འཇིགས་མེད་རྒྱལ་བའི་མྱུ་གུའི་མཛད་རྣམ་རྗེས་སུ་དྲན་པ་དད་འདུན་ཡིད་ཀྱི་གདུང་དབྱངས།[1]

སློབ་དཔོན་ཚེ་དགའ་དབང་རྒྱལ།

དུས་ངན་སྙིགས་མ་ལྔ་བདོའི་སྐབས་སུ་ལས་སྨོན་ཐུགས་བསྐྱེད་བོད་ལ་སྨིན།།
མདོ་ཁམས་བྱང་འབྲོག་དགེ་རྩེའི་ཡུལ་དུ་ལྡོང་རྒྱུད་ཨོ་བཀྲའི་[2]སྲས་སུ་བཟུང་།།
གནམ་ལོ་ཤིང་མོ་བྱ་ཡི་ལོ་ལ་གཟུགས་སྐུའི་མཚན་དཔེ་འགྲོ་ལ་བསྟན།།
དད་འདུན་ཡིད་ཁམས་དྭངས་མའི་ནང་ནས་རྒྱལ་བའི་མྱུ་གུའི་མཛད་རྣམ་དྲན།།

བྱིས་དུས་ཤེས་རབ་རང་གཤིས་དག་མས་འཁོར་བའི་གྲོང་ལ་ངེས་འབྱུང་འཁྲུངས།།
ནམ་ཟླ་སོས་ཀའི་ཆར་སྤྲིན་འཚུབ་དུས་དབེན་པའི་རི་མགོའི་ཕ་ཁྱིམ་སེམས།།
ལོ་ཆུང་བློ་གསར་གཞོན་ནུའི་སྐབས་ནས་བློ་ཕུགས་དཀོན་མཆོག་གསུམ་ལ་ཕྱོགས།།
དད་འདུན་ཡིད་ཁམས་དྭངས་མའི་ནང་ནས་རྒྱལ་བའི་མྱུ་གུའི་མཛད་རྣམ་དྲན།།

སྲིད་པའི་ལས་ཀྱི་མི་ཆོས་འཛིན་སྐབས་གཞན་ཕན་བྱམས་སེམས་འདོར་མྱོང་མེད།།
ཁེ་དང་རྒྱལ་ཁ་གཞན་ལ་བྱིན་ནས་གྱོང་དང་ཕམ་ཁ་རང་གིས་བླངས།།
འཁོར་བའི་སྣང་ཞེན་རྗེས་སུ་མ་འབྲངས་རྣམ་དཀར་དགེ་བའི་ལས་ལ་འབད།།
དད་འདུན་ཡིད་ཁམས་དྭངས་མའི་ནང་ནས་རྒྱལ་བའི་མྱུ་གུའི་མཛད་རྣམ་དྲན།།

བསམ་ཡས་མི་འགྱུར་གཙུག་ལག་ཁང་དུ་འཇིགས་མེད་ཕྲིན་ལས་འོད་ཟེར་མཇལ།།
མ་བསྒྲིགས་རྟགས་དང་རྟེན་འབྲེལ་འགྲིགས་ནས་རང་བྱུང་མཁྱེན་བརྩེའི[3]ཞབས་དྲུང་བཏང་།།
ཚེ་རབས་བླ་མས་རྗེས་སུ་བཟུང་སྟེ་ཟབ་གསང་སྙིང་ཐིག་གདམས་པ་བསྩལ།།
དད་འདུན་ཡིད་ཁམས་དྭངས་མའི་ནང་ནས་རྒྱལ་བའི་མྱུ་གུའི་མཛད་རྣམ་དྲན།།

བླ་མའི་ཞལ་གསུང་སྤྱི་བོར་བླངས་ནས་ངོ་མཚར་གནས་ཆེན་ཙ་རིར་ཕེབས།།
དཀའ་སྡུག་བརྒྱ་ཕྲག་ཁྱད་དུ་བསད་དེ་སྒྲུབ་པ་ཉམས་བཞེས་རྩ་བ་ཚུགས།།
མི་འཇིགས་སྤོབས་པའི་གདེང་ཆེན་ཀློང་ནས་ལྷ་འདྲེའི་ཆོ་འཕྲུལ་སེམས་སུ་ཤེས།།
དད་འདུན་ཡིད་ཁམས་དྭངས་མའི་ནང་ནས་རྒྱལ་བའི་མྱུ་གུའི་མཛད་རྣམ་དྲན།།

དད་སེམས་དྲི་མེད་པདྨ་དཀར་པོས་བསྟན་འཛིན་དུ་མ་གཙུག་ཏུ་བཀུར།།
མཁས་དང་གྲུབ་པའི་སྐྱེས་མཆོག་རྣམས་ལས་དབང་དང་ལུང་གིས་རང་རྒྱུད་སྨིན།།
བརྒྱུད་གསུམ་བླ་མའི་བྱིན་རླབས་འཁྲུལ་མེད་སེམས་ཉིད་ཆོས་སྐུའི་ཀློང་དུ་ཞུགས།།
དད་འདུན་ཡིད་ཁམས་དྭངས་མའི་ནང་ནས་རྒྱལ་བའི་མྱུ་གུའི་མཛད་རྣམ་དྲན།།

