སྤྱི་ལོ་ ༢༠༢༢ ལོའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག

རྩོམ་སྒྲིག་པ།

སྟོན་པའི་འདས་ལོ་ ༢༥༦༦ བོད་རྒྱལ་ལོ་ ༢༡༤༩ རབ་བྱུང་ ༡༧ རབ་གནས་ཆུ་ཕོ་སྟག་སྤྱི་ལོ་ ༢༠༢༢ ལོའི་ཐེག་མཆོག་རྣམ་གྲོལ་བཤད་
སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག

གྲྭ་ཚང་གི་མཛད་རིམ་སྙིང་བསྡུས།

སྤྱི་ལོ་ ༢༠༢༢ ཟླ་བ་ ༠༡ ཚེས་ ༢༤ ཉིན་གཞིས་གྲོང་དང་པོའི་རྒྱ་གར་གཞུང་སྨན་ཁང་བརྒྱུད་ནས་རང་དགོན་གྱི་སྨན་ཁང་ཚེ་དཔལ་སྟོབས་བསྐྱེད་ནང་རང་རེའི་དགེ་འདུན་པ་དང་བཙུན་མ་དགུང་ལོ་ ༦༠ ཡན་ལོན་པ་རྣམས་ལ་ཏོག་དབྱིབས་ནད་ཡམས་སྔོན་འགོག་ཁབ་རིམ་པ་གསུམ་པ་དང་། སྤྱི་ཟླ་ ༠༢ ཚེས་ ༠༡ ཉིན་ལོ་ན་ ༡༥ ནས་ ༡༨ བར་གྱི་རང་དགོན་དགེ་འདུན་པ་དང་བཙུན་མ་རྣམས་ལ་སྔོན་འགོག་ཁབ་རིམ་པ་གཉིས་པ་དེ་བརྒྱབས་ཡོད།
རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་། བྱེ་བྲག་དཔལ་གསང་ཆེན་སྔ་འགྱུར་བའི་བསྟན་པ་ལ་བཀའ་དྲིན་གཞལ་དུ་མེད་པ། གསང་ཆེན་བསྟན་པའི་མངའ་བདག་སྙིང་ཐིག་བསྟན་པའི་སྲོག་ཤིང་༸སྐྱབས་རྗེ་རྡོ་གྲུབ་ཆེན་འཇིགས་མེད་ཐུབ་བསྟན་ཕྲིན་ལས་དཔལ་བཟང་པོ་མཆོག་རབ་གནས་ལྕགས་མོ་གླང་སྤྱི་ལོ་ ༢༠༢༢ ཟླ་ ༠༡ ཚེས་ ༢༩ ཉིན་རང་ཅག་གདུལ་བྱ་སྤྱི་མཐུན་གྱི་ལས་སྐལ་དམན་པའི་དབང་གིས་གང་སྐུའི་འགྲོ་དོན་རེ་ཞིག་རྫོགས་པའི་ཚུལ་བསྟན་ཏེ་དགོངས་པ་ཆོས་དབྱིངས་སུ་གཤེགས་པས། མགོན་པོ་གང་གི་འཁྲུལ་བྲལ་ཡང་སྲིད་མྱུར་དུ་བྱོན་པ་དང་། སློབ་འབངས་རྣམས་ཀྱི་དམ་ཚིག་ཉམས་ཆག་སྡིག་ལྟུང་མ་ལུས་འདག་པའི་སླད། སྤྱི་ཟླ་ ༠༡ ཚེས་ ༣༡ ཉིན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་མཁན་སྤྲུལ་བླ་སློབ་གྲྭ་བཙུན་ཡོངས་ནས་སྨིན་གླིང་རྡོར་སེམས་དང་འབྲེལ་བླ་མ་མཆོད་པའི་སྒོ་ནས་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་འཚོགས།
སྔ་ལོར་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་གནས་མཆོག་རྡོ་རྗེ་གདན་དུ་གསང་ཆེན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༣ པ་སྔར་བཞིན་འཚོག་ཐབས་བྲལ་ནའང་། སྨོན་ལམ་ཆེན་མོའི་རྒྱུན་ལས་ཀྱི་གོ་སྒྲིག་འོག་རྡོར་གདན་ཉེ་འདབས་ཀྱི་རྙིང་མའི་དགོན་པ་ཁག་གི་དགེ་འདུན་བཙུན་མ་རྣམས་ཀྱིས་སྨོན་ལམ་འཚོགས་ཡོད་པ་དང་། གཞན་ཡང་ཕྱོགས་མཐའ་ཁག་ཏུ་ཡོད་པའི་རྙིང་མའི་དགོན་པ་ཡོངས་ནས་སོ་སོའི་དགོན་པའི་ནང་སྨོན་ལམ་འཚོགས་པ་ལྟར། བོད་རྒྱལ་ལོ་ ༢༡༤༨ ཟླ་ ༡༢ བོད་ཚེས་ ༠༨ ནས་ ༡༠ བར་འདི་ག་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུའང་ཉིན་གསུམ་རིང་འཆར་ཅན་གྱི་སྨོན་ལམ་འཇམ་དཔལ་མཚན་བརྗོད་དང་། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་སོགས་གསུངས་ཤིང་། ཉིན་མཐའ་མ་ཚེས་བཅུའི་ཉིན། རིག་འཛིན་འདུས་པའི་ཚོགས་འཁོར་གྱིས་བརྒྱན་ཏེ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༣ པ་མཐའ་ལེགས་པར་གྲུབ།
བོད་ཟླ་ ༡༢ ཚེས་ ༡༨ ཉིན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་མཆོག་དགོངས་པ་གཞི་དབྱིངས་སུ་གཤེགས་ནས་བགྲང་བྱ་ ༦༥༩ འཁོར་བའི་འདས་མཆོད་སྲུང་བརྩི་ཞུས་ཤིང་། སྔར་སྲོལ་ལྟར་འཆད་རྩོད་རྩོམ་གསུམ་གྱི་མཆོད་སྤྲིན་རྒྱ་ཆེར་ཕུལ་བ་དང་ལྷན་དུ། ༸སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་སངས་རྒྱས་པདྨ་བཞད་པ་མཆོག་གློ་བུར་དུ་དགོངས་པ་གཞན་དོན་དུ་གཤེགས་པས་ཀུན་མཁྱེན་ཆེན་པོའི་འདས་མཆོད་དང་བསྟུན་ཏེ་རྣམ་གྲོལ་གླིང་གི་དགེ་འདུན་འདུས་པ་རྒྱ་མཚོ་ནས་གསོལ་འདེབས་སྨོན་ལམ་གསུངས་གནང་མཛད།
སྔར་སྲོལ་བཞིན་བོད་ཀྱི་གནམ་ལོ་གསར་དུ་བཞད་ལ་ཉེ་བའི་སྐབས་དགུ་གཏོར་འཚོག་སྲོལ་ཡོད་པ་ལྟར། བོད་ཟླ་ ༡༢ པའི་ཚེས་ ༢༤ ནས་དབུ་བཙུགས་ཏེ་ཉིན་ལྔའི་རིང་དགེ་འདུན་འདུས་ཚོགས་ནས་རཏ་གླིང་ཕུར་པ་དང་། བཀའ་བརྒྱད། སེང་གདོང་། གུར་དྲག སྙིང་ཐིག་གསོལ་ཁ། གནམ་ཆོས་གསོལ་ཁ་བཅས་ཆོ་ག་ཁག་དྲུག་ཏུ་བགོས་ནས་འཚོགས་ཤིང་། ཉེར་དགུའི་ཉིན་གཏོར་ཟོར་འཕངས་པ་དང་། གནམ་གང་ཉིན་ཚེ་ཆོག་འཆི་བསླུ་འཚོགས།
བོད་ཟླ་ ༡༢ ཚེས་ ༣༠ ཉིན་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་། དུས་ཀྱི་རྒུད་པ་མ་ལུས་ཞི་བ་དང་། སྒོས་སུ་ཕྱོགས་མཐའ་གང་སར་བཞུགས་པའི་རང་དགོན་གྱི་དགེ་སློབ་ཡོངས་ཀྱི་འགལ་རྐྱེན་བར་ཆད་ཞི་ཞིང་། བསམ་དོན་མྱུར་དུ་འགྲུབ་པའི་ཆེད་དུ་དམིགས་ཏེ། གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་དུ། རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག མཁན་སྤྲུལ་བླ་སློབ་དགེ་འདུན་བཙུན་མ་ཡོངས་ནས་རི་བོ་བསང་མཆོད་དང་། དེ་བཞིན་ཚེ་ཆོག་འཆི་བསླུ། གསོལ་ཁ་བཅས་ཚོགས་གནང་མཛད་དེ། བོད་རྒྱལ་ལོ་ ༢༡༤༨ ལོའི་མཛད་རིམ་མཇུག་གྲུབ།
གསང་ཆེན་བསྟན་པའི་མངའ་བདག་༸སྐྱབས་རྗེ་རྡོ་གྲུབ་ཆེན་འཇིགས་མེད་ཐུབ་བསྟན་ཕྲིན་ལས་དཔལ་བཟང་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་བདུད་འཇོམས་སངས་རྒྱས་པདྨ་བཞད་པ་རིན་པོ་ཆེ་རྣམ་གཉིས་རབ་གནས་ལྕགས་མོ་གླང་ལོའི་ནང་དགོངས་པ་རྫོགས་པར་བརྟེན། བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་ཕོ་སྟག་གི་གནམ་ལོ་གསར་ཚེས་ལ། ཐུགས་སྤྲོ་སོགས་ཀྱི་རྒྱས་སྤྲོས་མེད་པར་རྟེན་འབྲེལ་ཙམ་དུ། བོད་ཟླ་ ༠༡ ཚེས་ ༠༡ ཉིན་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་གཙོས་གྲྭ་བཙུན་ཡོངས་འདུ་ཁང་ཆེན་མོའི་ནང་ལྷན་འཛོམས་ཀྱིས་སྔ་དྲོར་སེམས་བསྐྱེད་སྡོམ་ཆོག་དང་གནས་བརྟན་ཕྱག་མཆོད་དང་བཀྲ་ཤིས་ལོ་ལེགས་ཡོང་བའི་སྨོན་ལམ་སོགས་གསུངས་ཤིང་༸སྐྱབས་རྗེ་དམ་པའི་བཞུགས་ཁྲིར་མཇལ་དར་ཕུལ་ནས་སྲུང་བརྩི་སྟབས་བདེ་ཞིག་ཞུས་པ་མ་ཟད།
