དུས་རབས་ཀྱི་ཁ་ཕྱོགས།

ལོ་རིམ་བརྒྱད་པའི་སློབ་གཉེར་བ། ཆོས་དབྱིངས་རྡོ་རྗེ།

དེང་དུས་ཀྱི་སློབ་གྲྭ་དང་དགོན་སྡེ། མི་མང་འདུས་པའི་སྟེགས་བུ་དང་། སྤྱི་ཚོགས་ཀྱི་དྲ་ལམ་ཁག་གི་སྡིངས་ཆའི་སྟེང་ལ་རྣམ་དཔྱོད་ཡངས་པའི་བླ་ཆེན་དང་མི་ཆེན་རྣམས་ཀྱིས་དུས་རབས་ཀྱི་རྗེས་ཟིན་དགོས་ཞེས་ཡང་ནས་བསྐྱར་དུ་གསུང་བཞིན་པ་དེ་ཡང་སྐབས་སུ་བབས་པའི་གཏམ་དང། དུས་སུ་བབས་པའི་ཆར་ཞིག་ཏུ་གོ་བས། ངས་དུས་དེབ་པདྨའི་རང་མདངས་བརྒྱུད་ནས་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་སུ་སྙེག་མཁན། རང་རེ་བོད་ཁ་བ་ཅན་གྱི་ཆོས་བརྒྱུད་འཛིན་པའི་གདན་ས་དང་དགོན་སྡེ་རྣམས་ལ་དུས་རབས་ཀྱི་ཁ་ཕྱོགས་ཞེས་པའི་བརྗོད་གཞི་ཞིག་གི་སྟེང་ནས་ཁ་བརྡ་ཉུང་ངུ་ཞིག་བྱེད་ན་འདོད། དེ་ཡང་དུས་རབས་ཞེས་པ་ནི་མི་ལོ་བརྒྱ་ཕྲག་རེའི་མཚམས་ཀྱི་སྡོམ་ཆེན་རེ་ཡིན་ལ། དེ་ནི་ཡེ་ཤུའི་ཆོས་ལུགས་ཀྱི་སྲོལ་རྒྱུན་རིང་མོས་འཛམ་གླིང་གོ་ལ་ཧྲིལ་པོར་རིམ་པས་བརྒྱུད་ནས་དུས་རབས་སམ་བརྒྱ་ཕྲག་ཉེར་གཅིག་པའི་འགོ་ལ་ཤར་ཡོད་པ་འདི་རེད། ང་ཚོ་ནི་དུས་རབས་འདིའི་མི་དང་མིའི་སྤྱི་ཚོགས། ཆོས་དང་དེའི་ལྟ་གྲུབ། དཔལ་འབྱོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དག་ལ་སྤྱོད་བཞིན་པའི་མིའི་འགྲོ་བ་དུང་ཕྱུར་བདུན་ཅུའི་ནང་ནས་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སྟོན་པར་འཛིན་ཞིང་། དེས་གསུངས་པའི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ལམ་ལ་དད་མོས་ཀྱིས་རྗེས་སུ་སྙེག་པའི་བོད་གངས་ཅན་ལྗོངས་ཀྱི་ཁ་བའི་འདབ་མ་ལས་ཕྱེ་བའི་གྲངས་ཉུང་མི་རིགས་ཤིག་ཡིན་ཞེས་བཤད་ཆོག

ང་ཚོའི་དད་མོས་བྱ་སའི་ནང་པའི་རིག་གཞུང་ངམ་སངས་རྒྱས་པའི་ཆོས་ནི་དུས་རབས་ཉེར་གཅིག་པའི་དུས་སུ་སྟབས་ལེགས་པའི་དབང་གིས་ལྟོས་མེད་རང་ཚུགས་ངང་གློ་བུར་དང་ཐོལ་གྱིས་བྱུང་བ་མ་རེད་ལ། དེ་བཞིན་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་དེ་བས་ཀྱང་ག་ལ་ཡིན། དེ་ནི་མི་ལོ་བརྒྱ་ཕྲག་དུ་མའི་སྔོན་ནས་བྱུང་ཞིང་དུས་ཚོད་ཀྱི་འཕོ་འགྱུར་དང་། མིའི་བསམ་བློའི་འགྱུར་ལྡོག་སོགས་སྤྱི་ཚོགས་ཀྱི་འཕོ་འགྱུར་སྣ་ཚོགས་ལ་བརྟེན་ནས་སྐབས་རེར་དར་བ་དང་སྐབས་རེེར་རྒུད་པ་སོགས་བརྒྱུད་རིམ་སྣ་ཚོགས་པར་བརྒྱུད་ནས་ང་ཚོའི་མགོ་ཐོག་ཏུ་བབས་པའི་ཆོས་འབྱུང་དང་རྒྱལ་རབས་ཁག་གི་དེབ་ཐེར་རྣམས་སུ་འབུར་དུ་དོད་པའི་ལོ་རྒྱུས་རང་བཞིན་ཅན་ཞིག་ཡིན།

