་པ་ཉུང་ཙམ་དང་། དགོང་མོ་ཡང་ཉུང་ཙམ་ཟོས་རྗེས་ཕོ་བ་ཕྱེ་མ་འགྲང་བར་ཉིན་དེ་ཕུད་ཐབས་བྱས་པས།  གནས་ཚུས་དེ་རང་དང་ཆུང་ནས་འདྲིས་པའི་གྲོགས་མོ་གཡུ་ཆུང་གིས་ཤེས་རྗེས། རྗེས་ཀྱི་ཉིན་ནས་ཞོགས་པར་རྫི་བོ་ཚོ་མ་འཛོམས་པའི་སྔོན་ནས་གཡུ་ཆུང་རང་གི་མར་སྒམ་ནས་མར་ཕྱེད་ཀ་བཏུབ་སྟེ་དབྱངས་སྐྱིད་ལ་ཕོར་མར་རྒྱག་ཏུ་བཅུག་པ་དང་། རྩམ་པ་སྐྱོགས་དོ་ཙམ་མ་གཏོགས་འཁྱེར་རྒྱུ་མེད་པའི་ལྷ་མོར་རྩམ་པ་ཁ་སྣོན་བརྒྱབ་སྟེ་ལྟོ་ཐེངས་གཉིས་རྒྱགས་ཚད་བཟའ་རྒྱུ་ཡོད་པས་སེམས་ལ་དགའ་བ་དང་ངོ་ཚས་གཉིས་ཚོགས་ཀྱིས་རྗེས་སོར་རང་མགོ་ཐོན་ཚེ་དྲིན་ལན་འཇལ་རྒྱུའི་ཆོད་སེམས་བཅངས། དེ་ལྟར་དཔྱིད་ཞིང་ལས་འདེབས་འཛུགས་དང་། དབྱར་ཆར་ཆུ། སྟོན་གྲང་རླུང་། དགུན་ཁ་བ་སོགས་ལ་མ་ལྟོས་པར་ཁྱིམ་འདིར་ལས་ཀ་ཇི་ཙམ་བྱས་ཀྱང་མཐར་མོ་ལ་འཐོབ་རྒྱུ་ནི་ཕོ་བ་འགྲངས་བའི་ཟས་ཤིག་ཀྱང་བཟའ་རྒྱུ་མེད་པ་དེ་ཡིན།

བདུན་པ།

དུས་ཚོད་ནི་ཅི་འདྲའི་འགྲོ་མགྱོགས་པ་ལའང་། ཡུད་ཙམ་ཞིག་ལ་མ་གཡར་ཉི་མ་ལྷ་མོར་ཕྲུ་གུ་གཉིས་པ་དེ་བཙས་བྱུང་། ནང་གི་ལས་ཀ་དང་ཕྱིའི་ཞིང་ལས་ཡོད་ཚད་ཕ་རྡོ་རྗེ་ཚེ་རིང་དང་།  དབྱངས་སྐྱིད་གཉིས་ཀྱིས་ལས་དགོས་ཤིང་།  མ་གཡར་ཉི་མ་ལྷ་མོ་ནི་པང་དུ་ཕྲུ་གུ་ཉར་ནས་སྔ་དགོང་གཉིས་པོར་ཟས་གང་ཡག་དང་འཐུང་གང་ཞིམ་ལ་ལོངས་སུ་སྤྱོད་ལ།  ཐག་རིང་ན་སྒོ་རའི་ནང་དང་། ཉེ་ན་ཉལ་ས་དྲོན་མོ་ཡིན།

དུས་རྒྱུན་ཉི་མ་ལྷ་མོས་བུ་མོ་ཆུང་ཆུང་དེར་ཁག་དཀྲིས་ནས་ནང་ལས་ཡོད་ཚད་དབྱངས་སྐྱིད་ལ་འགེལ་བ་དང་། ཐ་ན་ཕྲུ་གུའི་སྐྱག་གཅིན་གོས་པའི་གྱོན་པ་ཡན་ཆོད་དབྱངས་སྐྱིད་ཀྱིས་འཁྲུད་དགོས་ཤིང་། ཉིན་དགུང་ཞིང་ལས་དང་། དགོང་མོར་ཟ་འཐུང་གཡོས་སྦྱོར། དེ་བཞིན་གོས་འཁྲུད་སོགས་ལས་དགོས་པའི་དབྱངས་སྐྱིད་ནི་ཁྱིམ་འདིའི་གཡོག་མོ་ཞིག་དང་འདྲ་མོད། འོན་ཀྱང་མོས་ནམ་ཡང་ཡ་ལན་ཚིག་གཅིག་ཀྱང་སློག་མྱོང་མེད་ལ། སྡུག་བསྔལ་ཡོད་ཚད་ཁོག་ཏུ་མིད་པ་དང་མིག་ཆུའི་ལྷན་དུ་བཏང་སྟེ་བརྗེད་གང་ཐུབ་བྱས།

