གླིང་རྗེ་གེ་སར་དཔའ་བོའི་ལོ་རྒྱུས།

སློབ་དཔོན་ཕྲིན་ལས་མཐར་ཕྱིན།

གཏམ་གྱི་འགོ

འཛམ་གླིང་འདིར་མི་རིགས་སོ་སོར་ལྟོས་པའི་ལོ་རྒྱུས་སྣ་ཚོགས་ཡོད་ཆོག་ལ། ལོ་རྒྱུས་ཀྱི་ཐོག་ནས་མི་རིགས་དེའི་གཤིས་ཀ་དང་འཚོ་བ། རིག་གཞུང་དང་གོམས་སྲོལ། ཐུན་མིན་གྱི་ཁྱད་ཆོས་དང་སྐད་ཡིག་སོགས་དཔོག་ཐུབ་པས། འཛམ་གླིང་རྒྱལ་སྤྱིའི་ཤེས་རིག་ཚན་རྩལ་རིག་གཞུང་གི་མངོན་མེད་ཤུལ་བཞག་རིག་གཞུང་གི་ཐོ་ཁོངས་སུ་ཚུད་པའི། གླིང་སྒྲུང་སྟེ་གླིང་རྗེ་གེ་སར་རྒྱལ་པོའི་གཏམ་རྒྱུད་ཀྱང་གླིང་གེ་སར་རྒྱལ་པོ་དང་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ། ཡུལ་སྲོལ་གོམས་གཤིས། བསམ་བློའི་འཁྱེར་སྟངས། ཆོས་དང་རིག་གཞུང་སོགས་བརྗོད་གཞིར་བཟུང་བའི་སྒྲུང་གཏམ་མམ། སྙན་ངག ཡང་ན་དཔའ་བོའི་རྟོགས་བརྗོད་ཀྱི་སྒྲུང་རིང་ཤོས་དེ་ཡིན། གླིང་སྒྲུང་རིང་མོའི་བརྗོད་དོན་མི་སྣ་གཙོ་བོའང་ཕྱིའི་དགྲ་བཞི་དྲག་པོས་བཏུལ་ཞིང་། ནང་གི་འབངས་སྡེ་བྱམས་ཀྱིས་བསྐྱངས་པའི་གླིང་གེ་སར་རྒྱལ་པོ་དེ་ཉིད་ཡིན། དོགས་པ་ལར་ནས་མི་དགོས་སར་གླིང་གེ་སར་དེ་ཉིད་དངོས་བྱུང་གི་མི་སྣ་ཞིག་གམ་རྟོག་བཟོས་བསྐྲུན་པའི་སྒྲུང་གཏམ་གྱི་མི་སྣ་ཡིན་མིན་བཅས་སུ་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་བྱེད་མཁན་རེ་ཟུང་བྱུང་ཡང་། རྣམ་དཔྱོད་གཞུ་ལྟར་འཁྱོག་པ་དང་། བསམ་བཞིན་ལོ་རྒྱུས་ནག་སུབ་བྱེད་འདོད་པ་ཞིག་མ་ཡིན་ན་དེ་ལྟར་སྨྲ་སྲིད་དོན་མེད། དེང་རབས་ཀྱི་ཞིབ་འཇུག་པས་དཔྱད་བརྗོད་བྱས་པའི་གནའ་དེང་གི་ལོ་རྒྱུས་སོགས་སུ། ལྷ་སྒྲུང་ཀླུ་སྒྲུང་ལྟ་བུའི་རྟོག་བཏགས་ཀྱི་སྒྲུང་ཅི་འདྲ་ཡིན་ཡང་། དེའི་ནང་ནས་ལོ་རྒྱུས་ཀྱི་ས་བོན་རེ་རག་ཐུབ་པའི་ལྟ་ཚུལ་ཡོད་པ་བཞིན། མ་མཐའ་ཡང་གླིང་སྒྲུང་ལས་གླིང་གེ་སར་ཟེར་བ་མི་དཔའ་བོ་གཞན་དང་མི་མཚུངས་པ་ཞིག་ཡོད་པ་དཔོག་ཐུབ། ཧྲིལ་ལེན་ཧྲིལ་འདོར་གྱི་ལྟ་གྲུབ་འོག་རང་རེའི་སྤྱི་ཚོགས་སུའང་འུད་ཀྱིས་བཀང་བའི་ཚེ། གཡམ་རྒྱུག་གམ་ཅལ་འདྲོགས་ཀྱིས་ཕྱོགས་སུ་ལྷུང་བའི་འུར་གཏམ་མང་པོ་ཞིག་ནི། སྤང་ནས་ཤ་མོང་བརྡོལ་བ་ལྟར་གཅིག་རྗེས་གཉིས་མཐུད་དུ་འབྱུང་ཞིང་། དེ་དག་གི་ཁྲོད་ནས་འགའ་རེ་སྨུག་པའི་ནང་ཝ་སོང་བ་ལྟར་ཕྱོགས་གང་ཞིག་ཏུ་ཡོད་མེད་ཀྱང་མི་ཤེས་པར་མགོ་འཐོམས་འགྲོ་ཡང་། གླིང་གེ་སར་རྒྱལ་པོ་དེ་ཉིད་དངོས་བྱུང་གི་མི་སྣ་ཞིག་ཡིན་པར་ཡིད་གཉིས་དགོས་དོན་མེད་དེ། ཁོང་གི་ལག་རྗེས་དང་། རྗེས་ཤུལ་གྱི་དངོས་རྫས། ཕ་ཡུལ། མི་རྒྱུད། མི་སྡེ་དང་བཅས་པ་ད་ལྟ་གསལ་པོར་ངོས་བཟུང་དུ་ཡོད་པས་སོ། །དེས་ན་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་མི་དག་ལ་རང་ཚུགས་དང་ལྟ་གྲུབ་མེད་པས་གཏམ་གང་ཞིག་བཤད་ནའང་རྔོ་མི་ཐོགས་ཀྱང་། གཟུ་བོར་གནས་ཤིང་ཤེས་འདོད་ཅན་གྱི་མི་འགའ་ལ་གྲོས་རེ་བཏབ་ན་དགེ་མཚན་ཕྲན་བུ་འབྱུང་བའི་རེ་བ་ཡོད་པས། འདིར་གླིང་གེ་སར་རྒྱལ་པོ་ཞེས་པའི་མཚན་སྙན་ཡོངས་སུ་གྲགས་པའི་སྐྱེས་བུ་དེའི་སྐོར་ཉུང་བསྡུས་ཤིག་བྲི་བར་བྱ།

