མངར་སྐྱུར་འདྲེས་མའི་ལོ་རྒྱུས་རགས་བསྡུས་མ།

ལོ་རིམ་དྲུག་པའི་སློབ་གཉེར་བ། འཇིགས་མེད་རྣམ་རྒྱལ།

སྤྱི་ལོ་ ༢༠༢༠ ཟླ་ ༠༢ ཚེས་ ༠༤ རེས་གཟའ་ལྷག་པ་མཁའ་ལམ་དྭངས་པའི་སྔ་དྲོར། འཛམ་བུ་གླིང་གི་ལྟེ་བ་གནས་མཆོག་ཁྱད་པར་ཅན་དུས་གསུམ་སངས་རྒྱས་སྟོང་རྩ་གཉིས་འཚང་རྒྱ་ས་རྒྱ་གར་རྡོ་རྗེ་གདན་ནས། ངེད་འཛིན་གྲོགས་གསུམ་དང་ཆ་རྒྱུས་མེད་པའི་ཕོ་མོ་ཉི་ཤུ་ལྷག་གིས་རྒྱ་བལ་ཕན་ཚུན་འགྲུལ་བཞུད་བྱེད་ཆོག་པའི་ཆོག་མཆན་ཚད་ལྡན་ཡོད་པའི་སྤྱི་སྤྱོད་རླངས་འཁོར་ཆེན་པོ་ཞིག་གླས་ཏེ་བལ་ཡུལ་ཕྱོགས་སུ་ཆས།

རྒྱ་བལ་ས་མཚམས་སུ་དཀའ་རྙོག་གང་ཡང་མེད་པར་ཞི་བདེའི་ངང་ནམ་མཁར་འབྲུག་རྒྱུ་བ་ལྟ་བུའི་གཞུང་ལམ་ཀྱག་ཀྱོག་དག་བརྒལ་ཏེ་ཞག་པོ་གཅིག་ལ་འཕགས་པ་ཤིང་ཀུན་ཉེ་འདབས་སུ་འབྱོར། ཁོ་བོས་མོ་ཊའི་སྒེའུ་ཁུང་དལ་གྱིས་ཕྱེས་ཏེ་བལ་པོའི་མཁའ་རླུང་རྔུབ་ཀྱིན་མིག་ཟུང་ཕྱིར་ལྟ་དུས། ས་གནས་དེར་སྔར་དང་མི་འདྲ་བ་གཞུང་ཚབ་པ་དང་གཞུང་ལས་པ། ད་དུང་སློབ་ཕྲུག་དང་དགེ་རྒན་རྣམས་བྲེལ་ཟིང་གིས་རླངས་འཁོར་དང་རྐང་འཁོར། ལྕགས་རྟ་སོགས་ལ་བཞོན་ནས་འཚང་ཁ་ཤིག་ཤིག་བྱས་ཏེ་རང་རང་གི་དམིགས་པའི་ཡུལ་དེར་འགྲོ་མུས་རེད། ང་ཚོས་སྣུམ་འཁོར་གཞུང་ལམ་གྱི་ཟུར་ཞིག་ཏུ་བཀག་ཅིང་རླངས་འཁོར་ནང་གི་ཕོ་མོ་རྣམས་རང་རང་གི་གནས་སུ་ཁ་གྱེས། ངེད་མི་གསུམ་གྱིས་གླ་འཁོར་གཞན་ཞིག་གླས་ཏེ་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་འགྲམ་དུ་གཞིས་ཆགས་པ་རྟ་དམག་ཁོ་ནས་ཁེངས་པའི་ནཡ་བས་ཏི་Naya basti ཞེས་པའི་གནས་དེར་ཁང་པ་ཐོག་བརྩེགས་གསུམ་ཅན་ཞིག་ན། ངའི་གྲོགས་པོའི་ཨ་ཇོས་ཀྱང་ཁང་མིག་གཉིས་གླས་ཡོད་པ་དེར་ཕྱིན་ནས་ཡུད་ཙམ་ངལ་གསོས།