དེ་ཡང་རང་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དེ་ཉིད་མངོན་པར་བྱང་ཆུབ་པའི་གོ་འཕང་མངོན་དུ་བྱས་ནས། འཁོར་གྱི་ཆེས་ཐོག་མ་ལྔ་སྡེ་བཟང་པོར་བདེན་བཞིའི་ཆོས་འཁོར་བསྐོར་བ་ནས་བཟུང་ནང་པའི་རབ་བྱུང་གི་སྤྱི་ཚོགས་གྲུབ་པ་ཡིན་ལ། སྟོན་པ་ཉིད་ཀྱིས་ནང་ཆོས་དང་ནང་པ་ཞེས་པའི་ཐ་སྙད་དམིགས་སུ་བཀར་ནས་ཆོས་གསུངས་པ་མིན་ཡང་། ཁོང་གིས་གསུངས་པའི་ཆོས་ལ་དད་མོས་བྱེད་པའི་གང་ཟག་རྣམས་ལ་ནང་པ་ཞེས་ཐ་སྙད་གསར་དུ་ཐོགས། དེ་ནས་རིམ་བཞིན་ཁྱིམ་ཐབ་སྤངས་ནས་བསྟན་པའི་སྒོར་རབ་ཏུ་བྱུང་བའི་གྲངས་ཇེ་མང་དུ་སོང་སྟེ་དེ་དག་བཞུགས་སའི་གནས་དབེན་ལ་ཉམས་དགའ་བའི་སྐྱེད་མོས་ཚལ་དང་། ཀུན་དགའ་ར་བ། དགོན་པ་དང་གཙུག་ལག་ཁང་སོགས་བྱུང་ཡོད། སྟོན་པ་ཉིད་ཀྱིས་ཁོ་བོའི་བསྟན་པ་བྱང་ནས་བྱང་དུ་དར་བར་གསུངས་པ་བཞིན་བསྟན་པའི་ཆུ་འགོ་རྒྱ་གར་འཕགས་པའི་ཡུལ་ནས་ཕྱེ་སྟེ་རྒྱ་བརྒྱུད་ནང་བསྟན་དང་། ལྷོ་བརྒྱུད་ནང་བསྟན། བོད་བརྒྱུད་ནང་བསྟན་བཅས་རྩ་བའི་ཨ་མ་ལྟ་བུར་བྱས་ནས་རྒྱལ་ཁམས་ཡོངས་ལ་དར་ཞིང་རྒྱས་མོད། དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་ནས་བོད་ཡུལ་སྤྱི་ལ་གོད་ཆག་ཆེན་པོ་བྱུང་སྟེ་སེར་མོ་བའི་སྤྱི་ཚོགས་མང་པོ་གཏོར་བརླག་ཏུ་སོང་ཡང་། གདན་ས་དང་དགོན་སྡེ་རྣམས་ཀྱི་རླབས་ཆེན་གྱི་སྐྱེས་ཆེན་རྣམས་དང་། མཁྱེན་རྒྱ་ཡངས་བའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ཀྱི་སྙིང་སྟོབས་དང་བློ་གྲོས་ཀྱིས་དུས་རབས་ཀྱི་འགྲོས་དང་བསྟུན་ནས་བསྟན་པ་དང་འགྲོ་བའི་དོན་དུ་སྤྱན་རྒྱ་རིང་དུ་གཟིགས་ཏེ་སྟོན་པའི་རྗེས་སུ་ཞུགས་པའི་སློབ་བུ་གསར་པ་རྣམས་ལ་སྔར་དང་མི་འདྲ་བའི་ཤེས་ཡོན་འབྱོར་ཐབས་སུ་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་བསྟན་བཅོས་དག་ལོ་རེའི་སློབ་ཚན་དུ་གཏན་འབེབས་གནང་། ཡིག་རྒྱུགས་ཀྱི་སྐས་འཛེག་རིམ་པར་བགྲོད་པའི་སྒོ་ནས་ལོ་རེའི་ཤེས་ཚད་ཀྱི་བང་རིམ་མཐོ་རུ་བཏང་སྟེ་བསླབ་པ་མཐར་སོན་རྣམས་ལ་ཕྱག་ཁྱེར་གནང་བའི་སྲོལ་བཟང་བཏོད་ཡོད། དེ་ནི་ཕྱི་ཕྱོགས་ཀྱི་སློབ་གྲྭ་དང་མཐོ་སློབ་ཁག་གི་ལམ་ལུགས་བཟང་པོར་མིག་དཔེ་བླངས་པ་ཞིག་ཡིན་ཞིང་དུས་རབས་ཀྱི་ཁ་ཕྱོགས་ལ་གོམ་སྟབས་ཀྱིས་རྗེས་སུ་སྙེགས་པའི་འབྲས་རྟགས་བླ་ན་མེད་པ་སྟེ། རབ་བྱུང་གི་སྤྱི་ཚོགས་དབྱར་མཚོ་བཞིན་རྒྱས་ཏེ་བསྟན་པའི་མེ་རོ་སྦར་ཏེ། སེམས་ཅན་ལ་བདེ་སྐྱིད་ཚད་མེད་བསྐྲུན་ཡོད་པ་ནི་མངོན་སུམ་གྱི་གནས་སུ་གྱུར་པས་འགྲེལ་མི་དགོས་སོ།།