གླེང་འདོད་པའི་སྐད་ཆ་དངོས།
འཁྲུངས་ཡུལ།

ལས་འབྲས་གཙུག་ཏུ་བཀུར་ཞིང་བདེན་པ་དཔང་དུ་འཇོག་པའི་དཔའ་རྒོད་གླིང་རྗེ་གེ་སར་རྒྱལ་པོའི་གྲགས་པ་ཀུན་ལ་ཁྱབ་ཅིང་། མཁས་བླུན་ཀུན་ཀྱིས་མགྲིན་གཅིག་ཏུ་བསྟོད་པའི་སྙན་པ་ས་སྟེང་དུ་ཁྱབ་པར་བརྟེན། བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་གླིང་གེ་སར་གྱི་འཁྲུངས་ཡུལ་ངོས་འཛིན་སྟངས་མི་འདྲ་བ་འགའ་རེ་མཆིས་ཏེ། མདོ་སྨད་མགོ་ལོག་ཏུ་འཁྲུངས་ཟེར་བ་དང་། ཁམས་གླིང་ཚང་དུ་འཁྲུངས་ཟེར་བ་བཅས་ཡོད་ཀྱང་། དེ་ནི་ཁུངས་ཐུབ་ཀྱི་ཡིག་ཆ་དག་གཞིར་བྱས་ཏེ་སྨྲ་དགོས་པ་ལས། རང་བློར་གང་བདེ་དང་སེམས་ངོར་ཅི་འཆར་སྨྲས་ན་མི་འགྲིག་སྟབས། འཁྲུངས་གླིང་མེ་ཏོག་ར་བར། ས་ལྕི་སོས་ཡག་གི་ཁ་མདོ་རེད། །ཆུ་གཉིས་འབབ་སྒྲ་ལྷུང་ལྷུང་གྲགས། །བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད། །སྤང་གཉིས་བལ་སྟན་བཏིང་འདྲ་ཡིན། །བྲག་སྦལ་བ་འདྲ་བའི་རྩ་བ་རེད། །ཅེས་པས་འཁྲུངས་ཡུལ་གསལ་པོར་བསྟན་ཡོད་པས། ས་ཡི་མིང་ནས་བཟུང་སྟེ་ཡུལ་གྱི་བཀོད་པ་ཧ་ཅང་གསལ་པོར་བརྗོད་ཡོད། དེར་བརྟེན་ལྕི་སོས་ཞེས་པའི་ས་མིང་དང་། ཡུལ་གྱི་བཀོད་པ་དེ་འདྲ་ཆ་ཚང་བའི་ཡུལ་དེ་གང་དུ་ཡིན་ཞེ་ན། འཛམ་གླིང་ས་ཡི་ཁོངས། བོད་ཆེན་པོའི་ལྗོངས། ཤར་ཕྱོགས་མདོ་ཁམས་ས་ཡི་ཐིག་ལེ། གླིང་ཚང་ཨ་ཕྱུག་རྩྭ་ཐང་གི་ཚ་ཚ་དགོན་པའི་ཉེ་འཁྲིས་སུ་ཡིན། འཁྲུངས་ཡུལ་དེར་ད་ལྟ་ཡང་གེ་སར་ལྷ་ཁང་ཡོད་ཅིང་། ལྷ་ཁང་གི་གཡས་ན་ལྕི་ཆུ་དང་གཡོན་ན་སོས་ཆུ་འབབ་པ། མདུན་ན་རྫ་ཆུ་འབབ་པ། ལྷ་ཁང་རྒྱབ་ཕྱོགས་ཀྱི་རི་ངོས་སུ་བྲག་གཉིས་མདའ་སྒྲོ་གཤིབ་འདྲ། ལྷ་ཁང་མདུན་གྱི་གཡས་གཡོན་དུ་སྤང་གྲུ་བཞི་བལ་སྟན་བཏིང་འདྲ་ཡོད་པར་མ་ཟད། ཆུ་དེ་གཉིས་པོར་དེང་སང་ཡང་ལྕི་ཆུ་དང་སོས་ཆུ་ཞེས་འབོད་ཅིང་། ཆུ་དེ་གཉིས་འབབ་ཡུལ་གྱི་ལུང་པ་གཉིས་པོར་ཡང་ལྕི་ཁོག་དང་སོས་ཁོག་ཅེས་ད་ལྟའི་བར་དུ་རྒན་གཞོན་ཀུན་ཀྱིས་གཅིག་གྱུར་དུ་འབོད། དེས་ན་འཁྲུངས་གླིང་མེ་ཏོག་ར་བར་བསྟན་པའི་འཁྲུངས་ཡུལ་གྱི་ས་མིང་དང་ཡུལ་གྱི་བཀོད་པ་ཐམས་ཅད་ཁྱད་ལུས་མེད་པར་ཚང་བས། གླིང་གེ་སར་རྒྱལ་པོ་འཁྲུངས་ཡུལ་ནི་གོང་སྨྲས་ལྟར་ཡིན་པར་ཐེ་ཚོམ་དགོས་དོན་མེད། ལོ་རྒྱུས་སྨྲ་བ་དང་གླིང་གེ་སར་ཞིབ་འཇུག་ཆེད་ལས་མཁས་དབང་རྣམས་ཀྱིས་ཀྱང་། གེ་སར་འཁྲུངས་ཡུལ་ཁམས་གླིང་ཚང་ཨ་ཕྱུག་རྩྭ་ཐང་དུ་ཡིན་པར་རྩོད་རྙོག་ཆེར་མེད་པར་ས་གནས་དེ་རང་དུ་ངོས་འཛིན་བཞིན་ཡོད།
འཁྲུངས་འདས་ཀྱི་ལོ་ཚིགས།