དེ་ནས་ཁ་ལག་བཟས་ཏེ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་མཇལ་དུ་ཐོན། མཆོད་རྟེན་ཕྱོགས་སུ་འགྲོ་སའི་སྲང་ལམ་གྱི་གཡས་གཡོན་དུ་ཁང་པ་དང་ཚོང་ཁང་ད་དུང་མགྲོན་ཁང་སོགས་གང་ཅིའི་ཐད་སྔར་ལས་འཕེལ་རྒྱས་ཀྱི་འགྱུར་ལྡོག་རྒྱ་མི་ཆུང་བ་ཕྱིན་འདུག་པས། སྲང་ལམ་བར་ནས་ཅུང་ཟད་མགོ་འཐོམས་ལ་ཁད་ཀྱི་ཚོར་སྣང་ཡང་བྱུང་། དེ་ནས་གོམ་པ་ཁ་ཤས་སྤོས་པའི་རྗེས་སུ་འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་ཀྱི་ཞིང་མཆོག་ཁྱད་པར་ཅན་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་དེ་ཉིད་མི་ལོ་བཅུ་ཕྲག་གཅིག་གི་མཇུག་ཏུ་སླར་ཡང་འདྲེན་བྱེད་དབང་པོའི་སྒོར་མངོན་སུམ་དུ་ལྷང་ངེར་མཇལ་བའི་གོ་སྐབས་ཤིག་རྙེད། མཆོད་རྟེན་དེའི་ཏོག་ནས་དར་ཚོན་སྣ་ལྔའི་དར་ཐག་ཕྱོགས་བཞིར་དཔྱངས་ནས་ཡོད་པ་དེ་དག་བསིལ་རླུང་འཇམ་པོས་གཡོ་འགུལ་ཐེབས་སྟངས་ནི་ཆེས་ཡིད་ལ་འཐད་པ་ཞིག་རེད། གཞིས་བྱེས་རྒན་གཞོན་ཕལ་མོ་ཆེས་ལག་ན་ཕྲེང་བ་ཐོགས་ཤིང་ཁ་ནས་མ་ཎི་ཟློ་ཞོར་དད་གུས་སྤྲོ་གསུམ་གྱིས་སྐོར་བར་སྐྱོད་བཞིན་འདུག ཉུང་ཤོས་ཤིག་གིས་རྐྱང་ཕྱག་འཚལ་གྱིན་གདའ། དེ་ནས་འགའ་ཞིག་ནི་ལྟད་མོ་ལྟ་མཁན་རེད་ལ། འགའ་ཞིག་བརྙན་པར་ལེན་མཁན། འགའ་ཞིག་མཆོད་རྟེན་གཡས་གཡོན་གྱི་རྐུབ་སྟེགས་སྟེང་ནས་ཞལ་འདོན་གནང་མཁན་རེད།  གཞན་ཡང་སྐོར་ལམ་ནས་ཊིག་ཊོག་བརྙན་ཐུང་ལེན་མཁན་ན་གཞོན་འགའ་ཡང་མཐོང་རྒྱུ་འདུག སེམས་བཟང་ཅན་ལ་ལས་སྔ་དགོང་གཉིས་སུ་བྱ་ཟན་ཉོས་ཏེ་ཕུག་རོན་ལ་སྟེར་བ་ནི་རྒྱུན་ལྡན་མཐོང་རྒྱུ་ཡོད་པ་ཞིག་རེད། མཆོད་རྟེན་དེའི་མཐའ་ནས་བོད་བལ་རང་རང་གི་ཐུན་མིན་ཁྱད་ཆོས་གསལ་པོར་མངོན་ཐུབ་པའི་ཟ་ཁང་དང་ཚོང་ཁང་གི་ར་བས་བསྐོར་ནས་ཡོད།