དུས་བཞིར་འགྱུར་བ་མེད་པའི་སྣམ་བུའི་ཕྱུ་པ་སྨུག་ནག་ཅིག་ལ་ལྷན་པ་ཉིས་བརྩེགས་བརྒྱབ་ཅིང་། གོང་བ་དེ་ཚི་ཡིས་ནག་པོར་གྱུར་པ་ནི་ནོར་བུ་ཚེ་རིང་གི་རྒྱུན་གོས་ཡིན་ལ། ཇ་ནག་ལ་རྩམ་པ་བརྫིས་པའི་སྤགས་གོང་ནི་ཁོའི་ཉིན་གང་པོའི་ཟ་མ་ཡིན། གྲོང་པ་ཁྱིམ་མཚེས་སུས་མཐོང་ནའང་སྙིང་མི་རྗེ་བ་ཞིག་མེད་དེ། ཁོའི་སྐམ་ཞིང་རིད་པའི་བཞིན་རས་དང་། ཕྲ་ལ་ཐུང་བའི་ལག་ཟུང་། ད་དུང་ནམ་ཡང་སངས་དུས་མེད་པའི་མིག་མཐའི་མཆི་མ་སོགས་ནི་དུས་རྟག་ཏུ་མངོན་ཡོང་བའི་ཁོའི་བྱད་གཟུགས་རེད་ལ། དེ་ནི་མ་གཡར་གྱི་ཁོ་ལ་བཅངས་པའི་སྡང་སེམས་ཀྱི་ཤུན་པགས་ཤིག་ཀྱང་ལོས་ཡིན། མཚམས་རེར་གྲོང་པ་ཁྱིམ་མཚེས་ཀྱི་བྱིས་པ་ཚོས་རང་རང་གི་ཨ་མའི་ལག་པར་འཇུས་ནས་ཞིང་ལས་སུ་འཁྲིད་འགྲོ་སྐབས། ཁོའི་སྐྱོ་ཉམས་ཀྱི་མིག་མདའ་བྱིས་པ་ཚོར་ཅེར་གྱིན་མཆི་མ་ཁྲུམ་ཁྲུམ་གྱིས་རང་གི་ཨ་མ་ལྷག་ཏུ་དྲན། ཨ་མ་ལྟར་དུ་བྱམས་སྐྱོང་གནང་མཁན་ཨ་ནེ་དབྱངས་སྐྱིད་ཡོད་ཀྱང་། མོ་ནི་ཁྱིམ་འདིའི་ཉིན་གྱི་མི་དང་། མཚན་གྱི་ཁྱི་ལྟ་བྱེད་དགོས་པས་སྡོད་ལོང་མེད་རྐྱེན་ཁོ་ལ་ལྟ་རྟོག་གི་དུས་ཚོད་ཧ་ཅང་དཀོན། ལྷག་པར་དུ་ནོར་བུ་ཚེ་རིང་གིས་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་དུས་མིག་ཟུང་མཆི་མ་ཉིལ་ལེར་སྡོད་པ་ལས། མ་གཡར་ལ་ལབ་མི་ཕོད་ཅིང་། མོའི་ཁྲོ་བའི་གདོང་དང་། ངར་བའི་སྐད་དེ་དག་ནི་ཁོའི་སེམས་སུ་འཇིགས་དངངས་ཀྱི་གཞི་མ་རུ་གྱུར་ཡོད།