གླིང་གེ་སར་རྒྱལ་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་བཞེད་ཚུལ་འགའ་ཡོད་དེ། དང་པོ་འཁྲུངས་ལོ་ལ་གླང་དར་མའི་རྗེས་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སྔོན་དུ་བྱུང་བར་བཞེད་ཚུལ་དང་། ལྕགས་ཕོ་བྱི་བའི་ལོ་དང་ཆུ་མོ་སྦྲུལ་གྱི་ལོ་གཉིས་སུ་བཞེད་ཚུལ། རབ་བྱུང་དང་པོའི་ས་སྟག་ལོ་སྟེ་སྤྱི་ལོ་ ༡༠༣༨ ལོར་བཞེད་ཚུལ་བཅས་ཡོད་ཀྱང་དེང་སང་མཁས་པ་མང་ཆེ་བས་ཕྱི་མ་ལྟར་ཡིན་པར་འདོད་པས་ཁོ་བོས་ཀྱང་ཕྱི་མ་འཐད་ཕྱོགས་སུ་བཟུང་བའོ། །གཉིས་པ་འདས་ལོ་ལ་དགུང་ལོ་གྱ་བརྒྱད་ཐོག་གཤེགས་པར་འདོད་ཚུལ་དང་། དགུང་ལོ་གྱ་གཅིག་ཐོག་གཤེགས་པར་འདོད་ཚུལ་གཉིས་ཡོད་ཀྱང་། དེང་སང་ལོ་རྒྱུས་སྨྲ་བ་ཚད་ལྡན་རྣམས་ཀྱིས་དགུང་ལོ་གྱ་གཅིག་གི་ཐོག་ཏུ་གཤེགས་པར་འདོད། དགུང་ལོ་གྱ་བརྒྱད་ཐོག་གཤེགས་ཡོད་ན། སྤྱི་ལོ་ ༡༡༢༦ དང་། དགུང་ལོ་གྱ་གཅིག་ཐོག་གཤེགས་ཡོད་ན། སྤྱི་ལོ་ ༡༡༡༩ ལོར་ཁེལ་ཡོད།

