༤༡ ༽ སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་།

འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ།

་་་་་འདོན་ཐེངས་སྔ་མའི་འཕྲོ།

སརྦྦཱ་རྠ་ཞེས་པ་དོན་ཐམས་ཅད་པ་ཞེས་པ་ཡིན་ཀྱང་། བོད་སྐད་དུ། སྐབས་ལ་ལར། སརྦ་ཨརྠ་ཞེས་མཚམས་མ་སྦྱར་བ་དག་ཀྱང་། བོད་སྐད་ལ་རིང་ཆའི་འབོད་ཐང་འདི་ཇི་བཞིན་ཐོན་པ་དཀོན་པས་མཚམས་མ་སྦྱར་བ་ལྟར་བཀླག་ན་མཚམས་སྦྱར་བ་ལྟར་འབོད་ཐང་མཚུངས་པས་སྒྲ་དག་པར་འགྱུར་བའི་ཕྱིར་དང༌། མོའུ་གལ་ལྟ་བུའང་བོད་སྐད་ཀྱི་འབོད་ཐང་ལ་དགོངས་ཀྱི་རྒྱ་སྐད་ལ་ན་རོ་མཽ་ཞེས་ཡོད་པ་ལྟ་བུ་དང༌། སུག་སྨེལ། ག་བུར་སོགས་ཟུར་ཆག་ལྟར་བཀླག་ན་བདེ་ཞིང་དོན་གོ་བ་ལ་ཁྱད་མེད་པ་ཡིན་ནོ། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག་ཅེས་པ་ལྟ་བུ་དང་། བཤེས་སྤྲིང་ལས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། ཞེས་སོགས་གསུངས་པ་ལྟ་བུ་འབོད་ཚིག་ཏུ་མ་གོ་ན་དོན་གཞན་དུ་ནོར་བ་དང་། བརྡ་རྙིང་གི་འབོད་ཐང་གི་དངོས་དོན་རྗེན་པར་མ་གོ་ན་ཕྱོགས་འགྲོ་ཙམ་གྱིས་རེས་དོན་དང་འགྲིགས་ཀྱང་རེས་མི་འགྲིག་པར་འགྱུར་བས་གོ་བ་གཏིང་ཚུགས་པ་མི་སྐྱེ་བ་དང་། དོན་མི་གོ་བས་ཕལ་ཆེར་མིང་ཚིག་གི་འཇུག་པ་མ་ཤེས་པའི་སྐྱོན་ལས་བྱུང་བ་མང་བས། གཞུང་འདིར་ལྟ་བུ་དང་། བོད་ཀྱི་དག་ཡིག་ཚད་ལྡན་རྣམས་སློབ་གཉེར་བ་ལ་མི་ཤེས་སུ་མི་རུང་བའི་བསླབ་བྱ་ཡིན་ནོ། །རྒྱས་པར་བརྡ་སྤྲོད་པའི་གཞུང་ལུགས་ཆེན་པོ་རྣམས་སུ་ཤེས་པར་བྱའོ།། དེ་རྣམས་ནི་སྒྲ་རིག་པའི་སྐབས་སུ་མཁོ་བའི་མིང་གི་རིམ་པ་ཅུང་ཟད་བརྗོད་པའོ།།

༈ སྒྲ་རིག་པའི་ཡན་ལག་ཏུ་གྱུར་པ་སྡེབ་སྦྱོར་དང་མངོན་བརྗོད་དང་། སྙན་ངག་གསུམ་ཡིན་པས་དེ་དག་གི་སྐབས་སུ་མཁོ་བའི་མིང་ལས་དང་པོ་སྙན་ངག་གི་སྐབས་སུ་མཁོ་བའི་མིང་།

ཀཱ་བྱ། སྙན་ངག བཱ་ཙཱ་ལཾ་ཀ་ར། ཚིག་གི་རྒྱན།
དེ་སྙན་ངག་གི་ལུས་ནི།
པདྱཾ། ཚིགས་བཅད། གདྱཾ། ལྷུག་པ། མིཤྲཱ་ཀཾ་མམ་ཎཾ། སྤེལ་མ་སྟེ་ཚིགས་བཅད་ནི་རྐང་པ་བཞི་པའོ། །ལྷུག་པ་ཚིགས་སུ་མ་བཅད་པའོ། །དཎྜ་ཀཿ རྒྱུན་ཆགས་པ་ཞེས་སོ།།

སྙན་ངག་གི་རྒྱན་ལ་ཡོན་ཏན་བཅུ་སྟེ།
ཤླེ་ཥཿ་དང་། ཤླིཥྚ། སྦྱར་བ། པྲ་སཱ་ད། རབ་དང་། ས་མ་ཏཱ། མཉམ་ཉིད། མ་དྷུ་ར། སྙན་པ། སུ་ཀུ་མཱ་ར་ཏཱ། ཤིན་ཏུ་གཞོན་པ། ཨརྠ་བྱཀྟི། དོན་གསལ། ཨུ་དཱ་ར། རྒྱ་ཆེ། ཨོ་ཛཿ བརྗིད་པ། ཀཱནྟི། མཛེས་པ། ས་མཱ་དྷི། ཏིང་ངེ་འཛིན། ཞེས་སོ།།
སྦྱར་བའི་ཡོན་ཏན་ཡི་གེ ཤི་ཐི་ལཾ་དང་། ཤླ་ཐཾ། ལྷོད་པ་སྟེ་དེས་མ་རེག་པའོ།།

