ཤཱཀྱའི་ཤེས་རིག་ལུམྦི་ནིའི་ཚལ།

མཁན་པོ་འཆི་མེད་རིག་འཛིན།

་་་་་་་་་་་་་་་་་་འདོན་ཐེངས་སྔ་མའི་འཕྲོ།

༧༽ ཤཱཀྱའི་རིག་གནས།

ཀ༽ སྟོན་པའི་འཁྲུངས་འདས་ལོ་ཚིགས།

དེ་ལྟར་ཆོས་ལུགས་དང་ལྟ་གྲུབ་རིག་གནས་ཀྱིས་ཡོངས་སུ་ཕྱུག་ཅིང་རིགས་[1]རུས་[2]ཕུན་སུམ་ཚོགས་པའི་རྒྱ་གར་བྱང་ཕྱོགས་ཀོ་ལི་ཡའི་རྒྱལ་ཕྲན་གྱི་ཉེ་འདབས་སུ་ཆགས་པའི་ཤཱཀྱའི་རིགས་ཀྱི་རྒྱལ་ས་སེར་སྐྱའི་[3] (कपिलवस्तु) ཡུལ་[4]གྱི་ཤཱཀྱའི་གདུང་བརྒྱུད་[5]རྒྱལ་པོ་ཟས་གཙང་མ་ (शुद्धोदन) དང་། ཀོ་ལི་ཡའི་རིགས་ཀྱི་སྲས་མོ་སྒྱུ་འཕྲུལ་ཆེན་མོ་ (महामाया) གཉིས་ཀྱི་སྲས་སུ་དགེ་སྦྱོང་གཽ་ཏ་མ་ (सिद्धार्थगौतमबुद्ध) ཡི་[6]མཚན་དཔེའི་མེ་ཏོག་གསར་དུ་བཞད། དེ་ཡང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་(གྲུབ་མཐའ་མཛོད་)[7]ལས། “དེའང་སྟོན་པ་བཅོམ་ལྡན་འདས་མེ་མོ་ཡོས་[8]ལ་ལྷུམས་སུ་ཞུགས་ཏེ། ས་ཕོ་འབྲུག་ལ་[9]སྐུ་བལྟམས་ནས། ཆུ་ཕོ་སྟག་ལ་[10]སངས་རྒྱས་ཏེ། མེ་མོ་ཕག་ལ་[11]མྱ་ངན་ལས་འདས་ནས། ”ཞེས་པའི་དབང་དུ་བྱས་ན། སྟོན་པ་སྐུ་བལྟམས་ནས་ཕྱི་ལོ་ ༢༠༢༡ བར་མི་ལོ་ ༤༢༣༤ དང་། མྱ་ངན་ལས་འདས་ནས་ ༤༡༥༥ སོང་། སྟོན་པ་སྐུ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ ༤༣༧༦ པ་རབ་བྱུང་དྲུག་པའི་ཆུ་རྟ་[12]ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དགུང་ལོ་སུམ་ཅུ་རྩ་ལྔ་པ། ཕྱི་ལོ་ ༡༣༤༢ ལོར་(གྲུབ་མཐའ་མཛོད་)མཛད། ལུགས་འདི་རྗེ་བཙུན་བསོད་ནམས་རྩེ་མོའི་ (འཇུག་སྒོ་)[13]ཡི་དགོངས་པ་དང་མཐུན། སྤྱིར་སྟོན་པའི་འཁྲུངས་འདས་ལོ་ཚིགས་ལ་བཤད་ཚུལ་མང་སྟེ། འབྲོང་བུ་ཚེ་རིང་རྡོ་རྗེའི་(སྟོན་པའི་འཁྲུངས་འདས་)[14]ལས་བཤད་པ་ལྟར་ན། སྟོན་པ་ཤཱཀྱ་ཐུབ་པ་འཁྲུངས་འདས་ཀྱི་ཐད་ཤར་ནུབ་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱི་ལུགས་མི་འདྲ་བ་དྲུག་ཅུ་ལྷག་ཡོད་ཀྱང་སྤྱི་སྡོམ་བྱས་ཏེ། ཕྱི་ལོ་ ༢༠༢༡ བར་དུ་མང་མཐའ་མི་ལོ་ ༤༥༢༢ སོང་། ཕྱི་ལོ་ ༢༠༢༡ བར་དུ་ཉུང་ཤོས་ལོ་ ༢༤༨༤ སོང་ཚུལ་འཁོད[15]། ཡང་ཁོང་[16]གིས་དགེ་འདུན་ཆོས་འཕེལ་གྱི་(གསེར་ཐང་)[17]གི་ལུང་ཚན་པ་གསུམ་ལ་བརྟེན་ནས་གྷི་རི་སི་ Greece)ཡི་མཁས་དབང་Hippocrates.[18]ཁོང་(འདུལ་བ་གཞི་)[19]ལས་བྱུང་བའི་སྨན་པ་འཚོ་བྱེད་གཞོན་ནུའི་སློབ་དཔོན་རྡོ་འཇོག་[20]ཡིན་པར་རྒྱུ་མཚན་བཞིས་བཤད། [21]འཁྲུངས་འདས་འདིའི་ལོ་ཚིགས་[22]ལ་དཔགས་ནས་སྟོན་པའི་འཁྲུངས་འདས་ངོས་བཟུང་བྱས་ཀྱང་ནོར་བ་སྟེ། “རྡོ་འཇོག་”ཅེས་པ་ནི་ཡུལ་གྱི་མིང་ཡིན་པ་ལས་གང་ཟག་གི་མིང་མིན། འཚོ་བྱེད་གཞོན་ནུ་ལ་སྨན་སློབ་མཁན་“རྡོ་འཇོག་”ཡུལ་གྱི་སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུ་ཡིན་པ་(འདུལ་བ་གཞི་)[23]ལས་གསལ། “རྡོ་འཇོག་”ནི་རྒྱལ་པོ་པད་མའི་སྙིང་པོ་ཅན་[24]གྱི་ཆབ་འབངས་སུ་གཏོགས་པའི་ཁ་བི་ར་[25]ཡུལ་གྱི་གྲོང་ཁྱེར་དེའི་མིང་ཡིན། འདི་ནི་རྒྱ་གར་ཡུལ་དབུས་[26]ན་ལེནྡྲའི་ཉེ་འདབས་[27]ལ་ཡོད་པའི་ཨུཏྤལ་ལ་[28]དང་། ཁྱིམ་བདག་རལ་པ་ཅན་[29]སོགས་ཀྱི་ཕ་ཡུལ་ཡིན་ལ། རྗེས་སུ་[30]རྒྱལ་པོ་ཨ་ཤོ་ཀས་ཀུ་ན་ལ་དང་ལྷན་དུ་གྲོང་ཁྱེར་རྡོ་འཇོག་གི་ཡུལ་མི་དང་གཡུལ་འགྱེད་ཀྱང་བྱས་མྱོང་བའི་ལོ་རྒྱུས་འདི་དག་གིས་སྨན་པ་འཚོ་བྱེད་གཞོན་ནུའི་སློབ་དཔོན་མཁས་དབང་ Hippocrates འདི་མིན་པར་ཆེས་གསལ་བར་བྱས།

ཁ༽སྟོན་པའི་མཛད་རྣམ།

སྟོན་པའི་རྣམ་ཐར་འཛམ་གླིང་འདིར་མཁས་གྲུབ་རྣམས་ཀྱིས་རྒྱས་བསྡུས་སྣ་ཚོགས་མཛད་པ་བཞུགས་ཀྱང་འདིར་ཤིན་ཏུ་མདོར་བསྡུས་ཏེ་བསྟན་པར་བྱ། དེ་ཡང་(འདུལ་བ་གཞི་)[31]ལས། དེ་ནས་དྲང་སྲོང་ཉོན་མོངས་མེད་[32]ཀྱིས། “ས་བདག་རྟོག་པ་པོ་རྣམས་བློ་འཁྲུལ་ཏེ། །རྩོད་པའི་དུས་ན་འཁོར་ལོས་སྒྱུར་མི་འབྱུང་། །བསོད་ནམས་མཆོག་གི་ཆོས་ཀྱི་མཛོད་འདི་ནི། །ཉེས་ལས་རྣམ་པར་རྒྱལ་ནས་སངས་རྒྱས་འགྱུར། །མཚན་མི་གསལ་དང་ལྡན་ན་མིའི་དབང་པོ། །གླིང་བཞི་རྣམས་ཀྱི་བདག་པོ་དབང་ཕྱུག་འགྱུར། །ཐུབ་དབང་མཚན་ནི་ཤིན་ཏུ་གསལ་བས་ན། །མི་མཆོག་སངས་རྒྱས་ཆོས་ཀྱི་འཁོར་ལོས་སྒྱུར། །”ཞེས་སེར་སྐྱའི་གྲོང་དང་། གྲོང་ཁྱེར་ལྷས་བསྟན་གཉིས་ཀྱི་ལམ་བར་ལུམ་བི་ནིའི་[33]ཚལ་[34] (लुम्बिनी)ཤིང་སཱ་ལའི་སྡོང་པོ་ (कल्पवृक्ष[35]ཞིག་གི་འོག་ཏུ་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན་མོར་སྐུ་བལྟམས། དེ་ནས་སློབ་དཔོན་ཆེན་པོ་ཀུན་ཀྱི་བཤེས་གཉེན་[36]་དང་། རངས་བྱེད་ཀྱི་བུ་ལྷག་སྤྱོད་[37]དང་། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར[38]། ཀུན་ཏུ་རྒྱུ་རབ་བཟང་། བྲམ་ཟེའི་ཁྱེའུ་ཀུན་རྒྱལ། དྲང་སྲོང་ཉོན་མོངས་མེད་པ། ལྟེང་རྒྱས་འོད་སྲུང་རལ་པ་ཅན་[39]་སོགས་དགེ་རྒན་བསྟེན་ནས་རིག་པའི་གནས་བཅོ་བརྒྱད་[40]དང་། སྒྱུ་རྩལ་དྲུག་ཅུ་རྩ་བཞི་[41]ལ་སྦྱོང་བརྩོན་དང་འགྲན་སྡུར་ལས་རྣམ་པར་རྒྱལ་ཏེ་དགུང་ལོ་བཅུ་དྲུག་[42]སྟེང་གྲགས་འཛིན་མ་ (यशोधरा)[43]ཁབ་ཏུ་བཞེས། ཉི་ཤུ་རྩ་དགུ་པར་འཁོར་བའི་རང་མཚང་མངོན་སུམ་དུ་གཟིགས་པས་ཐུགས་བྱུང་ནས་མཚན་མོའི་ནམ་ཕྱེད་ལ་ནགས་སུ་གཤེགས། [44]ཡུལ་མ་ག་དྷཱའི་རི་ག་ཡཱ་[45]ཡི་ལྷོ་ཕྱོགས་ལྟེང་རྒྱས་འོད་སྲུང་[46]གི་སྡེའི་གྲོང་རྡལ་སྡེ་ཅན་ཉེ་འདབས་སུ་[47]ཆུ་ཀླུང་ནཻ་རཉྫ་ནར་[48]ལོ་དྲུག་གི་[49]རིང་གཟུགས་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་སྒོམ་སྒྲུབ་ཀྱིས་མངོན་ཤེས་ཐོབ། [50]སྟོན་པས་དེ་ཙམ་གྱིས་[51]ལམ་འདི་ནི་ཤེས་པར་ནུས་པ་མ་ཡིན། མཐོང་བར་ནུས་པ་མ་ཡིན། བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་པར་ནུས་པ་མ་ཡིན་པར་[52]དགོངས་ཏེ། རང་སྟོབས་ཀྱིས་དབུགས་འབྱུང་རྔུབ་དང་དྲན་པ་ཉེ་བར་བཞག་པར་ཉམས་བཞེས་མཛད་ནས། གནས་མཆོག་རྡོ་རྗེ་གདན་ (बोधगयाबिहार)བྱང་ཆུབ་ཀྱི་ཤིང་ (बोधि वृक्ष)[53]དྲུང་དུ་ཕེབས་ཏེ་རྟག་ཏུ་བྱ་བ་དང་། [54]འགྲུས་སྐྱོང་དང་ལྡན་ཞིང་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ལ་བསྒོམ་པའི་རྣལ་འབྱོར་གྱི་རྗེས་སུ་བརྩོན་པས་གནས་ནས་ཟག་པ་མེད་པའི་ཤེས་པ་མངོན་སུམ་དུ་བྱས། [55]བདེན་བཞིའི་ཉམས་ལེན་བྱས་ཏེ་གནས་ལུགས་ཐུགས་སུ་ཆུད་ནས་[56]བྱང་ཆུབ་མངོན་དུ་མཛད། འདི་ལ་ནི་རང་བྱུང་གི་ཡེ་ཤེས་ཁོང་དུ་ཆུད་པ་ཞེས་བྱ་སྟེ། (ཡབ་དང་སྲས་མཇལ་བའི་མདོ་)[57]ལས། “འཇིག་རྟེན་མཁས་པའི་བདེན་པ་གཉིས་ཡིན་ཏེ། །ཁྱོད་ཀྱིས་གཞན་ལས་མ་གསན་རང་གིས་གཟིགས། །དེ་ནི་ཀུན་རྫོབ་བདེན་དང་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །”ཞེས་བདེན་དོན་འདི་ནི་གཞན་ལ་མ་བརྟེན་པར་རང་སྟོབས་ཀྱིས་ཁོང་དུ་ཆུད་པ་ཡིན་ནོ། །དེ་ནས་ཝཱ་རཱ་ཎ་སཱིའི་ཀ་ཤིའི་གྲོང་བརྡལ་རྒྱུ་ཞིང་ཡུལ་དེའི་[58]དྲང་སྲོང་སྨྲ་བ་རི་དྭགས་ཀྱི་གནས་ན་བྱང་ཆུབ་ཤིང་གི་དྲུང་དུ་བཞུགས་ནས། འཁོར་ལྔ་སྡེ་བཟང་པོ་[59]སོགས་ལ་བདེན་པ་བཞི་པོ་ལན་གསུམ་དུ་བཟླས་པ་རྣམ་པ་བཅུ་གཉིས་ལ་རྣམ་གྲངས་བཞི་བཅུ་རྩ་བརྒྱད་[60]དང་། གདུལ་བྱའི་བློ་རིམ་དང་མཐུན་པར་ཆོས་ཀྱི་འཁོར་ལོ་བསྐོར་[61]བ་སོགས་མཛད་[62]རྣམ་རྒྱས་པ་བཀའ་[63]བསྟན་[64]དང་འཛམ་གླིང་མཁས་པ་རྣམས་ཀྱི་སྟོན་པའི་རྣམ་ཐར་དག་ལས་[65]ཤེས་དགོས།