ད་ནི་དུས་རབས་ཉེར་གཅིག་པའི་དུས་ཚོད་ཤར་ཡོད་སྟབས་དུས་རབས་འདིའི་མི་དང་མིའི་སྤྱི་ཚོགས་ཀྱི་ལངས་ཕྱོགས། འཚོ་བའི་ལམ་གནད་འཚོལ་བའི་ཁ་ཕྱོགས་ངེས་ཅན་ཞིག་ཡོད་པས། ང་ཚོས་ཀྱང་དུས་རབས་འདིའི་མིའི་སྤྱི་ཚོགས་ཀྱི་ལངས་ཕྱོགས། དམངས་ཁྲོད་དུ་དགའ་མོས་བྱེད་པའི་འདུ་ཤེས་བཟང་པོ་དག་དང་ལེན་བྱས་ཏེ། སྔར་གྱི་ལམ་ལུགས་སྟེང་ཁ་གསབ་སྟེ་གོམ་སྟབས་གསར་པ་རེ་སྤོ་དགོས་པའི་དུས་ལ་སླེབས་པ་མིན་ནམ། སྔར་གྱི་ལམ་ལུགས་དེ་ཙམ་གྱིས་འགྲིག་ཤག་ཤག་དང་། ཡིན་ཤག་ཤག དེས་ཆོག་འཛིན་གྱི་མགོ་བོ་མཁྲེགས་པོས་མདུན་དུ་བསྐྱོད་རྐྱང་བྱས་ན་རང་རེ་སེར་མོ་བའི་སྤྱི་ཚོགས་འདི་ཡུན་རིང་པོ་གནས་མི་ཐུབ་པ་ནི། དགོན་སྡེ་དང་གདན་ས་རྣམས་སུ་ལོ་རེ་ནས་ལོ་རེར་གྲྭ་གྲངས་ཉུང་དུ་འགྲོ་བ་དང། གྲྭ་རྒྱུན་འཕེལ་ཐབས་ལ་བརྩོན་པ་ཆེས་ཆེར་བརྟེན་བཞིན་པ་འདིའོ། །དེའི་རྒྱུ་མཚན་ནི་སྤྱི་ཚོགས་ཀྱི་འགྲོ་ལུགས་འདུག་སྟངས་དང་ཅུང་ཟད་རྒྱང་ཐག་རིང་བའི་ལམ་ལུགས་འདིར་ཡུན་རིང་བསྐྱོད་པར་ལུས་སེམས་གཉིས་ཀ་ཐང་ཆད་ནས་རང་བཞིན་གྱིས་སེར་མོ་བའི་ལུས་རྟེན་ལ་ཉོབ་སྣང་ཤར་བ་མིན་ནམ་སྙམ། གུས་པ་སྒེར་གྱི་ལྟ་ཚུལ་བྱས་ན། རང་རེ་སེར་མོ་བའི་སྤྱི་ཚོགས་ཁྲོད་དུ་ཡོད་པ་གང་ཞིག་ཡོད་གོ་མ་ཆོད་པའི་དོན་ཚན་གསུམ་མཐོང་སྟེ།

དོན་ཚན་དང་པོ།

 དེ་རིང་ཁ་རྩང་གི་དགོན་སྡེ་རྣམས་སུ་མཁས་དབང་ཚོའི་ལམ་སྟོན་བཞིན་ནང་ཆོས་ཀྱི་ཤེས་བྱ་ཡོན་ཏན་དག་མི་དམན་པ་ཞིག་སློབ་ཀྱིན་ཡོད་ལ། སྦྱངས་འབྲས་ཕྱག་ཁྱེར་ཀྱང་གནང་བཞིན་ཡོད་མོད། འོན་ཀྱང་དེང་དུས་འཛམ་གླིང་སྤྱིའི་འགྲོས་ལ་བསམས་ན་ཤེས་ཡོན་ག་ཚོད་ཆེ་ཡང་དེ་ཙམ་གྱིས་མི་ཆོག་པར་ཕྱག་ཁྱེར་ཚད་ལྡན་ཞིག་ཡོད་དགོས་ཏེ། ཕྱག་ཁྱེར་ཞེས་པ་ནི་རང་ཉིད་བྱ་བ་གང་ཞིག་ལ་ཞུགས་ནས་སྦྱངས་པ་མཐར་སོན་པའམ་ཉམས་མྱོང་ཚད་དུ་སྨིན་པའི་དཔང་རྟགས་ཡག་ཤོས་དེ་ཡིན་སྟབས། ཕྱག་ཁྱེར་གྱི་ནུས་ཤུགས་ཆེ་ཆུང་ལ་བརྟེན་ནས་མིའི་སྤྱི་ཚོགས་སུ་འགྲོ་བདེ་བ་དང་། མཐོང་ཆེ་བ། མི་ཚེའི་དཀའ་རྙོག་སེལ་སླ་བ་སོགས་ཀྱི་ཆ་རྐྱེན་ཡག་ཤོས་ཤིག་ཏུ་གྱུར་ཡོད། གདན་ས་དང་དགོན་སྡེ་ཆེ་ཕྲ་རྣམས་སུ་བསླབ་པ་མཐར་སོན་པ་རྣམས་ལ་ཕྱག་ཁྱེར་གནང་བའི་ལམ་ལུགས་དེ་ཡོད་ཀྱང་། གཟུགས་བརྙན་ཙམ་ལས་དོན་དངོས་ཐོག་སྤྱི་ཚོགས་རྒྱ་ཆེ་ས་དང་། རྒྱལ་ཁབ་སོ་སོའི་ནང་ཁུལ་དུ་ངོས་ལེན་ཡོད་པའི་ཕྱག་ཁྱེར་ཚད་ལྡན་ཞིག་ཏུ་འགྱུར་ཐུབ་མེད་པ་མ་ཟད།  