ཡུལ་དིང་རིའི་དཔའ་རྟུལ་འགའ་ཞིག

སློབ་དཔོན་བཤད་སྒྲུབ་ཉིན་བྱེད།

ལ་སྟོད་ལྷོ་རུ་མཁས་དབང་གྲངས་ཀ་མེད།།
སྐར་མ་བཞིན་དུ་གྲངས་ཀ་རྒྱག་ཚོད་མེད།།

སངས་རྒྱས་བླ་མའི་བཟོ་ལྟ་ང་དང་མཚུངས།།
འཁྲུངས་ཙམ་ཉིད་ནས་ཞལ་འབག་རང་ཆས་ཤིག།
མཁས་ཚུལ་གླེང་ན་ཧ་ལས་ཧོན་འཐོར་ཏེ།།
གཏེར་སྟོན་ཐོག་མའི་མཚན་ཡང་ཁོང་གིས་བཞེས།།

བློ་གྲོས་བརྟན་པ་མ་མོའི་འོ་མས་གསོས།།
བཙུན་ཆུང་ལུ་གུ་ཟེར་དོན་རྒྱུ་མཚན་བྱུང་།།
གང་འཚམས་ཤིག་ནས་རིག་པའི་མེ་དྲོད་རྒྱས།།
དཔང་ལོ་ཟེར་ཞིང་ལོ་ཙཱའི་བ་དན་འཕྱར།།

གྲུབ་ཆེན་ཨོ་རྒྱན་པ་དེ་དིང་རིར་འཁྲུངས།།
དིང་རིར་མ་ཟད་ང་དང་ཁྱིམ་མཚེས་རེད།།
ཧོར་འཇིགས་འབོད་པས་མདོ་སྨད་ཡུལ་དུ་འཐེན།།
མཁས་པ་རྐུན་མ་རྒྱག་སྟངས་དེ་འདྲ་རེད།།

ཤོང་སྟོན་ལོ་ཙཱའི་གཤིས་ཀ་ང་དང་འདྲ།།
བརྙས་སྨོད་མཐོང་ཆུང་རྩ་ནས་འགྲོ་ས་མེད།།
གྱོང་པོ་ལོས་ཡིན་སྙན་གཞུང་བོད་ལ་བསྒྱུར།།
དེ་ཡི་སྟོབས་ཀྱིས་ང་ཡང་མཁས་དབང་ཆགས།།

མི་ཕམ་དགེ་ལེགས་མཁས་པའི་མཁས་པ་རེད།།
མཁས་པ་ལོས་ཡིན་དཎྜིའི་དགོངས་རྒྱན་བརྩམས།།
བསྟན་བཅོས་དེ་ལ་དམིགས་བསལ་དགའ་བ་ཡོད།།
ཡུལ་ལུང་གཅིག་པའི་ཞེན་ཁོག་ཡིན་པ་འདྲ།།

གངས་རིའི་ལྗོངས་ན་མཁས་པ་ལུག་ཁྱུ་བཞིན།།
ཕྱོགས་ལས་རྣམ་རྒྱལ་མིང་ཅན་བོ་དོང་ཙམ།།
གླེགས་བམ་རི་བོ་བརྩེག་མཁན་བོ་དོང་ཙམ།།
ང་ཚོ་ཕ་ཡུལ་གཅིག་པའི་ཉམས་བཟང་ལགས།།

འཁོར་ལོ་སྡོམ་པའི་མན་ངག་ཅེས་བྱ་སོགས།།
བསྟན་འགྱུར་ནང་གི་པོད་གྲངས་མང་བསྒྱུར་བ།།
ལོ་ཙཱ་ཆེན་པོ་རྨ་བན་ཆོས་འབར་ནི།།
ང་དང་འདྲ་བའི་བྱས་རྗེས་འཇོག་མཁན་ཞིག།

ཇོ་མོ་ཞྭ་ཆུང་སྐྱེས་འབྲས་ལེགས་དྲགས་ཏེ།།
དམ་པ་སངས་རྒྱས་དབང་ཡོན་བླང་རབས་འདུག།
དེ་འདྲ་བདེན་ན་བདག་ནི་ངོ་ཡང་ཚ།།
མཛེས་མ་ཁོང་ལ་མཐོང་ཆུང་བྱས་འདུག་གོ།

རྒྱལ་བ་ཡང་དགོན་རས་པ་ཞི་བ་འོད།།
ངམ་རྫོང་རས་པ་སྤྱན་མངའ་རིན་ཆེན་ལྡན།།
མཛེས་མའི་ཡང་མཛེས་“མ་གཅིག་ཞ་མ་”སོགས།།
ག་རེ་བཤད་ཀྱང་ཕ་ཡུལ་གཅིག་པ་རེད།།
ཁྱེད་ཅག་འཇོན་པ་ང་ཡི་གཟི་བརྗིད་ཡིན།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།