རིགས་རུས་སམ་མི་རྒྱུད།

གླིང་གེ་སར་རྒྱལ་པོའི་རིགས་རུས་སམ་གདུང་རྒྱུད་ཡར་དེད་ན། བོད་ཀྱི་མིའུ་གདུང་དྲུག་གི་ནང་ཚན་སྨུག་པོ་ལྡོང་ལ་ཐུག ལྡོང་གི་རྒྱུད་པ་ལས་རྨ་ཁམས་གླིང་གི་ས་ཆར་སྲིད་པ་ཡེ་སྨོན་རྒྱལ་པོ་ཞེས་བྱ་བ་བྱུང་། དེ་ནས་གླིང་གི་གདུང་རབས་བཅོ་ལྔ་པ་ཨ་མེས་མུ་ཟི་ཁྲི་དོའི་སྲས་ཆེ་བ་སྤོས་ཆུ་ལྡོང་ངམ་གདོང་ཆོས་ལ་འཕེལ་ཡིན་ཞིང་། དེ་ནས་རྒྱལ་རབས་སུམ་ཅུ་སོ་བདུན་གྱི་མཚམས་སུ། ཆོས་འཕེལ་ནག་པོ་འཁྲུངས། དེ་ལ་ཡུམ་གསེར་བཟའ། འོམ་བཟའ། སྤྱང་བཟའ་གསུམ་ཁབ་ཏུ་བཞེས་པ་ལས་སྲས་རིམ་པ་བཞིན། ལྷ་ཡག་དར་དཀར་རམ་ལྷ་ཡག་ངང་དཀར་དང་། ཁྲི་སྐྱོང་དཔའ་རྒྱལ། དགྲ་རྒྱལ་འབུམ་མེ་གསུམ་འཁྲུངས། དེ་གསུམ་གྱི་རྒྱུད་པ་ལ་སྔ་ཕྱི་རིམ་པ་བཞིན་གླིང་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་གསུམ་དུ་གྲགས་པ་དེ་བྱུང་། ཡང་བཤད་ཚུལ་གཞན་ཞིག་ལ་སྲིད་པ་ཡེ་སྨོན་རྒྱལ་པོ་ལས་གདུང་རབས་བཅུ་ཙམ་སོང་བའི་རྗེས་སུ། ལྡོང་གི་ར་ཁྲ་བཙན་པོ་ཞེས་བྱ་བ་བྱུང་། དེའི་སྲས་རུ་ཁྲི་བཙན་པོའམ་རུ་ཁྲི་ནོར་བུ་ཞེས་པ་བྱུང་། དེས་རྨ་རྒྱལ་སྤོམ་རའི་སྟག་ལྕམ་ཁབ་ཏུ་བཞེས་ནས་དེ་ལ་སྲས་གསུམ་བྱུང་བ་ནི། བླ་མ་འཕེན། ཆོས་ལ་འཕེན། ཆོས་འཕེལ་ནག་པོ་བཅས་ཡིན། དེ་གསུམ་གྱི་རྒྱུད་པ་ལ་རིམ་པ་བཞིན་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་གསུམ་བྱུང་ཞེས་བཤད་ཚུལ་མཆིས་པ་ལས། བཤད་ཚུལ་སྔ་མ་སྟེ་ལྡོང་ཆོས་འཕེལ་ནག་པོའི་རྒྱུད་པ་ལས་ཆེ་འབྲིང་ཆུང་གི་རྒྱུད་པ་བྱུང་ཞེས་པ་དེ་ཅུང་བདེན་ཁ་ཆེ་སྙམ། ཆུང་རྒྱུད་དགྲ་རྒྱལ་འབུམ་མེའི་སྲས་ལ་ཐོག་ལྷ་འབུམ་ཞེས་བྱ་བ་བྱུང་། དེའི་སྲས་ལ་ཆོས་ལ་འབུམ་ཞེས་བྱ་ཞིང་། དེས་རོང་བཟའ་དང་། སྒ་བཟའ། རྨུ་བཟའ་གསུམ་ཁབ་ཏུ་བསུས་པའི། རོང་བཟའི་སྲས་སྤྱི་དཔོན་རོང་ཚ་ཁྲ་རྒན། སྒ་བཟའི་སྲས་གཡུལ་རྒྱལ། རྨུ་བཟའི་སྲས་སེང་བློན་བཅས་བྱུང་། སེང་བློན་གྱིས་རྒྱ་བཟའ། འགོག་བཟའ། རོང་བཟའ་གསུམ་བསུས་པར། རྒྱ་བཟའི་སྲས་སུ་དཔའ་ཡ་མེད་རྒྱ་ཚ་ཞལ་དཀར་འཁྲུངས། འགོག་བཟའི་སྲས་སུ་ཉམ་ཆུང་མཐའ་ནས་སྐྱོང་ཞིང་བཙན་པོ་གཉའ་ནས་གནོན་པའི་གླིང་རྗེ་གེ་སར་ནོར་བུ་དགྲ་འདུལ་གང་ཉིད་འཁྲུངས་། རོང་བཟའི་སྲས་སུ་གླིང་དཀར་པོའི་མི་གཡང་དུ་གྲགས་པའི་རོང་ཚ་དམར་ལེབ་འཁྲུངས། རྒྱ་ཚ་ཞལ་དཀར་གྱིས་རག་བཟའ་ཁབ་དུ་བཞེས་པ་ལས་སྲས་དགྲ་ལྷ་རྩེ་རྒྱལ་འཁྲུངས་ཏེ། དེ་ནས་ད་ལྟའི་གླིང་ཚང་རྒྱལ་སྲས་སྟོབས་ལྡན་གྱི་བར་གདུང་རབས་མ་ཉམས་པར་ཡོད།

