མཚོ་འཁྲུངས་ལྷ་མོར་ཕུལ་བའི་མཆོད་པ།

མཁན་པོ་ཆོས་འཕེལ་ནོར་བུ།

མཚན་དཔེའི་གཟི་འོད་འཚེར་བའི་དགྱེས་ཞལ་གྱི་དཀྱིལ་འཁོར།།
ཚེས་ཆེན་བཅོ་ལྔའི་དུང་ཟླ་གངས་དཀར་ལ་ཤར་འདྲའི།།
ངག་རིག་སྒྱུ་རྩལ་དབང་བའི་སྒྲ་དབྱངས་ཀྱི་ལྷ་མོ།།
བཅུ་དྲུག་འདབ་མ་བཞད་པའི་འཁོར་ལོ་ལ་རོལ་མཛོད།།

རྨ་བྱ་གར་ལ་རོལ་འདྲའི་ངོ་མཚར་གྱི་འཇོ་སྒེག།།
ཚངས་དབྱངས་མགྲིན་པར་ཞུགས་པའི་སྙན་ངག་གི་གཏེར་མཛོད།།
མཁས་དགུ་ཡིད་དབང་འགུགས་པའི་སྒྱུ་འཕྲུལ་གྱི་ལྷ་མོ།།
འདབ་བརྒྱད་ཀུན་བཟང་དགྱེས་པའི་པད་མཚོ་ལ་རོལ་མཛོད།།

ལང་ཚོའི་པད་དཀར་ངོམ་པའི་སྨན་བཙུན་གྱི་ལྷ་མོ།།
ངོ་མཚར་མཆོད་རྫས་ཐོགས་ཤིང་མཛེས་སྡུག་གི་གར་སྟབས།།
བསྒྱུར་བའི་རྨད་བྱུང་མཆོད་སྤྲིན་ཡིད་མཁའ་ལ་རོལ་ཏེ།།
ངག་གི་དབང་མོ་འདྲེན་པའི་བསུ་མ་ལ་ཆས་ཡོང།།

ཉི་ཟེར་ཐགས་སུ་བྲན་པའི་དྲྭ་བ་ཡི་གསེང་ནས།།
ཆར་གྱི་ཐིགས་ཕྲན་བརྩེགས་པ་འཇའ་འོད་ཀྱི་གུར་དུ།།
དྲི་ཟའི་འཕང་འགྲོ་བསྣམས་པའི་སྟོང་ཉིད་ཀྱི་ལྷ་མོར།།
སྒྲ་དབྱངས་རྒྱ་མཚོ་འཇོ་བའི་དངོས་གྲུབ་ཅིག་ཞུ་འོ།།

བདེ་སྟོང་སྒྲ་དབྱངས་འབྱིན་པའི་སྒྱུ་རྩལ་གྱི་ཀློང་ནས།།
སྙན་འགྱུར་པི་ཝང་དཀྲོལ་བའི་ཡིད་འཕྲོག་གི་གསང་ཚིག།།
ཁྱེད་ལ་དུང་བ་ཟབ་པའི་ཡུན་རིང་གི་གྲོགས་ལ།།
བརྩེ་བའི་འཛུམ་གྱིས་གནང་མཛོད་སེམས་གཏིང་གི་མཛའ་མོ།།

ཤིན་ཏུ་དྭངས་ཤིང་འཇམ་པའི་སྟོན་མཚན་གྱི་མཁའ་ཡི།།
དལ་བུའི་རླུང་གིས་བསྐྱོད་པའི་སྤྲིན་དཀར་གྱི་ལམ་ནས།།
སྙན་ཚིག་ཀུན་ཏུ་བཟང་པོ་བདུད་རྩི་ཡི་ཆུ་རྒྱུན།།
སིམ་སིམ་མགྲིན་པར་སྐྱིལ་མཛོད་དབྱངས་ཅན་གྱི་ལྷ་མོ།།

དྲང་ཞིང་མཉེན་ལྕུག་ལྡན་པ་རིན་ཆེན་གྱིས་མཛེས་པ།།
ཕྱག་སོར་པད་འདབ་གཡོ་བའི་ལྡེམ་མྱུར་གྱི་རྩལ་ལས།།
རྒྱུད་དྲུག་པི་ཝང་ལས་བྱུང་སྟོང་ཉིད་ཀྱི་རང་སྒྲ།།
འགགས་མེད་དུས་ཀུན་སྒྲོག་མཛོད་སྒྲ་དབྱངས་ཀྱི་བདག་མོ།།

ཤེལ་དཀར་ཚེམས་ཕྲེང་ངོམ་པའི་འོད་ཟེར་གྱི་དབུས་ནས།།
བྱུ་རུའི་ལྗགས་བཟང་འཁྱུགས་པའི་གར་སྟབས་ཀྱིས་དྲངས་པའི།།
དྲི་ཟའི་གླིང་བུ་ལས་སྙན་ལྷང་ལྷང་གི་མགུར་མ།།
ཏིང་འཛིན་ཟས་སུ་རོལ་བའི་དགའ་སྟོན་ལ་བཞེངས་མཛོད།།