དམིགས་བསལ་དུ། ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་གཞེས་ནིང་སྤྱི་ལོ་ ༢༠༢༠ སྤྱི་ ༠༣ ཚེས་ ༡༥ ནས་སྤྱི་ལོ་ ༢༠༢༢ ཟླ་ ༠༣ ཚེས་ ༠༢ བར་ཉིན་གྲངས་ ༧༡༨ རིང་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཕྱི་ནང་ཕན་ཚུན་ལ་འགྲོ་བསྐྱོད་མི་ཆོག་པའི་ཐེམ་སྤང་བཀའ་རྒྱ་བསྡམས་ཡོད་ཀྱང་། བོད་ཟླ་ ༠༡ ཚེས་ ༠༡ ཉིན་ནས། ཐེམ་སྤང་བཀག་རྒྱ་བཀྲོལ་ཏེ་དགོན་པའི་སྒོ་ཆེན་ཕྱེ་བ་ལ་བརྟེན་ཉེ་འཁོར་ས་གནས་མི་མང་དང་། ཡུལ་སྐོར་སྤྲོ་འཆམ་པ་རྣམས་དད་གུས་དང་དགའ་སྤྲོའི་ངང་དགོན་པར་མཆོད་མཇལ་དུ་ཡོང་འགོ་བཙུགས།
སྔར་ནས་བོད་ཟླ་ ༠༡ ཚེས་ ༠༨ ནས་ཚེས་ ༡༥ བར་རང་དགོན་དུ་སྒྲུབ་ཆེན་འཚོག་སྲོལ་ཡོད་པ་བཞིན། བོད་ཚེས་ ༠༨ ནས་སྒྲུབ་ཆེན་དབུ་བཙུགས་ཏེ། རཏ་གླིང་ཚེ་སྒྲུབ་གསང་བ་འདུས་པའི་སྒོ་ནས་ཉིན་གྲངས་བརྒྱད་རིང་འཚོགས་ཤིང་། དེའི་ནང་སྔར་བཞིན་གུ་རུའི་གོས་སྐུ་ཆེན་མོ་དང་། ཚེ་ལྷ་རྣམ་གསུམ་གྱི་གོས་སྐུ་མཐོང་གྲོལ་ཆེན་མོ་མཇལ་ཁ་དང་། གུ་རུ་མཚན་བརྒྱད་ཀྱི་གར་འཆམ་སོགས་མཇལ་ཁ་གནང་།
བོད་ཟླ་ ༠༡ ཚེས་ ༡༨ ཉིན་ནས་བོད་ཟླ་ ༠༢ ཚེས་ ༡༨ བར་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་སྔར་བཞིན་ལོ་ལྟར་དཔལ་ཡུལ་ཟླ་ཆོས་སྔོན་རྩ་རྫོགས་གསུམ་དབུ་འཛུགས་གནང་ཞིང་། དེའི་སྐབས་སྔོན་འགྲོའི་ཁྲིད་ཀ་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་། རྩ་རླུང་དང་རྫོགས་ཆེན་གྱི་ཁྲིད་ཀ་མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་ནས་ཁྲིད་གནང་མཛད། མཐར་སྤྱི་ཟླ་ ༠༤ ཚེས་ ༢༠ ཉིན་སྔོན་རྩ་རྫོགས་གསུམ་ཉམས་བཞེས་གནང་མཁན་དགེ་འདུན་བཙུན་མ་ཡོངས་ནས་མཐའ་རྟེན་གནམ་ཆོས་ཚོགས་འཁོར་དང་བཀའ་དྲིན་གཏང་རག་བཅས་བཀྲ་ཤིས་པའི་ངང་མཐའ་གྲུབ་ཡོད།
ཐེངས་འདིའི་སྔོན་འགྲོ་ལ་མཉམ་ཞུགས་གནང་མཁན་དགེ་འདུན་པ་དང་བཙུན་མ་ ༡༥༠ མི་སྐྱ་ཕོ་མོ་ ༨༣ བཅས་ཁྱོན་སྡོམ་མི་གྲངས་ ༢༣༣ དང་། རྩ་རླུང་ལ་མཉམ་ཞུགས་གནང་མཁན་དགེ་འདུན་དང་བཙུན་མ་ ༡༣༨ མི་སྐྱ་ཕོ་མོ་ ༠༤ བཅས་ཁྱོན་སྡོམ་མི་གྲངས་ ༡༤༢ དང་། རྫོགས་ཆེན་ལ་མཉམ་ཞུགས་གནང་མཁན་དགེ་འདུན་དང་བཙུན་མ་ ༡༨༧ མི་སྐྱ་ཕོ་མོ་ ༥༦ བཅས་ཁྱོན་སྡོམ་མི་གྲངས་ ༢༤༣ བཅས་ཁྱོན་སྔོན་རྩ་རྫོགས་གསུམ་ལ་མཉམ་ཞུགས་གནང་མཁན་མི་གྲངས་ ༦༡༨ བྱུང་ཡོད།
སྤྱི་ཟླ་ ༠༥ ཚེས་ ༡༣ ཉིན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་འདུན་འདུས་ཚོགས་ནས་འཛམ་གླིང་མཐའ་གྲུ་ཀུན་གྱི་ནད་མུག་འཁྲུག་རྩོད་ཞི་བའི་ཆེད་དུ་གཙུག་ལག་ཁང་ཆེན་མོའི་ནང་དུ་རི་བོ་བསང་མཆོད་དང་། དེའི་རྗེས་གནོད་སྦྱིན་ཙིའུ་དམར་པོའི་གསོལ་ཁ་འབུམ་ཚར་གཅིག་གསུངས་གནང་མཛད།
སྤྱི་ཟླ་ ༠༥ ཚེས་ ༣༡ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྦེལ་ཀོབ་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་སྐབས། འདི་ག་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཆེད་ཕེབས་གནང་སྟེ་དགེ་འདུན་པ་དང་བཙུན་མ་རྣམས་ལ་གསུང་བཤད་གནང་ཞིང་། རྣམ་གླིང་འདུས་སྤྱིའི་ཚབ་གནང་སྟེ་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་ནས་འཚམས་འདྲིའི་གསུང་བཤད་དང་ཐུགས་རྗེ་ཆེ་ཞུའི་གཟེངས་བསྟོད་གསོལ་རས་བཅས་འབུལ་གནང་མཛད།
སྤྱི་ཟླ་ ༠༦ ཚེས་ ༠༩ ཉིན་གྱི་ཕྱི་དྲོར་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཚོགས་ཆེན་ཁང་དུ་གྲྭ་ཚང་དང་། བཤད་གྲྭ། སློབ་གྲྭ། བཙུན་དགོན་བཅས་ཀྱི་རྒྱུན་ལས་རྣམས་འཛོམས་ནས་དགོན་པའི་ལོ་འཁོར་གཅིག་གི་རྩིས་ཁྲ་གནང་སྟེ། སྤྱི་ཚེས་ ༡༢ ཉིན་གྱི་ཕྱི་དྲོར་འདུ་ཁང་ཆེན་མོའི་འོག་ཐོག་ཏུ་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་སྡེ་ཚན་སོ་སོའི་དངུལ་གཉེར་རྣམ་པས་དགེ་འདུན་བཙུན་མ་ཡོངས་ལ་ལོ་འཁོར་གཅིག་གི་རྩིས་ཁྲ་གསལ་བཤད་གནང་།
བོད་ཟླ་ ༠༣ ཚེས་ ༡༠ ཉིན་ནས་གཙུག་ལག་ཁང་ཆེན་མོའི་འོག་ཐོག་ཚོགས་ཁང་ནང་སྔར་སྲོལ་བཞིན་གནམ་ཆོས་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་དབུ་བཙུགས་པ་དང་། ཉམས་བཞེས་གནང་མཁན་རང་དགོན་གྱི་དགེ་འདུན་པ་ ༣༩ དང་ཕྱི་ཕྱོགས་ནས་ཕེབས་པ་བཙུན་མ་ ༠༢ མི་སྐྱ་ ༤༡ ལྷག་བཅས་ཁྱོན་བསྡོམས་སེར་སྐྱ་ ༨༢ ལྷག་ཙམ་གྱིས་བསགས་སྦྱོང་གནང་བཞིན་ཡོད།
བོད་ཟླ་ ༠༤ ཚེས་ ༠༥ ལ་བཀའ་མའི་སྒྲུབ་མཆོད་ཀྱི་རྩ་འཆམ་མཇལ་ཁ་དང་། བོད་ཚེས་ ༠༩ ཉིན། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་སྔར་སྲོལ་བཞིན་བཀའ་མའི་སྒྲུབ་མཆོད་ཐེངས་ ༥༢ དེ་ཉིད་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་དངོས་གཞི་དབུ་འཛུགས་གནང་ནས་སྒྲུབ་ཁག་སོ་སོར་འཚོགས་ཏེ་སྟོན་མཆོག་ཐུབ་པའི་གོས་ཐང་ཆེན་མོ་དང་། ཁྲོ་འཆམ་མཇལ་ཁ། སྒྲུབ་དབང་། མར་མེའི་སྨོན་ལམ་བཅས་ས་བོད་ཟླ་ ༠༤ ཚེས་ ༡༥ ཉིན་བཀྲ་ཤིས་པའི་ངང་ནས་མཐའ་གྲུབ།
སྤྱི་ལོ་ ༢༠༢༢ ཟླ་ ༠༧ ཚེས་ ༠༢ ཉིན་རྒྱ་གར་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ། Thawar Chand Gehlot (Governor) མཆོག་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་གནས་གཟིགས་སུ་ཕེབས་ཤིང་། དགོན་པའི་ལས་སྣེ་རྣམས་ནས་ཕེབས་སུ་ཞུས། གྲྭ་ཚང་འཆམ་རའི་མདུན་ཐང་དུ་རྒྱ་གར་རྒྱལ་གླུ་བླངས་ཤིང་། རྣམ་གྲོལ་གླིང་དགོན་པའི་ངོས་ནས་གསོལ་ཇ་འདེགས་འབུལ་ཞུས། དགོན་པར་གནས་གཟིགས་མཛད་རྗེས་དགོན་པ་གཞུང་ནས་ཕྱག་རྟགས་བཅས་ཕུལ་གནང་ཡོད།