ཁོ་བོས་ཀྱང་དེ་དག་དང་མཚུངས་པར་གོམ་པ་དལ་པོས་སྐོར་བ་གསུམ་བསྐོར་ཅིང་མཇུག་བསྔོ་བ་བྱས་ཏེ་རང་གནས་སུ་ལོག དེ་ལྟར་ཞག་པོ་འགའ་ཞིག་གི་རིང་སྔ་དགོང་གཉིས་སུ་མུ་མཐུད་ནས་བསྐྱོད། སྔར་ཆུང་དུས་ཆེས་ཡིད་དུ་འོང་ཞིང་ནམ་ཡང་བརྗེད་རྒྱུ་མེད་པའི་སྐྱབས་འགྲོ་དང་། མ་ཎི། བཛྲ་གུ་རུ་སོགས་ཀྱི་སྒྲ་གདངས་རྣམས་ཚོང་ཁང་དེ་དག་གི་སྒྲ་སྒམ་ལམ་ནས་སྐད་གསང་མཐོན་པོས་གོ་བཞིན་ཡོད་པ་དང་། སྐོར་བ་རྒྱག་མཁན་རྣམས་པས་ཀྱང་དེ་དང་ལྷན་དུ་འུར་སྒྲ་དང་བཅས་ཏེ་སྐྱོར་བཞིན་པ་ནི་དེང་སང་རྣ་བས་གོ་ཐོས་སུ་མ་གྱུར། མདོར་ན་རྟེན་མཆོག་དེ་ནི་རྒྱ་བོད་སོགས་གང་དུའང་མཇལ་རྒྱུ་མེད་པའི་དབྱིབས་གཟུགས་ཁྱད་པར་ཅན་གྱི་མཆོད་སྡོང་ཞིག་རེད་ལ་ཕྱི་རྒྱལ་སོགས་ས་ཆ་མི་གཅིག་པའི་ཡུལ་གྲུ་ཁག་གི་མི་སྣ་མང་པོ་འཛོམས་ས་ཡང་ཡིན།

གཉིས་པ།

སྤྱིར་བལ་ཡུལ་རྒྱལ་ས་ནས་ཆུ་ཚོད་གསུམ་གྱི་ལམ་ཁ་ཡིན་ཡང་། གཞུང་ལམ་ཡག་པོ་མེད་པས་ཆུ་ཚོད་ལྔ་ལྷག་འགོར་ས་(ཀབ་རེ་ཀོ་ཤི་པ་རི་) ཞེས་པའི་ས་གནས་ཞིག་ལ་དེའི་ཡུལ་མིའི་རེ་འདོད་ལྟར་ངེད་མི་གྲངས་བཅུ་ལྷག་གིས་དཔལ་ཡུལ་ལྷ་སྤྲུལ་རིན་པོ་ཆེ་གདན་དྲངས་ནས་རཏ་གླིང་ཕུར་པའི་གཏོར་བཟློག་ཉིན་གཉིས་དང་ཚེ་ཆོག་འཆི་བསླུ་ཉིན་གཅིག་བཅས་ཁྱོན་ཉིན་གསུམ་གྱི་རིང་ཚོགས་པ་འཚོག་འཆར་དང་། ཞོར་དུ་ཟབ་ཆོས་དཀོན་མཆོག་སྤྱི་འདུས་ཀྱི་བཀའ་དབང་གནང་རྒྱུའི་གྲོས་མཐུན་བྱུང་བ་ལྟར། ༢༠༢༠/༠༣/༡༦ ཉིན་གྱི་སྔ་དྲོར་ང་ཚོ་ཆོས་གྲོགས་འགའ་ཞིག་དངོས་གཞིའི་སྟ་གོན་སླད་དུ་གཏོར་མ་བཅའ་བ་དང་དཀྱིལ་འཁོར་བཞེངས་ཕྱིར་སྔོན་དུ་ཕྱིན་པ་ཡིན། དེ་དུས་ནི་འཛམ་གླིང་སྤྱི་ཡོངས་ལ་ཏོག་དབྱིབས་ཞེས་པའི་ནད་ཡམས་དེ་རླུང་ལྟར་ཁྱབ་བཞིན་པ་ཡིན་ཞིང་། ནད་གཞི་དེའི་སྒྲ་ཐོས་པ་དང་ལུས་ཀྱི་བ་སྤུ་ལྡང་ཞིང་སེམས་ལ་དངངས་སྐྲག་གི་ཚོར་བ་དྲག་པོ་སྟེར་བའི་དུས་ཚོད་ངན་པའི་སྐབས་རེད། ཉིན་ལྔ་དྲུག་གི་རྗེས་སུ་དཔལ་ཡུལ་ལྷ་སྤྲུལ་སྐུ་འཁོར་དང་བཅས་ས་གནས་དེར་ཞབས་ཀྱིས་བཅགས་པ་དང་། བལ་གཞུང་གིས་ཁྱིམ་སྡོད་བཀའ་རྒྱ་གཏན་འབེབས་གནང་བ་མཉམ་དུ་ཁེལ། གནས་ཚུལ་དེའི་རྐྱེན་གྱིས་རིན་པོ་ཆེ་མཚན་གཅིག་བཞུགས་ནས་སླར་རྒྱལ་ས་ཀ་ཐ་མན་གྲུར་ཕེབས་དགོས་བྱུང་། དེའི་རྗེས་སུ་ཡུལ་གྱི་འགོ་པ་དང་ལྷན་དུ་སྐད་ཆ་བཤད་ནས་ཉིན་གསུམ་རིང་ཚོགས་པ་འཚོགས། ཉིན་གསུམ་གྱི་རྗེས་ཐོགས་སུ་ཡིག་ཆ་བཟོས་ཀྱང་རྫོང་ཁག་གཅིག་ནས་གཞན་དུ་འགྲོ་འོང་བྱེད་མི་ཆོག་པའི་ཁྲིམས་ནན་པོ་བཟོས་ཟིན་འདུག་ལ་རང་དགོན་ནས་ཀྱང་གནས་སྐབས་ཟླ་བ་གཉིས་ཀྱི་རིང་དགོན་པར་ལོག་མི་ཆོག་པའི་གསལ་བསྒྲགས་བཀྲམས་ཡོད་པ་དྲ་རྒྱའི་ནང་ནས་ཤེས་བྱུང་། ང་ཚོ་མི་བཅུ་ལྷག་ལུང་པ་དེ་ན་ལུས་ནས་ཡམ་བུར་མ་ཐར། རིམ་བཞིན་བདུན་ཕྲག་འགའ་ཞིག་ནས་ཐབས་བྱུས་ཡོད་དགུ་བཏོན་ཏེ་ཁྱིམ་ཚང་ཐག་ཉེ་ན་ཡོད་པའི་གྲོགས་པོ་འགའ་རྐང་ཐང་གིས་རང་གནས་སུ་ལོག་ཐུབ་པ་བྱུང་།