སྟོན་རླུང་སིར་སིར་ལྡང་བའི་ཕྱི་དྲོ་ཞིག་ལ། དབྱངས་སྐྱིད་ཀྱིས་བུད་ཤིང་བཏུས་ཏེ་ནང་ལ་ལོག་ཡོང་བའི་ལམ་བར་དུ་ངལ་གསོ་བའི་སྐབས། མོའི་བསམ་གཞིག་གི་ཀློང་དུ་ཆེས་འཇིགས་སུ་རུང་བའི་བྱ་ངན་ཞིག་གློ་བུར་དུ་དྲན།  དེ་ལྟར་ཁྱིམ་ཚང་དེར་སྔ་རྗེས་སུ་ཐབ་ཀྱི་བུད་ཤིང་ཡོད་ཚད་མོས་སྟོན་གྱི་རླུང་བུ་དང་། དགུན་གྱི་གྲང་ངར་ལ་མ་འཛེམས་པར་བཏུས་ན་ཡང་། ཕོ་བ་འགྲངས་བའི་རྩམ་པ་ཞིག་ཀྱང་འཁྱེར་རྒྱུ་མེད་ཅིང་། ཕྱིའི་གྲོགས་ཕོ་མོའི་དབུས་སུ་ངོ་ཚ་དང་གནོང་སེམས་ཉོ་དགོས་ལ།  ནང་ཁྱིམ་དུ་སླེབས་ཚེ་ཉི་མ་ལྷ་མོའི་ཁ་རྡུང་དང་དབྱུག་རྡུང་གཟེད་དགོས་པ་སོགས་སྡུག་བསྔལ་མང་དག་ཅིག་མོའི་སེམས་སུ་གཅིག་རྗེས་གཉིས་མཐུད་ཤར་འོང་དུས།  དལ་ལ་ལྷོད་ཀྱིས་རྒྱུ་བའི་མ་གི་མར་གཙང་ལ་ཅེར་གྱིན་ནམ་ཡང་ཕྱིར་ཡོང་མེད་པའི་གཙང་པོའི་རླབས་དང་འདྲེས་ནས་ཆེས་ཐག་རིང་ས་ཞིག་ཏུ་འགྲོ་ན་བསམས་མོད། སྐམ་ཤིང་རིད་པའི་ནོར་བུ་ཚེ་རིང་གི་བཞིན་རས་དང་། གཉེར་རིས་དང་རྔུལ་ཆུ་འདྲེས་པའི་གཅེན་པོ་རྡོ་རྗེ་ཚེ་རིང་གི་གདོང་རིས་ཡིད་ལ་འཆར་དུས་སླར་ཡང་གསོན་དགོས་པའི་རེ་བ་ཞིག་གིས་བུད་ཤིང་འཁྱེར་ཏེ་ནང་དུ་ལོག་དགོས་བྱུང་།

བརྒྱད་པ།

རླུང་དང་ལྷགས་པའི་གསེབ་ནས་ལང་ཚོའི་ཁ་དོག་ཡལ་ཞིང་། གནོན་ཤུགས་དང་ཁོང་ཁྲོའི་གསེང་ནས་སྙིང་གསོན་པོ་གཏུབ་འོང་བའི་རྡོ་རྗེ་ཚེ་རིང་གི་ལས་དབང་ནི་ཅི་འདྲའི་སྐྱོ་ཨང་། ཁོའི་ཡ་ཐོད་དུ་གཉེར་རིས་རྣམ་པར་བཀྲ་ལ།  ཆུང་ལ་སྒོར་བའི་མིག་ཟུང་གཉིས་ལས་ཀྱང་འུ་ཐུག་ཐབས་ཟད་ཀྱི་ཉམས་ཤིག་མངོན་འོང་། ཕྱིའི་མི་ཁ་དང་ནང་གི་སྡུག་བསྔལ་དངོས་སུ་མཐོང་བའི་དབྱངས་སྐྱིད་དང་ནོར་བུ་ཚེ་རིང་གི་ལས་དབང་དེར་ཕོ་ཁྱོ་ག་ཞིག་གིས་མིག་ཆུ་བཞུར་བ་ཐེངས་གཅིག་ག་ལ་ཡིན།  ཁོས་རང་གི་བཟའ་ཟླ་ལ་ཐེངས་མང་པོར་དབྱངས་སྐྱིད་ནི་བདག་དང་ཤ་ཁྲག་གཅིག་ལས་མཆེད་པ་དང་། ནོར་བུ་ཚེ་རིང་ནི་དེ་བས་ཀྱང་ཕྲུ་གུ་ངོ་མ་ཡིན་པས། ནམ་ཡང་ཁྱིམ་ཚང་གཅིག་གི་སྤུན་ལྟར་འཛིན་དགོས་པ་ལས་ཁོང་གཉིས་ལ་སྡང་སེམས་མི་བྱེད་པའི་རེ་བ་ཇི་ཙམ་བྱས་ཀྱང་། མོས་དེ་ལས་ལྡོག་སྟེ་གཅིག་ལན་དང་གཉིས་ལན་གྱིས་ཁོའི་སེམས་ཁམས་སྔར་ལས་སྡུག་ཏུ་བཅུག་པ་ཡིན། འདི་ལྟར་ཁྱིམ་ཚང་གཅིག་ཏུ་མུ་མཐུད་བསྡད་ན་དབྱངས་སྐྱིད་ནི་ཁྱིམ་འདིར་གཡོག་མོ་ཞིག་ལས་ཐོབ་ཐང་ཅི་ཡང་མེད་ཅིང་། འཚོ་བ་སྡུག་པོ་དེ་ལས་ཐར་ཆེད་རྡོ་རྗེ་ཚེ་རིང་མཚན་གང་པོར་བསམ་གཞིག་གི་ཀློང་དུ་ཉུལ་དགོས་བྱུང་།