ག༽ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ།

དེ་ལྟར་སྟོན་པ་བཅོམ་ལྡན་འདས་ཀྱིས་བཀའ་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ཅིང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟེ། ཤེས་བྱའི་ཆོས་ཀྱི་རྣམ་གྲངས་མཐའ་ལས་འདས་པ་རྣམས་ (ལེགས་སྦྱར་ནང་ཆོས་ཀྱི་སྡོམ་བཞི་धर्म के चार प्रमाण-चिह्न དང་། ཡང་ན་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ चतुर्धर्मोद्दानसूत्र)[66]དོན་གྱི་འགག་ཆེན་པོ་བཞིར་[67]བསྡུས་ཏེ་གསུངས་པ་ལ། བཀའ་བསྟན་དང་གསུང་འབུམ་རྣམས་སུ་མིང་གི་རྣམ་གྲངས་མང་སྟེ། ༡ཆོས་ཀྱི་མདོ་བཞི།[68]༢ཆོས་ཀྱི་སྡོམ་བཞི།[69]༣ཆོས་ཀྱི་ཕྱག་རྒྱ་བཞི།[70]༤ཆོས་བསྡུ་བ་བཞི།[71]༥ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི།[72]༦ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི།[73]༧བཀའ་རྟགས་ཀྱི་ཕྱག་རྒྱ་བཞི།[74]༨ཆོས་ཀྱི་དགའ་སྟོན་བཞི།[75]༩ཆོས་ཀྱི་སྦྱིན་པ་བཞི།[76]༡༠ཆོས་བཤད་པ་དང་ལྡན་པ་བཞི་[77]ཞེས་ཁོ་བོས་དངོས་སུ་མཇལ་བ་ཙམ་འདིར་འགོད་པ་ལས་ད་དུང་གཞན་དང་གཞན་དུ་ཡོད་སྲིད། འདི་རྣམས་ནི་ཡིག་ནོར་ཙམ་མིན་པ་འགྱུར་དང་ངེས་ཚིག་གོ་དོན་གྱི་ཆ་ནས་མིང་མི་འདྲ་བ་བྱུང་བ་ཞིག་ཡིན་སྙམ། ཡང་ཁ་ཅིག་[78]གིས་གསེར་གླིང་པ་ཆོས་ཀྱི་གྲགས་པའི་གཞུང་[79]ཁུངས་སུ་བྱས་ནས་“ཆོས་ཀྱི་སྐྱེད་མོས་ཚལ་བཞི་” ཞེས་པའང་བཀར་བཏགས་བཞིའི་མིང་ཡིན་པར་བཤད་ཀྱང་། གཞུང་གི་ཚིག་དོན་གང་ལ་བལྟས་ཀྱང་དེ་ལྟར་བསྟན་པ་མི་གསལ་བས་མིང་གི་རྣམས་གྲངས་སུ་མི་འགྱུར་རོ། །ཡང་ཁོང་གིས་[80]པཎྜི་ཏ་ཆེན་པོ་རཏྣ་ཀཱིརྟིའི་གཞུང་ཁུངས་སུ་བྱས་ཏེ་“ཆོས་ཆེད་དུ་བརྗོད་པ་བཞི་”[81]ཞེས་པའང་མིང་གི་རྣམ་གྲངས་སུ་བཤད་ཀྱང་གཞུང་གི་དངོས་བསྟན་ལ་མི་གསལ། “བཀར་བཏགས་”འདི་དག་ལས་ཡོངས་སུ་གྲགས་པ་འགའི་བསྟན་དོན་གཞུང་ལུགས་རྣམས་སུ་བྱུང་བ་ལྟར་བཀོད་ན། (ཐེག་མཆོག་བདུད་རྩིའི་དགའ་སྟོན་)[82]ལས། “སྟོན་པ་མཚུངས་པ་མེད་པ་སངས་རྒྱས་རྣམས་ཀྱིས་སེམས་ཅན་རྣམས་ལ་མཆོག་ཏུ་ཕན་པར་བཞེད་པས་སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གྱི་རྒྱུ་ཉིད་དུ་ཆོས་ཀྱི་དོན་མ་ལུས་པའི་མདོའམ་གནད་འདུས་པའི་སྡོམ་ནི་རྣམ་པ་བཞི་འདི་ལྟར་ཏེ་”ཞེས་ཏིང་ངེ་འཛིན་གསུམ་སྐྱེད་བྱེད་རྒྱུའི་ཆ་ནས་བསྟན། གཞན་ཡང་(མཁས་འཇུག་)[83]ལས། “དེ་ལྟར་མཁས་པར་བྱ་བའི་གནས་བཅུའི་དོན་ལེགས་པར་བཤད་ནས། དེ་དག་གི་རྟོགས་བྱའི་སྙིང་པོ་ཆོས་ཀྱི་སྡོམ་བཞིའི་དོན་རིགས་པས་གཏན་ལ་དབབ་པ་ནི། ”ཞེས་མཁས་བྱའི་གནས་བཅུའི་རྟོགས་བྱའི་སྙིང་པོའི་ཆ་ནས་བསྟན། ༡༽ ཡང་“བཀར་བཏགས་”[84]ཞེས་པ་བཀའ་ཡིས་ཟིན་པའམ་བཀའ་སྒྲོགས་པའི་དོན་ཏེ། འདིར་སངས་རྒྱས་ཀྱི་བཀའ་སྒྲོགས་པ་དང་ནང་པའི་གྲུབ་མཐའི་གཞི་རྩའམ་ཐུགས་ལ་མངའ་བའི་དོན་ལ་འཇུག ༢༽ “བཀའ་རྟགས་”[85]ཞེས་པ་ཐམ་གའམ་དམ་ཕྲུག་གིས་རྒྱས་བཏབ་པ་སྟེ། འདིར་ཤཱཀྱའི་ཆོས་ལུགས་ལ་བཀར་བཏགས་བཞིས་དམ་ཕྲུག་གིས་རྒྱས་བཏབ་པས་གཞན་དུ་མི་འགྱུར་བ་དང་ཆོས་ལུགས་གཞན་ལ་མི་འགྱུར་བའི་རྟགས་སུ་བཏབ་པའི་དོན་ལའང་གོ་ཆོག ༣༽ “བཀའ་བཏགས་”[86]ཞེས་པ་བཀའ་གང་གནང་བ་ལས་ནམ་ཡང་མི་འགལ་བའི་དམ་བཅའ་བཞག་པ་སྟེ་འདིར་སངས་རྒྱས་ཀྱིས་ཕྱག་རྒྱས་བཏབ་པའམ། བཀའ་ཁྲིམས་བརྡ་ཁྱབ་གནང་བའི་དོན་ལ་འཇུགགང་ལྟར་བཅོམ་ལྡན་འདས་ཀྱི་གསུང་རབ་ཀྱི་དོན་འགག་བཞིའི་སྟེང་ནས་གཏན་ལ་ཕབ་པའི་སྤྱི་སྡོམ་ཆེན་མོ་ཞིག་ཡིན། དེ་ཡང་“བཀར་བཏགས་”ཞེས་པ་ནི་དོན་མང་པོ་ལ་འཇུག་ཀྱང་འདིར་དུས་དང་རྣམ་པ་ཀུན་ཏུ་ཡང་ཡང་གསུངས་པའི་ཆོས་ཀྱི་སྡོམ་ཚིག་ཅིག་ལ་གོ་བར་བྱ། “ཕྱག་རྒྱ་”ཞེས་པ་ནི་མི་འགྱུར་བའི་དོན་སྟེ། རྒྱ་རིམ་པ་བདུན་ལྟ་བུ་སྟེ། ཤཱཀྱའི་རིང་ལུགས་འཛིན་པ་ཞིག་གིས་སྡོམ་བཞི་པོ་འདི་ལས་འདའ་མི་རུང་བར་ཕྱག་རྒྱས་བཏབ། འདི་ལས་འདས་པས་གཞི་ལམ་འབྲས་བུའི་ལྟ་གྲུབ་གང་ཞིག་གཏན་ལ་ཕབ་རུང་ནང་པ་མིན་ཞེས་བསྟན།

ང༽བཀར་བཏགས་ཕྱག་རྒྱ་བཞི།

དེ་ལྟར་སྤྱི་སྡོམ་“ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་པོ་”ནི། (བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་)[87]ལས། “ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པས་བསྡུས་ཏེ་ཆོས་ཀྱི་མདོ་བཞིར་འདུས་པར་བྱས་སོ། །བཞི་གང་ཞེ་ན། འདི་ལྟ་སྟེ། འདུ་བྱེད་ཐམས་ཅད་མི་རྟག་པ་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ཞི་བའོ། །”ཞེས་དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མདོ་བཞིར་བསྡུས་ཏེ། རྟག་པ་དང་། བདེ་བ། བདག དམིགས་པ་ཕྱིན་ཅི་ལོག་ཏུ་འདུ་ཤེས་པ་བཞི་སྤང་བའི་ཕྱིར་དང་། འདུ་ཤེས་ལ་འཇུག་རིམ་བཞིས་གཏན་ལ་ཕབ། དེ་བཞིན་དུ་(རྒྱ་མཚོས་ཞུས་པའི་མདོ་[88])ལས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་སྙིང་བཅུད་མདོ་བཞིར་བསྡུས་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྟན་པ་མི་ཟད་པའི་ཤེས་པ་འཇུག་པའི་ཆེད་དུ་བསྟན།

ཅ༽ བཀའ་བཏགས་བཞིའི་སོ་སོའི་བསྟན་དོན།

དེ་ལྟར་སྡོམ་བཞིའི་དང་པོ་འདུས་བྱས་ཐམས་ཅད་མི་རྟག་པ་ (སརྦ་སཾསྐྲ་ཏཱ་ནི་ཏྱཾ་)ཞེས་པའི་དོན་ནི་ཀུན་མཁྱེན་ཆེན་པོའི་(ཆོས་ཀྱི་སྡོམ་བཞི་སྟོན་པ་)[89]ལས། “མདོར་ན་འབབ་ཆུ་གྱ་གྱུར་ལྟུང་བ་དང༌། །ནུབ་རིའི་གྲིབ་མ་མི་སྡོད་འོང་བ་དང༌། །ཉིན་མཚན་སྐད་ཅིག་ཐང་གཅིག་འགྱུར་བའི་དཔེས། །ཚེ་ལ་ལོང་མེད་འཆི་བ་དྲན་བྱས་ལ། །དེ་རིང་ཉིད་ནས་ཆོས་ལ་བརྩོན་པར་མཛོད། །”ཅེས་རྣམས་ལས་ཕྱི་ནང་གི་དངོས་པོ་ཕྲ་རགས་ཀུན་འགྱུར་བའི་རང་བཞིན་བསྟན། གཉིས་པ་ཟག་བཅས་ཐམས་ཅད་སྡུག་བསྔལ་ (སརྦ་སཱ་སྲ་བ་དུཿཁཱ་)གྱི་དོན་ཡང་། “མདོར་ན་ཁམས་གསུམ་འཁོར་བའི་གྲོང་ཁྱེར་ན། །སྡུག་བསྔལ་ཉིད་གསུམ་བརྒྱད་ཀྱིས་སྡུག་བསྔལ་ཞིང༌། །བདེ་བའི་སྐབས་མེད་མེ་ཡི་འོབས་དང་འདྲ། །ད་རེས་ཚེ་འདིར་སྲིད་མཚོ་མ་བརྒལ་ན། །ཕྱི་ནས་ཅིར་འགྱུར་བདག་གིས་ཇི་ལྟར་བྱ། །དེ་བས་འཁོར་བའི་རང་བཞིན་སྡུག་བསྔལ་ལ། །སྙིང་ནས་སྐྱོ་བས་རང་གཞན་ཐར་བྱའི་ཕྱིར། །དེ་རིང་ཉིད་ནས་ངེས་པར་འབད་པར་བྱ། །”[90]ཞེས་པ་ལྟར་ཀུན་མཁྱེན་ཀློང་ཆེན་པས། “ཟག་བཅས་དེ་དག་ཀྱང་སྡུག་བསྔལ་གྱི་ངོ་བོའམ། དེ་དང་འབྲེལ་ཞིང་འདྲེས་ལ། དེ་སྐྱེ་བའི་སྒོར་གྱུར་པའི་ཕྱིར་རོ། །”ཞེས་སྡུག་བསྔལ་གྱི་རྣམ་པ་དང་ངོ་བོའི་སྟེང་ནས་གཏན་ལ་ཕབ། འདི་གཉིས་ནི་ཀུན་རྫོབ་འཁོར་བའི་རང་བཞིན་དང་བདེན་བཞི་ལས་སྡུག་བསྔལ་བདེན་པའི་རྣམ་པ་དངོས་སུ་བསྟན་ནས་དེའི་རྒྱུ་ཀུན་འབྱུང་བདེན་པ་ཤུགས་ལ་བསྟན། གསུམ་པ་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ (སརྦ་དྷརྨ་ཤཱུ་ནྱ་མ་ནཱཏྨ་ཀཾ་)ཡི་དོན་ཡང་། “མདོར་ན་མ་ཆགས་སྒྱུ་མའི་ངང་ཚུལ་ཅན། །ཆོས་ཉིད་ངང་ནས་འཕོ་འགྱུར་མེད་པར་སྦྱང༌། །ཕྱི་རབས་རྣལ་འབྱོར་རྣམས་ཀྱིས་མཁྱེན་པར་མཛོད། །གང་གང་བློ་ཡིས་བཏགས་པའི་ཆོས་རྣམས་ཀུན། །རང་རང་ངོ་བོས་སྟོང་སྟེ་ཆུ་ཟླའི་གཟུགས། །སྣང་སྣང་འདྲ་ཡང་རང་བཞིན་མེད་པས་ན། །ཡང་ཡང་མ་སྐྱེས་སྒྱུ་མའི་རྩལ་སྦྱང་མཛོད། །”[91]ཅེས་པ་སོགས་ལས་[92]ཆོས་དང་གང་ཟག་བདག་མེད་པའི་རང་བཞིན་ལུང་རིགས་ཀྱིས་རྒྱས་པར་བསྟན། ཁྱད་པར་དུ་དབུ་མ་ཐལ་འགྱུར་པའི་ལུགས་བདག་མེད་ཀྱི་དོན་ནི་“རྒྱལ་བའི་དགོངས་པ་མཐར་ཐུག་སྙིང་པོའི་དོན། །ཐལ་འགྱུར་པས་ནི་སྤྲོས་པ་ཀུན་འགོག་སྟེ། །ཆོས་ཀུན་རྟེན་འབྲེལ་སྟོང་ཉིད་རང་བཞིན་མེད། །”ཅེས་པའི་རྩ་[93]འགྲེལ་[94]ལས་ལུང་རིགས་ཞིབ་ཕྲས་གཏིང་ཕྱིན་པ་གཏན་ལ་ཕབ། བཞི་པ་མྱ་ངན་ལས་འདས་པ་ཞི་བ་ (ནིརྦཱ་ཎཾ་ཤཱནྟ་ཀཿ)ཡི་དོན་ཡང་། “གཞི་ཉིད་ལྟ་སྒོམ་སྤྱོད་པ་མཐར་ཕྱིན་ནས། །རང་དོན་ཆོས་སྐུ་གཞན་དོན་གཟུགས་སྐུ་གཉིས། །ནོར་བུ་བཞིན་དུ་ཕྲིན་ལས་ལྷུན་གྱིས་གྲུབ། །དེ་ཚེ་མི་རྟོག་ཆོས་སྐུ་ནམ་མཁའ་འདྲ། །བྲི་མེད་འཕེལ་མེད་ཟབ་ཞི་སྤྲོས་དང་བྲལ། །དེ་ལས་གཟུགས་སྐུ་ཉི་ཟླའི་དཀྱིལ་འཁོར་ནི། །གདུལ་བྱའི་སྣོད་དང་འཚམས་པར་ཆུ་ཟླ་བཞིན། །”[95]ཞེས་འབྲས་བུ་ལྷག་བཅས་ལྷག་མེད་ནས་སྐུ་གསུམ་གྱི་རྣམ་གཞག་ཞིབ་མོར་གཏན་ལ་ཕབ། དེ་ལྟར་གཞུང་ལུགས་རྣམས་ལས་སྡོམ་བཞིའི་བརྡ་དོན་དང་ལུང་རིགས་ཀྱིས་གཏན་ལ་ཕབ་ཅིང་ཤཱཀྱའི་ཤེས་རིག་གི་གྲུབ་མཐའ་སྐྱོང་།