རིས་མེད་བགྲོ་གླེང་ཐེངས་ལྔ་པ།

སྤྱི་ལོ་ ༢༠༢༢ ཟླ་ ༠༦ ཚེས་ ༡༦ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་གོ་སྒྲིག་འོག ཤེར་ཕྱིན་མངོན་རྟོགས་རྒྱན་དང་། བོན་གཞུང་མངོན་རྟོགས་ལམ་གྱི་རིམ་པའི་རྒྱན་གྱི་ཐོག་ལ་གཞུང་ཆེན་རིས་མེད་བགྲོ་གླེང་ཐེངས་ལྔ་པ་དེ་འཚོགས་ཡོད། ཐེངས་འདིའི་བགྲོ་གླེང་འདིར་ཕྱི་ཕྱོགས་ནས་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག ༣༡ ནས་མཁན་སློབ་དགེ་བཤེས་སོགས་གྲྭ་བཙུན་ ༦༡ གདན་ཞུས་དང་། དེའི་ནང་དངོས་གཞིའི་གསུང་བཤད་པ་མཁས་དབང་ ༡༧ དང་གཞན་ཚོགས་བཅར་བ་དང་། ཟུར་ཉན་པ་བཅས་རིས་མེད་བགྲོ་གླེང་ཐེངས་ལྔ་པ་འདིར་གྲྭ་བཙུན་ཞལ་གྲངས་ ༣༠༠ ལྷག་ལྷན་འཛོམས་གནང་ཡོད།
ཐོག་མའི་དབུ་འབྱེད་མཛད་སྒོ།
དེ་ཡང་ཐོག་མའི་བགྲོ་གླེང་དབུ་འབྱེད་མཛད་སྒོ་དེ་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་ཁང་ཆེ་བའི་ནང་། སྤྱི་ཚེས་ ༡༦ ཉིན་སྔ་དྲོ་ཆུ་ཚོད་ ༠༨:༠༠ ནས་ཆུ་ཚོད་ ༡༠:༠༠ བར་གནང་། མཛད་སྒོར་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་། དཔལ་ལྡན་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་རྣམ་གཉིས་སྐུ་མགྲོན་དུ་ཆེད་ཕེབས་གནང་ཞིང་། གཞན་ཡང་ས་གནས་ཀྱི་མགོ་གཙོ་རྣམ་པ། དགོན་པའི་སྡེ་ཚན་ཁག་གི་རྒྱུན་ལས་རྣམ་པ། བགྲོ་གླེང་གསུང་བཤད་པ་དང་། ཚོགས་བཅར་བ། ཟུར་ཉན་པ་བཅས་ཚང་འཛོམས་ཐོག སྣང་གསལ་མར་མེ་བསྒྲོན་ཏེ་བཀྲ་ཤིས་བརྒྱད་པ་དང་དཀོན་མཆོག་རྗེས་དྲན་གསུངས་གྲུབ་རྗེས། རྣམ་གླིང་འདུས་སྤྱིའི་དྲུང་ཆེ་མཆོག་ནས་ཕེབས་བསུའི་གསུང་བཤད་དང་རང་དགོན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ངོ་སྤྲོད་གནང་། མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་། དཔལ་ལྡན་ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་རྣམ་གཉིས་ནས་བཀའ་སློབ་ལམ་སྟོན་དང་། ཆོས་རིགས་ལས་ཁུངས་ཀྱི་སྐུ་ཚབ་ནས་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ་དབུ་འབྱེད་མཛད་སྒོ་མཐའ་གྲུབ། དེ་ནས་སྐར་མ་བཅོ་ལྔའི་བར་གསེང་ནང་སྔ་འགྱུར་མཐོ་སློབ་ཆེན་མོའི་འདུ་ཁང་རྙིང་པའི་མདུན། བགྲོ་གླེང་འདིར་ཆེད་ཕེབས་གནང་བའི་སྐུ་མགྲོན་རྣམ་པ་དང་། རིས་མེད་ཆོས་རྒྱུད་ཁག་གི་གསུང་བཤད་པ། ཚོགས་བཅར་བ། ཟུར་ཉན་པ་བཅས་ལྷན་བཞུགས་ཀྱི་བརྙན་པར་བསྒྲོན།
བགྲོ་གླེང་དངོས་གཞི།
ཉིན་དེའི་སྔ་དྲོའི་ཆུ་ཚོད་ ༡༠:༡༥ ཐོག་བགྲོ་གླེང་དངོས་གཞི་དབུ་བཙུགས་གནང་། བགྲོ་གླེང་སྐབས་གཙོ་སྐྱོང་པ་དང་། གསུང་བཤད་པ་བཅས་གྲ་སྒྲིག་བྱས་ཡོད་ཅིང་། ཚོགས་ཐེངས་རེ་ལ་དུས་ཡུན་ཆུ་ཚོད་གཅིག་ཡོད་པ་ལས། སྐར་མ་བཅོ་ལྔའི་རིང་གསུང་བཤད་པས་རང་གི་བརྗོད་གཞི་སྒྲོགས་སྦྱང་དང་། སྐར་མ་བཞི་བཅུ་ཞེ་ལྔའི་རིང་བགྲོ་གླེང་དངོས་གཞིའི་དྲི་བ་དྲི་ལན་གནང་།
དེའང་ཉིན་དང་པོའི་སྔ་དྲོའི་ཚོགས་ཐེངས་དང་པོ་ལ། ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་གི་སློབ་དཔོན་དཀོན་མཆོག་རྒྱ་མཚོ་མཆོག་ནས་བརྗོད་གཞི་ «ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་མཆོད་བརྗོད་དང་ཤིང་རྟའི་སྲོལ་འབྱེད་ལ་དཔྱད་པ།» ཞེས་དང་། ཚོགས་ཐུན་གཉིས་པར། བཙུན་དགོན་བྱང་ཆུབ་ཆོས་གླིང་གི་དགེ་བཤེས་མ་བསྟན་འཛིན་སྒྲོལ་དཀར་མཆོག་ནས་ «ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་དགག་བྱའི་ཆོས་ཀྱི་སྐོར།» བཅས་ལ་བགྲོ་གླེང་གནང་ཡོད།
ཉིན་རྒྱབ་ཚོགས་ཐུན་གསུམ་པར། «བཙུན་དགོན་སྒྲོལ་མ་གླིང་གི་དགེ་བཤེས་མ་ཟླ་བ་སྒྲོལ་མ་མཆོག་ནས། ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་མཁྱེན་གསུམ་སྐོར་ལ་དཔྱད་པ།» ཞེས་དང་། ཚོགས་ཐུན་བཞི་པར། རང་དགོན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་སློབ་དཔོན་བསོད་ནམས་དཔལ་ལྡན་མཆོག་ནས་ «ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་མྱང་འདས་དང་ཆོས་འཁོར་གཉིས་ལ་དཔྱད་པ།» བཅས་ལ་བགྲོ་གླེང་གནང་ཡོད།
བགྲོ་གླེང་ཉིན་གཉིས་པ། སྤྱི་ཚེས་ ༡༧ ཉིན་གྱི་སྔ་དྲོའི་ཚོགས་ཐུན་དང་པོར། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་མཁན་པོ་དཔལ་ལྡན་དབང་ཕྱུག་མཆོག་ནས་ «ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་དྲང་ངེས་དང་བཀའ་བསྟན་བཅོས་གཉིས་ཀྱི་ཐོག་ལ་དཔྱད་པ་» ཞེས་དང་། ཚོགས་ཐེངས་གཉིས་པར། སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་བཤེས་ལྷ་རམས་པ་འཆི་མེད་ཚེ་རིང་མཆོག་ནས་ «ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་ཐེག་ཆེན་སེམས་བསྐྱེད་ལ་དཔྱད་པ་» ཞེས་དང་། ཚོགས་ཐེངས་གསུམ་པར། རྫོང་སར་བཤད་གྲྭའི་དགེ་རྒན་རྡོ་རྗེ་ཉི་མ་མཆོག་ནས་ «ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་བདེན་གཉིས་ལ་དཔྱད་པ་» ཞེས་དང་། ཚོགས་ཐེངས་བཞི་པར། རིགས་ལམ་སློབ་གཉེར་ཁང་གི་དགེ་བཤེས་རྒྱལ་མཚན་དབང་འདུས་མཆོག་ནས་ «ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་བདེན་བཞི་ལ་དཔྱད་པ་» ཞེས་པར་བགྲོ་གླེང་གནང་ཡོད།
ཉིན་རྒྱབ་ཚོགས་ཐེངས་ལྔ་པར། ཀིརྟི་བྱེས་པ་གྲྭ་ཚང་གི་བློ་བཟང་དཀོན་མཆོག་དར་རྒྱས་མཆོག་ནས་«ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྐྱབས་གསུམ་གྱི་སྐོར་ལ་དཔྱད་པ།» ཞེས་པ་དང་། ཚོགས་ཐེངས་དྲུག་པར། རང་རེའི་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་སློབ་དཔོན་མ་ཚེ་རིང་ལྷ་མོ་མཆོག་ནས་ «ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་རིགས་ཀྱི་སྐོར་ལ་དཔྱད་པ།» བཅས་པ་བགྲོ་གླེང་གནང་ཡོད།
བགྲོ་གླེང་ཉིན་གསུམ་པ་སྤྱི་ཚེས་ ༡༨ ཉིན་གྱི་སྔ་དྲོའི་ཚོགས་ཐེངས་དང་པོར། ཆོས་སྡེ་བཀྲ་ཤིས་ལྷུན་པོའི་གྲྭ་བསྟན་འཛིན་འོད་འབུམ་མཆོག་ནས་ «ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་མཐར་ཐུག་ཐེག་པ་གསུམ་དུ་འདོད་པའི་ལུགས་དང་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པར་དཔྱད་པ།» ཞེས་དང་། ཚོགས་ཐེངས་གཉིས་པར། ཁམས་པ་སྒར་འབྲུག་མཐོ་སློབ་དྷརྨ་ཀ་རའི་མཁན་པོ་བསོད་ནམས་དབང་རྒྱལ་མཆོག་ནས་ «ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་ཀུན་གཞི་དང་ཉོན་ཡིད་ཀྱི་ཐོག་ལ་དཔྱད་པ།» ཞེས་དང་། ཚོགས་ཐེངས་གསུམ་པར། རུམ་བཏེག་ཀརྨ་ཤྲཱི་ནཱ་ལེནྡྲཱ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་མཁན་པོ་ཀརྨ་ཚེ་བརྟན་མཆོག་ནས་ «ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་མཚན་མཚོན་ལ་དཔྱད་པ།» ཞེས་དང་། ཚོགས་ཐེངས་བཞི་པར། བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་གི་སྐྱོར་དཔོན་མ་ལྷ་ཆོས་དབང་མོ་མཆོག་ནས་«ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་ལ་དཔྱད་པ།» ཞེས་པར་བགྲོ་གླེང་གནང་ཡོད།
བགྲོ་གླེང་ཉིན་བཞི་པ་སྤྱི་ཚེས་ ༡༩ ཉིན་གྱི་སྔ་དྲོའི་ཚོགས་ཐེངས་དང་པོར། བརྩེ་ཆེན་མདོ་སྔགས་ཆོས་གླིང་གི་སློབ་དཔོན་ཀུན་བཟང་དོན་གྲུབ་མཆོག་ནས་ «ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྐུ་གསུམ་ལ་དཔྱད་པ།» ཞེས་དང་། ཚོགས་ཐེངས་གཉིས་པར། དཔལ་གཤེན་བསྟན་སྨན་རི་གླིང་གི་དགེ་བཤེས་སེམས་དཔའ་རྒྱལ་མཚན་མཆོག་ནས་ «ཤེར་ཕྱིན་མངོན་རྟོགས་ལམ་གྱི་རིམ་པའི་རྒྱན་གྱི་སྲིད་པའི་ཁམས་དང་། རྒྱུན་ཁམས། སྣང་ཁམས་གང་རུང་ཞིག་གི་ཐོག་ལ་དཔྱད་པ། ཞེས་དང་། ཚོགས་ཐེངས་གསུམ་པར། ཁྲི་བརྟན་ནོར་བུ་རྩེའི་དགེ་བཤེས་ལུང་རྟོགས་རྒྱ་མཚོ་མཆོག་ནས་ «ཤེར་ཕྱིན་མངོན་རྟོགས་ལམ་གྱི་རིམ་པའི་རྒྱན་གྱི་དབྱིངས་ཀྱི་ཁམས་དང་མཉམ་པའི་ཁམས་གང་རུང་གི་ཐོག་ལ་དཔྱད་པ།» ཞེས་པར་བགྲོ་གླེང་གནང་བ་དང་། དེ་ནས་ཚོགས་བཅར་བ་རྣམས་ཀྱི་རང་མོས་ཐོག་དམ་བཅའ་བ་སུ་ལའང་དྲི་བ་འགོད་ཆོག་པའི་སྤྱི་ཡོངས་ཀྱི་བགྲོ་གླེང་གནང་།
མཇུག་སྡོམ་མཛད་སྒོ།
སྤྱི་ཚེས་ ༡༩ ཉིན་རྒྱབ་མཇུག་སྡོམ་མཛད་སྒོར། མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། རྣམ་གྲོལ་གླིང་གི་སྡེ་ཚན་ཁག་གི་རྒྱུན་ལས་ལྷན་འཛོམས་ཐོག གསུང་བཤད་པ་དང་། ཚོགས་བཅར་བ་གྲྭ་བཙུན་གཉིས་རེ་ཡིས་བགྲོ་གླེང་སྐབས་ཀྱི་སོ་སོའི་མྱོང་ཚོར་གྱི་གསུང་བཤད་དང་། མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་ནས་བགྲོ་གླེང་དུ་ཕེབས་པའི་གསུང་བཤད་པ་དང་། མཐུན་འགྱུར་རམ་འདེགས་གནང་མཁན་ལས་བྱེད་རྣམ་པར་རྣམ་གྲོལ་གླིང་དགོན་པའི་ངོས་ནས་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་བསྩལ་གནང་བ་དང་། བཤད་གྲྭའི་ཚོགས་གཙོ་མཁན་རིན་པོ་ཆེ་ངག་དབང་བསམ་གཏན་མཆོག་ནས་མཇུག་བསྡོམས་གསུང་བཤད་དང་། ཆོས་རིག་ལས་ཁུངས་ཀྱི་སྐུ་ཚབ་ནས་ཐུགས་རྗེ་ཆེ་ཞུས་རྗེས། མཐར་བསྟན་བཅོས་མངོན་རྟོགས་རྒྱན་དང་སྨོན་ལམ་གསུངས་གནང་སྟེ་རིས་མེད་བགྲོ་གླེང་ཐེངས་ལྔ་པ་མཇུག་ལེགས་པར་གྲུབ།

སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་སྙིང་བསྡུས།

གཞེས་ནིང་སྤྱི་ལོ་ ༢༠༢༠ ཡི་ལོ་འགོར་མཁན་ཆེན་རྣམ་གྲོལ་ཚེ་རིང་མཆོག་གིས་ལོ་རིམ་བཞི་པ་ཡན་གྱི་གྲྭ་བཙུན་དང་། མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ལ་མཁན་ཆེན་«ཡོན་ཏན་རྒྱ་མཚོས་མཛད་པའི་ཡོན་ཏན་མཛོད་»ཀྱི་འགྲེལ་པ་ཟབ་དོན་སྣང་བྱེད་ཉི་མའི་འོད་ཟེར་གྱི་ཐོག་ནས་རྫོགས་ཆེན་གྱི་བཤད་ཁྲིད་བསྩལ་ཀྱང་ནད་ཡམས་ཀྱི་རྐྱེན་པས་མཇུག་མ་གྲུབ་པར་རེ་ཞིག་མཚམས་འཇོག་གནང་དགོས་བྱུང་ཡང་། ད་ལན་སླར་ཡང་མཐོ་སློབ་ཆེན་མོའི་རྒྱུན་ལས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁན་སློབ་དང་། བཀའ་ཁྲིད་ཞུ་འདོད་ཡོད་པའི་གྲྭ་བཙུན་དད་ལྡན་ཡོངས་ལ། སྔར་གྱི་ལྷག་འཕྲོ་རྫོགས་ཆེན་གྱི་ལམ་དང་འབྲས་བུའི་སྐོར་དེ་སྤྱི་ལོ་ ༢༠༢༢ ཟླ་བ་ ༠༣ ཚེས་ ༢༢ རབ་གནས་ཆུ་ཕོ་སྟག་ལོའི་མཆུ་ཟླ་བའི་ཚེས་ ༡༩ ནས་འགོ་བརྩམས་ཏེ་དབོ་ཟླ་བའི་ཚེས་ ༡༥ བར་ཉིན་གྲངས་ཉི་ཤུ་རྩ་དྲུག་གི་རིང་། ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་མཆེད་ལྕམ་དམ་ཚིག་གཙང་ཞིང་ལས་དང་སྨོན་ལམ་གཅིག་ཏུ་མཐུན་པའི་ཆོས་ཞུ་བ་ཡོངས་རྫོགས་ཚོགས་ཁང་དུ་ལྷན་འཛོམས་ཀྱིས་བརྗོད་མེད་དོན་གྱི་བཤགས་པ་གསུངས་ཤིང་ཡི་གེ་བརྒྱ་པ་གསོག་སྒྲུབ་མཛད།
དེ་ནས་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པས་སྣེ་དྲངས་ཏེ། ཡན་ལག་བདུན་པ། སེམས་བསྐྱེད་སྡོམ་ཆོག་གི་སྐྱབས་སེམས། དབང་སྡུད་གསོལ་འདེབས། ཚིག་བདུན་གསོལ་འདེབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས། གང་བློ་མ་བཅས་དལ་འདོན་གནང་སྟེ། དཔེ་ཁྲིད་དངོས་གཞི་གནང་ཞིང་། རང་བཞིན་རྫོགས་པ་ཆེན་པོའི་ལམ་ཐུན་མོང་མ་ཡིན་པ་བསྟན་པའི་ཚོམས་དང་། མཐར་ཕྱིན་འབྲས་བུ་སྐུ་དང་ཡེ་ཤེས་བསྟན་པའི་ཚོམས་ཀྱི་དཔེ་ཁྲིད། གཞིའི་བཞུགས་ཚུལ་བསྟན་པའི་ཚོམས་ཀྱི་ལྗགས་ལུང་བཅས་བསྩལ་གནང་མཛད། བཀའ་ཁྲིད་མཐའ་མ་བོད་ཚེས་ ༡༥ ཉིན་གྱི་སྔ་དྲོ་ཚོགས་ཐུན་གཉིས་ལ་རིག་འཛིན་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ཤིང་ཚོགས་ཀྱི་འཁོར་ལོ་བསྐོར། ཕྱི་དྲོའི་ཆར་མཁན་ཆེན་མཆོག་ལ་བརྟན་བཞུགས་འདེགས་འབུལ་དང་འབྲེལ་ཡོན་ཏན་མཛོད་རྫོགས་ཆེན་སྐོར་གྱི་བཀའ་ཁྲིད་མཇུག་ལེགས་པར་གྲུབ།
བོད་ཟླ་ ༠༢ ཚེས་ ༠༣ ཉིན་སྔར་སྲོལ་ལྟར་སྔ་འགྱུར་མཐོ་སློབ་ཆེན་མོའི་དགུན་ཁའི་གུང་སེང་རྫོགས་ནས་སླར་ཡང་དབུ་འཛུགས་གནང་ཡོད་པ་དང་། ཉིན་དེའི་སྔ་དྲོའི་ཆར་སྤྱི་ལོ་ ༢༠༢༢ ལོར་སྔ་འགྱུར་མཐོ་སློབ་ཆེན་མོར་གསར་ཞུགས་གནང་མཁན་སློབ་གཉེར་བ་ཡོངས་ནས་ངག་རྒྱུགས་ཕུལ་ཞིང་། དགོང་མོའི་ཆར་སློབ་གཉེར་བ་ཚང་འཛོམས་ཐོག་བཀྲ་ཤིས་བརྒྱད་པ་དང་འབྲེལ་རྟེན་འབྲེལ་གནང་གྲུབ་རྗེས། སློབ་གཉེར་བ་རྣམ་པས་གུང་སེང་རྫོགས་ནས་དགོན་པར་སླེབས་པའི་འབྱོར་ཐོ་བཀོད།
ཕྱི་ཉིན་བོད་ཚེས་ ༠༤ ཉིན་སྔ་འགྱུར་མཐོ་སློབ་ཆེན་མོའི་གསར་ཞུགས་སློབ་གཉེར་བ་ཡོངས་ནས་འབྲི་རྒྱུགས་བཏང་ཡོད། དེའང་སྔོན་འགྲོ་འཛིན་གྲྭར་གསར་ཞུགས་སློབ་གཉེར་བ་ ༡༢༦ དང་། ལོ་རིམ་དང་པོར་ཐད་ཀར་གསར་ཞུགས་གནང་མཁན་སློབ་གཉེར་བ་གྲངས་ ༠༣ བཅས་ལོ་འདིར་མཐོ་སློབ་ཆེན་མོར་གསར་ཞུགས་ཁྱོན་སྡོམ་སློབ་གཉེར་བ་ ༡༢༩ ཕེབས་ཡོད།
བོད་ཟླ་ ༠༢ ཚེས་ ༠༨ ཉིན་རྣམ་གླིང་དབུ་འཛིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། མཁན་ཆེན་རྣམ་གྲོལ་ཚེ་རིང་། མཁན་ཆེན་ཚེ་དབང་རྒྱ་མཚོ་བཅས་དབུ་བཞུགས་ཐོག་སྤྱི་ལོ་ ༢༠༢༡ ལོའི་སྔ་འགྱུར་མཐོ་སློབ་ཆེན་མོ་དང་བཙུན་དགོན་བཤད་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་གནང་། སྔར་བཞིན་རྩེ་ཕུད་སོན་པའི་སློབ་གཉེར་བ་རྣམས་ལ་བྱ་དགའ་དང་། གོང་བཞུགས་རྣམ་གླིང་དབུ་འཛིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། མཁན་ཆེན་རྣམ་པས་བཀའ་སློབ་ལམ་སྟོན་གནང་ཡོད།
ཉིན་དེའི་ཉིན་རྒྱབ་དམིགས་བསལ་ཞིག་ལ། མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། མཁན་ཆེན་རྣམ་གྲོལ་ཚེ་རིང་། མཁན་ཆེན་ཚེ་དབང་རྒྱ་མཚོ་བཅས་དབུ་བཞུགས་ཐོག་སྤྱི་ལོ་ ༢༠༢༢ ལོར་སྔ་འགྱུར་མཐོ་སློབ་ཆེན་མོ་དང་། བཙུན་དགོན་བཤད་གྲྭ་གཉིས་ཀྱི་བསླབ་པ་མཐར་སོན་པའི་སློབ་གཉེར་བ་ཡོངས་ནས་༸སྐྱབས་རྗེ་བདེ་བར་གཤེགས་པ་གྲུབ་དབང་ཡིད་བཞིན་ནོར་བུའི་སྐུ་གདུང་མཆོད་རྟེན་རིན་པོ་ཆེའི་མདུན་དུ། སྔ་འགྱུར་མཐོ་སློབ་ཆེན་མོའི་སྒྲིག་གཞི་རྩ་ཁྲིམས་ཆེན་མོར་གསལ་བ་ལྟར། རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་དང་རང་ཉིད་ཞི་བདེའི་རྩ་བ་གཞན་གནོད་རྩད་ནས་སྤོང་བའི་གཞན་ཕན་གྱི་ལམ་བཟང་ལ་གནས་ཤིང་། གཞན་དག་ལ་ཞི་བདེའི་ལམ་སྟོན་ཇི་སྲིད་འཚོ་བའི་བར་བྱེད་ངེས་ཀྱི་དམ་འབུལ་ཞུས་ཡོད། སྤྱི་ལོ་ ༢༠༢༢ ལོར་སྔ་འགྱུར་མཐོ་སློབ་ཆེན་མོ་ནས་བསླབ་པ་མཐར་སོན་པའི་སློབ་དཔོན་གྲངས་ ༦༣ དང་། བཙུན་དགོན་བཤད་གྲྭ་ནས་བསླབ་པ་མཐར་སོན་པའི་སློབ་དཔོན་མ་གྲངས་ ༡༤ བྱུང་ཡོད།