ཁོ་བོའི་ཕ་ཡུལ་ནི་ས་ཆ་དེ་ནས་ལེ་དབར་མང་པོའི་ཕ་རོལ་ན་ཡོད་པས་ཐབས་བྱུས་ཇི་ཙམ་བྱས་ཀྱང་ངལ་བ་དོན་མེད་ལས་སྐྱོད་ཐབས་བྲལ། སླར་ཡང་རང་དགོན་ནས་ཟླ་བ་གཉིས་ཀྱི་རིང་རང་གནས་སུ་སྡོད་དགོས་པའི་གསལ་བསྒྲགས་བཀྲམ་འདུག རང་དགོན་དུ་བཞུགས་ཡོད་པའི་འཛིན་གྲོགས་ཚོས་ཉིན་ཤས་ནས་སློབ་ཚན་དྲ་རྒྱའི་ལམ་ནས་ཁྲིད་ཀྱི་རེད་ཅེས་བརྗོད་བྱུང་། དེའི་རྗེས་ཐོགས་སུ་ཏར་འཕྲིན་ནང་འཛིན་གྲྭ་སོ་སོའི་སྡེ་ཚན་བཟོས་ཏེ་རང་རེའི་སྡེ་ཚན་ནང་དགེ་རྒན་ལགས་ནས་དམ་པའི་ཆོས་མངོན་པ་མཛོད་ཀྱི་དཔེ་ཁྲིད་དབུ་འཛུགས་གནང་བྱུང་། འོན་ཀྱང་ལག་ཏུ་དཔེ་དེབ་མེད་ཅིང་གཞན་ཡུལ་དུ་འཕྱན་པའི་ལྡོམ་བུ་བ་ཁོ་བོས་དཔེ་ཁྲིད་ཉན་ཁུལ་བྱས་མོད། ཁྲིམས་དང་སྒྲིག་ལམ་གྱི་སྐུལ་བརྡ་མེད་པས་སྣང་ལ་མ་ངེས་པའི་ངང་གསེར་སྲང་སྟོང་གིས་ཉོ་ཐབས་བྲལ་བའི་དུས་ཚོད་དེ་ཉིད་ཉིན་རེ་ནས་ཉིན་རེ་ཆུད་ཟོས་སུ་སོང་། སྐབས་དེ་དུས་ཏིང་ཏིང་གི་བརྡ་ནི་ང་ཚོ་སློབ་ཕྲུག་རྣམས་ལ་མེད་ན་ཐབས་ཆག་པ་དང་། ཡོད་ན་དེས་ཆོག་པའི་དངོས་པོ་ཁྱད་པར་ཅན་ཞིག་ཡིན་ཚུལ་སེམས་གཏིང་ནས་ངེས་ཤེས་རྙེད་བྱུང་།