ཆ༽གོ་རིམ་དང་གྲངས་ངེས།

དེ་ལྟར་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞིའི་གོ་རིམ་ནི་(བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་)[96]ལས་འབྱུང་བ་ལྟར་ཕྱིན་ཅི་ལོག་གི་འདུ་ཤེས་བཞི་སྤང་བྱའི་གོ་རིམ་སྟེ། བློའི་འཛིན་སྟངས་རགས་པ་རྣམས་སྔོན་ལ་སྤངས་ནས་རིམ་པར་ཕྲ་བ་རྣམས་སྤང་དགོས་པའི་ཕྱིར། གྲངས་ངེས་ཀྱང་ཕྱིན་ཅི་ལོག་གི་འདུ་ཤེས་བཞི་སྟེ་སྤང་བྱ་བཞིའི་གཉེན་པོ་ཡང་བཞི་ལས་མི་དགོས་པའི་ཕྱིར།

ཇ༽ངེས་པའི་སྙིང་པོར་འཇུག་པ།

དེས་ན་འདིར་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཡང་རྟོན་པ་བཞིའི་སྟེང་ནས་གཏན་ལ་དབབ་པར་བྱ་སྟེ། (བློ་གྲོས་མི་ཟད་པའི་མདོ་)[97]ལས། “དོན་ལ་རྟོན་གྱི་ཚིག་འབྲུ་ལ་མི་རྟོན་པ་དང་། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མི་རྟོན་པ་དང་། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་དྲང་བའི་དོན་གྱི་མདོ་སྡེ་ལ་མི་རྟོན་པ་དང་། ཆོས་ཉིད་ལ་རྟོན་གྱི་གང་ཟག་ལ་མི་རྟོན་པའོ། །”ཞེས་ཤཱཀྱའི་ཤེས་རིག་ནི་ཏིང་ངེ་འཛིན་གྱི་མྱོང་ཚོར་ཙམ་དང་རྟོག་པའི་འཆར་སྣང་ཙམ་མིན་ལ། གང་ཟག་དབང་བཙན་གྱིས་བཀའ་ཁྲིམས་ཤིག་དེ་བས་ཀྱང་ག་ལ་ཡིན་ཏེ། (སྟོབས་པོ་ཆེའི་རྒྱུད་)[98]ལས། “དེ་བཞིན་ང་ཡིས་གསུངས་པ་ཡང་། །དྲང་བའི་དོན་དང་ངེས་པའི་དོན། །སྒྲ་ནི་ཇི་བཞིན་ཇི་བཞིན་མིན། །དགོངས་པ་དང་ནི་དགོངས་པ་མིན། །བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡི་མོས་པའམ། །”ཞེས་སྟོན་པའི་གསུང་ཡིན་ཡང་སྒྲ་ཇི་བཞིན་པ་ཡིན་མིན་དང་། དགོས་པ་དགོངས་གཞི་དངོས་ལ་གནོད་བྱེད་ཡོད་མེད་[99]བསྲེགས་བཅད་བདར་བའི་གསེར་བཞིན་དུ་ཡོངས་སུ་བརྟགས་ཏེ་ལྟ་གྲུབ་རྣམ་གཞག་མཛད་པ་དེ་ལ་གཏན་ཚིགས་རིག་པའི་ལུགས་ཞེས་ཀྱང་གྲགས། དེ་ལྟར་བཀར་བཏགས་བཞི་པོ་རིགས་པ་ཡང་དག་པའི་སྟེང་ནས་དྲང་ངེས་ཀྱི་རྣམ་གཞག་བཤད་ཚུལ་མང་ཡང་འདིར་བདེན་གཉིས་ཀྱི་སྒོ་ནས་བཤད་པར་བྱ་སྟེ། (བློ་གྲོས་མི་ཟད་པའི་མདོ་)[100]ལས། “མདོ་སྡེ་གང་དག་ཀུན་རྫོབ་སྒྲུབ་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་དོན་དམ་པ་སྒྲུབ་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །”ཞེས་ཚིག་དོན་བཞིན་དུ་(སྡེ་སྣོད་ཀྱི་མདོ་)[101]ཞེས་པ་གཉིས་སུ་དྲང་ངེས་རིམ་པ་བརྒྱད་རེ་གསུངས་པ་ལས་གཉིས་པའི་དགོངས་དོན་ལྟར་བཀར་བཏགས་བཞིའི་དང་པོ་གཉིས་དྲང་དོན་ཏེ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར། གསུམ་པ་དྲང་ངེས་ཡིན་ཏེ་དོན་དམ་བདེན་པ་ཡིན་པའི་ཕྱིར། བཞི་ནི་བདེན་པ་གཉིས་ཀའི་ཆ་ཡོད་དེ། གཟུགས་སྐུ་གཉིས་པོ་སྟེ་ལྷག་བཅས་མྱང་འདས་ཀུན་རྫོབ་ཡིན་ལ། ཀུན་མཁྱེན་ཆེན་པོའི་ཡིད་བཞིན་མཛོད་རྩ་[102]འགྲེལ་[103]ལས་སངས་རྒྱས་ཀྱི་གཟུགས་སྐུ་གཉིས་པོ་ཀུན་རྫོབ་པ་བདེན་པ་ཡིན་པར་གསུངས་པའི་ཕྱིར། སྒྲིབ་གཉིས་ཡོངས་སུ་ཟད་པའི་དབྱིངས་མཐར་ཐུག་པ་དེ་དོན་དམ་བདེན་པ་ཡིན་པར་གསུངས་པ་ལྟར་སློབ་དཔོན་ཟླ་བ་གྲགས་པ་སོགས་ཀྱི་གཞུང་ལུགས་ལས་ཀྱང་བདེན་པ་བཞིའི་དང་པོ་གསུམ་ཀུན་རྫོབ་བདེན་པ་དང་། བཞི་པ་དོན་དམ་པའི་ཁོངས་སུ་གཏོགས་པ་གསུངས་པའི་ཕྱིར། དེ་ཡང་འགོག་བདེན་ནམ་མྱང་འདས་དོན་དམ་བདེན་པའི་ཁོངས་སུ་གཏོགས་ཞེས་པ་དེ་ཕྱོགས་གཏོགས་ཙམ་ལ་གོ་རྒྱུ་མིན་པ་དོན་དམ་བདེན་པ་ཉིད་ལ་གོ་དགོས་ཏེ། (ཐུབ་པའི་དགོངས་པའི་རྒྱན་)[104]ལས། “དོན་དམ་པའི་བདེན་པའི་རང་གི་ངོ་བོ་ནི་འགོག་པའི་བདེན་པའོ། །”ཞེས་དོན་དམ་བདེན་པ་རང་གི་ངོ་བོ་འགོག་པའི་བདེན་པ་ཡིན་པ་གསུངས་པ་དང་། གཞན་ཡང་[105]“འགོག་པའི་བདེན་པ་ནི་དོན་དམ་པའི་བདེན་པའི་རང་གི་ངོ་བོ འོོ། །”ཞེས་དང་[106]“འགོག་པའི་བདེན་པ་ནི་དོན་དམ་པའི་བདེན་པ་ཡིན་ཏེ། ”ཞེས་འགོག་པའི་བདེན་པ་དོན་དམ་པའི་རང་གི་ངོ་བོ་ཡིན་ཚུལ་གསུངས་པར་གཞིགས་ན་སྐབས་འདིར་འགོག་བདེན་དང་དོན་དམ་བདེན་པ་གཉིས་ཡིན་ཁྱབ་མཉམ་ཡིན་སྙམ། འདི་ལྟ་བུའི་བདེན་གཉིས་རྣམ་དབྱེ་ཤེས་ན་མཁས་པ་[107]ཡིན་པའི་རྒྱུ་མཚན་[108]བཅུ་རེས་གསུངས། དེས་ན་འདིར་འགོག་བདེན་དོན་དམ་བདེན་པ་ཡིན་ཞེས་པ་ནི་འབྲས་བུ་ཆོས་སྐུའམ་ལྷག་མེད་མྱང་འདས་ལ་གོ་བར་བྱ་ཡི་གཞན་དུ་གོ་བར་མི་བྱའོ། །བདེན་གཉིས་འདི་ལྟ་བུའི་སྟེང་ནས་དྲང་ངེས་བཞག་པའི་རྒྱུ་མཚན་ནི། (གྲུབ་མཐའ་མཛོད་)[109]ཀྱི་བདེན་གཉིས་ཀྱི་འཇོག་བྱེད་སྐབས་སུ་འབྱུང་བ་ལྟར་སློབ་དཔོན་ཟླ་བ་གྲགས་པས།[110]“གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །”ཞེས་ཀུན་རྫོབ་འཇོག་བྱེད་བློ་གཏི་མུག་ཡིན་པའི་ཕྱིར་ན་བཅོས་མ་ཡིན། དེས་ན་བླ་ན་མཆིས་པ། སྐབས་མཆིས་པ། རྩོད་པའི་གཞིའི་གནས་སུ་གྱུར་པར་གསུངས། འཕགས་པ་ཀླུ་སྒྲུབ་ཀྱིས།[111] “གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །”ཞེས་སྤྲོས་པ་ཉེ་བར་ཞི་བའི་དབྱིངས་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་ནི་ངེས་དོན་མཐར་ཐུག་པ་ཡིན་པས་བླ་ན་མ་མཆིས་པ་དང་། སྐབས་མ་མཆིས་པ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་གསུངས།