དབྱར་ཁ་ཆར་པ་སིབ་སིབ་འབབ་པའི་ཞོགས་པ་ཞིག་ལ་རྡོ་རྗེ་ཚེ་རིང་གིས་ལོ་སྔོན་མར་བཏུས་བའི་སྨན་རྩྭ་དང་།  འཛིམ་བུ་སྐམ་པོ་དོ་བོ་ཁ་ཤས་ཡོད་པ་རྣམས་ཁལ་བཀལ་ནས་མཛོ་གསུམ་དང་རྟ་གཅིག་བཅས་ཁལ་མ་བཞི་དེད་དེ།  དབྱངས་སྐྱིད་དང་ནོར་བུ་ཚེ་རིང་ཡང་མཉམ་དུ་འཁྲིད་ནས། ལ་ལུང་བརྒལ་ཏེ་བལ་ཡུལ་ཕྱོགས་སུ་ཚོང་ལ་ཆས་སོང་། བལ་ཡུལ་གྱི་ས་མཚམས་སུ་ཡོད་པའི་རང་གི་གཉེན་ཉེ་ཚོར། ནོར་བུ་ཚེ་རིང་ནི་དགོན་པ་ཞིག་ཏུ་གྲྭ་པ་གཏང་རྒྱུ་དང་།  དབྱངས་སྐྱིད་ཀྱང་སློབ་གྲྭ་ཞིག་ལ་གཏང་དགོས་པའི་མངགས་གཏམ་དང་འགྲོ་འགྲོན་ཕྲན་བུ་ཕུལ་རྗེས། ཁོས་ཁལ་མ་བཞི་པོ་དེད་ནས་སླར་ཡང་ཕ་ཡུལ་དུ་ལོག ཁོས་སྔ་རྗེས་སུ་སྨན་རྩྭའི་ཚོང་རྒྱག་དུས་ཕྱིའི་གནས་སྟངས་སྐོར་ཅུང་ཟད་ཤེས་པ་དང་། ལྷག་པར་དུ་བལ་ཡུལ་ན་སྐྱབས་བཅོལ་གྱི་སློབ་གྲྭ་དང་དགོན་པ་སོགས་ཀྱི་སྐོར་ལ་ཁོ་རང་རྒྱུས་མངའ་ཡོད་པས་ད་ནི་ཁོའི་སེམས་པ་ཅུང་ཟད་ལྷོད་ལ་བབས།

དབྱངས་སྐྱིད་དང་ནོར་བུ་ཚེ་རིང་ཁྱིམ་འདི་ནས་སོང་བ་ནས་བཟུང་། མ་གཡར་ཉི་མ་ལྷ་མོར་ལག་གཡོག་རྒྱུག་མཁན་མེད་པས། འཆར་ཅན་གྱི་ལས་ཀ་མང་དག་ཅིག་མོས་མི་བྱེད་ཀ་མེད་ཡིན། འོན་ཀྱང་རང་གི་བཟའ་ཟླའི་སྔ་མའི་བུ་ནོར་བུ་ཚེ་རིང་མོའི་མིག་མདུན་དུ་མཐོང་རྒྱུ་མེད་པས་སེམས་བསམ་པའི་གཏིང་ནས་དགའ་ཚོར་སྐྱེ་བཞིན་ཡོད་ལ།  ཁྱིམ་འདིའི་རྒྱུ་ནོར་ཡོད་ཚད་རང་གི་བུ་ལ་དབང་ཟིན་ཅིང་། མ་འོངས་པར་བུ་བསྟན་འཛིན་གྱི་ཁྱིམ་འཛིན་ཐད་ལ་སེམས་ཁྲལ་དེ་བས་མེད། རེད་དེ་ནམ་རྒྱུན་མོའི་ལག་རོགས་དབྱངས་སྐྱིད་ཀྱང་སོང་ཟིན་པས་ནང་ལས་ཡོད་ཚད་རང་ཉིད་ལ་བབ་དུས་སེམས་ལ་ཕང་སེམས་ཀྱང་སྐྱེ་བཞིན་ཡོད་ངེས་ཡིན།

