གབ་ཚིག་གསང་བའི་མདའ་མོ།

ལོ་རིམ་དྲུག་པའི་སློབ་གཉེར་བ། འཇིགས་མེད་རྣམ་རྒྱལ།

ཚ་བའི་རོང་གི་ནོག་ཅན་དཀར་མོའི་ཁྱུ།།
བསིལ་བའི་སླད་དུ་པདྨའི་རྫིང་བུར་ཞུཊ།།
ཆུར་རྐྱལ་ཤུལ་དུ་རང་གནས་ལྡོག་པའི་ཚེ།།
དམར་པོའི་ཁ་དོག་གྱུར་ཏེ་འོང་མཁན་ཅི།།

སྨ་ར་ཡོད་ཀྱང་སྨྲ་བའི་སྒོ་ལྕེས་སྟོང་།།
གྱོན་ཆས་སྤྲས་ཀྱང་སེམས་ལྡན་མ་ཡིན་ལ།།
ཁ་དོག་དབྱིབས་གཟུཊ་ཕལ་ཆེར་ཆ་སྙོམས་པའི།།
སོས་ཀ་བཙས་ནས་སྟོན་དུས་འཆི་མཁན་གང་།།

སྔ་དགོང་གཉིས་སུ་རང་ལས་གཟུགས་ཚད་རིང་།།
ནུབ་མོ་འདྲེན་བྱེད་དབང་པོར་རིག་རྒྱུ་མེད།།
རང་དང་སྐད་ཅིག་ཙམ་ཡང་མི་འབྲལ་བའི།།
ལད་ཟློས་ཅན་གྱི་མཛའ་གྲོགས་སུ་ཡིན་ནམ།།

མཐའ་ཀུན་ར་བས་བསྐོར་བའི་ཀེའུ་ཚང་ན།།
ཆགས་སྡང་ཅན་གྱི་ངུར་པ་རྒན་རྒོན་གཉིས།།
སྲེད་པས་མྱོས་ཏེ་འགྲེ་ལྡོག་བྱེད་པ་ལས།།
ཕྱི་རོལ་འཕུར་བྱེད་གཤོག་ཟུང་ཉམས་པ་གང་།།

མཛེས་པར་བྱེད་པའི་ལུས་ཀྱི་རྒྱན་ཆ་ཞིག །
མདོག་དབྱིབས་ཐ་དད་ཚད་ཀྱང་དེ་དང་འདྲ།།
འཐེན་ན་འཚེ་ཞིང་བཅད་ན་མི་སྐྱོན་པའི།།
མཆོག་དམན་ཀུན་ལ་ལྡན་པའི་དངོས་པོ་ཅི།།

མཁོ་བྱེད་མིན་ཡང་བཟང་ངན་ཀུན་ལ་ཡོད།།
རྒྱུན་པར་མ་ཡིན་སྐབས་རེ་ཕྱི་རུ་ཕྱུང་།།
ཕྱུག་པོས་ཕྱིས་ནས་ཨམ་ཁུག་ནང་དུ་ཉར།།
བྱིས་པས་གང་སར་སྐུད་ཅིང་འདོར་བ་ཅི།།

རིན་ཆེན་གཡུ་ལས་གྲུབ་པའི་སྒམ་ཆུང་ནང་།།
མུ་ཏིག་ཕྲེང་བ་བཤམས་ནས་འཇོག་པའི་ཚེ།།
འབྱུང་བཞིའི་ནུས་པས་གཡུ་སྒམ་བྱུ་རུ་དང་།།
གྲོལ་བ་གསེར་གྱི་ངོ་བོར་འགྱུར་མཁན་གང་།།

རྫས་རྙིང་རྡུལ་ཕྲན་འདུས་པའི་འབར་རྫས་དེ།།
མི་མངོན་མི་ཐོས་བགྱིས་ཏེ་འཕེན་ན་ཡང་།།
རྗེས་ཐོགས་ཉིད་ནས་རང་དང་ཕ་རོལ་པོའི།།
དྲི་འཛིན་བུ་མོ་དྲན་མེད་གཏོང་མཁན་ཅི།།

བཟང་ངན་ཀུན་གྱི་དཔེར་འོས་དངོས་པོ་ཟུང་།།
གཏི་མུག་གཤེད་མའི་རྙི་ནང་ཚུད་གྱུར་ཀྱང་།།
འཛུམ་མདངས་མི་ཡལ་བྱེད་ལས་ཐ་དད་ཀྱིས།།
ཉིན་མཚན་སྤེལ་མར་སྣོད་བཅུད་སྲུང་མཁན་སུ།།

ཁར་གོང་རྡོ་ཡིས་བསྐྲུན་པའི་དགོན་ཆུང་ནང་།།
སྨྲ་བར་མཁས་པའི་དཀོན་གཉེར་བགྲེས་སོང་ཞིག།།
དད་པས་དྲངས་པའི་དཀོར་རྫས་ཐམས་ཅད་ཀྱི།།
རོ་བཅུད་འཇིབ་མོད་ལྡད་བྱེད་དབེན་པ་གང་།།
༢༠༢༢/༩/༡༧

གོང་གི་གབ་ཚིག་རྣམས་རེ་རེ་ནས་ངོས་འཛིན་གནང་ཐུབ་མཁན་རྣམས་ཀྱི་མཚན་སྤྱི་ལོ་ ༢༠༢༣  ལོའི་པདྨའི་རང་མདངས་འདོན་ཐེངས་སྔ་མའི་ནང་དགོད་རྒྱུ་དང་། མི་གྲངས་གསུམ་ལ་དུས་དེབ་པདྨའི་རང་མདངས་འདོན་ཐེངས་སྔ་མ་རེ་བྱ་དགའ་རུ་དབུལ་རྒྱུ་ལགས་ན། གབ་ལན་རྣམས་སྤྱི་ལོ་ ༢༠༢༣ བོད་ཟླ་ ༠༤ ཚེས་ ༡༥ ལས་མ་འགྱངས་བར་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་དུ་བསྐུར་གནང་ཡོད་པར་ཞུ།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།