ཉ༽གཞི་མེད་རྩ་བྲལ་གྱི་མཐའ་གྲོལ་བ།

དེ་ལྟར་བཀར་བཏགས་བཞི་པོ་རྟོན་པ་བཞིས་རྣམ་པར་ཕྱེ་ཞིང་དྲང་ངེས་ཀྱིས་གཏན་ལ་ཕབ་སྟེ་མཐར་ངེས་དོན་མཐར་ཐུག་གཞི་མེད་རྩ་བྲལ་ལ་ཐུག་པ་ཡིན་པས་དེའི་དགོངས་དོན་ནི། (ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་)[112]ལས། “སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་སྐྱོན་མེད་པ་ཡིན་ནོ། །སྐྱོན་མེད་པ་གང་ཡིན་པ་དེ་ནི་ངེས་པའི་དོན་ཡིན་ནོ། །ངེས་པའི་དོན་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་ནོ། །དོན་དམ་པ་གང་ཡིན་པ་དེ་ནི་གང་ཟག་མེད་པའི་དོན་ཡིན་ནོ། །གང་ཟག་མེད་པའི་དོན་གང་ཡིན་པ་དེ་ནི་བརྗོད་དུ་མེད་པའི་དོན་ཡིན་ནོ། །བརྗོད་དུ་མེད་པའི་དོན་གང་ཡིན་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་གང་ཡིན་པ་དེ་ནི་ཆོས་ཀྱི་དོན་ཡིན་ནོ། །ཆོས་ཀྱི་དོན་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་དོན་ཡིན་ཏེ། དེའི་ཕྱིར་གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ༌། །”ཞེས་སྟོང་རྟེན་འབྱུང་རང་བཞིན་གཏན་ལ་འབེབས་པའི་རིམ་པས་ཐེག་པ་དང་ལྟ་གྲུབ་མི་འདྲ་བ་བྱུང་སྟེ། (ཀྱེ་རྡོར་རྒྱ་ཆེར་འགྲེལ་)[113]ལས། “རིག་བྱེད་གྲུབ་མཐའ་རྣལ་འབྱོར་རྣམས། །དབང་ཕྱུག་སོགས་ཀྱིས་བྱས་པ་དང་། །སངས་རྒྱས་པ་ཡི་སྔགས་རྒྱུད་ལ། །སྟོང་པ་ཉིད་ལ་ཁྱད་པར་ཡོད། །”ཅེས་དང་། དེ་བཞིན་དུ་བྲམ་ཟེའི་བཙུན་པ་རབ་འབྱོར་དབྱངས་ཀྱིས[114]། “སྐྱེ་མེད་རྟོགས་ལ་གུས་བཏུད་ནས། །བདག་མེད་གཉིས་དང་ལྡན་པ་ཡི། །བདེན་པ་གཉིས་པོ་རྟོགས་བྱའི་ཕྱིར། །ལྟ་བའི་བྱེ་བྲག་བཤད་པར་བྱ། །ཕྱི་པ་དང་ནི་རང་གི་སྡེ། །ལྟ་བ་རྣམ་པ་གཉིས་སུ་བསྟན། །” ཞེས་པ་ལྟར་(ངེས་སྒྲོན་)[115]སོགས་ལས་ཀྱང་ལྟ་བས་ཇི་ལྟར་ཐག་བཅད་པ་དེས་སྒོམ་པ་དང་སྤྱོད་པ་མི་འདྲ་འབྱུང་བར་གསུངས། དེ་ནས་འདིར་ལྟ་བ་སྤྲོས་བྲལ་ཤེས་པ་ལ་དེའི་ཡུལ་སྤྲོས་པ་དང་བྲལ་ཚུལ་ཤེས་དགོས་པ་ཡིན་ཏེ། (སྟོང་ཕྲག་བརྒྱ་པ་)[116]ལས་གཟུགས་ནས་རྣམ་མཁྱེན་བར་གནས་པ་མེད་པར་གསུངས། དེའི་རྒྱུ་མཚན་ནི་[117]མ་སྐྱེས་པའི་ཕྱིར། མ་སྐྱེས་པའི་ཆོས་གང་ཡིན་པ་དེ་ནི་རང་གིས་རང་སྟོང་ཡིན་པར་ཡང་(སྟོང་ཕྲག་བརྒྱ་པ་)[118]ལས། “གཟུགས་གཟུགས་ཀྱིས་སྟོང་སྟེ། གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་མ་ལགས། གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་གཟུགས་སོ། །”ཞེས་སྟོང་ཉིད་བཞི་སྦྱོར་གྱིས་ཆོས་ཐམས་ཅད་རང་སྟོང་ཡིན་པ་ལས་དགག་བྱ་བདེན་གྲུབ་ཀྱིས་སྟོང་པ་ཡིན་པར་མ་གསུངས་ཤིང་དེས་སྟོང་པ་ནི་སྟོང་ཉིད་མཚན་ཉིད་པ་ཡིན་པར་ཞལ་བཞེས་ག་ལ་སྲིད། འདིར་རང་ལུགས་ནི་དགག་བྱ་དང་དགག་གཞི་གཅིག་ཏུ་འདོད་པ་ཡིན་ཏེ། འཁོར་འདས་གང་རུང་དུ་ཞེན་པའི་ངོར་དོན་དཔྱོད་རིགས་པ་དེ་དང་དེ་དགག་བྱར་བཟུང་ནས་དགག་དགོས་པའི་ཕྱིར་ཏེ། (བཞི་བརྒྱ་པ་)[119]ལས། “ཡུལ་ལ་བདག་མེད་མཐོང་ནས་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །”ཞེས་གང་ལ་འཛིན་པ་ཞུགས་སའི་ཡུལ་དེ་ཉིད་གཞི་མེད་དུ་གཏན་ལ་ཕབ་སྟེ་འཛིན་པ་ལྡོག་དགོས་པའི་ཕྱིར། དེ་ལྟར་ཡིན་ན་མཆོག་གསུམ་དང་ལས་འབྲས་སོགས་འགོག་པར་འགྱུར་བས་མུ་སྟེགས་རྒྱང་འཕེན་པ་ལྟར་ཆད་ལྟར་འགྱུར་བའི་དོགས་པ་མི་དགོས་ཏེ། (ཆོས་ཐམས་ཅད་འབྱུང་བ་མེད་པའི་མདོ་)[120]ལས། “སངས་རྒྱས་མེད་ཅིང་ཆོས་དང་དགེ་འདུན་མེད། །དེ་ལྟར་སུས་ཤེས་དེ་ནི་མཁས་པ་ཡིན། །སྐྱེས་བུ་ལ་ལ་ཇི་ལྟར་རྨི་ལམ་ན། །བྱང་ཆུབ་སངས་རྒྱས་འགྲོ་བ་འདུལ་རྨིས་ན། །དེ་ལ་བྱང་ཆུབ་ཡོད་མིན་སེམས་ཅན་མེད། །དེ་འདྲའི་དངོས་ཉིད་ཆོས་འདི་ཐམས་ཅད་དོ། །”ཞེས་པ་ལྟར་(དགོངས་འདུས་)[121]དང་(དབུ་མ་ཤེས་རབ་ལ་འཇུག་པ་)[122]སོགས་བཀའ་བསྟན་རྣམས་སུ་མཆོག་གསུམ་དང་གཞི་ལམ་འབྲས་བུ་ལས་འབྲས་སོགས་མེད་པ་གཏན་ལ་ཕབ་པ་ཀུན་མུ་སྟེགས་རྒྱང་འཕེན་པའི་ལུགས་སུ་ཅིའི་ཕྱིར་མི་འགྱུར། དེ་དག་དོན་དཔྱོད་རིགས་པས་མ་བཀག་ན་དེར་བདེན་འཛིན་ལྡོག་མི་ནུས་ཤིང་། བཀག་ཀྱང་མ་ཁེགས་ན་བདེན་གྲུབ་ཏུ་འགྱུར་ལ། དེས་ན་ཤེས་བྱའི་ཆོས་ཀུན་དགག་བྱ་ཡིན་ལ་འགོག་ཀྱང་དགོས། བཀག་ན་རིགས་པས་མ་ཁེགས་པའང་མི་སྲིད་དོ། དེས་ན་དབུ་མ་ཐལ་འགྱུར་པའི་ལུགས་གཞིར་བྱས་ན་ཐ་སྙད་དུའང་གྲུབ་པའི་ཆོས་མི་སྲིད་པ་དཔལ་ལྡན་ཟླ་བ་སོགས་ཀྱིས་གསུངས། འདིར་མེད་ཅེས་པ་ནི་དོན་དཔྱོད་རིགས་པའི་ངོར་མེད་ཅེས་པ་ལས་འཇིག་རྟེན་གྱི་མཐོང་སྣང་ཙམ་དུ་མེད་ཅེས་སུས་ཀྱང་སྨྲ་མ་མྱོང་བའི་ཕྱིར། རིགས་པ་དེས་བཙལ་ན་འཁོར་འདས་ཀྱི་ཆོས་ཀུན་མིང་ཙམ་བརྡ་ཙམ་ལས་མེད་དེ། (སྟོང་ཕྲག་ཉི་ཤུ་ལྔ་པ་)[123]ལས། “གཟུགས་ཞེས་བྱ་བ་འདི་ནི་མིང་ཙམ་དུ་ཟད་”ཅེས་པ་ནས་“ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་འདི་ནི་དམིགས་སུ་མེད་[124]པ་ཉིད་ཀྱི་ཕྱིར། མིང་དང་ཐ་སྙད་ཙམ་དུ་ཟད་”ཅེས་པའི་བར་དུ་བསྟན། དེ་བཞིན་དུ་(ཁྲི་བརྒྱད་སྟོང་པ་)[125]སོགས་ལས་གཟུགས་ནས་རྣམ་མཁྱེན་གྱི་བར་དུ་མིང་ཙམ་དང་བརྡ་ཙམ་ལས་དམིགས་གཏད་ཀྱི་ཡུལ་དུ་མ་གྲུབ་པར་བསྟན། [126]འོ་ན་མིང་ཙམ་དང་བརྡ་ཙམ་ཞིག་ཡོད་དམ་ཞེ་ན་དེ་ཡང་རིགས་པས་དཔྱད་ན་མེད་དེ་(ཁྲི་བརྒྱད་སྟོང་པ་[127])དང་། (ཉི་ཁྲི་)[128]སོགས་ལས་“མིང་ཡང་མིང་གིས་སྟོང༌”ཞེས་པ་དང། “མིང་དེ་ནི་དངོས་པོ་མ་མཆིས་ན། གང་འདི་གཟུགས་སོ་ཞེས་བགྱི་བའི་མིང་ཙམ་པོ་དེ་ཡང་མི་རིགས་”ཞེས་རྒྱུ་མཚན་ལྔའི་[129]སྟེང་ནས་མིང་བརྡ་ཙམ་ཡང་མ་གྲུབ་པར་བསྟན། ཆོས་ཀྱི་རང་བཞིན་འདི་ལ་སྔ་འགྱུར་བའི་གཞུང་ལུགས་སུ་“གཞི་མེད་རྩ་བྲལ་”ཞེས་བྱ་སྟེ། (དཔལ་མཆོག་དང་པོ་)[130]ལས། “ཐམས་ཅད་རང་བཞིན་སྟོང་བའི་དབྱིངས། །གཞི་མེད་རྩ་བྲལ་འདུས་མ་བྱས། །བརྗོད་མེད་ནམ་མཁའི་ངོ་བོ་ཉིད། །བྱང་ཆུབ་ཚུལ་འདི་བསྟན་པའོ། །”ཞེས་པ་དང་། (དཔལ་གསང་བའི་སྙིང་པོ་)[131]ལས། “གཞི་རྩ་མེད་པའི་སེམས་ཉིད་ནི། །”ཞེས་དང་། རྒྱལ་དབང་ཨོ་རྒྱན་ཆེན་པོས་[132]“གཞི་སྟོང་པའི་གནས་ལུགས་སེམས་ཉིད་ཀྱི་བཞུགས་ཚུལ། ཤེས་བྱའི་གཤིས་དེས་དངོས་པོར་མ་སྐྱེས། དངོས་མེད་དུ་མ་འགགས། ཐ་དད་དུ་མ་གྲུབ་པའི་སྐྱེ་འགག་གཉིས་མེད་” ཅེས་འཁོར་འདས་གཉིས་པོ་མ་སྐྱེས་མ་འགགས་གཉིས་མེད་གསུམ་གྱི་རང་བཞིན་དུ་གཏན་ལ་ཕབ། དེ་བཞིན་རང་སྟོང་། ཡེ་སྟོང་། རང་བཞིན་གྱིས་སྟོང་པ། ཀུན་སྟོང་པ། མཉམ་པར་སྟོང་པ་དང་ལྔས་[133]ཆོས་ཐམས་ཅད་གཞི་མེད་རྩ་བྲལ་[134]ཡིན་པར་གསུངས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་[135]“དོན་ཡོད་པ་ལྟར་འགྱུར་རོ་ཞེ་ན་མ་ཡིན་ཏེ།  དོན་ཡོད་པས་ཕྱི་རོལ་རགས་པར་སྣང་བ་རྡུལ་ཕྲན་ལ་སོགས་པར་གཞན་དུ་འཛིན་གྱི། ཁོ་བོ་ཅག་ནི་སེམས་ལ་སྣང་བའི་བག་ཆགས་འཁྲུལ་པ་དྷ་དུ་ར་ལ་སོགས་པའི་སྣང་བ་ལྟར་ཕྱི་ནང་གང་ཡང་མ་ཡིན་གང་དུའང་མ་གྲུབ་ཀྱང༌། མེད་བཞིན་སྣང་བ་གཞི་མེད་རྩ་བ་དང་བྲལ་བར་འདོད་པས་རང་བཞིན་མེད་པར་སྨྲ་བ་ཡིན་ནོ། །”ཞེས་[136]སོགས་[137]“ཕྲ་བ་དང་རགས་པའི་དངོས་པོ་གང་དུའང་མ་གྲུབ་པར་གཞི་མེད་རྩ་བྲལ་དུ་ཤེས་ན་ཆོས་ཀྱི་བདག་མེད་རྟོགས་པ་ཞེས་བྱའོ། །”ཞེས་སོགས་གསུངས་པ་འདི་ལྟ་བུའི་ལྟ་གྲུབ་ནི། དབུ་མ་རང་རྒྱུད་པ་མན་ལ་མེད་ན་གཞན་མུ་སྟེགས་ཅན་རྣམས་ལ་ནི་རྨི་ལམ་དུའང་ཤར་མ་མྱོང་བའི་ཁྱད་པར་འཕགས་པའི་ལྟ་གྲུབ་འདི་ནི་ཤཱཀྱའི་རིགས་ཀྱི་གྲུབ་མཐའ་མཐར་ཐུག་པའོ།།

ཉ༽བྱུང་བའི་དུས་ངོས་བཟུང་བ།

སྟོན་པ་བཅོམ་ལྡན་འདས་ཀྱིས་“ཆོས་ཀྱི་མདོ་བཞི་”འམ་“ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་”ཞེས་པའི་བརྡ་ཆད་འདི་དུས་ནམ་ཞིག་ལ་གསུངས་མིན་ལ་སྔོན་མཁས་པ་ཚོས། བདེན་བཞིའི་ཆོས་འཁོར་དང་དུས་མཉམ་དུ་གསུངས་པ་དང་། དེའི་རྗེས་ཙམ་དང་། སྟོན་པའི་སྐུ་ཚེ་ཐ་མ་སྟེ་དགུང་ལོ་གྱ་གཅིག་ལ་ཕེབས་སྐབས་གསུངས་ཚུལ་ཏེ་གཞུང་རྣམས་སུ་ངོས་འཛིན་ཐ་དད་པ་བྱུང་ཡང་། བཞེད་པ་དང་པོ་ལྟར་བྱས་ན་(ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་མདོ་)[138]དང་། (ཆོས་ཀྱི་འཁོར་ལོའི་མདོ་[139])(འཕགས་པ་བདེན་པ་བཞིའི་མདོ་[140])སོགས་སུ་བརྡ་དོན་གཉིས་ཀ་ཚིག་དངོས་ཟིན་ལ་མི་སྣང་ཞིང་ཁྱད་པར་དུ་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་བསྟན་པ་དེ་བས་ཀྱང་མི་སྣང་བས། བདེན་བཞིའི་ཆོས་འཁོར་དང་དུས་མཉམ་དུ་གསུངས་ཞེས་འདོད་པ་ལ་སྒྲུབ་བྱེད་སྟོབས་ལྡན་གཞན་མེད་སྙམ། བཞེད་པ་གསུམ་པ་ནི། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774)[141]དང་། དུང་དཀར་བློ་བཟང་ཕྲིན་ལས་ 1927-1997)[142]སོགས་[143]ཀྱིས་བཅོམ་ལྡན་འདས་དགུང་ལོ་གྱ་གཅིག་པའི་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན་གྲོང་ཁྱེར་རྩྭ་མཆོག་གྲོང་གི་སཱ་ལའི་ཚལ་གྱི་དབུས་ཐ་མལ་གཟིམས་ཁྲིའི་སྟེང་སེངྒེའི་ཉལ་སྟབས་ཀྱིས་བཞུགས་ཏེ་གསུངས་ཟེར་བར་དཔྱད་བྱ་ཆེ་སྟེ། (འདུལ་བ་ཕྲན་ཚེགས་)[144]ལས། “དགེ་སློང་དག་གིས་ས་ཕྱོགས་འདི་བཞི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་ཅན་རྣམས་ཀྱིས་ཇི་སྲིད་འཚོའི་བར་དུ་རྗེས་སུ་དྲན་པར་འགྱུར་བར་བྱའོ། །བཞི་གང་ཞེ་ན། ”ཞེས་པ་ནས་“དེ་ནས་བཅོམ་ལྡན་འདས་ཀྱིས་རང་གི་སྐུ་ལས་སྟོད་གཡོགས་བསལ་ཏེ། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པའི་སྐུ་ལ་ལྟོས་ཤིག ། དགེ་སློང་དག་དེ་བཞིན་གཤེགས་པའི་སྐུ་ལ་རྣམ་པར་ལྟོས་ཤིག ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བལྟ་བ་ནི་རྙེད་པར་དཀའ་སྟེ། དཔེར་ན་མེ་ཏོག་ཨུ་དུམ་བཱ་ར་བཞིན་ནོ། །དགེ་སློང་དག་རེ་ཞིག་ཅང་མ་སྨྲ་ཞིག་དང་། འདི་ལྟར་འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ཡིན་ཏེ། དེ་ལ་འདི་ནི་དེ་བཞིན་གཤེགས་པའི་གསུང་ཐ་མའོ་ཞེས་གསུངས་ནས་བཅོམ་ལྡན་འདས་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་སོ། །”[145]ཞེས་དང་། “བསམ་གཏན་གསུམ་པ་ལས་བཞེངས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་ནས་ཞི་བ་མི་གཡོ་བའི་སྤྱན་དང་ལྡན་པ་བརྙེས་ཏེ་ཡོངས་སུ་མྱ་ངན་ལས་འདས་སོ། །”[146]ཞེས་པའི་བར་གྱི་ལུང་ཚིག་འདི་ལ་བརྟེན་ནས་བཤད་པ་ཞིག་ཡིན་པས་རྒྱུ་མཚན་ཆེ་སྙམ་ཡང་མདོ་ཚིག་འདིའི་ནང་གནད་འགག་ནི་“དེ་ལ་འདི་ནི་དེ་བཞིན་གཤེགས་པའི་གསུང་ཐ་མའོ་”ཞེས་པ་འདི་ཉིད་ལ་ཐུགས་ཡོད། འདིའི་བསྟན་དོན་ནི་སྟོན་པའི་སྐུ་ཚེའི་ནང་གསུང་གི་ཐ་མ་ཡིན་པ་གསུངས་པ་ལས་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་སྐབས་དེ་དུས་ཐོག་མར་གསུངས་པ་ཡིན་ཞེས་པའི་དོན་མིན།

དེས་ན་བཞེད་པ་གཉིས་པ་ལྟར་ལེགས་པར་སྣང་སྟེ། (ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་)[147]ལས་གསལ་བ་ལྟར་ན། ཡུལ་ཀླུའི་རྒྱལ་པོ་རྒྱ་མཚོའི་གནས་ན་བཅོམ་ལྡན་འདས་ཀྱིས། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུ་དང་བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་ལ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་བརྗོད་བྱ་ཧྲིལ་པོ་བྱས་ནས་བསྟན། མདོ་འདི་ལ་རྒྱས་འབྲིང་བསྡུས་གསུམ་ལས་བསྡུས་པ་དེ་ཡིན། (རྒྱལ་པོ་སྡོང་པོས་ཞུས་པའི་མདོ་)[148]ཡང་ཡུལ་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཅོམ་ལྡན་འདས་ཀྱིས་དགེ་སློང་དྲུག་ཁྲི་ཉིས་སྟོང་དང་། བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང་ཙམ་ཡང་བཀར་བཏགས་བཞིའི་སྟེང་ནས་བཀའ་ཆོས་གནང་བ་སོགས་ལ་གཞིགས་ན་སྐུ་མྱ་ངན་ལ་འདས་ལོ་དང་བདེན་བཞིའི་ཆོས་འཁོར་གཉིས་ཀྱི་བར་དུ་གསུངས་པ་ཤེས་ནུས་སོ།།