ཕ་རྡོ་རྗེ་ཚེ་རིང་ནི་དབྱར་དུས་སྨན་རྩྭ་དང་འཛིམ་བུ་འཐུ་བར་འགྲོ་དགོས་པས་དབྱར་ཁའི་དུས་ཚོད་མང་ཆེ་བ་རི་ལ་རྫོགས་འགྲོ་བ་དང་། དབྱར་གྱི་ཞིང་ལས་ཕལ་ཆེ་བ་ཉི་མ་ལྷ་མོས་ལས་དགོས་པས་དེའི་སྡུག་ཡུས་བགྲང་རྒྱུ་ནི་མོས་ནམ་རྒྱུན་གྱི་འགྲོ་སྟངས་ཤིག་ཀྱང་ཡིན།

ཆང་མེད་ན་སྙིང་མེད། གྲི་མེད་ན་དཔའ་མེད་ཟེར་བ་བཞིན།  རྡོ་རྗེ་ཚེ་རིང་ཁོག་ལ་ཆང་མེད་ཚེ་ཐབ་སྦུག་གི་ལྷ་བཞིན་ཅི་ཡང་མི་སྨྲ་བར་ཁུ་སིམ་སིམ་ངང་སྡོད་ནའང་།  ཆང་གི་བཟི་ཁ་སླེབས་ཚེ་ཁོའི་སྙིང་སྟོབས་ཇེ་ཆེར་གྱུར་ཏེ་བཟའ་ཟླར་ཁ་འཁྲུག་སྣ་ཚོགས་བྱེད་ཅིང་།  ལག་གིས་དངོས་སུ་མོ་དང་ཐུག་དུས་ཁོ་རང་ཕམ་རྒྱུ་ལས་མེད་ལ། ཁོའི་ཕམ་ཁ་ཉོ་བ་ཡང་ཐེངས་གཅིག་ཙམ་མ་ཡིན།  མ་ཟད་རྨས་སྐྱོན་ཚབས་ཆེན་བྱུང་བའི་གཏམ་རྒྱུད་ཀྱང་ཡོད་པ་ཡིན།

དགུ་པ།

སྟོན་ཁའི་ནམ་མཁའ་གཡའ་དག་པའི་ཕྱི་དྲོ་ཞིག་ལ་གློ་བུར་དུ་སྤྲིན་ནག་འཁྲིགས་ཤིང་།  མ་གི་མར་གཙང་གི་ཆུ་བོ་ཡང་ཁ་མདོག་འགྱུར་ཏེ་ནག་ལྡུར་ལྡུར་གྱིས་ཅི་ཞིག་དེད་འགྲོ་བའི་ཚུལ་གྱིས་རླབས་ཀྱི་གཟེགས་མ་གྱེན་དུ་འཕྱུར་བཞིན་པའི་ངང་ཚུལ་ལ་བལྟས་ན་དེ་རིང་གཏམ་ངན་ཞིག་གོ་རྒྱུ་ཡོད་པ་ཚོར་ནུས།  ཆུ་ཀླུང་དཀར་པོའི་གྲོང་ཚོ་སྨད་ཕྱོགས་ནས་གསལ་ལ་མི་གསལ་བའི་སྒྲ་ཞིག་གྲགས་འོང་ཞིང་། སྒྲ་དེ་གློ་བུར་དུ་གྲོང་ཚོའི་སྟོད་སྨད་བར་གསུམ་ཀར་ཁྱབ། ལུང་པ་དེའི་ཕོ་གཞོན་མོ་གཞོན་ཚོ་མ་གི་མར་གཙང་ཕྱོགས་སུ་རྒྱུགས་འགྲོ་བཞིན་འདུག་ལ། ལ་ལས་གཙང་པོའི་གཡས་གཡོན་དུ་ཅེར་གྱིན་ཆུའི་ཟ་ཟུར་དུ་སུ་ཞིག་འཚོལ་གྱིན་འདུག ཡུད་ཙམ་ཞིག་ནས་གྲོང་ཚོ་སྟོད་སྨད་བར་གསུམ་པོ་སྨྲེ་ངག་དང་ངུ་ངག་གིས་ཁེངས་ཤིང་། ཁ་ཤས་རྡོ་རྗེ་ཚེ་རིང་གི་སྒོ་རར་འཛོམས་ཏེ།  ཉི་མ་ལྷ་མོ་བཟུང་ནས་སེམས་གསོ་བྱེད་པ་དང་།  ཉི་མ་ལྷ་མོས་སྐད་ཤུགས་གང་ཡོད་ཀྱིས་ངུ་བཞིན་འདུག་ལ། ངུ་སྐད་ནང་དུ་སྐྱོ་སེམས་ཀྱི་སྐད་ཆ་མང་པོ་ཞིག་ཀྱང་ཐོས་ཀྱིན་འདུག

