༤༠༽ སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་།

འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ།

་་་་་་འདོན་ཐེངས་སྔ་མའི་འཕྲོ།

རཱུ་བྱ་དགའ་དང་གཟུགས་ལའོ།།
མ་དྷྱ་བར་མ་རིགས་པ་ལ།།
སོ་མྱཾ་གདུ་བུ་ཟླ་བ་ལྷ།།
བཻདྱཱ་ཀུན་མཁྱེན་སྨན་པ་ལ།།
ཞེས་དང་།

བྷ་བྱ་དགེ་དང་འབྲས་བུ་ལ། །ཡོ་གྱ་ཤིན་ཏུ་རིགས་པ་ལ། །ཚོང་དང་རེ་མོས་བཱ་རའོ། །ཨབྡོ་ཆར་སྤྲིན་བྱེའུ་ལའོ། །པྲ་ཀཱ་ར་ནི་དབྱེ་བ་དཔེ། །ནི་བཱ་ཏ་ནི་རླུང་མེད་གནས། །མཚོན་གྱིས་མི་ཆོད་གོ་ཆ་ལའང་། །ཞེས་དང་། འཆི་དང་རོ་བསྲེག་འགྲོ་བ་དང་། །རྫས་དང་སྦྱིན་པ་སླར་འོང་དང་། །ཕན་བྱེད་རྗེས་འགྲོ་ས་དྷ་ནཾ། །ཞེས་དང་། མ་རུ་མྱ་ངམ་ཐང་དང་རི། །ཞེས་དང་། ཀྵུ་དྲཱ་ཡོན་པོ་གར་མཁན་མ། །སྨན་འཚོང་དང་ནི་སྦྲང་རྩི་ལ། །ཀཎྚ་ཀ་རི་ཀ་འོ་གསུམ། །གསུམ་ཞེས་པ་རྟགས་གསུམ་མོ། ། ཨརྠ་བརྗོད་བྱ་དང་ནི་ནོར། །དངོས་པོ་དགོས་པ་ལྟོགས་པ་ལ། །ཞེས་སོགས་དང་། ཐ་ངན་སྨོད་ཉུང་ཀྵུ་དྲའོ། །ཀྵེ་ཏྲཾ་ཆུང་མ་ལུས་དག་གོ། །ཞེས་སོགས་དང་། ཏནྟྲཾ་གཙོ་བོ་གྲུབ་མཐའ་དང་། །ཐགས་འཐགས་དང་ནི་ཡོངས་འགེགས་ལའོ། །པུསྐ་རཾ་ནི་གླང་ཆེན་སྣ། །རྔ་དང་སྣོད་ཁ་ཆུ་དང་ནི། །ནམ་མཁའ་རལ་གྲི་རྩེད་མོའི་ཆས། །པདྨ་ཆུ་འགྲམ་སྨན་བྱེ་བྲག །གཽ་ར་དམར་དང་དཀར་དང་སེར། །ཞེས་དང་།

དེ་བཞིན། ཀྲཱུ་ར། བརྩེ་མེད་དང་། མེ་ཁྲེགས་པ། ཨི་ཏ་ར་གཞན་དང་དམན་པ། མཐར་བྱེད་དང་དུས་ཀཱ་ལ། དུས་བཞིའི་ཐ་མ་ཀ་ལི། སྟོབས་དང་ནུས་པ་དམག་དཔུང་རྣམས་ལ། བ་ལཾ། གཡོ་སྒྱུ་རྟགས་སྐྱེས་བུ་གཟིག་སྦྲུལ་རྣམས་ལ། བྱཱ་ལ། མ་ལ། སྡིག་པ་དྲི་ཆེན་དྲི་མའོ། །ཀཱི་ལ་ཕུར་བུ་དང་མེ་ལྕེ། ཨཱ་ལི། དབང་པོ་ཕྲེང་བ་གྲལ། མཱུ་ལ་དང་པོ་དང་རྩ་བ་དང་དྲུངས། ཛ་ལམྲ། ཚོགས་པ་ཉ་དོ་ལ་དྲ་སྒོ་དང་དྲྭ་བའོ། །ཕ་ལཾ་འབྲུ་དང་རྒྱུ་བྱས་སོ། །ཀུ་ཀུ་ལཾ་ནི་ཕུར་བུ་དང་རྩང་། བཀྲམ་པ་དང་པོ་དང་ཕུབ་མའི་མེ་སོགས་དང་། ཀུ་ཤ་ལཾ། ཡོངས་ཐོབ་བདེ་དང་བསོད་ནམས་བསླབ་པའོ། །བྲ་ཥ། རླིག་པ་དང་བྱེ་བ་དང་མཆོག་དང་། ལེགས་བྱས་དང་ཁྱུ་མཆོག་གོ།