སླར་སྨོན་པ།

གདོད་ནས་སྐྱེ་མེད་སྤྲོས་དང་བྲལ་ལ་རྟེན་འབྲེལ་མི་བསླུ་སྒྱུ་མའི་ཆོ་འཕྲུལ་སྣང་བར་བྱེད།།
ཡེ་སྟོང་ཆོས་སྐུའི་མཁའ་ལ་འགག་པ་མེད་ཅིང་གཟུགས་སྐུ་འཇའ་ཟེར་སྣ་ཚོགས་རབ་ཏུ་འཕྲོ།།
ཚིག་བྲལ་ངག་གི་ལམ་གྱིས་མ་གོས་གདུལ་བྱའི་སྣང་ངོར་བྲག་ཆར་ཇི་བཞིན་ཀུན་ལ་ཁྱབ།།
གསལ་སྟོང་དབྱེར་མེད་བརྗོད་བྲལ་མཉམ་ཉིད་ཡེ་ནས་ལྷུན་རྫོགས་སྐུ་གསུམ་ཆེན་མོ་མངོན་འགྱུར་ཤོག།

ཅེས་བྱང་ཆུབ་ཡན་ལག་བདུན་གྱི་གྲངས་དང་ལྡན་པའི་ས་བཅད་ཀྱིས་གསལ་བར་བྱས་པ་(ཤཱཀྱའི་ཤེས་རིག་ལུམ་བི་ནིའི་ཚལ་)ཞེས་པ་འདི་དབུས་འགྱུར་འཆང་གི་ལྷོ་ཕྱོགས་དཔལ་ལྡན་འབྲས་དཀར་སྤུངས་པའི་ཉེ་འདབས། པཎ་ཆེན་བི་མ་ལ་མི་ཏྲ་མཚན་ལྡན་དགེ་བའི་བཤེས་གཉེན་གྱི་རྣམ་པ་རོལ་པ། ༸སྐྱབས་རྗེ་གྲུབ་པའི་དབང་ཕྱུག་པདྨ་ནོར་བུའི་ཐུགས་བསྐྱེད་བླ་ན་མེད་པའི་གཟི་འོད་ལས་འཁྲུངས་པའི་གསང་ཆེན་བསྟན་པའི་མཛེས་རྒྱན། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་རང་ཤག་སྡེ་གསུམ་ཀློང་དགུའི་ཆོས་མཛོད་ཁང་དུ། རབ་གནས་ལྕགས་མོ་གླང་། ཆུ་སྟོད་ཟླ་བ་སྟེ་སྟོན་པ་ཤཱཀྱའི་རྒྱལ་པོ་མངོན་པར་རྫོགས་པ་སངས་རྒྱས་ཏེ་ཡུལ་བཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་སུ་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་དང་། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡༡ ཉིན་འཆི་མེད་རིག་འཛིན་ནམ་མིང་གཞན་པདྨའི་ངང་ཚུལ་(कमलशील)དུ་འབོད་པས་ཡོངས་སུ་གྲུབ་པར་བགྱིས་པ་ཀུན་ཏུ་བཀྲ་ཤིས་དོན་དང་ལྡན་པར་གྱུར་ཅིག །


[1]  སྡེ་དགེ་བཀའ་འགྱུར། འདུལ་བ། པོད་ག་པ་༣། (འདུལ་བ་གཞི་) (མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། ཤོག་གྲངས་ ༢༣༤ན༣)མང་པོས་བཀུར་བའི་རྒྱལ་རྒྱུད་ལོ་རྒྱུས་དང་།

[2]  སྡེ་དགེ་བཀའ་འགྱུར། འདུལ་བ། པོད་ག་པ་༣། (འདུལ་བ་གཞི་) (མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། ཤོག་གྲངས་ ༢༦༦ན༦) གཽ་ཏ་མའི་རྒྱལ་རྒྱུད་ལོ་རྒྱུས།

[3]  སྡེ་དགེ་བཀའ་འགྱུར། འདུལ་བ། པོད་ག་པ་༣། (འདུལ་བ་གཞི་) (མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། ཤོག་གྲངས་ ༢༧༡ན༧)སེར་སྐྱའི་ཡུལ་དང་། ཤཱཀྱའི་རིགས་བྱུང་བ་བརྗོད་པ།

[4]  རླངས་འཁོར་དུ་སོང་ན་སེར་སྐྱ་   (कपिलवस्तु) ནས་ལུམ་བི་ནིའི་ཚལ་  (मायादेवीमन्दिर) བར་དུ་སྤྱི་ལེ་ཉེར་དགུ་  (29.3 km) ཡོད།

[5]  སྡེ་དགེ་བཀའ་འགྱུར། འདུལ་བ། པོད་ག་པ་༣། (འདུལ་བ་གཞི་) (མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། ཤོག་གྲངས་ ༢༧༢བ༦)

[6]  སྤྱིར་སྟོན་པའི་འཁྲུངས་འདས་ལ་བཤད་ཚུལ་མང་ཡང་འདིར་འཛམ་གླིང་ཡོངས་གྲགས་ཀྱི་དབང་དུ་བྱས་(Born c. 563 BCE or 480 BCE-Died c. 483 BCE or 400 BCE) ཕྱི་ལོ་སྔོན་གྱི་དུས་རབས་དྲུག་པ་དང་ལྔ་པ་གང་རུང་ལ་བྱོན་པ་མཁས་དབང་ L. S. Cousins 1996. K. R. Norman. 1997. Prebish, Charles S. 2008: འདི་དག་གི་དཔེ་དེབ་རྣམས་ལས་གསལ་ཞིང་སྟོན་པའི་འཁྲུངས་འདས་ལོ་ཚིགས་ལ་དཔྱད་ཞིབ་རྒྱས་པར་(ཝེ་ཁེ་རིག་མཛོད། རང་དབང་གི་རིག་མཛོད་ཆེན་མོ་) (WIKIPEDIA OVER ONE BILLON EDITS) ལས་གསལ།

[7] ཀློང་ཆེན་རབ་འབྱམས། (གྲུབ་པའི་མཐའ་རིན་པོ་ཆེའི་མཛོད་)བསྟན་པ་དམ་པའི་ཆོས་ཀྱི་ཚུལ་བཤད་པའི་ལེའུ་༢། ཤོག་གྲངས་ ༢༦=51ན༦།

[8] འདི་ནི་ཕྱི་ལོ་སྔོན་གྱི་ལོ་ 2214. BCE. ལ་ཡིན།

[9]  2213.BCE.

[10]  2179.BCE.  དགུང་ལོ་སུམ་ཅུ་རྩ་ལྔའི་སྟེང་སངས་རྒྱས་པ།

[11]  2134. BCE. དགུང་ལོ་བརྒྱ་ཅུའི་སྟེང་སྐུ་མྱ་ངན་ལས་འདས་པ།

[12]  (གྲུབ་མཐའ་མཛོད་)ལས་མེ་རྟ་གསུངས་ཡོད་ཀྱང་ཡིག་ནོར་ཡིན་ནམ་སྙམ། འདིའི་སྐོར་ཅུང་དཔྱད་ཞིབ་རྒྱས་པ་ཁོ་བོས་བཤད་ཟིན་པས་འདིར་མི་སྤྲོ།

[13] དཔལ་བརྩེགས་བོད་ཡིག་དཔེ་རྙིང་། ས་སྐྱའི་བཀའ་འབུམ། དཔེ་དེབ་༦། བསོད་ནམས་རྩེ་མོ་  (1142-1182)  (ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་) (ཤོག་གྲངས་ 492b7)

[14] བོད་ལྗོངས་ཞིབ་འཇུག དེབ་ཕྲེང་༥༨། འབྲོང་བུ་ཚེ་རིང་རྡོ་རྗེ། (སྟོན་པ་ཤཱཀྱ་ཐུབ་པའི་དགོངས་པ་དང་འཁྲུངས་འདས་ལོ་ཚིགས་སྐོར་བསྐྱར་དུ་གླེང་བ་) (འཁྲུངས་འདས་ཀྱི་ལོ་རྒྱུས་ལམ་བུ། ཤོག་གྲངས་ 75b4) ཕྱི་ལོ་ 1996 ཡི་དུས་དེབ་གཉིས་པ།

[15]  འབྲོང་བུ་ཚེ་རིང་རྡོ་རྗེ། «འཁྲུངས་འདས་ལོ་ཚིགས་བསྐྱར་དུ་གླེང་བ་» (འཁྲུངས་འདས་ཀྱི་ལོ་རྒྱུས་ལམ་བུ། ཤོག་གྲངས་ 75b5)

[16]  འབྲོང་བུ་ཚེ་རིང་རྡོ་རྗེ། «ལོ་ཚིགས་བསྐྱར་དུ་གླེང་བ་» (འཁྲུངས་འདས་ཀྱི་ལོ་རྒྱུས་ལམ་བུ། ཤོག་གྲངས་ 74b16)

[17]  W1KG] གསུང་འབུམ། དགེ་འདུན་ཆོས་འཕེལ་ (1903-1951) «རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་» (ཤོག་གྲངས་ 160b14)དང་། ལུང་ཚིག་གསུམ་ནི།༡ (ཤོག་གྲངས་170b22) ༢ (ཤོག་གྲངས་171n14) ༣ (ཤོག་གྲངས་182b8)

[18]  ཁོང་ལ་རྒྱུས་ལོན་བྱ་འདོད་ཚེ་«ཝེ་ཁེ་རིག་མཛོད་»དང་།ནུབ་ཕྱོགས་པའི་«ལྟ་གྲུབ་རིག་མཛོད་» Adams 1891, p.19. Margotta 1968, p.66. རྣམས་(c. 450-c. 380 BCE) སུ་ངོ་སྤྲོད་གསལ་པོར་བཞུགས།

[19] སྡེ་དགེ་བཀའ་འགྱུར།འདུལ་བ། པོད་ག་པ་༣། «འདུལ་བ་གཞི་» (གོས་ཀྱི་གཞི་འཆད་པ་ལས་འཚོ་བྱེད་ཀྱི་སྡེ་ཚན། ཤོག་གྲངས་༦༠ན༦)

[20] འབྲོང་བུ་ཚེ་རིང་རྡོ་རྗེ། «ལོ་ཚིགས་བསྐྱར་དུ་གླེང་བ་» (འཁྲུངས་འདས་ཀྱི་ལོ་རྒྱུས་ལམ་བུ། ཤོག་གྲངས་ 77n19)

[21] འབྲོང་བུ་ཚེ་རིང་རྡོ་རྗེ། «ལོ་ཚིགས་བསྐྱར་དུ་གླེང་བ་» (འཁྲུངས་འདས་ཀྱི་ལོ་རྒྱུས་ལམ་བུ། ཤོག་གྲངས་ 74b7)

[22]  [22] (c. 450-c. 380 BCE)

[23] སྡེ་དགེ་བཀའ་འགྱུར།འདུལ་བ། པོད་ག་པ་༣། (འདུལ་བ་གཞི་) (གོས་ཀྱི་གཞི་འཆད་པ་ལས་འཚོ་བྱེད་ཀྱི་སྡེ་ཚན། ཤོག་གྲངས་༦༠ན༦) “དེས་རྡོ་འཇོག་ན་སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུ་ཞེས་བྱ་བ་ཡོད་དེ། དེས་ཀླད་པའི་ཐོད་པ་འབྱེད་པའི་དཔྱད་ཤེས་སོ་ཞེས་ཐོས་ནས། དེ་རྒྱལ་པོའི་དྲུང་དུ་སོང་སྟེ་སྨྲས་པ། ལྷ་རྡོ་འཇོག་ཏུ་མཆིའོ། །ཅི་ཞིག་གི་ཕྱིར་དེ་ན་སྨན་པའི་རྒྱལ་པོ་རྒྱུན་ཤེས་ཀྱི་བུ་ཞེས་བགྱི་བ་མཆིས་ཏེ། དེ་ཀླད་པའི་ཐོད་པ་འབྱེད་པའི་དཔྱད་འཚལ་བས་དེ་སློབ་ཏུ་མཆིའོ།།”

[24] སྡེ་དགེ་བཀའ་འགྱུར། འདུལ་བ། པོད་ཐ་པ་༡༠། (འདུལ་བ་ཕྲན་ཚེགས་ཀྱི་གཞི་) (རྒྱུས་པའི་སྡེ་ཚན་ལས་ཞི་བ་སོགས་བཤད་པ། ཤོག་གྲངས་ ༢༩༠བ༦)

[25] སྡེ་དགེ་བསྟན་འགྱུར། རྒྱུད། པོད་དི་པ་༤༢། སངས་རྒྱས་ཡེ་ཤེས་ཞབས། (རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞེས་བྱ་བའི་ཞལ་གྱི་ལུང་)  (ཤོག་གྲངས་ ༡བ༤)

[26] སྡེ་དགེ་བསྟན་འགྱུར། རྒྱུད། པོད་དི་པ་༤༢། སངས་རྒྱས་ཡེ་ཤེས་ཞབས། (རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞེས་བྱ་བའི་ཞལ་གྱི་ལུང་)  (ཤོག་གྲངས་ ༡བ༤)

[27]  སྡེ་དགེ་བསྟན་འགྱུར།རྒྱུད། པོད་དི་པ་༤༢། སློབ་དཔོན་ཆེན་པོ་བི་ཏ་པཱ་ད། «མཛེས་པའི་མེ་ཏོག་ཅེས་བྱ་བ་རིམ་པ་གཉིས་པའི་དེ་ཁོ་ན་ཉིད་བསྒོམ་པ་ཞལ་གྱི་ལུང་གི་འགྲེལ་པ་» (ཤོག་གྲངས་ ༨༩ན༦)

སྡེ་དགེ་བཀའ་འགྱུར། འདུལ་བ། པོད་ཉ་པ་༨། «འདུལ་བ་རྣམ་པར་འབྱེད་པ་» (སོ་སོར་བཤགས་པར་བྱ་བའི་སྡེ་བཤད་པ་ལས་དགེ་སློང་མ་ལས་ཟས་ལེན་པའི་སོ་སོར་བཤགས་པར་བྱ་བ། ཤོག་གྲངས་ ༢༡༦ན༤)

སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ཆ་པ་༥༠། «འཕགས་པ་སྙིང་རྗེ་ཆེན་པོའི་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་» (དམ་པའི་ཆོས་འཛིན་པའི་ལེའུ་༦། ཤོག་གྲངས་ ༨༣ན༥)

[30] སྡེ་དགེ་བསྟན་འགྱུར།འདུལ་བ། པོད་སུ་པ་༡༦༧། «ཀུ་ན་ལའི་རྟོགས་པ་བརྗོད་པ་» (ཤོག་གྲངས་ ༢༣༠བ༤)

[31] སྡེ་དགེ་བཀའ་འགྱུར། འདུལ་བ། པོད་ག་པ་༣། «འདུལ་བ་གཞི་» (མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། ཤོག་གྲངས་༢༨༤བ༥) འདི་ནས་སྟོན་པ་སྐུ་འཁྲུངས་པ་དང་དྲང་སྲོང་ཉོན་མོངས་མེད་དེར་བྱོན་ཏེ་བཀའ་སློབ་དང་ལུང་བསྟན་གནང་བའི་སྐོར་རྒྱས་པ་བཞུགས།

[32]  [32] Kāladevala (असिता)ཁོང་གི་ལོ་རྒྱུས་ངོ་སྤྲོད་«ཝེ་ཁེ་རིག་མཛོད་»ལས་གསལ།

[33]  “ལུམ་བི་ནི་”འདི་ལ་བྲི་ཚུལ་མང་རུང་འདིར་སྡེ་དགེ་བཀའ་འགྱུར་ནང་བེད་སྤྱོད་མང་ཤོས་ལུམ་བི་ནི་བྱུང་བ་ལྟར་བྱས།

[34] [34] སྡེ་དགེ་བཀའ་འགྱུར། ཤེས་ཕྱིན། ཤེས་རབ་སྣ་ཚོགས། པོད་ཀཱ་པ་༣༤། «སྐྱེས་པ་རབས་ཀྱི་གླེང་གཞི་» (བར་མའི་གླེང་གཞི་འཆད་པ། ཤོག་གྲངས་ ༢༡༩བ༢) འདི་ནས་ལུམ་བི་ནིའི་ཚལ་དང་། ཤིང་སཱ་ལའི་སྡོང་པོའི་སྐོར་གསལ།

[35] Kalpavriksha ཤིང་སྡོང་འདིའི་སྐོར་ Beer 2003, p.19. Agrawala 2003, p.87. Bajpai 2004, p.152. Puravid Parishad. 1992. p.302.