གསེར་ཁྲིར་མངལ་གསོལ།

གླིང་གེ་སར་རྒྱལ་པོ་འདི་ལ་དགུང་ལོ་བཅུ་གཉིས་ཡན་ཆད་ཇོ་རུ་ཞེས། དགུང་ལོ་བཅུ་གཉིས་ཏེ་སྤྱི་ལོ་ ༡༠༥༠ ལོར་གླིང་དཀར་པོའི་རྟ་རྒྱུག་རྒྱལ་འཇོག་བྱས། རྟ་རྒྱུག་རྒྱལ་འཇོག་འདིའི་དགོས་དམིགས་གཙོ་བོ་ནི། གླིང་སྤྱི་ཡི་རྒྱལ་པོ་སུ་འདུག་མིན་དང་། རྒྱུ་འབྱོར་ཕྱུག་ལྡན་པའི་སྐྱ་ལོ་ཚང་གི་རྒྱུ་བདག་སུས་བྱེད་མིན། མཛེས་ཤིང་ལྟ་ན་སྡུག་པའི་འབྲུག་མོའི་སྐྲ་བདག་སུ་ཡིན་མིན་བཅས་རྒྱན་ལ་བཞག་ནས་རྟ་རྒྱུག་གི་འགྲན་སྡུར་ལས་སུ་ལ་ཐོབ་ན་དེ་ལ་དབང་བ་བྱས་ཡོད། གཞི་རྒྱ་ཆེ་བའི་རྟ་རྒྱུག་འགྲན་སྡུར་ལ་གླིང་སྟོད་སྨད་བར་གསུམ་གྱི་དབུལ་ཕྱུག་དང་བཟང་ངན་ལ་མ་ལྟོས་པར་ཐམས་ཅད་མཉམ་ཞུགས་བྱས། འགྲན་སྡུར་དངོས་གཞིའི་སྐབས་བུ་ཇོ་རུ་ལ་རྒྱལ་ཁ་ཡོངས་སུ་ཐོབ་སྟེ། གླིང་སྟོད་སྨད་བར་གསུམ་གྱི་རྒྱལ་པོར་བསྐོས་ཤིང་དགའ་སྟོན་རྒྱ་ཆེན་པོ་བྱས། དེའི་སྐབས་གླིང་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་གསུམ་གྱི་དཔོན་པོ་དང་དཔའ་རྟུལ་རྣམས་འཛོམས་ནས་བུ་ཇོ་རུ་ལ་མཇལ་དར། རྟ་རྐྱང་རྒོད་ལ་མགྱོགས་དར་ཕུལ་སྐབས། གླིང་ཨ་ཁུ་ཁྲོ་ཐུང་གིས། དར་དཀར་པོ་དྲི་མས་མ་གོས་པ་ཞིག་མདུན་དུ་བཞག་སྟེ། ངོ་མཛུམ་མདངས་དང་དགའ་བའི་རྣམ་འགྱུར་གྱིས། ཧེ་ཧེ། ངའི་ཚ་བོ་ལ་དེ་རིང་། གེ་འདི་འདྲ་སར་འདུག་ཟེར་བ་ལ་བརྟེན་ནས་གེ་སར་ནོར་བུ་དགྲ་འདུལ་ཞེས་པའི་མཚན་ཐོགས། དེ་ནས་བཟུང་སྟེ་ཁོང་ལ་གླིང་རྗེ་གེ་སར་དང་། གེ་སར་ནོར་བུ་དགྲ་འདུལ། གེ་སར་སྐྱེས་བུ་དོན་གྲུབ། སེང་ཆེན་ནོར་བུ་དགྲ་འདུལ་སོགས་མཚན་གྱི་རྣམ་གྲངས་གཞན་ཡང་མང་།