ལྷོད་པའི་མིང་།
ཀོ་མ་ལཾ། མཉེན་པའང་ཟེར། རབ་དངས་ཀྱི་ཡོན་ཏན་ནི་ཡོངས་སུ་གྲགས་པའི་དོན་ཅན་རྟོགས་སླ་བའོ། །མཉམ་པའི་ཡོན་ཏན་ནི་ཡི་གེ་འཇམ་རྩུབ་མི་མཉམ་པར་གང་རུང་ཤས་ཆེ་བ་མིན་པའི་བར་མའོ། །དེ་ལ་ཡི་གེ ་མྲྀ་དུ། འཇམ། སྥུ་ཊ་དང་། པཱ་རུ་ཥྱཾ་དང་། ནིཥྛུ་(རཾ)། རྣམས་རྩུབ་པ་ཞེས་སོ། །སྙན་པའི་ཡོན་ཏན་ནི་ཡིད་དུ་འོང་བའི་ཉམས་དང་ལྡན་པའོ། །ར་ས། ཉམས་ཞེས་སོ། །དེ་དང་རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱ་དངོས་པོའི་དོན་ལའང་ཡིད་འོང་གི་ཉམས་ཡོད་པའོ།།

ཚིག་ལ། གྲཱ་མ་བཱཙ྄། གྲོང་ཚིག་སྟེ། དེ་དང་མ་འདྲེས་པ་དང་། ཨ་ནུ་པྲཱ་སཿ། རྗེས་ཁྲིད་དང་ལྡན་པ་རྣམས་མཛེས་སོ།།
ཤིན་ཏུ་གཞོན་པའི་ཡོན་ཏན་ནི་རྩུབ་པོའི་སྐྱེ་གནས་ཅན་གྱི་ཡི་གེ་མིན་པ་མང་བའོ། །ཡི་གེ་ཐམས་ཅད་མཉན་?(མཉམ་) པ་ཡིན་ན་ཝཱགྦནྡྷ་ངག་གི་སྦྱོར་བ་ལྷོད་པའི་སྐྱོན་དུ་འགྱུར་རོ། །དོན་གསལ་བའི་ཡོན་ཏན་ནི། དོན་བརྟག་མི་དགོས་པར་གསལ་ཞིང་ནག་ནོག་མེད་པ་མེ་ལོང་དང་པ་ལྟ་བུའོ། །རྒྱ་ཆེ་བའི་ཡོན་ཏན་ནི། ཨུཏྐརྵཿ། ཁྱད་འཕགས་ཏེ་དེ་ལྟ་བུའི་ཡོན་ཏན་བརྗོད་པའོ། །བརྗོད་པ་ནི་ཚིག་གི་ཕྲད་སོགས་ཅི་རིགས་སུ་བསྡུས་པས་ཚིག་ཉོབ་བྲལ་ཏེ་དངོས་གཙང་བ་འདི་ཚིག་ལྷུག་ལ་གསོས་ལྟ་བུ་ཡིན་ཞིང་ཚིགས་བཅད་ལ་ཡང་རྒྱ་གར་ཤར་ཕྱོགས་པས་གཙོ་བོར་བཞེད།

མཛེས་པའི་ཡོན་ཏན་འཇིག་རྟེན་པའི་དོན་ལས་མ་བརྒལ་བར་རྣ་བར་འབབ་པ་ལྟ་བུར་བརྗོད་པ་ནི་མཁས་རྨོངས་ཀུན་ལ་འཐད་ཅིང་། འཇིག་རྟེན་གྱི་ཚུལ་ལུགས་ལས་བརྒལ་བ་ལྟ་བུ་ཧ་ཅང་བརྗོད་འདོད་ཀྱིས་ཕུལ་བྱུང་གི་རྒྱན་ལྟ་བུར་བརྗོད་པའང་མཁས་པ་མཛེས་པའི་སྐབས་ཀྱང་ཡོད་དེ་མདོར་ན་གཞན་པའི་རྣ་བར་འབབ་པའི་ཚིག་གོ །

ཏིང་འཛིན་གྱི་ཡོན་ཏན་ནི། ཆོས་གཞན་པའི་བྱ་བ་སོགས་ཆོས་གཞན་ལ་སྦྱར་ཏེ་བརྗོད་ཀྱང་འཇིག་རྟེན་གྲགས་པ་དང་མཐུན་པར་དོན་གོ་བ་སྟེ། དཔེར་ན་ཀུ་མུ་དའི་མིག་འཛུམ། པདྨ་དག་མིག་འབྱེད་ལྟ་བུ་སྟེ། འདི་ལ་ཚིག་སྦྱོར་ཚུལ་གྱི་མི་མཛེས་པ་སྤང་སྟེ་མཛེས་པ་བརྗོད་དགོས་སོ། །དེ་ལྟར་ཡོན་ཏན་བཅུ་པོ་འདི་རྒྱ་གར་ལྷོ་ཕྱོགས་བཻ་དརྦྷའི་སྙན་ངག་གི་ལམ་གྱི་སྲོག་ཏུ་བཤད་པ། འདི་དག་ཕལ་ཆེར་བཟློག་པས་ཤར་ཕྱོགས་གཽ་ཌ་བའི་ལམ་མཚོན་པར་བྱེད་པ་སྙན་དངགས་མེ་ལོང་མའི་གཞུང་གི་དཔེ་བརྗོད་ཀྱིས་ཤེས་པར་བྱའོ།།

མུ་འགོད་་་་་་་

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།