༤༡ ༽ ཆོས་ཀྱི་རྣམ་གྲངས་ལས་ཉེ་བར་མཁོ་བའི་རྣམ་གྲངས་འགའ་ཞིག

རྩོམ་སྒྲིག་པ།

ཆོས་ཀྱི་རྣམ་གྲངས་ཀྱི་ལེ་ཚན་དང་འབྲེལ་བའི་རྩོམ་སྒྲིག་པའི་གསལ་བཤད།

པདྨའི་རང་མདངས་འདོན་ཐེངས་དང་པོ་ནས་བཟུང་འདོན་ཐེངས་ ༤༠ བར་དུ་རྒྱུན་མ་ཆད་པར་མངོན་བརྗོད་བརྡ་ཡི་གསལ་བྱེད་ཅེས་པའི་ལེ་ཚན་དུ་མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས་དང་། འཆི་མེད་མཛོད་གཉིས་སུ་གཙོ་བོར་གཞི་བཅོལ་ནས་མངོན་བརྗོད་བདམས་བཀོད་ཞུས་ཤིང་། ད་ཆ་མངོན་བརྗོད་དེ་གཉིས་ཡོངས་རྫོགས་བཀོད་ཟིན་པར་བརྟེན། པདྨའི་རང་མདངས་འདོན་ཐེངས་ཞེ་གཅིག་ནས་བཟུང་ལེ་ཚན་དེའི་ཚབ་ལ། འདི་གའི་རྩོམ་སྒྲིག་པ་ཟུར་པ་འགའ་ལ་དགོངས་སྐོར་ཞུས་ཤིང་། ད་ལྟའི་རྩོམ་སྒྲིག་པ་རྣམས་བགྲོ་གླེང་གིས་མང་མོས་ཐག་གཅོད་བྱུང་བ་ལྟར། ཆོས་ཀྱི་རྣམ་གྲངས་མུ་འགོད་ཞུ་ས་ (རྣམ་གྲངས་ཆོས་ཀྱི་གསལ་བྱེད།) ཅེས་པའི་ལེ་ཚན་གསར་པ་ཞིག་གཉེར་རྒྱུའི་གྲོས་མཐུན་བྱུང༌། ཆོས་ཀྱི་རྣམ་གྲངས་དེ་ཡང་ཉན་ཤུལ་མཁྱེན་རབ་འོད་གསལ་དང་མཆོག་སྤྲུལ་གཟན་དཀར་ཐུབ་བསྟན་ཉི་མ་གཉིས་ཀྱིས་ཞུ་དག་དང་ཁ་སྐོང་མཛད་ཅིང་མགོན་པོ་དབང་རྒྱལ་གྱིས་ཕྱོགས་སྒྲིག་གནང་བའི་ (ཆོས་ཀྱི་རྣམ་གྲངས་ཤེས་བྱའི་ནོར་གླིང་འཇུག་པའི་གྲུ་གཟིངས་) ཞེས་པ་དེ་ལ་གཞི་བཅོལ་ནས་རྩོམ་སྒྲིག་པས་འདེམས་སྒྲུག་དང་། སྐབས་བབ་ཀྱི་ཚན་པར་གཏོགས་པའི་དགོས་གལ་ཆེ་བ་རྣམས་སྣོན་ཆོག་པའི་ས་མིག་ཡོད་པ་བཅས་སྡེ་ཚན་འདི་གཉེར་རྒྱུ་ལགས་ན་དེ་དོན་ཀློག་པ་པོ་རྣམས་ནས་དགོངས་འཇགས་ཡོང་བ་མཁྱེན།