ལྡེམ་ལྡེམ་ལྗོན་པའི་ཁྲོད་ཀྱི་ཁུ་བྱུག་གི་མགྲིན་གླུ།།
སྙན་ངག་རིས་སུ་ཕབ་སྟེ་མཚོ་བྱུང་གི་ལྷ་མོར།།
བདེ་སྟོང་ཉམས་བརྒྱ་འབར་བའི་རྨད་བྱུང་གི་མཆོད་པ།།
མ་བཅོས་དབྱངས་སུ་འཐེན་ནོ་དབྱིངས་ཕྱུག་གི་རྒྱལ་མོ།།

གཡུ་མདོག་ནེའུ་གསིང་རྒྱས་པའི་མེ་ཏོག་གི་ཚལ་ནས།།
སིང་སིང་དྲུག་འགྱུར་འགུགས་པའི་སེང་ལྕམ་གྱི་འབྲུག་མོའི།།
ལྡེམ་ལྡེམ་གར་སྟབས་བསྒྱུར་བའི་ངོ་མཚར་གྱི་སྒེག་ཉམས།།
སྙན་ངག་རྒྱུན་ལ་དྲངས་ཏེ་དགྱེས་མཆོད་དུ་འབུལ་ཡོང་།།

སྨུག་སྤྲིན་ལང་ལོང་འཕྱུར་བའི་འབྲོང་རྒོད་ཀྱི་ཁྱིམ་གཞིའི།།
ན་བུན་གོས་སུ་གྱོན་པའི་སྨན་མོ་ཡི་གླུ་ཆུང་།།
ངག་གི་གྲོགས་སུ་བཀུག་སྟེ་སྙན་འགྱུར་གྱི་རོལ་རྩེད།།
སྒྱུ་མའི་མིག་འཕྲུལ་ཇི་བཞིན་དགྱེས་མཆོད་དུ་འབུལ་ཡོང་།།

བསིལ་འཇམ་དལ་གྱིས་འཁྱིལ་བའི་མ་དྲོས་ཀྱི་མཚོ་མོར།།
འཛམ་བུའི་ཆུ་གསེར་འཚེར་བའི་ཚིག་སྦྱོར་གྱི་ཕྲེང་བར།།
སྤྲིན་གྱི་ཕོ་ཉས་གནང་བའི་ནོར་བུ་ཡིས་བརྒྱན་ཏེ།།
མགུལ་གྱི་བུམ་པ་མཛེས་པའི་དགྱེས་མཆོད་དུ་འབུལ་ཡོང་།།

ཟླ་འོད་མཚོ་ལ་འཕོས་པའི་ཟེར་ཕྲེང་གི་རྩེ་ནས།།
རིག་པ་ཀུ་མུད་བཞད་པའི་ཟེའུ་འབྲུ་ཡི་ཀློང་དུ།།
བདེ་སྐྱིད་བསུང་ཞིམ་འཐུལ་བའི་སྙན་ངག་གི་བདུད་རྩི།།
ཤེས་རབ་ལྷ་མོ་དགྱེས་པའི་གསེར་སྐྱེམས་སུ་འབུལ་ཡོང་།།

དཎྜིའི་གཟུགས་བརྙན་འཆར་བའི་མེ་ལོང་གི་ངོས་སུ།།
ཤེས་རབ་སྒོ་བརྒྱ་འབྱེད་པའི་འཕྲུལ་གསང་གི་བརྡ་ལས།།
སྣང་སྲིད་གར་དུ་སྒྱུར་བའི་ངོ་མཚར་གྱི་ལྟད་མོ།།
ཡིད་འཕྲོག་ལྷ་མོ་དགྱེས་པའི་མཆོད་སྤྲིན་དུ་འབུལ་ཡོང་།།

ཤར་ལྷོའི་ཙནྡན་ནགས་སུ་བག་ཡངས་ཀྱིས་རྒྱུ་བ།།
ཤར་ལྷོའི་རྩོམ་ལ་དུང་བའི་ཨ་སྐ་ཡི་བུ་ཡིས།།
ཤར་ལྷོས་གཙུག་ཏུ་བཀུར་བའི་མཚོ་འཁྲུངས་ཀྱི་ལྷ་མོར།།
ཤར་ལྷོའི་བར་ཐག་འབྲེལ་བའི་མཚོ་འགྲམ་ནས་ཕུལ་ལོ།།
ཞེས་མཚོ་འཁྲུངས་ལྷ་མོར་ཕུལ་བའི་མཆོད་པ་འདི་ཤར་ཕྱོགས་ཨོ་ཌི་བི་ཤའི་རྒྱལ་ཁམས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༠༩ ཚེས་ ༢༣ ཉིན་བྲིས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།