རང་རེའི་སྤྱི་ཚོགས་ཕན་ཚུན་ཡང་ཁས་ལེན་བྱེད་དཀའ་བ་ནི་ལག་ཁྱེར་གྱི་དགོས་པ་སྟོར་བ་མིན་ནམ་ཅི། མི་ཚང་མས་རང་ཉིད་ཀྱི་སྔར་ཧུར་བརྩོན་བྱས་པའི་གྲུབ་འབྲས་དེར་མ་འོངས་མདུན་ལམ་གྱི་བློ་ཕུགས་བཅོལ་བ་བཞིན། སློབ་ཕྲུག་ཞིག་ལ་ཆ་མཚོན་ནས་བཤད་ན་མི་ཚེའི་ཡོད་ཚད་ཕྱག་ཁྱེར་ལ་ཡིད་ཆེས་བཅོལ་ཏེ་ཟླ་བ་ནས་ཟླ་བ། ལོ་ནས་ལོར་མཐུད་དེ་སློབ་སྦྱོང་གི་ལམ་ལ་ཞུགས་ཏེ་ལུས་སེམས་ཆད་ཆད་བར་བརྩོན་ཞིང་དུས་འདའ་བར་བྱས།

དེས་མ་འོངས་པར་འཚོ་བ་སྟབས་བདེ་དང་མདུན་ལམ་བཟང་པོ་རེ་བསྐྲུན་ཐུབ་མེད་ཚེ་དང་ཐོག་རང་ཉིད་སློབ་སྦྱོང་བྱེད་སའི་ཁོར་ཡུག་དང་དེའི་འགོ་འཛིན་པ་རྣམས་ལ་སྙིང་ནས་མི་དགའ་བར་གྱུར་ཏེ། ཞེན་པ་ལོག་པའི་རྒྱུ་ལས་ཅི་ཡང་ཕན་ཐོགས་མེད། དེས་ན་དགོན་སྡེ་ཁག་ལ་གྲྭ་ཕྲུུག་བསྡུས་ཏེ་ནང་པའི་ཆོས་དང་རིག་གཞུང་སྤེལ་འདོད་ན། ཐོག་མར་དགོན་པའི་ངོས་ནས་ཕྲུ་གུ་ཚོའི་མི་ཚེ་ལ་བསམ་གཞིག་ནན་པོ་གནང་སྟེ་ཕྲུ་གུ་དེ་མ་འོངས་པར་འགྱོད་པ་མེད་ཅིང་མི་ཚེ་དོན་སྙིང་ལྡན་པ་ཡོང་བར་བྱེད་པའི་ཁོར་ཡུག་འཛུགས་སྐྲུན་བྱེད་དགོས་པར་བསམ། དེ་ཡང་དགོན་པའི་མངའ་ཁོངས་ཀྱི་སློབ་གྲྭ་དང་མཐོ་སློབ་དག་རྒྱལ་ཁབ་སོ་སོའི་ངོས་ལེན་ཡོད་པའི་སློབ་སྦྱོང་གི་བསྟི་གནས་ཚད་ལྡན་གྱི་ངོ་བོར་དེབ་སྐྱེལ་བྱས་ཏེ་ཕྱག་ཁྱེར་རྣམས་རྒྱལ་ཁབ་གཞུང་གིས་ངོས་ལེན་ཡོད་པ། སྤྱི་ཚོགས་ཆེན་པོ་རྣམས་སུ་མཐོང་ཡོད་པ་ཞིག་ཏུ་སྒྱུར་ཐུབ་ན། གྲྭ་རྒྱུན་ཕྱི་ནས་བསྡུ་མི་དགོས་པར་རང་བཞིན་གྱིས་དམིགས་ཡུལ་ངེས་ཅན་རེ་ཡིད་ལ་བཟུང་ནས་འཁོར་ཡོང་རྒྱུ་རེད་ལ། སེར་མོ་བའི་སྤྱི་ཚོགས་དེང་རབས་ཀྱི་རྗེས་ཆོད་པ་ལའང་དེས་ཕན་ཐོགས་ཆེ་སྙམ། འོན་ཀྱང་ང་ཚོ་རབ་བྱུང་ཚོ་ནི་སྟོན་པའི་རྗེས་སུ་ཞུགས་པའི་ཆོས་པ་ཞིག་ཡིན་སྟབས་ནང་སེམས་འདུལ་རྒྱུ་དང་ཆོས་རྣལ་མ་ཞིག་བསྒྲུབ་རྒྱུ་བྱུང་ན་དེས་ཆོག་པ་ལས་ལག་ཁྱེར་གྱིས་དགོས་པ་མེད་བསམ་སྲིད། རེད་དེ་འཇིག་རྟེན་ཁ་དཔེར། རེ་བ་བཟང་ས་ནས་རྒྱག གྲ་སྒྲིག་སྡུག་ས་ནས་བྱེད། ཟེར་བ་བཞིན་ང་ཚོའི་མི་ཚེ་གང་པོ་གྲྭ་པའི་ལུས་རྟེན་རང་ལ་རྫོགས་པའི་ངེས་པ་མེད་པ་ནི་རང་ལ་མངོན་སུམ་དུ་གྲུབ་ཡོད། དགོན་པའི་ཁོར་ཡུག་ནས་ཕྱིར་ཐོན་སོང་ན། ཐོག་མར་འཚོ་བའི་ཐད་ལ་དཀའ་ངལ་ཤུགས་ཆེར་འཕྲད་པ་དེ་ཡང། ལས་ཀ་གང་ཞིག་བྱེད་དགོས་ནའང་ལག་ཁྱེར་ཚད་ལྡན་ཞིག་སྟོན་རྒྱུ་མེད་པ་དེ་རེད། ཐ་ན་རླངས་འཁོར་ཁ་ལོ་བ་ཞིག་བྱེད་འདོད་ནའང་མ་མཐའ་ལ་འཛིན་རིམ་བཅུ་པ་ཐོན་པའི་ལག་ཁྱེར་སྟོན་དགོས་ཡོད། གཞན་ཡང་ནང་ཆོས་ནི་ཉམས་ལེན་གཅིག་པུ་ཙམ་མིན་པར། ནང་ཆོས་ཀྱི་ལྟ་གྲུབ། ནང་ཆོས་ཀྱི་ཚན་རིག་ཅེས་སོ་སོར་ཕྱེ་ནས་དེ་དག་ལ་སློབ་སྦྱོང་བྱས་ཏེ་བསྟན་པ་སྤྱི་ལ་སྨན་པའི་བྱ་བ་རླབས་ཆེན་བསྒྲུབ་རྒྱུ་ཡོད་པས། ཕྱག་ཁྱེར་ཚད་ལྡན་ཞིག་ཡོད་ན་དེའི་མཐུན་རྐྱེན་དུ་གྱུར་ངེས། ཉེ་བའི་ཆར་ཧི་མ་ལའི་རིག་གཞུང་དང་བོད་བརྒྱུད་ནང་བསྟན་ལ་གཅེས་སྤྲས་ཆེ་བའི་ལ་དྭགས་ MP འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ནས། དགོན་སྡེ་དང་གྲྭ་ས་རྣམས་ལ་ཕུལ་བའི་འབོད་སྐུལ་ཚན་པ་ཐུང་ངུ་ཞིག་འདིར་འགོད་འདོད།”  ཁ་སང་ང་ལྷོ་ཕྱོགས་ལ་འགྲོ་དུས་ལྷོ་ཕྱོགས་ཀྱི་གདན་ས་ཁག་ཚང་མ་ལ་ངས་ཞུས་ཡིན།  གདན་ས་ཁག་དང་། གྲྭ་ས་དང་། གྲྭ་ཚང་དང་ཚང་མ་ལ་རང་རང་གི་ཆོས་བརྒྱུད་དང་མཐུན་པའི་སློབ་སྦྱོང་དཔེ་མི་སྲིད་པ་ཧ་ལས་པ་ཡག་པོ་གནང་གི་ཡོད་རེད་དེ། ཤེས་ཡོན་གཅིག་པུས་ང་ཚོས་གླགས་ཁེལ་ཡ་ཡོད་མ་རེད། ཤེས་ཡོན་ག་ཚོད་ཡོད་ནའང་དེ་སྟོན་བྱེད་ཀྱི་ཐབས་ཤིག་ང་ཚོ་ལ་དགོས་རེད་བ། ལག་ཁྱེར་ཚད་ལྡན་དེ་ང་ཚོ་ལ་མེད་པ་ཡིན་ན་མཐོ་རིམ་སློབ་ཆེན་ཞིག་ལ་ང་ཚོ་འགྲོ་བ་ཡིན་ནའང་འདྲ། མཐོ་སློབ་དང་། ཡང་ན་ཕྱི་རྒྱལ་ཞིག་ལ་སངས་རྒྱས་བསྟན་པ་སྤེལ་ག་འགྲོ་བ་ཡིན་ན། གནམ་གྲུའི་གླ་ཆ་དང་འགྲོ་སོང་ཚང་མ་གཞུང་གིས་གཏོང་མི་ཐུབ་པའི་རྒྱུ་མཚན་ཕྱག་ཁྱེར་ཚད་ལྡན་མེད་པས་རེད། ད་ལྟ་ང་ཚོའི་དགོན་པ་ཁག་ལ་ཡོད་པའི་སློབ་གྲྭ་ཚང་མ་དཔེ་བཞག་ན་ལ་དྭགས་མཚན་ཉིད་སློབ་གྲྭའི་ཡན་ལག་ལྟ་བུ་ཞིག་བཟོ་ཐུབ་པ་ཡིན་ན། རང་རང་གི་ཆོས་བརྒྱུད་དང་། རིས་སུ་མ་མཆིས་པའི་རིགས་ལམ་དང་མཐུན་པའི་སློབ་སྦྱོང་ཆ་ཚང་གནང། ཕྱག་ཁྱེེར་ཚད་དང་ལྡན་པ་རྒྱ་གར་གྱིས་ངོས་ལེན་ཡོད་པ་སྤྲོད་ཐུབ་ཀྱི་འདུག དེའི་ཐོག་ལ་སློབ་ཡོན་ང་ཚོས་སྤྲོད་ཐུབ་ཀྱི་འདུག སློབ་ཕྲུག་གི་ངོས་སྦྱོར་ལག་ཁྱེར་ཐོག་ནས་ཡར་མར་ཕེབས་དུས་གནམ་གྲུ་དང་མེ་འཁོར་གྱི་གླ་ཆ་གོང་བཅག་ནས་སྤྲོད་ཐུབ་ཀྱི་འདུག1ཞེས་གསུངས་པ་ནི་རང་རེ་བསྐྱོད་བདེ་བའི་ལམ་ཞིག་ལ་ངོས་འཛིན་བྱས་ན་མི་ཆོག་གམ། ལྷག་པར་དུ་མཁན་པོ་དང་དགེ་བཤེས་ཀྱི་མཚན་གནས་བཞེས་མཁན་བཙུན་པ་ཚད་ལྡན་ཞིག་ཏུ་གྱུར་ན་ཕྱག་ཁྱེར་ནི་དེ་བས་ཀྱང་ཕན་རླབས་ཆེ་བ་དང། སྤྱི་ཚོགས་ནང་དུ་ནང་པའི་རིག་གཞུང་སྤེལ་ཐབས་ལའང་ཆ་རྐྱེན་ཡག་ཤོས་ཤིག་ཏུ་ངོས་འཛིིན་བྱེད་ཆོག་པ་སྟེ། དཔེར་ན་ཡེ་ཤུའི་ཆོས་པ་ཚོ་ལྟ་བུ་རེད།  ཕྱིའི་སློབ་གྲྭ་དང་མཐོ་སློབ་ཁག་ལ་དགེ་རྒན་དུ་ཕེབས་ཆོག་ལ། སྤྱི་ཚོགས་ནང་དུ་ཞབས་འདེགས་བསྒྲུབས་ནས་ནང་ཆོས་དེ་དགོན་པ་ཙམ་མིན་པར་དམངས་ཁྲོད་དུའང་དར་སྤེལ་ཆེན་པོ་བྱེད་ཐུབ་ངེས་རེད། རབ་བྱུང་ཞིག་གིས་འཇིག་རྟེན་བསྒྲུབས་ན་མི་འགྲིག་མོད། ཆོས་དང་མཐུན་པའི་སྒོ་ནས་འཇིག་རྟེན་ལ་ཕན་ཐོགས་པའིི་ལས་ཀ་མང་པོ་ཞིག་ཀྱང་སྒྲུབ་མ་ཐུབ་པར་ལྷག་ཡོད་པར་མཐོང་ཆོས་སུ་གྱུར་ཡོད།