མཛད་རྗེས།

བོད་སིལ་བུར་འཐོར་རྗེས་ཕྱོགས་ཀྱི་རྒྱལ་པོ་དག་གིས་བོད་ཀྱི་རྒྱལ་སྲིད་ཉམས་དམའ་རུ་སོང་སྟེ། གོང་བུ་གཅིག་སྒྲིལ་གྱི་ནུས་སྟོབས་མེད་པར་ཤེས་རྗེས། བོད་ལ་བརྙས་བཅོས་དང་དབང་བསྒྱུར། བཙན་གནོན་དང་བཤུ་གཞོག། ཁྱད་པར་མཐའ་མཚམས་རྣམས་ནས་བོད་ས་བཟའ་རྒྱུའི་འགོ་བརྩམས་པའི་ཚེ། དཔའ་མཛངས་གཉིས་ལྡན་ཏེ་བློ་རིག་གསལ་ཞིང་ཐབས་ལ་མཁས་པ། གཉེན་ལ་བྱམས་ཤིང་དགྲ་ལ་སྡང་བའི་གླིང་རྗེ་གེ་སར་གྱིས་ཚུལ་དེ་རྣམས་མཐོང་བས། བློ་རྣོ་ལ་སེམས་དཔའ་བའི་དཔའ་རྟུལ་རྣམས་གྲོགས་སུ་བཀུག་སྟེ་གཡུལ་ལས་རྣམ་པར་རྒྱལ་བར་བྱས། དེའང་ཕྱོགས་བཞིའི་དགྲ་བཞི་དང་རྫོང་ཆེན་བཅོ་བརྒྱད་སོགས་བོད་ལ་གནོད་འཚེ་བྱེད་མཁན་གྱི་ཕྱིའི་རྒྱལ་ཁབ་དང་། ནང་གི་བདེ་འཇགས་ལ་གཏོར་བཤིག་བྱེད་པའི་ཇག་དཔོན་སྟོབས་ལྡན་བདུད་རྒྱལ་ཟེར་བ་སོགས་རེ་རེ་བཞིན་ཚར་བཅད་ནས། བོད་འབངས་བདེ་ལ་བཀོད་པས་བོད་མི་རྒན་དར་གཞོན་གསུམ་གྱི་སེམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས། དེའི་ཚེ་དེའི་དུས་ན་གླིང་གེ་སར་རྒྱལ་པོ་དང་གླིང་གི་དཔའ་རྟུལ། གླིང་གི་ཡུལ་སྡེ་རྣམས་ས་ཆ་གཞན་དང་གཞན་དུ་སྙན་གྲགས་ཆེར་རྒྱས་ནས་མི་རྣམས་ཀྱི་ལབ་གླེང་གི་གཞིར་གྱུར་པས་གླེང་རུ་ཞེས་བཏགས་ཀྱང་རྗེས་སུ་ཡི་གེ་ཟུར་ཆག་པས་གླིང་རུ་ཞེས་འགྱུར། བདུད་བཏུལ་ཟེར་བའང་མི་མ་ཡིན་ལྟ་བུ་གཟུགས་མེད་ཅིག་མེད་པར་བཟོས་པ་ལ་གོ་བ་མིན་ཏེ། གོང་དུ་སྨྲས་པའི་ཇག་པ་སྟོབས་ལྡན་བདུད་རྒྱལ་ལྟ་བུ་རྐུ་འཕྲོག་གསོད་བཅོམ་གྱི་ལས་བྱེད་ཅིང་། ཉམ་ཆུང་ལ་ཐུབ་ཚོད་གཏོང་མཁན་གྱི་ཇག་སྡེའམ་དགྲ་སྡེ་རྣམས་བཅོམ་པར་གོ་དགོས། དེས་ན་གེ་སར་ནོར་བུ་དགྲ་འདུལ་ཁོང་ཉིད་ཀྱིས་ཉམ་ཆུང་མཐའ་ནས་བསྐྱངས་ཤིང་བདེ་སྐྱིད་སྤེལ། བཙན་པོ་གཉའ་ནས་མནན་ཏེ་ཆམ་ལ་ཕབ་པ་སོགས། བོད་ཡུལ་སྟོད་སྨད་བར་གསུམ་དུ་ཁོང་གི་སྐུ་དྲིན་མཚོ་ལས་ཟབ་ཅིང་རི་ལས་མཐོ་བའོ། །བདུད་སྡེ་ཆམ་ལ་ཕབ་པའི་སྐོར་གླིང་སྒྲུང་དང་ཉེ་ཞིང་དངོས་བྱུང་ལོ་རྒྱུས་དང་མི་འགལ་བར་བཤད་ཚུལ་ངོ་མཚར་བ་རེ་འདུག་ཀྱང་། མི་གོ་བ་ཅན་ལ་ཚིག་གཅིག རྟ་གོམ་པ་ཅན་ལ་ལྕགས་གཅིག་ཟེར་བའི་དཔེ་ལྟར་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱས་སོ།།