དགོང་མོ་ས་རུབ་རྗེས་གྲོང་པའི་ཕོ་གཞོན་ཚོས་གློག་བཞུ་བཀར་ཏེ་འདས་པོའི་ཕུང་པོ་ཁྱེར་ཏེ་ཉི་མ་ལྷ་མོའི་སྒོ་རར་སླེབས་བྱུང་། ཁོང་ཚོས་མར་གཙང་གཡས་གཡོན་སོགས་སུ་ཆུ་ཚོད་བཞི་ལྔ་ཙམ་འཚོལ་གཤེར་འོག་མཐར་ཕུང་པོ་གཙང་པོའི་ཟུར་ཞིག་ཏུ་རྙེད། ཉི་མ་ལྷ་མོས་རང་གི་བཟའ་ཟླའི་ཕུང་པོ་མཐོང་བ་དང་གློ་སྙིང་མཆིན་གསུམ་ཐོན་ལ་ཁད་ཀྱིས་ངུ་བཞིན་འདུག་ལ། འགྲམ་དུ་ཡོད་པའི་བུ་བསྟན་འཛིན་དང་བུ་མོ་བདེ་ཆེན་གྱིས་ཀྱང་ཨ་མར་འཐམ་ནས་ལྷན་དུ་ངུ་བཞིན་འདུག  མཚན་མོ་འདིར་ཡོད་ཚད་ལྷིང་འཇགས་ཡིན་ཡང་། འདས་པོ་རྡོ་རྗེ་ཚེ་རིང་གི་ཁྱིམ་ཚང་ནས་མིའི་ངུ་ངག་དང་། གཤིན་ཆོག་སྨོན་ལམ་གྱི་གདངས་དབྱངས་དྲག་ཞན་བར་མ་སྣ་ཚོགས་གོ་ཐུབ།

མདོར་ན་གང་དུ་བགྲོད་བྱའི་ལམ་དེར་ལས་ཀྱིས་འཁྲིད་པའི་ཁྲ་ཁྲའི་འཇིག་རྟེན་ནི་ཅི་འདྲའི་སྟབས་བདེ་ལ། ཡ་ང་བ་ཞིག་ཀྱང་རེད་ཨང་། ཁ་སང་ཕོ་ལོ་བཞི་བཅུ་མ་ཟིན་ཙམ་གྱི་རྡོ་རྗེ་ཚེ་རིང་ཞིག་བདེ་ཐང་གིས་འཚོ་བཞིན་ཡོད་ནའང་། དེ་རིང་བེམ་རོའི་ངོ་བོར་གྱུར་ཟིན།

དེ་ཡང་མདང་དགོང་བཟའ་ཚང་ཕན་ཚུན་ནང་འཁྲུགས་བྱུང་རྗེས།  དེ་རིང་ཁོས་ཁོང་ཁྲོས་ཆང་ཚོད་མེད་བཏུངས་པ་དང་། ར་བཟི་རྗེས་སེམས་ནང་གི་ན་ཟུག་ཡོད་ཚད་གཅིག་རྗེས་གཉིས་མཐུད་དུ་བསམ་གཞིགས་ཀློང་དུ་ཤར་ནས། ཆེས་མཐའ་མཇུག་ཏུ་བདམས་པའི་ལམ་ཁ་སྟེ། ནམ་ཡང་ཕྱིར་ཡོང་མེད་པའི་མ་གི་མར་གཙང་གི་ཆུ་བོར་ལྕེབས་སོང་བ་རེད།


[1] ཡུལ་སྐད། མེ་སྤར་སའི་ལྕགས་ཐབ་ཅིག

  1. ཡུལ་སྐད། མེ་སྤར་སའི་ལྕགས་ཐབ་ཅིག
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།