དོན་ཚན་གཉིས་པ་སློབ་ཚན་སྐོར།

དུས་རབས་ཉེར་གཅིག་པ་ནི་ཚན་རིག་པའི་དུས་རབས་དང་། ཤེས་ཡོན་གྱི་དུས་རབས། རིག་གནས་བཙན་རྒྱལ་གྱི་དུས་རབས་སོགས་མིང་འདྲ་མིིན་གྱིས་བསྙད་པ་འདིར་བསམ་གཞིིག་ནན་པོ་ཞིག་བཏང་ན། དུས་རབས་འདིའི་མི་དང་མིའི་སྤྱི་ཚོགས་ནི་ནང་ཤེས་ཡོན་དང་འཇོན་ཐང། ཕྱིའི་དཔལ་འབྱོར་དང་ལོངས་སྤྱོད། ཁོར་ཡུག་འཛུགས་སྐྲུན་དང་འཚོ་བའི་ཡོ་བྱད་རྣམས་སྔར་གྱི་དུས་རབས་ལས་ལྷག་པའི་བེད་སྤྱོད་སྟབས་ཇེ་བདེ་དང་། རྒྱུ་ཆའི་སྤུས་ཇེ་ལེགས་སུ་གཏོང་བའི་རྣམ་དཔྱོད་ཀྱི་རྩལ་ཁ་རྒྱས་ཏེ་འགྲན་སེམས་ཀྱི་ཡོ་ལང་འཕྱུར་བའི་ཁྲོད་གྲངས་ཉུང་མི་རིགས་དང་རིག་གནས། ཆོས་དང་ལྟ་གྲུབ། སྐད་དང་ཡི་གེ་རྣམས་ཕ་མེས་ནས་ཡང་མེས། མི་ལོ་ནས་མི་ལོ་བརྒྱུད་ནས་དུས་རབས་ཉེར་གཅིག་གི་འགོ་ལ་ཐོན་དུས་གང་ཞིག་གིས་བཅོམ་མི་དགོས་པ། སུ་ཞིག་གིས་བཤིག་མི་དགོས་པར་རང་བཞིན་གྱིས་སྤྱི་ཚོགས་ནས་བུད་འགྲོ་བ་དེ་ཡང་དུས་རབས་ཀྱི་རྗེས་མ་ཟིན་པས་རེད། ང་ཚོའི་དགོན་སྡེ་རྣམས་སུ་ནང་ཆོས་ཀྱི་རིག་གནས་ལ་ཤུགས་ཆེར་བརྩོན་པ་ལས་དེང་དུས་ཀྱི་ཤེས་བྱ་ཡོན་ཏན་དག་ལ་དོ་སྣང་དེ་ཙམ་མི་བྱེད་པ་དེ་ཡང་རྗེས་ལུས་ཀྱི་རྣམ་པ་ངན་པ་ཞིག་སྟེ། དུས་རབས་འདིའི་ཚན་རིག་པའི་ལག་རྩལ་ལས་ཐོན་པའི་འཚོ་བའི་ཁྲོད་ཀྱི་ཡོ་བྱད་དག་ལ་ང་ཚོ་གཡོལ་ཐབས་མེད་ལ། ཚན་རིག་པའི་གྲུབ་དོན་ལ་དང་ལེན་དང་ཚད་མར་འཛིན་པའི་དུས་ཚོད་འདིར། ང་ཚོས་ཀྱང་དུས་རབས་ཀྱི་མིའི་བསམ་པའི་ཁ་ཕྱོགས་དང་མཐུན་པར་ཚན་རིག་པའི་ལམ་ནས་ནང་ཆོས་ཀྱི་རིག་གཞུང་སྤེལ་ཐབས་བྱས་ན་ཀུན་གྱི་བློ་ལ་འཆར་བདེ་བ། ཡིད་ཆེས་ཤིང་གནས་ལུགས་སུ་མཐོང་སླ་བ་སོགས་ཀྱིས་དགོས་པ་དང་ལྡན་ཡོད། དཔེར་ན་ནང་ཆོས་ལ་ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་། གཟུགས། སྒྲ། དྲི། རོ། རེག་བྱ་སོགས་ཕྱི་དོན་གྱི་རྣམ་གཞག