སྤྱི་ཟླ་ ༠༤ ཚེས་ ༡༧ ཉིན་གྱི་ཕྱི་དྲོའི་ཆར་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཆེས་མཐོའི་འགན་འཛིན་ལྷན་ཚོགས་དབུས་པའི་སྡེ་ཚན་ཁག་གི་རྒྱུན་ལས། བཤད་གྲྭ་ཁག་གཉིས་ཀྱི་དཔེ་ཁྲིད་དགེ་རྒན། སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གི་ཞིབ་འཇུག་པ་བཅས་ལྷན་འཛོམས་ཐོག་སྔ་འགྱུར་རྙིང་མའི་ཞིབ་འཇུག་དེབ་ཕྲེང་། «ཆོས་བཟང་རིགས་པའི་རྣམ་དཔྱོད།» «ཞང་ཡེ་ཤེས་སྡེའི་ལྟ་བའི་ཁྱད་པར་ལ་དཔྱད་པ།» «བོད་ཀྱི་ཚད་གཞུང་ཐོག་མ།» བཅས་ཀྱི་དཔེ་དེབ་དབུ་འབྱེད་མཛད་སྒོ་གནང་ཡོད།
སྔར་རྒྱུན་བཞིན་བོད་ཟླ་ ༠༢ པའི་ཚེས་ ༢༥ ཉིན་གྱི་སྔ་དྲོའི་ཆར་སྔ་འགྱུར་མཐོ་སློབ་ཆེན་མོའི་དཔེ་ཁྲིད་དངོས་གཞི་དབུ་བཙུགས།
སྤྱི་ཟླ་ ༠༤ ཚེས་ ༢༩ ཉིན་སྔ་དྲོའི་ཆར་སྔ་འགྱུར་མཐོ་སློབ་ཆེན་མོའི་གཙུག་ལག་ཁང་མདུན་དུ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་སྡེ་ཚན་ཁག་གི་རྒྱུན་ལས་ལྷན་རྒྱས་དང་། སྔ་འགྱུར་མཐོ་སློབ་ཆེན་མོའི་དགེ་སློབ་ལྷན་དུ་འཛོམས་ནས་འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་གོས་སྐུ་གསར་པ་ལ་རབ་གནས་གནང་།
སྤྱི་ཟླ་ ༠༥ ཚེས་ ༠༢ དགོང་མོར་སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་ཚོགས་ཁང་ནང་། སྤྱི་ལོ་ ༢༠༢༡ དང་། ༢༠༢༢ ལོའི་མཐོ་སློབ་ཆེན་མོའི་རྒྱུན་ལས་རྣམ་པ་དབུས་པའི་མཁན་སློབ་དགེ་བའི་བཤེས་གཉེན་ཚང་འཛོམས་ཐོག་སྤྱི་ལོ་ ༢༠༢༡ ལོའི་སྔ་འགྱུར་མཐོ་སློབ་ཆེན་མོའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པས་སྡེ་ཚན་སོ་སོའི་བྱུང་སོང་གི་རྩིས་ཁྲ་གསལ་བཤད་དང་འགན་འཛིན་གསར་རྙིང་བར་རྩིས་སྤྲོད་རྩིས་ལེན་གནང་།
ཕྱི་ཉིན་སྤྱི་ཟླ་ ༠༥ ཚེས་ ༠༣ དགོང་མོར་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་ཁང་ཆེ་བའི་ནང་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དང་སློབ་གཉེར་ཚང་འཛོམས་ཐོག་སྔར་སྲོལ་བཞིན་དངུལ་གཉེར་མཆོག་ནས་འདུས་མང་ཡོངས་ལ་ལོ་འཁོར་མོ་གཅིག་གི་རྩིས་ཁྲ་ཡོངས་སྡོམ་སྙན་སྒྲོན་ཞུས་པ་དང་། ལས་བྱེད་རྙིང་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་ཁ་དར་དང་། ལས་བྱེད་གསར་སྐོས་རྣམས་ལ་རྟེན་འབྲེལ་གྱི་མཇལ་དར་ཕུལ་ཞིང་། རྒྱུན་ལས་རྙིང་པ་རྣམས་ཀྱིས་ཉམས་མྱོང་དང་འབྲེལ་བའི་ལས་སྡོམ་གྱི་བཀའ་སློབ་གནང་། སྤྱི་ཚེས་ ༠༤ ཉིན་གྱི་དགོང་མོར་མཐོ་སློབ་ཆེན་མོའི་དགེ་སློབ་ཚང་འཛོམས་ཐོག་རྒྱུན་ལས་གསར་པ་རྣམ་པས་སྔར་སྲོལ་བཞིན་སྒྲིག་གཞི་རྩ་ཁྲིམས་ཆེན་མོ་སྙན་སྒྲོན་དང་ལས་འཆར་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་།
སྤྱི་ལོ་ ༢༠༢༢ ལོར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་རྒྱ་གར་ནང་གི་དགོན་སྡེ་ཁག་ལ་དགེ་རྒན་མཁན་སློབ་ ༡༠༨ དང་། བལ་ཡུལ་ནང་ ༡༤༡ འབྲུག་ནང་ ༩༥ བོད་དུ་ ༠༡ ཨུ་རུ་སུ་ལ་ ༠༡ དང་དེ་བཞིན་ཕྱི་ཕྱོགས་སུ་་བཙུན་དགོན་གྱི་སློབ་དཔོན་མ་ཞལ་གྲངས་ ༥༠ ལྷག་ཕེབས་པ་བཅས་ཕྱོགས་མཐའ་ཁག་ཏུ་མཁན་སློབ་ ༣༩༦ ཙམ་དགེ་རྒན་དུ་ཕེབས་ཡོད་ཅིང་། རྣམ་གྲོལ་གླིང་རང་དགོན་དུ་འཛིན་སྐྱོང་གནང་མཁན་ལས་སྔ་འགྱུར་མཐོ་སློབ་ཆེན་མོ་རང་ལ་འཛིན་སྐྱོང་དང་དཔེ་ཁྲིད་གཅིག་ལྕོགས་གནང་མཁན་མཁན་སློབ་ ༣༢ བཤད་གྲྭའི་སྡེ་ཚན་ཁག་གི་འགན་འཛིན་སློབ་དཔོན་ ༢༣ རྒྱལ་ཡོངས་རྙིང་མའི་ཚིག་མཛོད་རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་མཁན་སློབ་དཔོན་ ༡༢ གྲྭ་ཚང་ནང་འཛིན་སྐྱོང་གནང་མཁན་མཁན་སློབ་ ༡༦ རྣམ་གླིང་གཞི་རིམ་སློབ་གྲྭ་རུ་འཛིན་སྐྱོང་དང་དཔེ་ཁྲིད་གཅིག་ལྕོགས་གནང་མཁན་མཁན་སློབ་ ༤༡ བཙུན་དགོན་དུ་མཁན་སློབ་ ༠༧ སློབ་དཔོན་མ་ ༡༧ བཅས་ད་ལོའི་ལོ་གཅིག་གི་རིང་རྣམ་གྲོལ་གླིང་རང་དུ་མཁན་སློབ་གྲངས་ ༡༤༨ ལྷག་ཙམ་གྱིས་འཛིན་སྐྱོང་གནང་བཞིན་ཡོད།
སྔར་བཞིན་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོའི་འདས་མཆོད་དངོས་གཞི་མ་འཚོགས་པའི་ཉིན་གཅིག་གི་སྔོན་གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་གི་ནང་མགོན་པོ་གང་ཉིད་ཀྱི་སྐུ་ཐང་མཐོང་གྲོལ་ཆེན་མོ་སྒྲིག་གཤོམ་སྟོན་དང་མཆོད་པ་རྒྱས་སྤྲོས་ཐོག་ཕྱི་དྲོར་ཆུ་ཚོད་ ༠༣ པར་མགོན་པོ་གང་གི་གསུང་འབུམ་དང་སྐུ་བརྙན་སོགས་སེར་སྦྲེངས་ཀྱིས་སྣེ་དྲངས་ཏེ་བཤད་གྲྭའི་འདུ་ཁང་རྙིང་པ་ནས་གཙུག་ལག་ཁང་ཆེན་མོར་གདན་དྲངས་ཏེ་དགེ་སློབ་འདུས་མང་བཞུགས་གྲལ་དུ་འཁོད་རྗེས་མགོན་པོ་གང་ཉིད་ཀྱིས་མཛད་པའི་ངེས་ཤེས་སྒྲོན་མེ་ཞལ་འདོན་གནང་།
བོད་ཟླ་ ༠༤ ཚེས་ ༢༩ ཉིན་མགོན་པོ་གང་ཉིད་ཞིང་ལ་གཤེགས་ནས་མི་ལོ་བརྒྱ་དང་བཅུ་འཁོར་བའི་འདས་མཆོད་དངོས་གཞིའི་ཉིན། སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་རིན་པོ་ཆེ་ངག་དབང་བསམ་གཏན་མཆོག་གིས་དབུས། མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དང་། དགེ་འདུན་འདུས་པ་རྒྱ་མཚོ་རྣམས་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་མོར་ལྷན་འཛོམས་ཐོག་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ཏེ་ཚོགས་འཁོར་རྒྱས་པར་བསྐོར་བ་དང་། གསོལ་ཇའི་བར་གསེང་དང་དགོང་མོ་ཆུ་ཚོད་བདུན་པ་ནས་སློབ་གཉེར་བ་རྣམས་ཀྱིས་ཆོས་བཤད་དང་བརྒལ་བརྟག་གིས་རྩོད་པ་བཅས་ཀྱི་མཆོད་སྤྲིན་རྒྱ་ཆེར་སྤྲོས་ཏེ། མཐར་བསྔོ་སྨོན་དང་བཀྲ་ཤིས་པའི་ཚིག་གིས་ཤིས་པར་བརྗོད་པས་མཐའ་ལེགས་པར་གྲུབ།