གཞན་ཡང་། ཁཾ་ནི་དབང་པོ་གྲོང་དང་ཞིང་། སྟོང་པའི་ཐིག་ལེ་ས་རིས་ཀྱི་ཨངྐུའི་ཐིག་ལེའོ། །ནམ་མཁའ་དང་། ཚོར་བ་མྱང་དང་ལྷའི་འཇིག་རྟེན། བདེ་སྐྱིད་ལ་ཡང་མ་ནིང་ངོ་། །སྟེ་རྟགས་མཐའ། ཞེས་བཤད་པས་མཚོན་མིང་གཅིག་དོན་དུ་མ་འཇུག་པས། དོན་ཕན་ཚུན་མིང་ཐུན་མོང་དུ་གྱུར་བ་ཆེས་མང་པོ་ཡོད་པ་ཕལ་ཆེར་གཞུང་དུ་བསྟན་པ་ལས་ཀྱང་ཤེས་ནུས་ལ། བྱེ་བྲག་དོན་མང་པོ་ཅན་གྱི་སྡེ་རྣམས་ལོགས་སུ་བཤད་པ་འཆི་མེད་མཛོད་རྩ་འགྲེལ་སོགས་ལས་ཤེས་པར་བྱ་སྟེ། དཔེར་ན་བོད་སྐད་དུ་རོ་ཞེས་པ། ལྕེས་མྱང་བྱ་མངར་བ་སོགས་ཀྱི་རོ་དང་། ཤི་བའི་རོ་གཉིས་ཀའི་མིང་དུ་འཇུག་ཀྱང་། སྐབས་སུ་གང་བབ་ལ་མི་ནོར་བར་གོ་བ་དང་། དུ་མ་རོ་མཉམ་ཞེས་པའང་རྣལ་འབྱོར་པས་མཉམ་པར་ཉམས་སུ་མྱོང་བའི་ཆ་ནས་བཏགས་པ་ལྟ་བུའོ། །ཤཱུ་ནྱཏ་ཁྱིས་སྟོང་པ་ཞེས་པའི་དོན་ཡིན་ཡང་། སྟོང་པ་ཉིད་ཀྱི་མིང་དུ་ཤཱུནྱ་ཏ་ཞེས་བརྗོད་པའི་ཚེ།

ཁྱི་བཤད་མི་དགོས་ལ་རང་བཞིན་གྱིས་གྲུབ་པའམ་ངོ་བོས་སྟོང་པ་དེ་གོ་རྒྱུ་ཡིན་པ་དང་། རྒྱ་མཚོའི་སྐད་དོད་སཱ་གར་དུག་ཅན་པ་ཡིན་ཡང་། མང་བའམ་རྒྱ་ཆེ་བའི་ཕྱིར་ན་རྒྱ་མཚོ་བཏགས་ཚད་ལ་དུག་ཅན་པ་སྦྱོར་མི་དགོས་པ་ལྟ་བུས་མཚོན་ནས། སྒྲ་ཡི་འཇུག་ཚུལ་ཚད་མེད་པ་ཡོད་པ་དག་དང་། གཞན་ཡང་། ཇི་སྐད་དུ། སྒྲའི་བསྟན་བཅོས་ལས། ཉེ་བར་བསྒྱུར་བའི་དབང་གིས་ན། །སྐད་བྱིངས་དོན་ནི་རབ་འགྱུར་ཏེ། །གང་གཱའི་ཆུ་ནི་མངར་མོད་ཀྱི། །རྒྱ་མཚོའི་ཆུ་ཡིས་འགྱུར་བ་བཞིན། །ཞེས་པ་ལྟར། མཱ་ན་ཞེས་པའི་ཁམས་གཅིག་ལ། ཉེ་བསྒྱུར་པྲ་དང་འཕྲད་ན།

པྲ་མཱ་ན། ཚད་མར་འགྱུར། ཨ་ནུ་མཱ་ན། རྗེས་དཔག་ཨུ་པ་མཱ་ན། དཔེ། ཨ་བྷི་མཱ་ན། མངོན་པའི་ང་རྒྱལ་སོགས་སུ་འགྱུར་བ་དང་། བྷཱུའི་སྔོན་དུ་བི་བཞག་པས། བི་བྷཱུ། ནོར་རྫས། ཨཱ་ལ་བྷ་གསོད་པ། བ་ས་ངེས་པར་གནས་པའི་སྔོན་དུ་པྲ་དང་ནི་ར་དང་ཨུད་བཞག་ན་འཚེ་བའི་དོན་དུ་འགྱུར་བ་ལ་སོགས་པ་དང་། དོན་གྱི་ཁྱད་པར་སྟོན་པ། པྲ་བྷ་བཿརབ་བྱུང་། ཨུ་པ་སི་ཀཿཉེ་བར་བསྙེན་པ། སུ་བ་ཙཿལེགས་གསུང་ལ་སོགས་པ་བཞིན་ནོ། །དེར་མ་ཟད་སྐད་དོད་གཅིག་ལའང་ཕོ་མོ་མ་ནིང་གི་རྟགས་མཐའི་དབང་གིས་རྣམ་དབྱེ་སྦྱར་བས་མི་འདྲ་བར་འགྱུར་བ་དང་།