གནས་ཚུལ་དེ་འདྲའི་ངང་ཕལ་ཆེར་ཟླ་བ་བཞི་ལྷག་གྲོགས་པོའི་ནང་དུ་མ་བསྡད་ཀ་མེད་བྱུང་། དེའི་ཚེ་ཁོ་བོས་ཐག་བཅད་པ་ནི་གཞུང་ཕྱོགས་ནས་བཀག་རྒྱ་བཀྲོལ་བ་དང་། རང་ཡུལ་ཕྱོགས་སུ་ཐོན་རྒྱུ་དེ་རེད། རྐྱེན་ངན་གྲོགས་སུ་ཤར་ཞེས་པ་ལྟར་དེར་སྡོད་པའི་རིང་ཡུལ་མིའི་འཚོ་བ་སྐྱེལ་སྟངས་དང་གནམ་གཤིས་འགྱུར་ལྡོག དེ་བཞིན་དུ་བྲག་རི་དང་ནགས་རི། ལྗང་ཐིང་ཐིང་གི་སྤང་ལྗོངས། མགོ་ལྕོག་ལྡེམ་ལྡེམ་གྱི་སྙེ་མ་སོགས་འདྲེན་བྱེད་དབང་པོའི་ཡུལ་དུ་ཡང་ནས་བསྐྱར་དུ་ཤར་བས་སྡེབ་སྦྱོར་དང་། དག་ཆ། བརྗོད་བྱ། སྙན་འཇེབས་བཅས་ཀྱིས་སྟོང་པའི་ཡིག་འབྲུ་ཐར་ཐོར་རེ་རང་དབང་མེད་པར་བྲིས་ནས་ཐལ། ཐོག་མར་འབྲི་འགོ་ཡང་ས་ཆ་དེ་ནས་བརྩམས། གལ་ཏེ་ཁོ་བོ་ཡུལ་ལུང་དེར་མ་ལྷག་ན་བརྡ་དག་སྡེབ་སྦྱོར་གྱིས་ཕོངས་པའི་ཡིག་འབྲུ་འདི་དག་དུས་ད་ལྟ་ཡང་འབྲི་རྒྱུའི་སྐལ་བ་གང་ནས་འཆར་རམ།

གསུམ་པ།

དེ་ནས་གནས་སྐབས་རིང་ནད་ངན་གྱི་འཇིགས་པ་ཅུང་ཟད་ཞི་བ་དང་ཡམ་བུར་ཕྱིན། གཟུགས་པོར་ཏོག་དབྱིབས་ཀྱི་ནད་འབུ་ཡོད་མེད་བརྟགས་ནས། སྤྱི་ཟླ་ ༠༩ ཚེས ༣༠ ཞོགས་པར་བལ་ཡུལ་རྒྱལ་ས་ནས་གནམ་གྲུར་བསྡད་དེ་ juphal ཟེར་བའི་གནམ་ཐང་དུ་འཕུར། དེ་རུ་ཐོན་པ་དང་ཆུ་ཚོད་ཕྱེད་ཀའི་རིང་གླ་འཁོར་ནང་འཛུལ་ནས་ Dunai ཞེས་པའི་ས་ཆར་སླེབས་ཤིང་མཚན་གཅིག་དེར་ངལ་གསོས། སང་ཉིན་སྔ་དྲོར་ངའི་གཅེན་པོས་བཞོན་རྟ་ཞིག་ཁྲིད་ནས་ལེན་དུ་འབྱོར་བྱུང་། ཡུན་རིང་འཕགས་པའི་ཡུལ་གྱི་རྒྱ་ཐང་ན་བསྡད་པའི་རྐྱེན་གྱིས་གུ་དོག་པའི་གྲོང་གསེབ་ཀྱི་གྱེན་ཐུར་ལ་རྐང་ཐང་གིས་བསྐྱོད་པའི་ནུས་པ་མེད་པས་ངུ་སྐད་ཐོག་མ་འབྱིན་སའི་རང་ཡུལ་དུ་རྟ་ལ་བཞོན་ཏེ་འགྲོ་འགོ་བརྩམས། རྒྱ་ལམ་ཀྱག་ཀྱོག་གི་གཡས་གཡོན་ནས་སྔར་ཆུང་དུས་འཇིགས་སུ་རུང་བར་མཐོང་བའི་བྲག་རི་དང་ནགས་ཚལ། ད་དུང་ཆིལ་ཆིལ་དུ་འབབས་པའི་རྦབ་ཆུ། ཤག་ཤག་ཏུ་བཞུར་བཞིན་པའི་དལ་འགྲོ། བྱ་བྱིའུ་འདྲ་མིན་གྱི་འགྱུར་ཁུགས་དག་ད་ལྟའི་དུས་སུ་མིག་གི་མཛེས་རྒྱན་དང་རྣ་བའི་བུ་རམ་དུ་གྱུར་པའི་ཚོར་སྣང་སྐྱེས།