[36] (SARVA MITRA)

[37] སྡེ་དགེ་བཀའ་འགྱུར།འདུལ་བ། པོད་ང་པ་༤། «འདུལ་བ་གཞི་» (མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། ཤོག་གྲངས་ ༡༨ན༥)

[38] སྡེ་དགེ་བཀའ་འགྱུར། འདུལ་བ། པོད་ང་པ་ ༤། «འདུལ་བ་གཞི་» (མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། ཤོག་གྲངས་ ༡༧བ༡)

[39] སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ཁཔ་༤༦། «འཕགས་པ་རྒྱ་ཆེར་རོལ་པ་» (གཟུགས་ཅན་སྙིང་པོ་འོངས་པའི་ལེའུ་༡༦། ཤོག་གྲངས་ ༡༡༧ན༥)

སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ས་པ་༧༢། (མངོན་པར་འབྱུང་བའི་མདོ་) (ཤོག་གྲངས་ ༣༦ན༢)

[40] སྡེ་དགེ་བཀའ་འགྱུར། འདུལ་བ། པོད་ཏ་པ་༩། «དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་» (ཕས་ཕམ་པར་གྱུར་པ་དང་པོ་འཆད་པ།ཤོག་གྲངས་ ༣༡ན༡)

[41] [41] སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ཐ་པ་༥༤། «འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་» སྲིན་པོ་ལ་སོགས་པ་འདུས་པས་ཞུས་པ་ཞེས་བྱ་བའི་ལེའུ་༥། ཤོག་གྲངས་ ༩༣བ༡)

[42]  Siridhamma 1978. Arundhati Subramaniam 2009. སོགས་དེང་གི་མཁས་པ་ཚོས་བཤད། སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ས་པ་༧༢། «མངོན་པར་འབྱུང་བའི་མདོ་» (ཤོག་གྲངས་༥༡ན༥) སོགས་སུ་སྟོན་པ་མངོན་པར་རྫོགས་པ་སངས་རྒྱས་ཏེ་བདུད་ཀྱི་བུ་མོ་སྲེད་མ་དང་། དགའ་བྱེད་མ། དགའ་སྤྱོད་མ་གསུམ་བཏུལ་བའི་དགོང་མོ་དེར་གྲགས་འཛིན་མ་ལ་སྐུ་སྲས་སྒྲ་གཅན་འཛིན་དང་། སྲིང་མོ་བདུད་རྩི་ཟས་ལ་ཀུན་དགའ་བོར་འཁྲུངས་པར་གསུངས།

[43] སྲས་མོ་གྲགས་འཛིན་མ་ (yasodhara) ཡི་ལོ་རྒྱུས་མཁས་དབང་ K. T. S. Sarao 2004. Wilson, Liz 2013 p.191. འདི་དག་གིས་བཤད།

[44] སྡེ་དགེ་བཀའ་འགྱུར། འདུལ་བ། པོད་ཀ་པ་༡། «འདུལ་བ་གཞི་» (རབ་ཏུ་འབྱུང་བའི་གཞི་འཆད་པ་ལས་ཤཱ་རིའི་བུའི་སྡེ་ཚན།ཤོག་གྲངས་༣༠བ༡)

[45] སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ཁ་༤༦། «འཕགས་པ་རྒྱ་ཆེར་རོལ་པ་» (དཀའ་བ་སྤྱད་པའི་ལེའུ་༡༧།ཤོག་གྲངས་ ༡༢༡ན༥)

[46] [46] སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ཁ་༤༦། «འཕགས་པ་རྒྱ་ཆེར་རོལ་པ་» (དཀའ་བ་སྤྱད་པའི་ལེའུ་༡༧།ཤོག་གྲངས་ ༡༢༢ན༥)

[47] སྡེ་དགེ་བཀའ་འགྱུར། འདུལ་བ། པོད་ང་པ་༤། «འདུལ་བ་གཞི་» (མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། ཤོག་གྲངས་ ༡༩ན༥)

[48] རྡོ་རྗེ་གདན་བྱང་ཆུབ་མཆོད་རྟེན་ཆེན་པོའི་ཤར་ནས་བྱང་ལམ་བརྒྱུད་གོམ་བགྲོད་ཀྱིས་སོང་ན་ནཻ་རཉྫ་ནའི་ (Nairanjanā River) བར་དུ་སྤྱིར་ལེ་ (2.8 km) སར་བཞུགས།གནས་དེ་ནི་གྲོང་རྡལ་སྡེ་ཅན་ (Uruvilvā) ཡིན་ཞིང་དེ་གའི་བུ་མོ་དགའ་མོ་དང་དགའ་སྟོབས་མ་གཉིས་ཀྱིས་སྟོན་པ་བླ་ན་མེད་པའི་ཡེ་ཤེས་འཐོབ་ལ་ཉེ་སྐབས་འོ་ཐུག་ཕུལ་གནས་ཀྱང་ཡིན།སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ས་པ་ ༧༢། «མངོན་པར་འབྱུང་བའི་མདོ་» (ཤོག་གྲངས་ ༤༢བ༣)

[49] སྡེ་དགེ་བཀའ་འགྱུར།འདུལ་བ། པོད་ཀ་པ་༡། «འདུལ་བ་གཞི་» (ཤཱ་རིའི་བུའི་སྡེ་ཚན།ཤོག་གྲངས་ ༣༠བ༡)

[50] སྡེ་དགེ་བཀའ་འགྱུར། འདུལ་བ། པོད་ང་པ་ ༤། «འདུལ་བ་གཞི་» (མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། ཤོག་གྲངས་ ༡༧བ༡) སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ས་པ་ ༧༢། «མངོན་པར་འབྱུང་བའི་མདོ་» (ཤོག་གྲངས་ ༣༦ན༢)

[51] སྡེ་དགེ་བཀའ་འགྱུར།འདུལ་བ། པོད་ང་པ་༤། «འདུལ་བ་གཞི་» (མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན།ཤོག་གྲངས་༡༨ན༥) གཞན་ལས་ཁྱད་པར་དུ་འཕགས་པའི་ཏིང་ངེ་འཛིན་ལ་འཇུག་པ།

[52] སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ས་པ་༧༢། «མངོན་པར་འབྱུང་བའི་མདོ་» (ཤོག་གྲངས་༣༧ན༥) གཞན་ལས་ཁྱད་པར་དུ་འཕགས་པའི་ཏིང་ངེ་འཛིན་ལ་འཇུག་པ།

[53] བྱང་ཆུབ་ཤིང་ (Bodhi Tree.बोधि वृक्ष) གི་ལོ་རྒྱུས་ Gethin, Rupert 1998. CNN. Retrieved 2019. རྣམས་ཀྱིས་གསུངས།

[54] [54] སྡེ་དགེ་བཀའ་འགྱུར། འདུལ་བ། པོད་ང་པ་ ༤། «འདུལ་བ་གཞི་» (མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། ཤོག་གྲངས་ ༣༣ན༤) སྡེ་དགེ་བཀའ་འགྱུར།མདོ་སྡེ། པོད་ས་པ་༧༢། «མངོན་པར་འབྱུང་བའི་མདོ་» (ཤོག་གྲངས་ ༤༨བ༣)

[55] སྡེ་དགེ་བཀའ་འགྱུར། འདུལ་བ། པོད་ང་པ་ ༤། «འདུལ་བ་གཞི་» (མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། ཤོག་གྲངས་ ༣༣ན༤) སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ས་པ་ ༧༢། «མངོན་པར་འབྱུང་བའི་མདོ་» (ཤོག་གྲངས་ ༤༨བ༣)

[56] སྡེ་དགེ་བཀའ་འགྱུར། འདུལ་བ། པོད་ང་པ་༤། «འདུལ་བ་གཞི་» (མང་པོས་བཀུར་བ་ལ་སོགས་པའི་སྡེ་ཚན། ཤོག་གྲངས་ ༣༡བ༧)

[57] སྡེ་དགེ་བཀའ་འགྱུར། དཀོན་བརྩེགས། པོད་ང་པ་༤༢།«འཕགས་པ་ཡབ་དང་སྲས་མཇལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་» (འཐབ་བྲལ་བ་ལུང་བསྟན་པའི་ལེའུ་༡༦། ཤོག་གྲངས་ ༦༡བ༤)

[58] གནས་མཆོག་རྡོ་རྗེ་གདན་(बोधगयाबिहार) ནས་གོམ་བགྲོད་ཀྱིས་སོང་ན་ཆུ་ཚོད་བཞི་བཅུ་ཞེ་བརྒྱད་ནང་བཱ་རཱ་ཎ་སཱིར་(धमेखस्तूप) སླེབས།མགྱོགས་ལམ་ལ་སྤྱི་ལེ་ 237 km. ཡོད།

[59] ཀཽཎྜི་ནྱ་ (KONDANNA) དང་།རྟ་ཐུལ་ (ASSAJI) བཟང་ལྡན་ (BHADDIYA) མིང་ཆེན་(MAHA NAMA) རླངས་པ་ (WAPPA) བཅས་ལྔའོ།།

[60] སྡེ་དགེ་བཀའ་འགྱུར། འདུལ་བ། པོད་ང་པ་༤། «འདུལ་བ་གཞི་» (དགེ་འདུན་དབྱེན་གྱི་གཞི་འཆད་པ་ལས་འཁོར་གྱི་སྡེ་ཚན། ཤོག་གྲངས་ ༤༢བ༢)

[61] སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ཅ་པ་༤༩། «འཕགས་པ་དགོངས་པ་ངེས་པར་འགྲེལ་པ་»(དོན་དམ་ཡང་དག་འཕགས་ཀྱི་ལེའུ་༧། ཤོག་གྲངས་  ༢༤བ༥) ལས་དྲང་ངེས་སྟེང་ནས་འཁོར་ལོ་གསུམ་བསྟན།

[62]  (འདུལ་བ་གཞི་) དང་། (མངོན་པར་འབྱུང་བའི་མདོ་) སོགས་བཀའ་བསྟན་དག་ལས་བྱུང་བའི་སྟོན་པའི་རྣམ་ཐར་དང་སྐྱེས་རབས་རྣམས་སུ་རྒྱས་པར་འབྱུང་།

[63]  «Dhammapada»

[64] C.D.Deshmukh 1977. M.K.Sharan 2006. Daw Mya Tin, M. A., Gotama the Buddha · 2019 Buddhaghosa 1870.སོགས་ཀྱིས་བཤད།

[65] གནས་བརྟན་ཐིག་ནཏ་ཧཱན་ (Thich Nhat Hanh) གྱིས་བརྩམས་པའི་«Old Path White Clouds» འདི་དང་།གནས་བརྟན་སཱི་རི་རྷམ་མ་ (Siridhamma) བརྩམས་པའི་«The life of the Buddha» སོགས་འཛམ་གླིང་སྤྱི་ལ་ཡོངས་སུ་གྲགས་པའི་སྟོན་པའི་རྣམ་ཐར་རྣམས་བཞུགས།

[66] ཀཿཐོག་ཤིང་པར། གསུང་འབུམ། པོད་ཧཱ་པ་ ༢༦། མི་ཕམ་རྒྱ་མཚོ།«སྐད་གཉིས་ཤན་སྦྱར་རབ་གསལ་ནོར་བུའི་མེ་ལོང་» (མཁས་བྱའི་གནས་དགུ་པ་ཐེག་པའི་མིང་གི་རྣམ་གྲངས་ལས་ལམ་བཤད་པ། ཤོག་གྲངས་ ༢༨༤བ༡) “དྷརྨྨ་ཙ་ཏུ་སམྦརཿ?(ཙ་ཏུརྡྷརྨོདྡཱ་ནཾ་) ཆོས་ཀྱི་སྡོམ་བཞི། སརྦ་སཾསྐྲྀ་ཏཱ་ནི་ཏྱཾ། འདུས་བྱས་ཐམས་ཅད་མི་རྟག་པ། སརྦ་སཱ་སྲ་བ་དུཿཁཱ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ནིརྦཱ་ཎཾ་ཤཱནྟ་ཀཿ མྱ་ངན་ལས་འདས་པ་ཞི་བ། ས་དྷརྨ་ཤཱུ་ནྱ་མ་ནཱཏྨ་ཀཾ།ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའོ། །”འདི་དག་སློབ་དཔོན་ཟླ་བ་ཤར་པས་ལེགས་སྦྱར་དང་ཤན་སྦྱར་བྱས།

[67]  སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ཕ་པ་༥༨། «འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་» ཤོག་གྲངས་ ༢༠༥བ༡)

[68] (འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་)དང་། (བློ་གྲོས་མི་ཟད་པས་བསྟན་པའི་མདོ་) ལས་འབྱུང་།

[69]  (ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་) སོགས་ལས་བསྟན།

[70] རྒྱའི་སློབ་དཔོན་ཝན་ཚིག་གི་«དགོངས་འགྲེལ་རྒྱ་ཆེར་འགྲེལ་»ལས་འབྱུང།

[71] སློབ་དཔོན་ཆེན་པོ་བློ་གྲོས་བརྟན་པའི་«མདོ་སྡེ་རྒྱན་གྱི་འགྲེལ་བཤད་»ལས་འབྱུང་།

[72] མི་ཕམ་རྒྱ་མཚོའི་«རྗེ་བཙུན་ས་སྐྱ་པའི་ལྟ་གྲུབ་ཀྱི་གནད་འགའ་ཞིག་ལ་དྲི་བ་བྱུང་བའི་དོགས་སེལ་» «གཞན་སྟོང་ཁས་ལེན་སེང་གེའི་ང་རོ་»སོགས་ལས་འབྱུང་། བཀའ་བསྟན་ནང་མ་རྙེད་པས་ཕལ་ཆེར་བོད་ཀྱི་བརྡ་ཆད་ཅིག་ཡིན་སྲིད།

[73] དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས།གསུང་འབུམ། དཔེ་དེབ་དང་པོ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-1477) «གྲུབ་མཐའ་ཀུན་ཤེས་ནས་མཐའ་བྲལ་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་རྣམ་པར་བཤད་པ་ལེགས་བཤད་ཀྱི་རྒྱ་མཚོ་» ཤོག་གྲངས་ 125n13) སོགས་ལས་འབྱུང་།

[74]  སློབ་དཔོན་བི་མ་ལ་མི་ཏྲའི་«མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་»དང་།མི་ཕམ་རྒྱ་མཚོའི་«སྤྱི་དོན་འོད་གསལ་སྙིང་པོ་»སོགས་ལས་འབྱུང་།

[75] འཕགས་པ་རྣམ་པར་གྲོལ་བའི་སྡེའི་(འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་ཚུལ་གྱི་མངོན་པར་རྒྱན་གྱི་འགྲེལ་པ་བཞུགས་)དང་། ཁ་ཆེའི་པཎྜི་ཏ་ཛ་ཡ་ཨཱ་ནན་དའི་(དབུ་མ་ལ་འཇུག་པའི་འགྲེལ་བཤད་) ལས་འབྱུང་།