གླིང་སྒྲུང་།

ལོ་རྒྱུས་སྙན་རྩོམ་རིང་མོ་སྟེ་གླིང་སྒྲུང་འདི་ནི་ལྷ་སྒྲུང་དང། ངག་རྒྱུན། ལོ་རྒྱུས། གཏམ་རྒྱུད། རྟོགས་བརྗོད། ལྡེའུ། གཏམ་དཔེ། མགུར་གླུ། སྙན་དངགས། ཆོས་ལུགས་བཅས་ཀྱི་བདག་ཉིད་ཅན་ཏེ་གནའ་བོའི་བོད་ཀྱི་སྣང་བརྙན་མ་ལུས་པ་མཚོན་པའི་སྙན་ཞིང་འཇེབས་པའི་ལོ་རྒྱུས་རིང་མོ་ཞིག་ཡིན། དེ་ལ་དང་པོ་སྲིད་ལེ་དང་། ལྷ་གླིང་། འཁྲུངས་གླིང་། རྨ་ས་བཟུང་། རྟ་རྒྱུག། ཕྱོགས་བཞིའི་བདུད་བཞི་དང་། རྫོང་ཆེན་བཅོ་བརྒྱད། ཕྱི་གླིང་ཉེར་གཅིག་བཅས་དང་། གཞན་ཡང་རྫོང་ཆུང་མང་པོ་དབང་དུ་བསྡུས་པའི་སྒྲུང་དང་། མཐར་དམྱལ་གླིང་རྫོགས་པ་ཆེན་པོ་ནས་མཇུག་བསྡུས་ཡོད། གླིང་སྒྲུང་གི་རྣམ་གྲངས་ཧ་ཅང་མང་ཞིང་། འཛམ་གླིང་ཐོག་ལོ་རྒྱུས་སྙན་རྩོམ་རིང་ཤོས་དེ་ཡིན། དེ་ནི་རང་རེ་མིའི་རིགས་ཀྱི་རིག་གནས་བང་མཛོད་ལ་ལེགས་སྐྱེས་ཕུལ་བའི་འོད་སྟོང་འབར་བའི་རིན་བྲལ་ནོར་བུ་ཞིག་ཀྱང་ཡིན། གླིང་སྒྲུང་དུ་གླིང་གེ་སར་རྒྱལ་པོ་དང་གླིང་གི་དཔའ་རྟུལ་རྣམས་ལྷ་ཡི་རྣམ་པར་བཟོ་སྐྲུན་བྱས་པའི་སྣང་བརྙན་མང་ཞིང་། དེའང་ཡིད་འགུལ་ཐེབས་པ་དང་སྙན་ཆ་དོད་པོའི་སྒོ་ནས་རྟོག་བརྗོད་བྱས་ཡོད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། གངས་ཀྱི་སེངྒེ་གར་ཡང་མ་མཆིས་ཤིང་། །གེ་སར་རྒྱལ་པོ་གུད་དུ་མི་བཞུགས་མོད། །སྒྲོ་བཏགས་སེམས་ལ་དངོས་སུ་སྣང་བ་འདི། །སྙན་ཚིག་སྒྲ་ཡི་བརྗོད་བྱར་ཅིས་མི་རུང་། །ཞེས་གསུངས་པ་ཡང་བསམ་གྱིས་མི་ཁྱབ་པ་དང་མི་ཡི་སྣང་ཚུལ་ལས་བརྒལ་ཞིང་ལྷ་ཡི་གཟུགས་སུ་བཞེངས་པའི་གླིང་གེ་སར་ཞིག་ལོ་རྒྱུས་དངོས་དང་མཐུན་དཀའ་བས། དེ་ལྟ་བུའི་གླིང་གེ་སར་ཞིག་བྱུང་མ་མྱོང་བའི་དོན་ལ་གོ་དགོས་པ་ཡིན། སྤྱིར་གེ་སར་ནོར་བུ་དགྲ་འདུལ་ནི་ལས་རླུང་རྟ་ཅན་དང་ལུས་དགྲ་ལྷ་ཅན། ཁ་རྗེ་དབང་ཐང་ཅན་དང་གཟི་བརྗིད་མངའ་ཐང་ཅན་ཡིན་པས། དེ་ལ་མཆོད་བསྟོད་ཀྱི་ལས་བྱས་ན་རང་ཉིད་ཀྱི་ཁ་དགེ་བ་དང་རླུང་རྟ་དར་བའི་ལྟ་ཚུལ་ཡོད་ཆོག་པ་བཞིན། སྐྱེས་ཆེན་དམ་པ་རྣམས་ཀྱིས་གླིང་གེ་སར་ལ་མཆོད་བསྟོད་དང་གསོལ་ཁ་མཛད་ཅིང་། རང་རེས་ཀྱང་ད་བར་མཆོད་བསྟོད་བྱས་ནས་འོངས་པར་འབྲས་བུ་མེད་པ་དང་རྒྱུ་མཚན་མེད་པ་གཏན་ནས་མིན་ནོ།།