གཉིས་ཚན་ཅན།

ཀུན་སློང་གཉིས། རྒྱུའི་ཀུན་སློང༌། དུས་ཀྱི་ཀུན་སློང་།
སྐད་ཅིག་གཉིས། བྱ་རྫོགས་ཀྱི་སྐད་ཅིག དུས་མཐའི་སྐད་ཅིག
ཀུན་རྫོབ་བདེན་པ་གཉིས། ཡང་དག་ཀུན་རྫོབ། ལོག་པའི་ཀུན་རྫོབ།
ཀུན་བཏགས་གཉིས། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བཏགས། རྣམ་གྲངས་པའི་ཀུན་བཏགས།
མཁན་པོ་གཉིས། རབ་བྱུང་གི་མཁན་པོ། བསྙེན་རྫོགས་ཀྱི་མཁན་པོ།
ཁ་ན་མ་ཐོ་བ་གཉིས། རང་བཞིན་གྱི་ཁ་ན་མ་ཐོ་བ། བཅས་པའི་ཁ་ན་མ་ཐོ་བ།
མཁྱེན་པ་གཉིས། ཇི་ལྟ་བ་མཁྱེན་པ། ཇི་སྙེད་པ་མཁྱེན་པ།
འཁྲུལ་ཤེས་གཉིས། རྟོག་མེད་འཁྲུལ་ཤེས། རྟོག་པ་འཁྲུལ་ཤེས།
དགེ་འདུན་གྱི་སྡེ་གཉིས། རབ་བྱུང་ངུར་སྨྲིག་གི་སྡེ། གོས་དཀར་ལྕང་ལོའི་སྡེ།
གྲུབ་མཐའ་གཉིས། ཕྱི་རོལ་པའི་གྲུབ་མཐའ། ནང་པའི་གྲུབ་མཐའ།
དགྲ་བཅོམ་པ་གཉིས། ལྷག་བཅས་དགྲ་བཅོམ་པ། ལྷག་མེད་དགྲ་བཅོམ་པ།
འགྲོ་བ་གཉིས། ངན་འགྲོ། བདེ་འགྲོ།
སྒྲ་གཉིས། ཟིན་པའི་འབྱུང་བ་ལས་གྱུར་བའི་སྒྲ། མ་ཟིན་པའི་འབྱུང་བ་ལས་གྱུར་བའི་སྒྲ།
སྒྲིབ་པ་གཉིས། ཉོན་མོངས་པའི་སྒྲིབ་པ། ཤེས་བྱའི་སྒྲིབ་པ།
མངོན་པ་གཉིས། དོན་དམ་པའི་ཆོས་མངོན་པ། བརྡར་བཏགས་པའི་ཆོས་མངོན་པ།
དངོས་གྲུབ་གཉིས། མཆོག་གི་དངོས་གྲུབ། ཐུན་མོང་གི་དངོས་གྲུབ།
སྔགས་གཉིས། སྔགས་གསར་མ། སྔགས་རྙིང་མ།
མཆོག་ཟུང་གཉིས། ཤཱ་རིའི་བུ། མོའུ་འགལ་གྱི་བུ།
མཆོད་པ་གཉིས། དངོས་བཤམས་ཀྱི་མཆོད་པ། ཡིད་སྤྲུལ་གྱི་མཆོད་པ།
འཆད་ཚུལ་གཉིས། ཚོགས་བཤད། སློབ་བཤད།
འཇིག་རྟེན་གཉིས། སྣོད་ཀྱི་འཇིག་རྟེན། བཅུད་ཀྱི་འཇིག་རྟེན།
རྗོད་བྱེད་ཀྱི་སྒྲ་གཉིས། རིགས་བརྗོད་ཀྱི་སྒྲ། ཚོགས་བརྗོད་ཀྱི་སྒྲ།
སྙོམ་འཇུག་གཉིས། འགོག་པའི་སྙོམས་འཇུག འདུ་ཤེས་མེད་པའི་སྙོམས་འཇུག །
རྟོགས་པའི་བློ་གཉིས། དངོས་རྟོགས། ཤུགས་རྟོགས།
ཐོབ་པ་གཉིས། རྙེད་ཐོབ། ལྡན་ཐོབ།
མཐའ་གཉིས། རྟག་པའི་མཐའ། ཆད་པའི་མཐའ།
དོན༌གཉིས། རང་དོན། གཞན་དོན།
དོན་དམ་གཉིས། རྣམ་གྲངས་པའི་དོན་དམ། རྣམ་གྲངས་མ་ཡིན་པའི་དོན་དམ།
འདུ་བྱེད་གཉིས། མཚུངས་ལྡན་འདུ་བྱེད། ལྡན་པ་མ་ཡིན་པའི་འདུ་བྱེད།
བདེ་བ་གཉིས། གནས་སྐབས་མངོན་མཐོའི་བདེ་བ་ (ལྷ་མིའི་གོ་འཕང་) མཐར་ཐུག་ངེས་ལེགས་ཀྱི་བདེ་བ།
(བྱང་ཆུབ་གསུམ་གྱི་གོ་འཕང་) ཡང་ན། ཟག་བཅས་ཀྱི་བདེ་བ་དང་། ཟག་མེད་ཀྱི་བདེ་བ།