ནང་བཅུད་ཀྱི་སེམས་ཅན་བྱུང་ཚུལ། སྐྱེ་བ་སྔ་ཕྱི། འགྲོ་བ་རིགས་དྲུག་དང་འཁོར་བ་འཁོར་ཚུལ་སོགས་ཀྱི་སྐོར། གསང་བ་སེམས་ཀྱི་གནས་ལུགས། རྣམ་ཤེས་ཚོགས་བརྒྱད་གཙོས་སེམས་སེམས་བྱུང་གི་རྣམ་གཞག་དེ་དག་ལ་རིག་གསར་ཚོས་ཀྱང་དཔྱད་པའི་གྲུབ་དོན་སྣ་ཚོགས་པ་ཡོད། དེ་དག་གི་ཁྲོད་དུ་ནང་ཆོས་དང་མཐུན་པའི་ཆ་དང་། མི་མཐུན་པའི་ཆ་རྣམས་མ་འདྲེས་པར་སོ་སོར་ཤེས་དགོས་ཡོད་ལ། གཞན་གྱིས་དྲི་བ་དག་ལ་ལན་གྱིས་གསལ་བཤད་བྱེད་དགོས་ན། ཚན་རིག་པའི་ལྟ་གྲུབ་དང་གྲུབ་དོན་རྣམས་སློབ་ཚན་དུ་བཞག་ནས་སློབ་སྦྱོང་བྱེད་དགོས་པ་དེ་རེད། དེ་ཡང་།2འཆད་ཁྲིད་ཡག་པོ་ཞིག་བྱེད་དགོས་ན་རིགས་པ་ཐུ་མོ་ཞིག་ཡོད་དགོས་རྒྱུུ་དང་། དེའི་ནང་ནས་ཀྱང་ཚན་རིག་དེ་ཚུར་ལེན་དགོས་པ་རེད། དེའི་ཐོག་ལ་ཕར་བཞག་ནས་བཤད་ན། དཔེར་ན་དཀར་ཡོལ་གྱི་སྡེར་མ་ཡག་པོ་ཞིག་གི་ནང་ལ་ལུག་ཤ་དང་རྒྱུ་མ་དེ་ཚོ་བླུགས་ནས་ཡར་སྔུན་ལ་བཞག་དུས་སུ་ཡིན་ནའང་དགའ་རེད། ཚན་རིག་གིས་སྡེར་མ་འདྲ་པོ་བྱས་དེའི་ཐོག་ལ་བཞག་དུས་སུས་ཡིན་ན་ཡག་གི་བསམ་གྱི་རེད། དེའི་རྒྱུ་མཚན་གྱིས་ང་ཚོས་ཧ་ལས་པ་ཡག་པོ་ཤེས་དགོས་པ་རེད། ཅེས་མཁན་རིན་པོ་ཆེ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གསུངས། གནའ་རབས་ཀྱི་ཆོས་དང་རིག་གཞུང་ལ་ཞེན་ནས་དེང་རབས་ཀྱི་འགྲོ་ལུགས་རྩ་ནས་མེད་སོང་ན། རྗེས་ལུས་ཞེས་པའི་མིང་གི་དོ་པོ་ཞིག་རྒྱབ་ཏུ་ཁྱེར་ནས་ང་ཚོ་རིམ་པས་སྤྱི་ཚོགས་ནས་བུད་འགྲོ་རྒྱུ་ལས་ཅིའང་ལྷག་མེད།

དོན་ཚན་གསུམ་པ་སྐད་དང་ཡི་གེའི་སྐོར།

འགྲོ་བ་གཞན་ལས་ཁྱད་དུ་འཕགས་པ་ང་ཚོ་ལ་ཕན་ཚུན་གོ་བརྡ་སྤྲོད་བྱེད་ཀྱི་སྐད་དང་ཡི་གེ་ཟེར་བ་ཞིག་ཡོད། དེ་ནི་ང་ཚོའི་ཆོས་དང་འཇིག་རྟེན་གྱི་རིག་གཞུང་ཡོད་ཚད་རྟེན་པའི་གཞི་དང་། འཛིན་པའི་ཆུ། འཕེལ་བའི་རླུང་ལྟ་བུ་ཞིག་རེད་ལ། རིག་གནས་དར་སྤེལ་བྱེད་པ་ལའང་སྐད་ཡིག་མེད་པར་ཡོང་ཐབས་བྲལ་བ་ཞིག་ཡིན། རྒྱུ་མཚན་དེར་བརྟེན་སྟོན་པས་ཀྱང་། །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མིའི་སྐད་རྣམས་དང་། །འགྲོ་བ་ཀུན་ཀྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཞེས་འགྲོ་བ་སོ་སོའི་སྐད་དང་མཐུན་པར་ཆོས་གསུངས་ཡོད། དེང་དུས་ལ་བསམས་ནའང་འཛམ་གླིང་ཤར་ནུབ་ཐམས་ཅད་འབྲེལ་ཐག་ཤིན་ཏུ་ཉེ་བའི་དུས་ཚོད་འདིར་ང་ཚོས་རང་སྐད་གཅིག་པུ་ཤེས་པ་ཙམ་གྱིས་མི་ཆོག་སྟེ།  སྐད་རིགས་དར་ཁྱབ་ཆེ་བ། ཡོངས་སུ་གྲགས་པ། གནས་ཚད་མཐོན་པོར་ཡོད་པ་དེ་ཚོར་སློབ་སྦྱོང་བྱས་ནས་ཤེས་དགོས་པ་གལ་ཆེ། དཔེར་ན་བོད་སྐད་ཀྱི་ཆུ་ཚད་མཐོན་པོ་གཞུང་ཆེན་ལྔ་ལ་འགྲེལ་པ་ཐོགས་མེད་དུ་རྒྱག་ཤེས་ནའང་སྐད་རིགས་གཞན་གྱི་ཕོངས་བའི་མི་དེ་འདབ་གཤོག་གཅིག་ལས་མེད་པའི་བྱ་ལྟ་བུ་རང་ཉིད་གང་སར་འཕུར་བའི་ནུས་པ་མེད་པ་དང་གཅིག་མཚུངས་ཆགས་ཡོད། བོད་སྐད་ནི་གོ་ལ་འདིའི་སྟེང་ན་བརྒྱ་ཆ་