[76] རིགས་ལྡན་པདྨ་དཀར་པོའི་ (བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་རྩ་བའི་རྒྱུད་ཀྱི་རྗེས་སུ་འཇུག་པ་སྟོང་ཕྲག་བཅུ་གཉིས་པ་དྲི་མ་མེད་པའི་འོད་) དང་། དཔལ་ལྡན་འཇིག་རྟེན་མགོན་པོའི་ (དེ་ཁོ་ན་ཉིད་ཀྱི་སྣང་བ་) ལས་འབྱུང་།

[77] སློབ་དཔོན་ངོ་བོ་ཉིད་མེད་པའི་ (ཐེག་པ་ཆེན་པོའི་མདོ་སྡེའི་རྒྱན་གྱི་རྒྱ་ཆེར་བཤད་པ་) ལས་འབྱུང་།

[78]  ཝཱ་ཎ་པར་མ། རྒྱལ་མཚན་རྣམ་གྲོལ་ (b. 1955)«ཆོས་ཀྱི་སྡོམ་བཞིའམ་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་བསྟན་པའི་མདོ་» (ཤོག་གྲངས་ 14n9)

[79] སྡེ་དགེ་བསྟན་འགྱུར། ཤེར་ཕྱིན། པོད་ཇ་པ་༨༦། སློབ་དཔོན་གསེར་གླིང་པ་ཆོས་ཀྱི་གྲགས་པའི་«ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་རྟོགས་པར་དཀའ་བའི་སྣང་བ་ཞེས་བྱ་བའི་འགྲེལ་བཤད་» (སྐབས་དང་པོའི་འགྲེལ་པ། ཤོག་གྲངས་༡༥༥བ༣) འདི་ནས་བསྟན་ཀྱང་གཞུང་ཚིག་གི་སྟེང་ནས་བཀར་བཏགས་བཞི་བསྟན་པ་མིན་གསལ།

[80] ཝཱ་ཎ་པར་མ། རྒྱལ་མཚན་རྣམ་གྲོལ། «ཆོས་ཀྱི་སྡོམ་བཞིའམ་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་བསྟན་པའི་མདོ་» (ཤོག་གྲངས་ 14n11)

[81]  སྡེ་དགེ་བསྟན་འགྱུར། ཤེར་ཕྱིན། པོད་ཉ་པ་༨༧། པཎྜི་ཏ་ཆེན་པོ་རཏྣ་ཀཱིརྟི། «མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་གྲགས་པའི་ཆ་» (སྐབས་དང་པོའི་འགྲེལ་པ། ཤོག་གྲངས་༡༩༥ན༢) འདི་ནས་བསྟན་ཀྱང་གཞུང་ཚིག་གི་དངོས་བསྟན་ལ་བཀར་བཏགས་བཞི་མི་གསལ།

[82] སྡེ་དགེ་ཤིང་པར། གསུང་འབུམ། པོད་ཨ་པ་ ༢།མི་ཕམ་རྒྱ་མཚོ། «ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན་» (བྱང་ཆུབ་ཕྱོགས་མཐུན་གྱི་ལེའུ་ ༡༩། ཤོག་གྲངས་ ༢༥༨ན༣)

[83] སྡེ་དགེ་ཤིང་པར། གསུང་འབུམ། པོད་ཤྲཱིཿ ༩། མི་ཕམ་རྒྱ་མཚོ། «མཁས་པའི་ཚུལ་ལ་འཇུག་པའི་སྒོ་» (རྟོགས་བྱའི་སྙིང་པོ་ཆོས་ཀྱི་སྡོམ་བཞིའི་དོན་རིགས་པས་གཏན་ལ་དབབ་པ། ཤོག་གྲངས་ ༡༢༣=246བ༦)

[84] སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ཨཱཾཿ་པ་༧༦། «ཐབས་མཁས་པ་ཆེན་པོ་སངས་རྒྱས་དྲིན་ལན་བསབ་པའི་མདོ་» (སྙིང་རྗེའི་ལེའུ་༧། ཤོག་གྲངས་༡༤༦ན༤) ལས། “རྒྱལ་པོ་ཆེན་པོས་ཡུལ་ཕྱོགས་སུ་བཀར་བཏགས་ཏེ། སུ་ཡང་དགེ་སློང་རྣམས་ལ་གོས་དང་། བཟའ་བ་དང་། བཏུང་བ་དང་། བསོད་སྙོམས་བྱིན་དུ་མ་སྩལ་ཅིག དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ཀྱང་བཀར་བཏགས་ཏེ། དགེ་སློང་རྣམས་ལ་སུ་ཡང་གོས་དང་། ཟས་དང་། བསོད་སྙོམས་སྦྱིན་པར་གྱུར་ན་རྐང་ལག་བཅད་དོ་ཞེས་བཀར་བཏགས་སོ། །”ཞེས་པ་ལྟ་བུ་ནན་ཏན་གྱིས་བཀའ་ཁྱབ་བཏང་བ།

[85] མི་ཕམ་རྒྱ་མཚོ། «སྤྱི་དོན་འོད་གསལ་སྙིང་པོ་» (ལྟ་བའི་སྐབས། ཤོག་གྲངས་ ༡༣༠བ༥) “འདི་ལས་འདའ་བ་མེད་པ་དང་སུས་ཀྱང་མི་ཤིགས་པའི་ཕྱིར་རྒྱལ་པོའི་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིན་དུ། སངས་རྒྱས་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཕྱག་རྒྱ་ནི་འདི་ཡིན་ནོ། །”ཞེས་པ་དང་། སྡེ་དགེ་བཀའ་འགྱུར། རྒྱུད་འབུམ། པོད་ཐ་པ་ ༨༦། «དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བ་དེའི་སྟོབས་དཔག་ཏུ་མེད་པ་རྟུལ་ཕོད་པ་འདུལ་བར་གསུངས་པ་ཞེས་བྱ་བའི་རྟོག་པ་» ཤོག་གྲངས་ ༢༨༣བ༦) ལས་“བཀའ་རྟགས་ཕྱག་རྒྱ་སྙིང་གར་ཏེ། །ཕྱོགས་བཅིང་བར་ནི་རབ་ཏུ་བྱ། །”ཞེས་རྒྱུད་སྡེ་རྣམས་སུ་འབྱུང་བ་ལས་གཞན་བཀར་བཏགས་དང་སྡོམ་བཞི་སོགས་ཀྱི་བརྡ་ཆད་འབྱུང།

[86] སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ཐ་པ་༥༤། (འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ་) (འཚེ་བ་མེད་པའི་ཕུང་པོའི་ལེའུ་༡། ཤོག་གྲངས་ ༣༤བ༢) ལས་འབྱུང་བ་ལྟར་བཀའ་གནང་དང་མི་འགལ་བ་ཁས་ལེན་ཞིང་དམ་བཅའ་བ།

[87] སྡེ་དགེ་བཀའ་འགྱུར། དཀོན་བརྩེགས། པོད་ཁ་པ་༤༠། (འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་) (བྱང་ཆུབ་སེམས་དཔའ་བརྟག་པའི་ལེའུ་༣། ཤོག་གྲངས་༢༨༧བ༢)

[88] སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ཕ་པ་ ༥༨། (འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་) ཤོག་གྲངས་ ༢༠༥བ༡)

[89] ཨ་འཛོམས་དགོན་གྱི་ཤིང་པར། གསུང་ཐོར་བུ། པོད་༡། ཀློང་ཆེན་རབ་འབྱམས། (ཆོས་ཀྱི་སྡོམ་བཞི་སྟོན་པ་དྲི་མ་མེད་པའི་གཏམ་) (ཤོག་གྲངས་༧༣=152བ༦)

[90] ཀློང་ཆེན་རབ་འབྱམས། (ཆོས་ཀྱི་སྡོམ་བཞི་སྟོན་པ་དྲི་མ་མེད་པའི་གཏམ་) (ཤོག་གྲངས་ ༧༦=157བ༡)

[91]  «ཆོས་ཀྱི་སྡོམ་བཞི་སྟོན་པ་དྲི་མ་མེད་པའི་གཏམ་» (ཤོག་གྲངས་ ༨༠=165ན༣)

[92] མི་ཕམ་རྒྱ་མཚོ། «མཁས་པའི་ཚུལ་ལ་འཇུག་པའི་སྒོ་» (རྟོགས་བྱའི་སྙིང་པོ་ཆོས་ཀྱི་སྡོམ་བཞིའི་དོན་རིགས་པས་གཏན་ལ་དབབ་པ། ཤོག་གྲངས་ ༡༣༣=266བ༦)

[93] ཨ་འཛོམས་དགོན་གྱི་ཤིང་པར། མཛོད་བདུན། པོད་ཨེ་པ་ ༡། ཀློང་ཆེན་རབ་འབྱམས།(ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་) (བཤད་བྱ་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་བསྟན་པའི་ལེའུ་༡༢། ཤོག་གྲངས་ ༢༧བ༣)

[94] པོད་ཝཾ་པ་ ༢། ཀློང་ཆེན་རབ་འབྱམས། (ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་) (བཤད་བྱ་ཆོས་ཀྱི་རྣམ་གྲངས་རྒྱ་ཆེར་སྤྲོས་པའི་ལེའུ་༡༢། ཤོག་གྲངས་ ༧༡ན༢)

[95]  (མཁས་པའི་ཚུལ་ལ་འཇུག་པའི་སྒོ་) (རྟོགས་བྱའི་སྙིང་པོ་ཆོས་ཀྱི་སྡོམ་བཞིའི་དོན་རིགས་པས་གཏན་ལ་དབབ་པ། ཤོག་གྲངས་ ༡༣༠=259ན༦)

[96] སྡེ་དགེ་བཀའ་འགྱུར། དཀོན་བརྩེགས། པོད་ཁ་པ་༤༠། (འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་) (བྱང་ཆུབ་སེམས་དཔའ་བརྟག་པའི་ལེའུ་༣། ཤོག་གྲངས་༢༨༧བ༢)

[97] སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་མ་པ་༦༠། (འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་) (ཤོག་གྲངས་ ༡༤༨ན༢)

[98] སྡེ་དགེ་བཀའ་འགྱུར། རྒྱུད་འབུམ། པོད་ག་པ་ ༧༩། (དཔལ་སྟོབས་པོ་ཆེའི་རྒྱུད་ཀྱི་རྒྱལ་པོ་) (མངོན་པར་རྟོགས་པའི་ལེའུ་༡། ཤོག་གྲངས་ ༢༡༦བ༥)

[99]  མི་ཕམ་རྒྱ་མཚོ། «མཁས་པའི་ཚུལ་ལ་འཇུག་པའི་སྒོ་» (རྟོགས་བྱའི་སྙིང་པོ་ཆོས་ཀྱི་སྡོམ་བཞིའི་དོན་རིགས་པས་གཏན་ལ་དབབ་པ། ཤོག་གྲངས་ ༡༥༧=324བ༦) སྡེ་དགེ་ཤིང་པར། གསུང་འབུམ། པོད་ཨ་པ་ ༢། མི་ཕམ་རྒྱ་མཚོ། «ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་གྱི་དགོངས་དོན་རྣམ་པར་བཤད་པ་ཐེག་མཆོག་བདུད་རྩིའི་དགའ་སྟོན་» (བྱང་ཆུབ་ཕྱོགས་མཐུན་གྱི་ལེའུ་ ༡༩། ཤོག་གྲངས་ 167ན༦)ལས་ལྡེམ་དགོངས་ཀྱི་དགོངས་དོན་རྒྱས་པ་འབྱུང་།

[100] སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་མ་པ་ ༦༠། (འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་) (ཤོག་གྲངས་ ༡༤༨ན༢)

[101] སྡེ་དགེ་བཀའ་འགྱུར། དཀོན་བརྩེགས་ག་པ། པོད་ག་པ་ ༤༡། (བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་མདོ་)ཤོག་གྲངས་ ༡༧༢བ༢།

[102] ཨ་འཛོམས་དགོན་གྱི་ཤིང་པར། མཛོད་བདུན། པོད་ཨེ་པ་ ༡། ཀློང་ཆེན་རབ་འབྱམས།(ཡིད་བཞིན་རིན་པོ་ཆེའི་མཛོད་) (བསམ་གཏན་གྱི་སྔོན་དུ་འགྲོ་བའི་ལེའུ་ ༡༩། ཤོག་གྲངས་ ༣༧བ༤)

[103] ཀློང་ཆེན་རབ་འབྱམས། (ཡིད་བཞིན་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་) (བསམ་གཏན་གྱི་སྔོན་དུ་འགྲོ་བའི་ལེའུ་ ༡༩། ཤོག་གྲངས་ ༡༥༧ ན༣༡)

[104] སྡེ་དགེ་བསྟན་འགྱུར། དབུ་མ། པོད་ཨ་པ་ ༡༠༩། སློབ་དཔོན་མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པ། (ཐུབ་པའི་དགོངས་པའི་རྒྱན་) (བྱང་ཆུབ་ཀྱི་སེམས་ཀྱི་སྣང་བའི་ལེའུ་ ༡། ཤོག་གྲངས་ ༡༣༨ ན༣)

[105] སྡེ་དགེ་བསྟན་འགྱུར། དབུ་མ། པོད་འ་པ་ ༡༠༢། སློབ་དཔོན་ཟླ་བ་གྲགས་པ། (དབུ་མ་ལ་འཇུག་པའི་བཤད་པ་) (སྦྱང་དཀའ་བ་ཞེས་བྱ་བའི་སེམས་བསྐྱེད་པ་ལྔ་པའི་བཤད་པ། ཤོག་གྲངས་  ༡༤༣ ན༧)

[106] སྡེ་དགེ་བསྟན་འགྱུར། དབུ་མ། པོད་ལ་ ༡༠༥། ཤེས་རབ་འབྱུང་གནས་བློ་གྲོས། (བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ་) (ཤེས་རབ་ཀྱི་ལེའུ་ ༩། ཤོག་གྲངས་ ༡༩༢ན༣)

[107] སྡེ་དགེ་བཀའ་འགྱུར། ཕལ་ཆེན། པོད་ཁ་པ་ ༣༦། (སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་) (ས་བཅུའི་ལེའུ་༣༡། ཤོག་གྲངས་ ༢༡༢ན༦)མདོ་འདི་ལ་ཡོངས་སུ་གྲགས་པར་ (ས་བཅུ་པའི་མདོ་) ཞེས་བྱ།

[108] སྡེ་དགེ་བཀའ་འགྱུར། ཕལ་ཆེན། པོད་ཁ་པ་༣༦། (སངས་རྒྱས་ཕལ་པོ་ཆེ་ཞེས་བྱ་བ་ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་) (ས་བཅུའི་ལེའུ་༣༡། ཤོག་གྲངས་ ༢༡༢བ༣)

[109] པོད་ད་པ་ ༧། ཀློང་ཆེན་རབ་འབྱམས། (གྲུབ་པའི་མཐའ་རིན་པོ་ཆེའི་མཛོད་) (ཐེག་པ་སོ་སོའི་འདོད་གཞུང་བསྟན་པའི་ལེའུ་ ༣། ཤོག་གྲངས་ ༦༣ན༤)

[110] སྡེ་དགེ་བསྟན་འགྱུར། དབུ་མ། པོད་འ་པ་ ༡༠༢། སློབ་དཔོན་ཟླ་བ་གྲགས་པ། (དབུ་མ་ལ་འཇུག་པའི་བཤད་པ་) (སེམས་བསྐྱེད་པ་དྲུག་པ་མངོན་དུ་གྱུར་པ།ཤོག་གྲངས་  ༢༠༥བ༢)