མཚམས་སྦྱར་བའི་དབང་གིས་སྔ་མ་ལ་གཟུགས་གཞན་དུ་འགྱུར་བ་དང་། མི་ཟད་པ་སོགས་ལ་རྣམ་དབྱེ་འཇིག་པ་དང་། མཚམས་སྦྱོར་མི་ཐོབ་པར་ཚིག་རང་སར་བསྒྲིག་པ་སོགས་ཀྱི་རྣམ་བཞག་དང་། དེ་ཕན་གྱི་བུ་རྒྱུད་ཀྱི་རྐྱེན་སོགས་བྱིན་པས་ཚེགས་ཆུང་ངུས་བརྗོད་པ་དང་། བྱེད་པོ་དང་བྱ་བ་བརྗོད་པ་ཚོགས་པ་བརྗོད་པ་སོགས་ཀྱི་ཁྱད་པར་ལ་སོགས་པ་བརྡ་སྤྲོད་པའི་གཞུང་ལ་མ་སྦྱང་བ་དག་གིས་སྐད་དོད་ཐད་ཀར་བསྒྲིགས་པ་ཙམ་གྱིས་གོ་ཆོད་པ་མི་འོང་བས་སྒྲའི་གཞུང་སྤྱི་དང་། ཁྱད་པར་མིང་ལེ་དང་མཚམས་སྦྱོར། དེ་ཕན་གྱི་རྐྱེན་རྣམས་ལ་བྱང་ཆ་འགྲོ་དགོས་ཤིང་།

དེ་ལྟར་མ་བྱུང་བའི་སྐྱོན་གྱིས་མཁས་ཀྱང་ལེགས་སྦྱར་སོགས་ཀྱི་སྒྲ་དོན་འཆད་ཚེ་ནོར་བ་འབྱུང་སྲིད་དེ། དཔེར་ན་བོད་སྐད་དུའང་འམ་སོགས་སྡུད་སྒྲ་འདིའང་། དཔེར་ན་མིག་སྟོང་ཅན་ནམ་རྡོ་རྗེ་ཅན་ནི་བརྒྱ་བྱིན་ནོ། །ཞེས་པ་ལྟ་བུ་བརྗོད་བྱའི་དོན་གཅིག་པའི་མིང་གི་རྣམ་གྲངས་སུ་བསྡུ་བ་ནི། མིང་དེ་གཉིས་དོན་གཅིག་ལ་འཇུག་པར་འཆད་རུང་སྟེ། སའམ་འཛིན་མ་ཞེས་པ་ལྟ་བུའོ།།

བུདྡྷ་ནི་སངས་རྒྱས་སམ་གཟའ་ལྷག་པའོ། །ཞེས་པ་ལྟ་བུ་མིང་དེས་བརྗོད་བྱ་མཚུངས་པས་སྡུད་སྒྲ་སྦྱར་བའམ་ངའི་དོན་ཡིན་གྱི་དོན་གཅིག་གི་མིང་གི་རྣམ་གྲངས་སུ་འཆད་མི་རུང་བ་ལྟ་བུའོ། །གཞན་ཡང་བརྡ་སྤྲོད་པའི་གཞུང་ལས། ཡི་གེ་ལ་ཀཱ་རའོ་ཞེས་པས། ཨ་ཀཱ་ར་ཞེས་སྦྱར་ན་ཨ་ཡིག་གོ་དགོས་ཤིང་། ར་ལས་ཨི་ཕ་ཡང་ནའོ་ཞེས་པས་ར་ལ་ཀཱ་རའམ་ཡང་ན་ཨི་ཕ་སྦྱར་བས། རེ་ཕ་ཞེས་པ་ར་ཡིག་སྟེ་རེ་ཕ་ལས་བྱུང་ཉི་མའི་གདན། ཞེས་སོགས་བརྗོད་པ་བཞིན་ནོ། །འདི་ལ་བོད་སྐད་དུ་དོགས་པ་ཞིག་ཡོད་པས་སྨྲོས་པ་ཡིན་ཏེ་དེས་མཚོན་གཞན་ཡང་སྒྲ་གཞུང་མ་ཤེས་ན་སྒྲ་བཤད་ནོར་བར་སྲིད་པས་བརྡ་སྤྲོད་པའི་གཞུང་འདི་དག་གསུང་རབ་རྣམས་ཀྱི་ངེས་པའི་ཚིག་ཚུལ་བཞིན་འཆད་པ་ལ་ངེས་པར་དགོས་པ་ཡིན་ནོ།།

མུ་འགོད་་་་་་

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།