ཤུལ་རྟེན།

ཤུལ་རྟེན་ནི་ལོ་རྒྱུས་ཀྱི་དཔང་པོ་ཡིན་ཞིང་། དངོས་མཐོང་ལག་ཟིན་གྱི་ཤུལ་རྟེན་ལས་གླིང་གེ་སར་ནི་དངོས་བྱུང་མི་སྣ་ཞིག་ཡིན་པར་ར་སྤྲོད་བདེན་དཔང་ཚད་མཐོན་པོར་བྱེད་ཐུབ། དེས་ན་གླིང་གེ་སར་གྱི་མཁར་ཤུལ། སྦྲ་ཤུལ། གླིང་གེ་སར་རྒྱལ་པོའི་དགོན་པ། ཕྱག་རྗེས། ཞབས་རྗེས། རྟ་རྒྱུགས་ཤུལ། དམག་བརྒྱབ་ཤུལ། ཤུལ་རྫས་མདའ་མདུང་གྲི་གསུམ། ཁྲབ་རྨོག་གོ་མཚོན། རྟ་སྒ་དང་རྟ་སྲབ། བ་སོའི་ཕྱག་ཐམ། ཞལ་འབག གཞན་ཡང་གླིང་གི་དཔལ་རྟུལ་རྣམས་ཀྱི་མཁར་ཤུལ་དང་། ཤུལ་རྫས་འདྲ་མིན། རྒྱན་ཆའི་རིགས་སོགས་ཡོད་པ་ལོ་རྒྱུས་སྨྲ་བའི་དབང་ཕྱུག་མཁས་དབང་འཇམ་དཔལ་རྒྱ་མཚོ་དང་། མཁས་དབང་སུམ་པ་ཡེ་ཤེས་དཔལ་འབྱོར། མཁས་དབང་དམུ་དགེ་བསམ་གཏན། མཁས་དབང་ཕུར་ལྕོག་ངག་དབང་བྱམས་པ། མཁས་དབང་བྲག་དགོན་པ་བསྟན་པ་རབ་རྒྱས། མཁས་དབང་གཅོད་པ་དོན་གྲུབ་སོགས་ཚད་ལྡན་གྱི་ལོ་རྒྱུས་སྨྲ་བ་དག་གིས། གནའ་ཤུལ་དེ་དག་རེ་རེ་བཞིན་ངོ་སྤྲོད་གནང་ཡོད་པས་འདིར་མང་དུ་མ་སྤྲོས། ལྷག་པར་དུ་མཁས་དབང་གཅོད་པ་དོན་གྲུབ་ལགས་ཀྱིས་<<གླིང་གེ་སར་རྒྱལ་པོ་ནི་ལོ་རྒྱུས་ཀྱི་མི་སྣ་དངོས་ཡིན་མིན་སྐོར་གླེང་བ་>>ཞེས་པའི་དཔྱད་བརྗོད་ཚིག་ཉུང་ལ་གནད་འདུས་པ་ཞིག་འདུག་པས་དེར་གཟིགས་ཐུབ་ན་རྨོངས་པ་དང་ཐེ་ཚོམ་གྱི་མདུད་པ་མང་པོ་ཞིག་རང་གྲོལ་དུ་འགྱུར་རོ། །ཤུལ་རྟེན་དེ་དག་ཀྱང་མིག་གིས་མཐོང་ཐུབ་ཅིང་ལག་པས་རེག་ཐུབ་པའི་དངོས་པོ་ཤ་སྟག་ཡིན་པ་ལ། གླིང་གེ་སར་དང་གླིང་གི་དཔལ་རྟུལ་སོ་སོའི་མིང་ནས་གསལ་པོར་བཏགས་ཡོད་པ་སོགས་རྒྱུ་མཚན་ལྡན་པའི་ཐོག་ནས། ཤུལ་རྟེན་དེ་དག་གླིང་གེ་སར་དང་གླིང་གི་དཔའ་རྟུལ་རྣམས་ཀྱི་ཡིན་པར་མཁས་དབང་རྣམས་ཀྱིས་ར་སྤྲོད་བྱས་འདུག་པས་རྒྱུ་མཚན་ཚད་མ་ཉིད་དུ་མཐོང་ངོ་།།

གླིང་གེ་སར་རྒྱལ་པོའི་སྐོར་ཉུང་ངུ་ཞིག་སྨྲས་པ་འདི་ཡང་། སྒྲོ་སྐུར་གྱི་འདམ་དུ་མ་ལྷུང་ཞིང་དངོས་ཡོད་གནས་ཚུལ་ལ་འཇུག་གང་ཐུབ་བྱས་པའི་ཁུལ་ཡིན། གླིང་གེ་སར་དང་ཁོང་གི་ཡུལ་སྡེ་མི་སྡེ་ཀུན་རེ་རེ་ནས་བཤད་དགོས་ན་ཧ་ཅང་མང་པོ་བཤད་དུ་ཡོད་ཀྱང་ད་ནི་རེ་ཞིག་གཏམ་གྱི་མཇུག་བསྡུ་བར་བྱའོ།།

སྤྱི་ལོ་ ༢༠༢༢ ཟླ་བ་ ༡༠ ཚེས་ ༢༥ ཉིན་མཇུག་གྲུབ་པར་བྱས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།