[111] སྡེ་དགེ་བསྟན་འགྱུར། དབུ་མ། པོད་ཙ་པ་༩༦། འཕགས་པ་ཀླུ་སྒྲུབ། (དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་) (རབ་ཏུ་བྱེད་པ་བཅུ་དགུ་པ་དུས་བརྟག་པ། ཤོག་གྲངས་ ༡༡ན༣)

[112] སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ག་པ་ ༤༧། (ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་)ཤོག་གྲངས་ ༢༩༧བ༢།

[113] སྡེ་དགེ་བསྟན་འགྱུར། རྒྱུད། པོད་ཀ་པ་༢། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ། (ཀྱེའི་རྡོ་རྗེ་བསྡུས་པའི་དོན་གྱི་རྒྱ་ཆེར་འགྲེལ་པ་) (བརྟག་པ་དང་པོའི་རྒྱ་ཆེར་བཤད་པ། ཤོག་གྲངས་༤ན༣)

[114] སྡེ་དགེ་བསྟན་འགྱུར། དབུ་མ། པོད་ཨ་པ་ ༡༠༩། བྲམ་ཟེའི་བཙུན་པ་རབ་འབྱོར་དབྱངས། (ཐེག་པ་ཐམས་ཅད་སྣང་བར་བྱེད་པའི་བྱེ་བྲག་ཏུ་བཤད་པ་) (ཤོག་གྲངས་ ༣༠༦ན༦)

[115] སྡེ་དགེ་ཤིང་པར། གསུང་འབུམ། མི་ཕམ་རྒྱ་མཚོ། པོད་ཤྲཱིཿ་པ་༩། (ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་) (བདེན་པ་གཉིས་ལས་གང་ཞིག་གཙོ། ཤོག་གྲངས་༡༥ན༣)“ལྟ་བས་ཇི་ལྟར་ཐག་བཅད་པ། །དེ་བཞིན་སྒོམ་དང་སྤྱོད་པས་སྐྱོང་། །”ཞེས་པ་དང་། སྡེ་དགེ་ཤིང་པར། གསུང་འབུམ། པོད་ང་པ་ ༡༣། མི་ཕམ་རྒྱ་མཚོ། (མན་ངག་ལྟ་བའི་ཕྲེང་བའི་མཆན་འགྲེལ་ནོར་བུའི་བང་མཛོད་) (ཆོས་འདི་པ་རྣམས་ཀྱི་ལྟ་བ་བཤད་པ། ཤོག་གྲངས་༩བ༤) རྫོང་སར་ཤིང་པར། གསུང་འབུམ། པོད་པ་པ་༢༤། (གཉུག་སེམས་འོད་གསལ་གྱི་དོན་ལ་དཔྱད་པ་རྫོགས་པ་ཆེན་པོ་གཞི་ལམ་འབྲས་བུའི་ཤན་འབྱེད་བློ་གྲོས་སྣང་བ་) (ཤོག་གྲངས་ ༦བ༢)སོགས་ལས་ཀྱང་གསུངས།

[116] སྡེ་དགེ་བཀའ་འགྱུར། ཤེར་ཕྱིན། འབུམ། པོད་ཀ་པ་ ༡༤། (ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་) (ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ་ལྔ་པ། ཤོག་གྲངས་ ༣༦༦ན༥)

[117] སྡེ་དགེ་བཀའ་འགྱུར། ཤེརཕྱིན། འབུམ། པོད་ང་པ་༡༧། (ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་) (རབ་འབྱོར་གྱི་ལེའུ་༡༤། ཤོག་གྲངས་ ༢༤༧བ༡)

[118] སྡེ་དགེ་བཀའ་འགྱུར། ཤེར་ཕྱིན། འབུམ། པོད་ཀ་པ་ ༡༤། (ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་) (ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱི་ལེའུ་ལྔ་པ།  ཤོག་གྲངས་ ༣༦ ན༣)

[119] སྡེ་དགེ་བསྟན་འགྱུར། དབུ་མ། པོད་ཚ་པ་༩༧། སློབ་དཔོན་འཕགས་པ་ལྷ། (བསྟན་བཅོས་བཞི་བརྒྱ་པ་) (རབ་ཏུ་བྱེད་པ་བཅོ་ལྔ་པ་འདུས་བྱས་ཀྱི་དོན་དགག་པ་བསྒོམ་པ་བསྟན་པ། ཤོག་གྲངས་ ༡༦ན༥)

[120] སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་མ་པ་ ༦༠། (ཆོས་ཐམས་ཅད་འབྱུང་བ་མེད་པ་བསྟན་པའི་མདོ་)ཤོག་གྲངས་ ༢༧༠ན༣།

[121] སྡེ་དགེ་རྙིང་རྒྱུད། པོད་ཁ་པ་ ༩༨། (དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས་དོན་གྱི་སྙིང་པོ་ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པའི་མདོ་རྣལ་འབྱོར་གྲུབ་པའི་རྒྱུད་ཅེས་བྱ་བ་ཐེག་པ་ཆེན་པོའི་མདོ་)རྣལ་འབྱོར་རྗེས་སུ་འཇུག་པའི་ལེའུ་ ༢། ཤོག་གྲངས་ ༣༣བ༦།

[122] སྡེ་དགེ་བསྟན་འགྱུར། དབུ་མ། པོད་འ་པ་ ༡༠༢། སློབ་དཔོན་ཟླ་བ་གྲགས་པ།(དབུ་མ་ཤེས་རབ་ལ་འཇུག་པ་)ཤོག་གྲངས་ ༣༤༨བ༧)

[123] སྡེ་དགེ་བཀའ་འགྱུར། ཤེར་ཕྱིན། ཉི་ཁྲི། པོད་ག་པ་༢༨། (ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་)ལེའུ་༧༢།ཤོག་གྲངས་༣༤༤ན༢)

[124] འདིའི་དགོངས་དོན་ནི། སྡེ་དགེ་བསྟན་འགྱུར།དབུ་མ། པོད་ཙ་པ་ ༩༦། (དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་) (ཟད་པ་བརྟག་པའི་རབ་བྱེད་༢༢། ཤོག་གྲངས་ ༡༣ན༣)“ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེ་དེར་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །”ཞེས་དཔྱད་ན་དེ་བཞིན་གཤེགས་པ་སོགས་གང་ཡང་རྙེད་མི་སྲིད།

[125] སྡེ་དགེ་བཀའ་འགྱུར། ཤེར་ཕྱིན། ཁྲི་བརྒྱད་སྟོང་པ། པོད་ག་པ་ ༣༡། (འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་) (ལེའུ་༨༣། ཤོག་གྲངས་ ༢༠བ༣)

[126] སྡེ་དགེ་བསྟན་འགྱུར། དབུ་མ། པོད་འ་པ་ ༡༠༢། (དབུ་མ་ལ་འཇུག་པ་) (སེམས་བསྐྱེད་དྲུག་པ་མངོན་དུ་གྱུར་པ།ཤོག་གྲངས་ ༢༠༦ན༢)བདེན་པ་གཉིས་སུའང་རང་བཞིན་མེད་ཀྱང་རྟག་ཆད་གང་དུ་མི་འགྱུར་བར་གསུངས།

[127] སྡེ་དགེ་བཀའ་འགྱུར། ཤེར་ཕྱིན། ཁྲི་བརྒྱད་སྟོང་པ། པོད་ག་པ་ ༣༡། (འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་) (ལེའུ་ ༨༣། ཤོག་གྲངས་ ༣༡ན༢)

[128] སྡེ་དགེ་བཀའ་འགྱུར། ཤེར་ཕྱིན། ཉི་ཁྲི། པོད་ཨ་ ༢༨། (ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་) (ལེའུ་ ༥༣། ཤོག་གྲངས་ ༡༢༩བ༧)

[129] སྡེ་དགེ་བཀའ་འགྱུར། ཤེར་ཕྱིན། ཁྲི་བརྒྱད་སྟོང་པ། པོད་ག་པ་ ༣༡། (འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་)ལེའུ་༨༣། ཤོག་གྲངས་  ༢༠ན༧)

[130] སྡེ་དགེ་བཀའ་འགྱུར། རྒྱུད་འབུམ། པོད་ཆ་པ་ ༨༢། (དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོ་) (ཡོངས་སུ་དག་པའི་གནས་རྡོ་རྗེའི་ལེའུ་༣༥། ཤོག་གྲངས་ ༡༨༣ན)

[131] བདུད་འཇོམས་བྲིས་མ། བཀའ་མ། པོད་ད་ཨེ་ ༡༡། (རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་སྒྱུ་འཕྲུལ་རྩ་བའི་རྒྱུད་གསང་བ་སྙིང་པོ་) (སྒྱུ་འཕྲུལ་དྲྭ་བ་བསྒྲུབ་པའི་ཏིང་ངེ་འཛིན་གྱི་ལེའུ་༥། ཤོག་གྲངས་ ༡༢བ༡) །

[132] ཉག་རོང་བཀའ་མ། པོད་འུ་པ་ ༨༣། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས། (གསང་སྔགས་ལམ་རིམ་འགྲེལ་པ་རིན་ཆེན་ཕྲེང་བ་)ཤོག་གྲངས་ ༤༡ན༤)

[133]  (གསང་སྔགས་ལམ་རིམ་འགྲེལ་པ་རིན་ཆེན་ཕྲེང་བ་) ཤོག་གྲངས་ ༤༡བ༡)

[134]  (གསང་སྔགས་ལམ་རིམ་འགྲེལ་པ་རིན་ཆེན་ཕྲེང་བ་)ཤོག་གྲངས་  ༥༡བ༤)

[135] ཨ་འཛོམས་དགོན་གྱི་ཤིང་པར་མ། མཛོད་བདུན། པོད་ཨེ་པ། ༡། (ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ་) (གཞི་ལས་འཁོར་བའི་གྲུབ་ཚུལ་བསྟན་པའི་ལེའུ་ ༡། ཤོག་གྲངས། ༩བ༣།

[136] བ དུད་འཇོམས་བྲིས་མ། བཀའ་མ། པོད་ལ་པ་ ༢༧། ཀློང་ཆེན་རབ་འབྱམས། (དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཀྱི་འགྲེལ་པ་ཕྱོགས་བཅུའི་མུན་པ་ཐམས་ཅད་རྣམ་པར་སེལ་བ་) (དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་ཡེ་ཤེས་སུ་བསྐྱེད་པའི་ལེའུ་ ༢། ཤོག་གྲངས་ ༥༢བ༣) དང་།  (ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་ ༣། ཤོག་གྲངས་ ༥༢བ༣) (སྒྱུ་འཕྲུལ་དྲྭ་བ་བསྒྲུབ་པའི་ཏིང་ངེ་འཛིན་གྱི་ལེའུ་ ༥། ཤོག་གྲངས་ ༡༠༤བ༣) ( ཤོག་གྲངས་ ༡༠༩ན༥) སོགས་ལས་གསལ།

[137] རྫོང་སར་ཤིང་པར། གསུང་འབུམ། འཇམ་མགོན་མི་ཕམ། (བདག་མེད་གཉིས་གཏན་ལ་འབེབས་ཚུལ་)  (ཤོག་གྲངས་ ༡༠བ༡) སོགས་ཡང་ཡང་གསུངས།

[138] སྡེ་དགེ་བཀའ་འགྱུར། ཤེར་ཕྱིན། ཤེས་རབ་སྣ་ཚོགས། པོད་ཀཱ་པ་ ༣༤། (ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་མདོ་)༡༨༠བ༡)

[139] སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ས་པ་༧༢། (ཆོས་ཀྱི་འཁོར་ལོའི་མདོ་)ཤོག་གྲངས་༢༧༥ན༦)

[140] སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ས་པ་༧༢། (འཕགས་པ་བདེན་པ་བཞིའི་མདོ་)ཤོག་གྲངས་༡༧༠ན༡)

[141] སྡེ་དགེ་བསྟན་འགྱུར་དཀར་ཆག པོད་ཤྲཱིཿ་པ་ ༢༡༣། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། (ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་བ་) (སརྒ་༡། མཐར་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ། ཤོག་གྲངས་ ༤༨བ༢)

[142] ཤེས་རིག་དཔར་ཁང་། དུང་དཀར་བློ་བཟང་ཕྲིན་ལས། (བོད་ཀྱི་ཚིག་མཛོད་ཆེན་མོ་ཤེས་བྱ་རབ་གསལ་) (ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི། ཤོག་གྲངས་ 995)“དེ་ཡང་བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་རྩྭ་མཆོག་ཏུ་གཤེགས་ཏེ་དགུང་ལོ་བརྒྱད་ཅུ་སོང་ནས་གྱ་གཅིག་གི་ཐོག་ཏུ་ཕེབས་པ་ལྕགས་ཕོ་འབྲུག་གི་ལོ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་སཱ་ལའི་ཚལ་གྱི་དབུས་ཐ་མར་གཟིམས་ཁྲི་ལ་སེང་གེའི་ཉལ་སྟབས་ཀྱིས་བཞུགས།”ཞེས་པ་ནས་“སངས་རྒྱས་ཀྱི་བཀའ་ལས་འགལ་མི་ཆོག་པའི་རྩ་བའི་རྩ་དོན་བཞི་ཟེར་བའི་གོ་དོན་ཡོད།”ཅེས་པའི་བར་དུ་བསྟན།

[143] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། གཉལ་བཀྲ་ཤིས་ཕུན་ཚོགས། (ནང་བསྟན་ཤེས་རིག་གི་སྙིང་བཅུད་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་) (ཤོག་གྲངས་ 89n5)

[144] སྡེ་དགེ་བཀའ་འགྱུར། འདུལ་བ། པོད་ད་པ་ ༡༡། (འདུལ་བ་ཕྲན་ཚེགས་ཀྱི་གཞི་) (ཕྲ་མོའི་སྒོ་བརྒྱད་པ་ལས། དབྱུང་བའི་སྡེ་ཚན་གྱི་ཙ་པ་ལ་སོགས་བཤད་པ། ཤོག་གྲངས་ ༢༨༨བ༡)

[145] སྡེ་དགེ་བཀའ་འགྱུར། འདུལ་བ། པོད་ད་པ་༡༡། (འདུལ་བ་ཕྲན་ཚེགས་ཀྱི་གཞི་) (ཕྲ་མོའི་སྒོ་བརྒྱད་པ་ལས། དབྱུང་བའི་སྡེ་ཚན་གྱི་ཙ་པ་ལ་སོགས་བཤད་པ། ཤོག་གྲངས་ ༢༨༩ན༧)

[146] སྡེ་དགེ་བཀའ་འགྱུར།འདུལ་བ། པོད་ད་པ་ ༡༡། (འདུལ་བ་ཕྲན་ཚེགས་ཀྱི་གཞི་) (ཕྲ་མོའི་སྒོ་བརྒྱད་པ་ལས། དབྱུང་བའི་སྡེ་ཚན་གྱི་ཙ་པ་ལ་སོགས་བཤད་པ། ཤོག་གྲངས་ ༢༩༠ན༤)

[147] སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ཕ་པ་ ༥༨། (འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་)ཤོག་གྲངས་  ༢༠༥ན༦)

[148] སྡེ་དགེ་བཀའ་འགྱུར། མདོ་སྡེ། པོད་ཕ་པ་ ༥༨།  (འཕགས་པ་མི་འམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་)ཤོག་གྲངས་  ༢༥༤ན༡)

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།