ལན་རེར་ནགས་ཀྱི་ལྗོན་པ་དག་གསེར་ལོས་བཀླུབས་ཤིང་ལོ་ཏོག་སྙེ་མ་མགོ་ལྕོག་ལྡེམ་བཞིན་པའི་དབུས་དང་། སྐབས་རེ་གཙང་པོའི་ངོགས་དང་། མཚམས་རེ་བྲག་རིའི་སྐེད་པ་གཤགས་ནས་རང་ཁྱིམ་དུ་འབྱོར་སྐབས་གནག་སྣུམ་སྐྲ་ལོའི་བར་ན་སྐྲ་དཀར་ཐར་ཐོར་དང་དཔྲལ་བའི་གཞུང་ནས་གཉེར་རིས་བརྩེགས་པ། ད་དུང་བཅོས་མིན་གྱི་འཛུམ་མདངས་སྟོན་གྱིན་བསྒུགས་ནས་ཡོད་པའི་བཀའ་དྲིན་གསབ་ཐབས་བྲལ་བའི་ཨ་མ་ལགས་དང་ནང་མིར་ཐུག་བྱུང་།

ཕྱི་ཉིན་ཆུང་དུས་ཀྱི་གྲོགས་པོ་རྣམས་ཐུག་ཏུ་སླེབས་བྱུང་། དེ་ཚོ་ཕལ་ཆེར་ཕྲུ་གུ་གཉིས་གསུམ་གྱི་ཕ་མར་གྱུར་ཟིན་པ་ཤ་སྟག་རེད། ཁྱིམ་ཚང་བཞི་བཅུ་ཙམ་ཡོད་པའི་ཡུལ་དེར་སྔར་གྱི་རྒན་རྒོན་ཕལ་ཆེར་ལྔ་ལམ་དུ་སོང་ཟིན་འདུག་ལ་དེའི་ཚབ་ཏུ་བྱིས་པ་སྣབས་ཛར་མང་པོ་ཞིག་སློབ་གྲྭར་འགྲོ་མུས་འདུག ནང་མི་སྤུན་མཆེད་དང་ལྷན་དུ་རང་ཡུལ་ནས་ཟླ་བ་བཞི་ལྷག་སྡོད་པའི་རིང་སྔར་རང་ཉིད་གང་དུ་བུད་པའི་གནས་དེར་བརྙན་པར་བླངས། ཡུལ་མི་ཁྱིམ་མཚེས་དང་ཕྲད། མ་བཅོས་རང་བྱུང་ཁམས་ཀྱི་འབྱུང་བཞིས་སྨིན་པའི་ཀུ་ཤུ་དང་ཁམ་བུ། སྟར་ཀ་སོགས་ཤིང་ཏོག་རིགས་མང་པོ་ལོངས་སུ་སྤྱོད་རྒྱུ་བྱུང་། 