རྣམ་གླིང་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག

བོད་རྒྱལ་ལོ་ ༢༡༤༩ རབ་གནས་ཆུ་ཕོ་སྟག་ལོའི་བོད་ཟླ་ ༠༢ ཚེས་ ༠༣ ཉིན་སློབ་གྲྭའི་ཟླ་བ་གཉིས་ཀྱི་གུང་སེང་རྫོགས་ནས་སླར་ཡང་དབུ་ཚུགས། བོད་ཟླ་ ༠༢ ཚེས་ ༠༧ ཉིན་དགོང་མོར་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་སྤྱི་ལོ་ ༢༠༢༡ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་གནང་བ་དང་འབྲེལ་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། མཁན་ཆེན་རྣམ་གྲོལ་ཚེ་རིང་མཆོག མཁན་ཆེན་ཚེ་དབང་རྒྱ་མཚོ་བཅས་ཀྱིས་གཞི་རིམ་སློབ་གྲྭའི་འཛིན་གྲྭ་བརྒྱད་པ་མཐར་སོན་པའི་སློབ་གཉེར་བ་རྣམས་ལ་ཕྱག་ཁྱེར་གནང་བ་དང། གཞན་ཡང་འཛིན་གྲྭ་བདུན་པ་མན་ཆད་ཀྱི་ཡིག་རྒྱུགས་ཨང་དང་པོ་དང་། གཉིས་པ། གསུམ་པ། དེ་བཞིན་འཛིན་གྲྭ་བཞི་པ་ཡན་ཆད་ཀྱི་ཆོ་ག་ཕྱག་ལེན་གྱི་ཨང་དང་པོ་གཉིས་པ་གསུམ་པ་བཅས་དང་། བློ་རྒྱུགས་ལྡེབ་གྲངས་ལྔ་བཅུ་ཡན་ཆད་འབུལ་མཁན་རྣམས་ལ་གསོལ་རས་བསྩལ་ཅིང་བཀའ་སློབ་ལམ་སྟོན་གནང་ཡོད། ལོ་འདིར་སློབ་གྲྭའི་འཛིན་གྲྭ་བརྒྱད་པ་མཐར་ཕྱིན་པའི་སློབ་གཉེར་བ་ ༤༨ དང་། ཀ་ཁ་འཛིན་གྲྭར་གསར་དུ་ཞུགས་པའི་སློབ་གཉེར་བ་ ༡༥༦ བཅས་ཁྱོན་སྡོམ་ད་ལོའི་ཆར་གཞི་རིམ་སློབ་གྲྭར་སློབ་ཕྲུག་ ༨༢༥ ཡིས་སློབ་སྦྱོང་གནང་བཞིན་ཡོད། སྤྱི་ཟླ་ ༠༥ ཚེས་ ༠༢ ཉིན་རྒྱུན་ལས་གསར་རྙིང་དབུ་བཞུགས་ཐོག་རྣམ་གླིང་སློབ་གྲྭའི་རྒྱུན་ལས་དང་སྡེ་ཚན་ཁག་གི་འགན་འཛིན། དེ་བཞིན་དུ་སློབ་ཕྲུག་ལས་བྱེད་རྙིང་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་གསོལ་རས་དང་། གསར་པ་རྣམས་ལ་རྟེན་འབྲེལ་མཚོན་ཆེད་ཁ་བཏགས་ཕུལ་ཞིང་། རྒྱུན་ལས་རྙིང་པ་རྣམས་ཀྱིས་ལོ་གཅིག་གི་ཉམས་མྱོང་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་སྟེ། ལས་བྱེད་གསར་རྙིང་འཕོ་ལེན་གནང་ཡོད། ད་ལོར་དམིགས་བསལ་བོད་ཟླ་ ༠༣ ཚེས་ ༢༨ དང་ ༢༩ ཉིན་གཉིས་ཀྱི་རིང་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་སྤྱིའི་ཞབས་རིམ་གྱི་ཆེད་དུ་དམིགས་ཏེ་བླ་མ་བསོད་ནམས་རྒྱ་མཚོ་གཙོས་པའི་མཁན་སློབ་རྣམ་པ་དང་འཛིན་གྲྭ་གསུམ་པ་ཡན་གྱི་སློབ་ཕྲུག་རྣམས་ཀྱིས་ཉིན་དང་པོར་གསོལ་ཁ། ཉིན་གཉིས་པར་ཕུར་བཟློག་འཚོགས་ཡོད། སྐབས་དེར་ཀ་ཁ་འཛིན་གྲྭ་ནས་འཛིན་གྲྭ་གཉིས་པའི་བར་གྱི་སློབ་ཕྲུག་རྣམས་ཀྱིས་སོ་སོའི་འཛིན་ཁང་དུ་ཚིག་བདུན་གསོལ་འདེབས་དང་བར་བསམ་སྒྲོལ་གསུམ་སོགས་བསགས་གནང་ཡོད།
ད་ལོའི་ཆར་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་འཛིན་སྐྱོང་གནང་མཁན་རྒྱུན་ལས་གཙོས་པའི་མཁན་སློབ་གྲངས་ ༤༡ དང་། སྔ་འགྱུར་མཐོ་སློབ་ཆེན་མོ་ནས་དབྱིན་ཡིག་དགེ་རྒན། ཀློག་དགེ་རྒན། ཆོ་ག་ཕྱག་ལེན་གྱི་དགེ་རྒན་བཅས་སློབ་གཉེར་བ་གྲངས་ ༣༨ ཙམ་ཕེབས་ཡོད། ཁྱོན་སྡོམ་འདི་ལོར་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་དུ་དགེ་རྒན་ ༧༨ ཡིས་ཐུགས་ཁུར་ཆེར་བཞེས་ཀྱིས་ཡི་གེ་འབྲི་ཀློག་ནས་བཟུང་སུམ་རྟགས་དག་གསུམ། རྒྱལ་རབས་ཆོས་འབྱུང་། བཤེས་སྤྲིངས་དང་རྒྱལ་སྲས་ལག་ལེན། བློ་རིགས་དང་རྟགས་རིགས། སྐད་ཡིག་སློབ་དེབ། དབྱིིན་ཇི་དང་ཨང་རྩིས། དབུ་མཛད་དང་གཏོར་རྒྱན་སོགས་ཆོ་ག་ཕྱག་ལེན་དང་བཅས་རིག་པའི་གནས་རྣམས་ལ་སློབ་སྟོན་གནང་མུས་ཡིན། གཞི་རིམ་སློབ་གྲྭའི་སློབ་ཕྲུག་ཡོངས་རྫོགས་ཀྱིས་ལོ་འཁོར་མོ་གཅིག་གི་རིང་ལ་བོད་ཡིག་ཟླ་རྒྱུགས་ཐེངས་བཞི་དང་། དབྱིན་ཡིག་ཟླ་རྒྱུགས་ཐེངས་གཉིས། དེ་བཞིན་བོད་ཀྱི་སྐད་རིགས་ཉུང་མཐར་ཡང་རྒྱུགས་ཐེངས་གཉིས་རེ་གཏོང་སྲོལ་ཡོད་པ་བཞིན། ད་ལོའི་ཆར་ཡང་བོད་ཟླ་ ༠༤ ཚེས་ ༠༢ ཉིན་ཀ་ཁ་འཛིན་གྲྭ་ནས་འཛིན་གྲྭ་བརྒྱད་པའི་བར་སློབ་ཕྲུག་རྣམ་པས་ཟླ་དྲུག་སྔ་མའི་བོད་ཡིག་ཟླ་རྒྱུགས་ཐེངས་དང་པོ་དེ་བཏང་གནང་ཡོད། དེ་བཞིན་བོད་ཟླ་ ༠༤ ཚེས་ ༡༠ ཉིན་འཛིན་གྲྭ་གསུམ་པ་མན་ཆད་ཀྱི་སློབ་གཉེར་བ་རྣམ་པས་ཟླ་དྲུག་སྔ་མའི་ཨང་རྩིས་ཡིག་རྒྱུགས་ཐེངས་དང་པོ་དེ་བཏང་། བོད་ཟླ་ ༠༥ ཚེས་ ༠༢ ནས་ ༠༤ བར་ཉིན་གསུམ་གྱི་རིང་བོད་ཀྱི་སྐད་རིགས་རྒྱུགས་ཐེངས་དང་པོ་བཏང་། བོད་ཟླ་ ༠༥ ཚེས་ ༠༧ ཉིན་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་དགུང་ལོ་ ༨༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་སྟབས་བསྟུན་ནས་འདི་གར་རྣམ་གླིང་གཞི་རིམ་སློབ་གྲྭའི་ནོར་བུ་ཚོང་ཁང་གསར་པ་ལེགས་གྲུབ་བྱུང་སྟེ་སྒོ་འབྱེད་མཛད་སྒོ་འཚོགས་ཡོད། བོད་ཟླ་ ༠༥ ཚེས་ ༣༠ ཉིན་སློབ་ཕྲུག་ཡོངས་ནས་ཟླ་དྲུག་སྔ་མའི་བོད་ཡིག་ཟླ་རྒྱུགས་ཐེངས་གཉིས་པ་བཏང་། བོད་ཟླ་ ༠༦ ཚེས་ ༠༧ ཉིན་འཛིན་གྲྭ་འོག་མ་རྣམས་ཀྱིས་ཨང་རྩིས་དང་གོང་མ་རྣམས་ཀྱིས་དབྱིན་ཇིའི་ཟླ་རྒྱུགས་བཏང་། བོད་ཟླ་ ༠༦ ཚེས་ ༡༣ ཉིན་ཟླ་དྲུག་སྔ་མའི་དཔེ་ཁྲིད་མཚམས་འཇོག་གནང་སྟེ་དགེ་སློབ་ཡོངས་རྫོགས་ཉིན་གསུམ་གྱི་རིང་གུང་སེང་ལ་རོལ་བ་བཅས་སོ།།

བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག་ལས།

བཙུན་དགོན་སྤྱི་ཡི་ཟླ་དྲུག་སྔ་མའི་མཛད་རིམ་སྙིང་བསྡུས།
བོད་ཟླ་ ༠༡ མཆུ་ཟླ་བའི་ཚེས་ ༠༡ ཆུ་ཕོ་སྟག་ལོ་སྤྱི་ལོ་ ༢༠༢༢ ཟླ་ ༠༣ ཚེས་ ༠༣ གནམ་ལོ་གསར་དུ་བཞད་པའི་སྔ་དྲོ་ཆུ་ཚོད་གསུམ་པའི་ཐོག་བཙུན་དགོན་གྱི་འདུ་ཁང་དུ་དཀོན་མཆོག་རྗེས་དྲན་དང་སྒྲོལ་མའི་མཎྜལ་བཞི་ཆོག གནས་བརྟན་ཕྱག་མཆོད་སོགས་གསུངས་རྗེས་མཐར་བཀྲ་ཤིས་སྨོན་ཚིག་གིས་བརྒྱན་པར་མཛད། ཕྱག་ཚོད་ ༠༥:༠༠ པའི་ཐོག་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་དུ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས་དབུས་མཁན་སྤྲུལ་བླ་སློབ་དགེ་འདུན་བཙུན་མ་དང་བཅས་ལྷན་འཛོམས་ཐོག་བཀྲ་ཤིས་བརྒྱད་པ་དང་། ཐུབ་ཆོག་བྱིན་རླབས་གཏེར་མཛོད་སོགས་གསུངས་རྗེས་འདུས་མང་ཡོངས་ཀྱིས་འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་མཆོག་དང་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་མཇལ་དར་ཕུལ་བ་སོགས་སྲུང་བརྩི་བསྡུས་ཙམ་ཞུས་ཡོད།
སྤྱི་ལོ་ ༢༠༢༢ ཟླ་ ༠༣ ཚེས་ ༡༡ ནས་ ༡༨ བར་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་སྒྲུབ་མཆོད་འཚོགས། སྤྱི་ལོ་ ༢༠༢༢ ཟླ་ ༠༣ ཚེས་ ༢༡ ནས་དཔལ་ཡུལ་རིག་འཛིན་གོང་མའི་ཕྱག་སྲོལ་རྣམ་གླིང་གྲྭ་ཚང་དང་གཅིག་མཐུན་གྱིས་རྒྱལ་བ་དཔལ་ཡུལ་བའི་རི་ཆོས་སྔོན་རྩ་རྫོགས་གསུམ་དབུ་བཙུགས་ཤིང་སོ་སོའི་མོས་པ་དང་མཐུན་པར་ཉམས་བཞེས་གནང་སྟེ་སྤྱི་ཟླ་ ༠༤ ཚེས་ ༢༠ ཉིན་གཏང་རག་ཚོགས་འཁོར་དང་བཅས་ཏེ་མཐའ་གྲུབ། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་ཐུགས་དགོངས་ལྟར་འཛམ་གླིང་སྤྱི་དང་དགོན་པའི་ཞབས་རིམ་ཆེད་རྒྱུན་དུ་སྔ་དྲོའི་ཆར་མཎྜལ་བཞི་ཆོག་དང་ཕྱི་དྲོར་བསྐང་གསོལ་ཆད་མེད་དུ་འཚོག་བཞིན་པ་དང་། དེ་བཞིན་ཚེས་བཅུ་ཉེར་ལྔ་སོགས་དུས་ཆེན་རྣམས་སུ་བླ་མ་རིག་འཛིན་འདུས་པ་དང་ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཚོགས་འཁོར་བསྐོར་བ་དང་། དད་ལྡན་ཡོན་བདག་རྣམས་ཀྱི་དམིགས་གསལ་ཞབས་རིམ་གང་དགོས་པ་རྣམས་རེ་འདོད་ལྟར་སྒྲུབ་བཞིན་པ་ནི་རྒྱུན་ལྡན་ལྟར་ཡིན།
སྤྱི་ལོ་ ༢༠༢༢ ཟླ་ ༠༤ ཚེས་ ༡༡ ཉིན་རྣམ་གླིང་དབུ་འགན་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་། མཁན་ཆེན་རྣམ་གྲོལ་ཚེ་རིང་། མཁན་ཆེན་ཚེ་དབང་རྒྱ་མཚོ་རྣམ་གསུམ་གྱི་དབུས་པའི་རྣམ་གླིང་སྡེ་ཚན་ཁག་གི་རྒྱུན་ལས་རྣམ་པ་བཅས་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་འདུ་ཁང་རྙིང་པའི་ནང་དུ་བློས་བསླངས་དཀྱིལ་འཁོར་གསར་བཞེངས་དང་པང་ལེབ་བཏིང་བ་སོགས་གསར་བཞེངས་འགའ་ཤས་ལེགས་གྲུབ་བྱུང་ནས་བཀྲ་ཤིས་བརྒྱད་པས་སྣེ་དྲངས་ཏེ་ཁྲུས་གསོལ་དང་རབ་གནས། དེ་བཞིན་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་གི་སློབ་ཕྲུག་ཡིག་ཚད་ཨང་དང་པོ་དང་། གཉིས་པ། གསུམ་པ་ཐོབ་པ་རྣམས་ལ་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས་གཟེངས་བསྟོད་གསོལ་རས་གནང་བ་དང་། མཁན་ཆེན་རྣམ་གྲོལ་ཚེ་རིང་དང་། མཁན་ཆེན་ཚེ་དབང་རྒྱ་མཚོ་རྣམ་གཉིས་ཀྱིས་ཐུགས་དགྱེས་པའི་ངང་ནས་མ་འོངས་མི་ཚེའི་འདུན་ལམ་དང་འབྲེལ་བའི་འདི་ཕྱི་གཉིས་ཕན་གྱི་ལམ་སྟོན་གྱི་བཀའ་སློབ་ཟབ་རྒྱས་གནང་ཡོད།
སྤྱི་ལོ་ ༢༠༢༢ ཟླ་ ༠༥ ཚེས་ ༠༥ ཉིན་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་རིན་པོ་ཆེ་བསོད་ནམས་ནོར་བུ་མཆོག་དབུ་བཞུགས་ཐོག་བཙུན་དགོན་གྱི་ལས་བྱེད་གསར་རྙིང་འཕོ་ལེན་སྐབས་ཚོགས་གཙོ་མཁན་རིན་པོ་ཆེ་བསོད་ནམས་ནོར་བུ་མཆོག་གིས་ལས་བྱེད་རྙིང་པ་རྣམས་ལ་བྱ་བ་ལེགས་པར་གྲུབ་པའི་བྱ་དགའ་གསོལ་རས་དང་གསར་པ་རྣམས་ལ་བཀྲ་ཤིས་ཁ་བཏགས་གནང་བ་དང་འབྲེལ་འདུས་པ་ཡོངས་ལ་བཀའ་སློབ་ཟབ་རྒྱས་ལམ་སྟོན་གནང་ཡོད།
སྤྱི་ལོ་ ༢༠༢༢ ཟླ ༠༥ ཚེས ༠༦ ཉིན་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་རིན་པོ་ཆེ་ངག་དབང་བསམ་གཏན་མཆོག་གི་གཙོས་མཁན་སློབ་རྣམས་དབུ་བཞུགས་ཐོག་བཙུན་དགོན་གྱི་ལས་བྱེད་གསར་པ་རྣམས་དང་འདུས་མང་ཡོངས་ལ་བཙུན་དགོན་གྱི་ཚོགས་གཞོན་དང་དགེ་བསྐོས་རྣམ་གཉིས་ནས་སྒྲིག་གཞི་དང་འབྲེལ་བའི་གསུང་བཤད་དང་། ཚོགས་གཙོ་མཁན་རིན་པོ་ཆེ་ངག་དབང་བསམ་གཏན་མཆོག་གིས་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་ཡོད། སྤྱི་ལོ་ ༢༠༢༢ ཟླ ༠༥ ཚེས་ ༠༡ ཉིན་གྲྭ་ཚང་གི་བཙུན་མ་དང་སློབ་དཔོན་མ་འགས་སྔར་རྒྱུན་བཞིན་འབུམ་ལྔ་བསགས་སྦྱངས་དབུ་བཙུགས།
སྤྱི་ལོ་ ༢༠༢༢ ཟླ་ ༠༥ ཚེས་ ༡༦ ཉིན་སྔར་སྲོལ་བཞིན་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་འདུས་མང་ཡོངས་ནས་རྒྱལ་བའི་བཀའ་འགྱུར་དག་ཚར་དང་སྒྲོལ་མ་འབུམ་ཐེར་གཅིག དེ་བཞིན་ཟླ་དེའི་ཚེས་ ༡༧ ནས་ཚེས་ ༡༩ བར་ཉིན་གསུམ་གྱི་རིང་ལ་བླ་མ་ཕུར་པ་ཕྲིན་ལས་དབུ་བཞུགས་ཐོག་ཕུར་བཟློག་འཚོགས། ཚེས་ ༢༠ ཉིན་སློབ་དཔོན་མ་རྣམ་པ་དང་འདུས་མང་ལྷན་འཛོམས་ཐོག་སྒྲོལ་ཆོག་དང་བསང་གསོལ་འཚོགས་པ་བཅས་ཞབས་རིམ་གནད་སྨིན་བསྒྲུབས།
བོད་ཟླ་ ༠༤ ཚེས་ ༠༩ ནས་ ༡༥ བར་བླ་མ་ཕུར་པ་ཕྲིན་ལས་དབུ་བཞུགས་ཐོག་སྨིན་གླིང་རྡོར་སེམས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཏེ། ཉིན་བདུན་རིང་སྒྲུབ་མཆོད་འཚོགས། སྤྱི་ཟླ་ ༠༦ ཚེས་ ༠༩ ཉིན་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་དུ་བཞུགས་ཤག་གསར་རྒྱག་གི་ཆེད་མཆོག་སྤྲུལ་གྱང་ཁང་རིན་པོ་མཆོག་དང་། བཙུན་དགོན་ལས་བྱེད་ཚང་འཛོམས་ཐོག བཀྲ་ཤིས་བརྒྱད་པ་དང་གསེར་སྐྱེམས་ཀྱིས་སྣེ་དྲངས་ཏེ་ས་བསླང་དང་ཐུགས་སྨོན་མཛད།