གཅིག་ཙམ་ལས་བཤད་སའི་ཡུལ་མེད་པས། ང་ཚོས་རང་སྐད་ཤེས་པའི་སྟེང་རྒྱ་དབྱིན་ཧིན་གསུམ་ལྟ་བུ་ཁྱབ་ཆེ་བའི་སྐད་རིགས་འགའ་ཞིག་སྦྱངས་ནས་འདབ་གཤོག་གཉིས་དང་ལྡན་པ་ཞིག་བྱུང་ན་མི་ལེགས་སམ། དབྱིན་སྐད་ལ་མཚོན་ན་འཛམ་གླིང་སྤྱི་སྐད་ལྟ་བུར་གྱུར་ཡོད་པས་ང་ཚོས་སྐད་དེ་མ་ཤེས་ཐབས་མེད་ཆགས་ཡོད་ལ་སྐད་དེ་རང་གཞན་ཐམས་ཅད་ཀྱིས་ཚད་མཐོན་པོ་ཞིག་ལ་རྩི་ཡི་ཡོད་སྟབས་དེའི་ཐོག་ནས་གཞན་ལ་ཆོས་འཆད་པ་དང་། སྤེལ་བ་སོགས་བྱས་ན་གང་ཟག་དེ་ལ་ལྟ་སྟངས་མི་འདྲ་བ། མཐོང་ཆེ་བ། ནུས་པ་ཆེ་རུ་ཐོན་རྒྱུ་རེད། རང་ཅག་གི་སྟོན་པ་ཐབས་མཁས་ཐུགས་རྗེ་ཅན་དེ་ཉིད་ཀྱིས་ཀྱང་སཾསྐྲྀཏའི་སྐད་ཐོག་ལ་ཆོས་གསུངས་པ་དེ་ཡང་སཾསྐྲྲྀཏའི་སྐད་དེ་རྒྱ་གར་ནང་སྐད་རིགས་ཚད་མཐོན་པོར་རྩི་ཡི་ཡོད་པས་རེད། ང་ཚོའི་དགོན་སྡེ་རྣམས་སུ་སྐད་རིགས་ཀྱི་སློབ་ཚན་བཞག་སྟེ་སློབ་སྦྱོང་སྤྲོད་ཀྱིན་ཡོད་མོད། འོང་ཀྱང་ང་ཚོའི་སློབ་ཚན་དུ་སྐད་རིགས་ཡོད་ཅེས་བགྲང་རྒྱུ་ཙམ་ལས་དོ་སྣང་ཆེན་པོོ་དེ་ཙམ་མེད་པ་ནི་སོ་སོའི་སྤྱི་ཚོགས་ཁྲོད་ནས་སྐད་རིགས་ཀྱི་ཤེས་ཚད་མཐོན་པོ་ཡོང་མཁན་དཀོན་པོ་ཡིན་པ་དེས་ཤེས་ཐུབ། དེ་བཞིན་སྐད་རིགས་ཀྱི་དགེ་རྒན་རྣམས་ཀྱང་ཤེས་ཚད་དང་ཉམས་མྱོང་ཚད་ལྡན་ཡོད་དགོས་པ་ལས། འཛིན་རིམ་བཅུ་གཉིས་མཐར་སོན་པ་ཙམ་དང་། ཟ་སྐད་འཐུང་སྐད་ཤེས་ཙམ་གྱིས་སྐད་ཡིག་གི་དགེ་རྒན་ཚད་ལྡན་ཞིག་ཡོང་རྒྱུ་དཀའ་མོ་མ་རེད་དམ། ང་ཚོས་ཁྲལ་སེལ་ཙམ་མ་ཡིན་པར་དོན་དངོས་ཐོག་དགེ་རྒན་གྱི་ཟབ་སྦྱོང་དང་། ཉམས་མྱོང་ལྡན་པའི་དགེ་རྒན་གདན་འདྲེན་ཞུས་ནས་སྐད་ཡིག་བསླབ་དགོས་པ་ནི་སངས་རྒྱས་བསྟན་པའི་གནས་བབ་དང་འབྲེལ་བ་ཡོད་ལ། སྒེར་སོ་སོའི་མི་ཚེ་ལའང་འབྲེལ་བ་ཆེན་པོ་ཡོད་དོ།།

དེ་ཡང་བསམ་བློའི་འགྱུར་ལྡོོག་དང། དུས་ཀྱི་འཕོ་འགྱུར། ཡུལ་ལུང་གི་གོམས་གཤིས་དག་ལ་བརྟེན་ནས་རང་ཉིད་ཀྱི་འཚོ་བའི་གོམ་ཁ་བསྒྱུར་ཏེ་ལམ་སྣེ་འཚོལ་ཐབས་ལ་འབད་པ་ནི་འོས་འགན་ཞིག་ཏུ་སེམས་ཏེ། རང་རེ་སེར་མོ་བའི་སྤྱི་ཚོགས་ལ་ཤ་ཞེན་དང་། འགན་འཁྲི་ཡོད་པའི་ཐོག་བསམ་བློའི་ནུས་པ་མཉམ་སྤུངས་བྱས་པ་ལས་སྤྱི་དང་སྒེར་སུ་ལའང་མི་འཐད་པར་བརྗོད་པའི་ཀུན་སློང་གཏན་ནས་མེད།


  1. Speech of Honorable Chief Member of Parliament ཞེས་པའི་དྲ་ཚིགས་ལས་བཏུས།
  2. ནང་ཆོས་དང་ཚན་རིགས་པའི་འཛིན་མཚམས་འགའ་ཞིག་གླེང་བ་ཞེས་པའི་དྲ་ཚིགས་ལས་བཏུས། ཁག་གཉིས་པའི་ནང་དུ་གསལ།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།