གབ་ཚིག་གབ་པའི་གསང་བ།

ལོ་རིམ་བདུན་པའི་སློབ་གཉེར་བ། བསྟན་འཛིན་ལེགས་གྲུབ།

མཆོག་གསུམ་གཙུག་ཏུ་བཀུར་བའི་མཚོན་བརྡ་ལ།།
རིན་ཆེན་རྒྱན་ཆ་རྣམ་གསུམ་དབུ་ལ་མཛེས།།
ཕྱོགས་བཞིར་ཤིང་ལོ་ར་བས་ཡོངས་བསྐོར་བ།།
མཚམས་བཞིར་ཆུ་སྲིན་སྒོ་སྲུང་ཅན་དེ་ཅི།།

དངོས་དེ་ཁྱེད་ཀྱིས་བཟའ་བའི་ཆེད་དུ་ཉོས།།
བཟའ་ནི་ཁྱེེད་ཀྱིས་ནམ་ཡང་མི་བཟའ་བར།།
ཉིན་ལྟར་དེ་ཉིད་བྱི་དོར་ལེགས་བགྱིས་ཏེ།།
ཉར་ཚགས་བྱེད་པའི་དངོས་དེ་ཅི་ཞིག་ལགས།།

མཚན་མོར་ཚུར་ལ་ཡང་ཡང་འཛུམ་པ་དང།།
ཉིན་མོར་མི་ཡིས་ཉུང་བའི་དཔེ་རུ་བྱེད།།
ཡོད་ནི་ཁོང་ཚོ་མང་པོ་ཡོད་པ་ལ།།
ཉིན་མོར་གཅིག་ཀྱང་མི་སྣང་དངོས་དེ་ཅི།།

འཕུར་བྱེད་གཤོག་པ་མེད་པར་གནམ་ལ་འཕུར།།
ངུ་བྱེད་མིག་དབང་མེད་ནའང་སྐབས་འགར་ངུ་།།
ཁོ་རང་གང་དུ་ཆས་ཀྱང་མུན་པས་འདེད།།
ཁ་དོག་མ་ངེས་འགྱུར་བའི་དངོས་དེ་ཅི།།

བཙོ་དུས་ཕྱི་ཤུན་དོར་ཏེ་ནང་མ་བཙོས།།
བཟའ་དུས་ཕྱི་ནས་བཟས་ཏེ་ནང་མ་དོར།།
ནང་བཙོས་ཕྱི་བཟའི་ཟ་མ་ཡ་མཚན་དེ།།
གྲོགས་པོ་ཁྱེད་ཀྱི་ཁ་ལ་རག་མྱོང་ངམ།།

ཁྱེད་ཀྱི་ཁུ་བོའི་གཅེན་པོ་ཡིན་པ་ལ།།
ཁོ་ནི་ཁྱེད་ཀྱི་ཨ་ཁུ་མ་ཡིན་པ།།
ཚ་བོ་ཞང་པོ་གཉིས་ཀྱང་ཁོང་མིན་ན།།
ཅོ་ལགས་དེ་འདྲ་ཁྱེད་ཀྱིས་ངོ་ཤེས་སམ།།

ཁ་སང་སྔ་ཉིན་ཚེས་པ་དྲུག་ཡིན་ན།།
སང་གི་ཕྱི་ཉིན་ཚེས་པ་གང་ཁེལ་མིན།།
སྔ་ཉིན་འདས་དང་ཕྱི་ཉིན་མ་འོངས་དབར།།
མ་ནོར་རྩིས་ཤིག་བསྐོར་ན་ཅི་ཞིག་ཐོན།།

ཉི་མ་ལྷ་མོའི་བུ་མོ་དབང་མོ་དེ།།
གལ་ཏེ་ཁྱེད་ཀྱི་བུ་མོའི་མ་ཡིན་ན།།
ཉི་མ་ལྷ་མོའི་ཨ་མ་ཚེ་རིང་དེ།།
ཁྱེད་ཀྱི་བུ་ཡི་སུ་ཞིག་ཡིན་དགོས་སམ།།

སྤྱི་ལོ་ ༢༠༢༢ ཟླ་བ ༠༩ ཚེས་པ ༢༡ ཉིན་བྲིས་པ་དགེའོ།།

གོང་གི་གབ་ཚིག་རྣམས་རེ་རེ་ནས་ངོས་འཛིན་གནང་ཐུབ་མཁན་རྣམས་ཀྱི་མཚན་སྤྱི་ལོ་ ༢༠༢༣  ལོའི་པདྨའི་རང་མདངས་འདོན་ཐེངས་སྔ་མའི་ནང་དགོད་རྒྱུ་དང་། མི་གྲངས་གསུམ་ལ་དུས་དེབ་པདྨའི་རང་མདངས་འདོན་ཐེངས་སྔ་མ་རེ་བྱ་དགའ་རུ་དབུལ་རྒྱུ་ལགས་ན། གབ་ལན་རྣམས་སྤྱི་ལོ་ ༢༠༢༣ བོད་ཟླ་ ༠༤ ཚེས་ ༡༥ ལས་མ་འགྱངས་བར་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་དུ་བསྐུར་གནང་ཡོད་པར་ཞུ།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།