སྤྱི་ལོ་ ༢༠༢༢ ལོར་དགོན་འདིར་ད་ལོའི་ཆར་བཙུན་མ་གསར་ཞུགས་གྲངས་ ༣༡ ཕེབས་ཡོད། སྤྱིར་བཙུན་དགོན་འདིར་གཏན་འཇགས་སུ་བཞུགས་མཁན་བཙུན་མ་ ༦༠༠ ལྷག་ཙམ་ཡོད་ཀྱང་། ཕྱོགས་མཐའ་ཁག་ལ་དགེ་རྒན་ཕེབས་པ་དང་སོ་སོའི་མོས་པ་བཞིན་གནས་ཆེན་དང་རི་ཁྲོད་ཁག་ལ་བསྙེན་སྒྲུབ་ལ་ཕེབས་པ་བཅས་ཕུད་ནས་འདི་ལོར་དགོན་ནང་དུ་བཙུན་མ་ ༥༠༠ ལྷག་གིས་བཤད་སྒྲུབ་ལས་གསུམ་གྱི་བྱ་བར་བརྩོན་བཞིན་ཡོད།
བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གྱི་མཛད་རིམ་སྙིང་བསྡུས།
བོད་ཟླ་ ༠༢ ཚེས་ ༠༣ ཉིན་གུང་སེང་ནས་བཤད་གྲྭ་སླར་དབུ་ཚུགས་ཤིང་། དེའི་ཕྱི་ཉིན་གསར་ཞུགས་སློབ་གཉེར་བ་རྣམ་ཀྱིས་བྲི་རྒྱུགས་དང་ངག་རྒྱུགས་ཕུལ། དེ་བཞིན་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བཤད་དང་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་རྩེ་ཕུད་དུ་སོན་པའི་ཨང་དང་པོ་དང་། གཉིས་པ། གསུམ་པ་རྣམས་དང་། རྩ་བ་ལྡེབ་གྲངས་བརྒྱ་ཡན་འབུལ་མཁན་རྣམས་ལ་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་ནས་བྱ་དགའ་གསོལ་རས་བསྩལ་གནང་མཛད། དེ་བཞིན་ལོ་རིམ་བཞི་པ་དང་དྲུག་པ་དགུ་པ་མཐར་ཕྱིན་པའི་སློབ་གཉེར་བ་ཡོངས་ལ་རིམ་བཞིན། «མཐའ་བྲལ་སྨྲ་བའི་དབང་ཕྱུག་»དང་། «ཕར་ཕྱིན་རབ་འབྱམས།» «ངེས་གསང་ལེགས་བཤད་མཛོད་འཆང་»བཅས་ཀྱི་ཕྱག་ཁྱེར་གནང་བ་སོགས་ནི་སྔ་འགྱུར་མཐོ་སློབ་ཆེན་མོ་དང་གཅིག་མཚུངས་ཡིན། ད་ལོའི་ཆར་བཙུན་དགོན་བཤད་གྲྭ་འདིར་གསར་ཞུགས་སློབ་གཉེར་བ་སྔོན་འགྲོ་འཛིན་གྲྭར་ ༡༩ དང་། ལོ་རིམ་དང་པོར་ ༡༦ བྱུང་། སྔ་འགྱུར་མཐོ་སློབ་ཆེན་མོའི་འཛིན་སྐྱོང་འོག་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་དང་ཕྱོགས་མཐའི་སློབ་གྲྭ་ཁག་ལ་དགེ་རྒན་ཕེབས་མཁན་སློབ་དཔོན་མ་ཞལ་གྲངས་ ༥༠ ལྷག་བྱུང་། མཁན་སློབ་ ༠༧ དང་སློབ་དཔོན་མ་ ༡༧ བཅས་ཀྱིས་བཙུན་དགོན་རང་ནས་སྤྱི་ཟླ་ ༠༤ ཚེས་ ༢༥ ཉིན་ནས་དཔེ་ཁྲིད་དངོས་གཞི་དབུ་བཙུགས་གནང་སྟེ་ད་ལྟའི་ཆར་ཆོས་ཐུན་འགྲོ་བཞིན་ཡོད། ཟླ་རེའི་མཚམས་སུ་རེས་གཟའ་ཉི་མའི་དགོང་མོར་དམ་བཅའ་ཆེན་མོ་འཚོག་མུས་ཡིན། སྤྱི་ཟླ་ ༠༦ ཚེས་ ༢༧ ཉིན་ཁྱད་ཆོས་ཆེ་བ་དྲུག་གི་བདག་ཉིད་དཔལ་གསང་ཆེན་སྔ་འགྱུར་བའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོ་གང་གི་འདས་མཆོད་ཉིན་བཙུན་དགོན་གྱི་དགེ་སློབ་ལྷན་འཛོམས་ཐོག་སློབ་གཉེར་བ་རྣམ་པས་ཐུན་མཚམས་སུ་ཆོས་བཤད་དང་། རིམ་བཞིན་ཚོགས་ལངས། དམ་བཅའ། རྟགས་གསལ། བཀྲ་ཤིས་ཚིག་བཟང་དང་བཅས་མགོན་པོ་གང་ཉིད་ཀྱི་ཐུགས་དགྱེས་པའི་ལེགས་བཤད་ཀྱི་མཆོད་སྤྲིན་རྒྱ་ཆེར་ཕུལ་ནས་མཐར་བཀྲ་ཤིས་སྨོན་ཚིག་བསྔོ་བ་དང་བཅས་པའི་སྒོ་ནས་གང་ཉིད་ཀྱི་འདས་མཆོད་འཚོགས།
བཙུན་དགོན་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་གི་མཛད་རིམ་སྙིང་བསྡུས།
བོད་ཟླ་ ༠༢ ཚེས་ ༡༠ ཉིན་གྱི་སྔ་དྲོར་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་། མཁན་ཆེན་རྣམ་གྲོལ་ཚེ་རིང་། མཁན་ཆེན་ཚེ་དབང་རྒྱ་མཚོ་རྣམ་གསུམ་གྱི་དབུས་པའི་སྡེ་ཚན་ཁག་གི་རྒྱུན་ལས་རྣམ་པ་དང་བཙུན་དགོན་གྱི་དགེ་སློབ་ལྷན་འཛོམས་ཐོག་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་ནས་སློབ་ཕྲུག་རྣམས་ལ་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་ཨང་ཐོབ་ཤོག་ལྷེ་དང་། ཨང་དང་པོ་དང་། གཉིས་པ། གསུམ་པ། དེ་བཞིན་བློ་རྒྱུགས་ཤོག་གྲངས་བརྒྱ་ཡན་འབུལ་མཁན་གྱི་སློབ་ཕྲུག་རྣམས་ལ་བྱ་དགའ་གསོལ་རས་བསྩལ་གནང་མཛད། འཛིན་གྲྭ་བརྒྱད་པ་མཐར་སོན་པའི་སློབ་གཉེར་བ་ཡོངས་ལ་ཕྱག་ཁྱེར་དང་དེ་དང་འབྲེལ་བའི་སྒོ་ནས་སློབ་ཕྲུག་རྣམས་ལ་འདི་ཕྱི་གཉིས་ཕན་གྱི་བཀའ་སློབ་ཟབ་མོ་གནང་ཡོད། དེ་བཞིན་མཁན་ཆེན་རྣམ་གྲོལ་ཚེ་རིང་དང་མཁན་ཆེན་ཚེ་དབང་རྒྱ་མཚོ་རྣམ་གཉིས་ཀྱིས་ཐུགས་དགྱེས་པའི་ངང་ནས་མ་འོངས་མི་ཚེའི་འདུན་ལམ་དང་འབྲེལ་བའི་འདི་ཕྱི་གཉིས་ཕན་གྱི་ལམ་སྟོན་གྱི་བཀའ་སློབ་ཟབ་རྒྱས་གནང་ཡོད།
སྤྱི་ཟླ་ ༠༥ ཚེས་ ༡༥ ཉིན་ནས་དབུ་བཙུགས་གནང་སྟེ་ད་ལྟའི་ཆར་ཉིན་རེ་བཞིན་ཚོགས་ཐེངས་དྲུག་རེའི་ནང་ཀ་ཁ་འཛིན་གྲྭ་ནས་འཛིན་གྲྭ་བརྒྱད་པའི་བར་འདོན་རྒྱུགས་དང་། སུམ་རྟགས་དག་གསུམ། རྒྱལ་རབས་ཆོས་འབྱུང་སོགས་སློབ་ཁྲིད་བྱེད་བཞིན་ཡོད། ད་ལོའི་ཆར་སློབ་གྲྭར་གསར་ཞུགས་གནང་མཁན་སློབ་ཕྲུག་གྲངས་ ༢༥ བྱུང་ཡོད། འདི་ལོར་སློབ་གྲྭ་འདིར་སློབ་ཕྲུག་གི་གྲངས་འབོར་བརྒྱ་དང་ང་དྲུག་ཡོད། བཙུན་དགོན་གྱི་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་གི་སྒྲིག་གཞི་དང་སློབ་ཚན་རྣམས་ནི་རྣམ་གླིང་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་དང་གཅིག་མཚུངས་ཡིན། ད་ལོའི་ཆར་སློབ་གྲྭའི་འཛིན་སྐྱོང་གནང་མཁན་སློབ་སྤྱི་རྒན་གཞོན་གཉིས་གཙོས་པའི་སློབ་དགེ་གྲངས་ ༢༢ ཡོད།

མཁན་ཆེན་རྣམ་གྲོལ་མཆོག་གིས་རྫོགས་ཆེན་གྱི་བཀའ་ཁྲིད་གནང་བཞིན་པའི་སྣང་བརྙན།


རིས་མེད་བགྲོ་གླེང་ཐེངས་ལྔ་པའི་སྐབས
རིས་མེད་བགྲོ་གླེང་ཐེངས་ལྔ་པའི་སྐབས/

ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་གོས་སྐུ་གསར་པའི་རབ་གནས་སྐབས་ཀྱི་སྣང་བརྙན།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།