དེ་ནས་གློ་བུར་དུ་ཉིན་ཞིག་འཛིན་གྲོགས་ཤིག་གིས་ཡམ་བུ་ནས་ཁ་པར་འབྱོར་ཏེ་དགོན་པའི་ཕྱི་ལ་ལུས་པའི་སློབ་ཕྲུག་རྣམས་ཡིག་རྒྱུགས་གཏོང་འདོད་ན་རྩ་བ་བློ་འཛིན་བྱེད་མི་དགོས་པར་ལོ་འཁོར་ཡིག་རྒྱུགས་ཆེན་མོར་མཉམ་ཞུགས་བྱེད་ཆོག་པ་དང་། དགོན་པར་ལོག་སྐབས་མཐོ་སློབ་འདིའི་དགེ་སྐོས་ཆེན་མོར་འབྲེལ་བ་བྱས་ཏེ་ཐོ་འགོད་དགོས་ཚུལ་བཤད་ཀྱང་། རང་ཉིད་ལོ་དེར་ཡིག་རྒྱུགས་གཏོང་འདོད་དེ་ཙམ་མེད། རྒྱུ་མཚན་ནི་རྩ་བ་བློ་འཛིན་དང་དཔེ་ཀློག་བྱས་མེད་པས་རེད། འོན་ཀྱང་འཛིན་གྲོགས་འགས་ཡིག་རྒྱུགས་གཏོང་ཐུབ་ན་ཡག་པོ་ཡོད་ཚུལ་ལན་གྲངས་མང་པོ་སྨྲས་པ་ལྟར། ཕྱི་ཉིན་ཁང་ཐོག་ནས་མཐོ་སློབ་འདིའི་དགེ་སྐོས་ཆེན་མོར་ཁ་པར་བཏང་སྟེ་མིང་ཐོ་བཀོད། ཁ་བའི་ཟེགས་མས་རི་ལུང་བཏུམས་ཤིང་རླུང་འཚུབ་དྲག་པོས་ལུས་ལ་གཙེ་བའི་སྤྱི་ལོ་ ༢༠༢༢ ཟླ་ ༠༤ ཚེས་ ༠༦ ཉིན་གྱི་ཞོགས་པ་དེར་དམིགས་བསལ་གྲ་སྒྲིག་གང་ཡང་མེད་པར་ནང་མི་དང་སོ་སོར་གྱེས་ཏེ་ཡམ་བུར་སླེབས།

བཞི།

མཐར་ཡམ་བུར་ཡོད་པའི་འཛིན་གྲོགས་འགའ་ཞིག་དང་ལྷན་ཏོག་དབྱིབས་ནད་འབུ་མེད་པའི་དཔང་རྟགས་ཁྱེར་ནས་ ༢༠༢༡/༠༢/༢༧ ཉིན་གནམ་ཐང་ནས་ཐོན་ཏེ་ཕྱི་ཉིན་སྤྱི་ཚེས་ ༢༨ དགོང་མོར་འཕགས་ཡུལ་ལྷོ་ཕྱོགས་༸གྲུབ་དབང་བླ་མའི་ཞིང་ཁམས་སུ་སླེབས། ཚེ་དཔལ་སྟོབས་བསྐྱེད་སྨན་ཁང་ནང་ཟུར་བཀག་ཞག་བཅུ་གསུམ་བསྡད་པའི་རྗེས་སུ། དགོན་པའི་ནང་འཛུལ་ཏེ་ལོ་འཁོར་ཡིག་རྒྱུགས་གཏོང་ཐུབ་པ་བྱུང་། ལོ་དེར་ཡམ་བུར་ཟླ་བ་གཉིས་བསྡད་ནས་རང་དགོན་དུ་ལོག་འདོད་ཡོད་པ་ལས་ཕ་ཡུལ་ན་འགྲོ་རྒྱུའི་འཆར་གཞི་དམིགས་བསལ་གང་ཡང་མེད། འོན་ཀྱང་གོང་སྨོས་ལྟར་རྐྱེན་ངན་གྲོགས་སུ་ཤར་ཏེ་ཕ་ཡུལ་དུ་འབྱོར་ཞིང་ནང་མི་རྣམས་དང་ཕྲད། ད་དུང་གནས་ཆེན་ཁག་མང་པོ་མཇལ། དགོན་པར་ལོག་ནས་ཡིག་རྒྱུགས་ཡང་གཏོང་ཐུབ་པ་བྱུང་།

༢༠༢༢/༥/༡༤

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།