བདག་མེད་གཉིས། གང་ཟག་གི་བདག་མེད་དང་། ཆོས་ཀྱི་བདག་མེད།
དབུ་མ་རང་རྒྱུད་པ་གཉིས། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ།
དབང་པོ་རྣོ་རྟུལ་གཉིས། དབང་རྣོན་ཆོས་ཀྱི་རྗེས་འབྲང་། དབང་རྟུལ་དད་པའི་རྗེས་འབྲང་།
བྱང་ཆུབ་ཀྱི་སེམས་གཉིས། སྨོན་པ་བྱང་ཆུབ་ཀྱི་སེམས། འཇུག་པ་བྱང་ཆུབ་ཀྱི་སེམས།
མི་དགེ་བའི་ས་པ་ཆེན་པོ་གཉིས། ངོ་ཚ་མེད་པ། ཁྲེལ་མེད་པ།
མི་རྟག་པ་གཉིས། རགས་པ་རྒྱུན་གྱི་མི་རྟག་པ། ཕྲ་བ་སྐད་ཅིག་གི་མི་རྟག་པ།
མིང་གཉིས། དངོས་མིང༌། བཏགས་མིང༌། ཡང་ན། འདོད་རྒྱལ་གྱི་མིང་དང༌། རྗེས་གྲུབ་ཀྱི་མིང་།
ཚད་མ་གཉིས། རང་ལས་ངེས་ཀྱི་ཚད་མ། གཞན་ལས་ངེས་ཀྱི་ཚད་མ། ཡང་ན། མངོན་སུམ་ཚད་མ་དང༌། རྗེས་དཔག་ཚད་མ།
ཚོགས་གཉིས། བསོད་ནམས་ཀྱི་ཚོགས། ཡེ་ཤེས་ཀྱི་ཚོགས།
ཞེན་ཡུལ་གཉིས། སྐྱེས་བུའི་ཞེན་ཡུལ། རྟོག་པའི་ཞེན་ཡུལ།
གཞལ་བྱ་གཉིས། རང་མཚན། སྤྱི་མཚན།
གཞི་བདེན་པ་གཉིས། ཐ་སྙད་ཀུན་རྫོབ་ཐབས་ཀྱི་བདེན་པ་དང་། ཡང་དག་དོན་དམ་ཐབས་བྱུང་བདེན་པ།
གཟུགས་མེད་གཉིས། རྒྱུ་སྙོམས་འཇུག་གི་གཟུགས་མེད། འབྲས་བུ་སྐྱེ་བའི་གཟུགས་མེད།
ཡོངས་གྲུབ་གཉིས། འགྱུར་མེད་ཡོངས་གྲུབ་དང༌། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ།
རབ་ཏུ་བྱུང་བའི་ལས་སུ་བྱ་བ་གཉིས། ཀློག་པ་ཐོས་བསམ་དང༌། སྤོང་བ་བསམ་གཏན།
རིམ་པ་གཉིས། བསྐྱེད་རིམ། རྫོགས་རིམ།
ལས་གཉིས། སེམས་པའི་ལས། བསམ་པའི་ལས།
ལོག་ཤེས་གཉིས། རྟོག་པར་གྱུར་བའི་ལོག་ཤེས། རྟོག་མེད་དུ་གྱུར་བའི་ལོག་ཤེས།
སེམས་བསྐྱེད་གཉིས། དོན་དམ་སེམས་བསྐྱེད། ཀུན་རྫོབ་སེམས་བསྐྱེད།
ལྷ་རིགས་གཉིས། འཇིག་རྟེན་པའི་ལྷ། འཇིག་རྟེན་ལས་འདས་པའི་ལྷ།
ཆོས་གཉིས། ་ འཇིག་རྟེན་མི་ཆོས། དམ་པའི་ལྷ་ཆོས།
བསྟན་པ་གཉིས། ལུང་གི་བསྟན་པ། རྟོགས་པའི་བསྟན་པ།
བཀའ་གཏེར་གཉིས། རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ།
རོང་ཀློང་རྣམ་གཉིས། རོང་ཟོམ་ཆོས་བཟང་། ཀློང་ཆེན་རབ་འབྱམས།
ཐ་སྙད་ཚད་མ་གཉིས། མ་དག་ཚུ་རོལ་མཐོང་བའི་ཀུན་ཏུ་ཐ་སྙད་པའི་ཚད་མ། དག་པའི་གཟིགས་པ་ལ་བརྟེན་པའི་ཀུན་ཏུ་ཐ་སྙད་པའི་ཚད་མ།
དོན་དམ་བདེན་པ་གཉིས། རྣམ་གྲངས་པའི་དོན་དམ་བདེན་པ། རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།