སྲིད་པ་ལས་ཀྱི་ས་པ་ཞིག་ནས་མི་ལའི་རྣམ་ཐར་རྗེས་སུ་བསྙེགས།།
གྱོང་ཁ་ལྟོ་གོས་གཏམ་ལ་གཏད་དེ་བདེན་དོན་ཆོས་ཀྱི་གནས་ལུགས་བཙལ།།
ཤ་སྐམ་རུས་ཟད་སྡུག་བསྲན་འོག་ནས་རྣམ་གྲོལ་གཏན་བདེའི་ལམ་མཆོག་བརྙེས།།
དད་འདུན་ཡིད་ཁམས་དྭངས་མའི་ནང་ནས་རྒྱལ་བའི་མྱུ་གུའི་མཛད་རྣམ་དྲན།།

རྨི་ལམ་འོད་གསལ་རིག་གདངས་ཀློང་ནས་མཁའ་འགྲོའི་ཚོགས་འཁོར་གནས་ལ་རོལ།།
ཉམས་སྣང་མངོན་སུམ་རིག་པའི་རྩལ་ནས་ཨོ་རྒྱན་པདྨའི་ཞལ་གཟིགས་ཐོབ།།
ཐ་མལ་རླུང་སེམས་དབྱིངས་སུ་ནུབ་ཅིང་སེམས་ཉིད་བླ་མའི་རང་ཞལ་མཇལ།།
དད་འདུན་ཡིད་ཁམས་དྭངས་མའི་ནང་ནས་རྒྱལ་བའི་མྱུ་གུའི་མཛད་རྣམ་དྲན།།

ཕ་གཅིག་པདྨའི་སྒྲུབ་གནས་དག་ནས་ལྷ་འདྲེ་བདག་འཛིན་གཤིས་སུ་རྟོགས།།
གཟུང་འཛིན་རྣམ་རྟོག་རུ་ཏྲ་ཞིག་ནས་བདེ་སྟོང་འོད་གསལ་རྒྱན་དུ་ཤར།།
དྲིན་ཆེན་བླ་མའི་དགོངས་པ་སྨིན་ནས་སྣང་སྲིད་ཆོས་སྐུའི་དབྱིངས་སུ་ཟད།།
དད་འདུན་ཡིད་ཁམས་དྭངས་མའི་ནང་ནས་རྒྱལ་བའི་མྱུ་གུའི་མཛད་རྣམ་དྲན།།

རི་མགོ་མཐོན་པོའི་བྲག་ཕུག་ནང་དུ་སྒྲུབ་པའི་ཚུགས་ཀ་ལྷུར་བླངས་ཤིང་།།
བསླུ་མེད་དམ་ཚིག་སྲོག་རྩར་བཟུང་བས་སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན།།
གཞན་ཕན་ཐུགས་བསྐྱེད་ཉི་མ་འབུམ་གྱིས་སྐྱེ་འགྲོ་གྲངས་མེད་རྨོངས་མུན་སེལ།།
དད་འདུན་ཡིད་ཁམས་དྭངས་མའི་ནང་ནས་རྒྱལ་བའི་མྱུ་གུའི་མཛད་རྣམ་དྲན།།

རིག་འཛིན་འཇིགས་མེད་གླིང་པའི་རྟོགས་པ་རྗེ་བཙུན་བླ་མ་ཁྱེད་ལ་རྫོགས།།
རྡོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་བདེན་ཚིག་སྨོན་ལམ་ཁྱེད་ལ་སྨིན།།
ལས་སྨོན་རྟེན་འབྲེལ་གཅིག་ཏུ་འགྲིགས་ནས་གཞན་དོན་ཕྲིན་ལས་འགྲོ་ལ་ཁྱབ།།
དད་འདུན་ཡིད་ཁམས་དྭངས་མའི་ནང་ནས་རྒྱལ་བའི་མྱུ་གུའི་མཛད་རྣམ་དྲན།།

དཔོན་དང་རྒྱལ་པོའི་དབུ་བླར་མ་བརྔམས་ཚེ་དང་སྒྲུབ་པ་མཉམ་པར་བྱས།།
ཟང་ཟིང་སྙན་པའི་གཏམ་གྱིས་མ་བསླུས་བླ་མའི་གདམས་ངག་གཙོ་བོར་བཟུང་།།
འཇིག་རྟེན་ཆོས་བརྒྱད་བློ་སྣ་ཟད་དེ་འཁོར་བའི་ཆོས་ལ་བཞི་ཤད་བྲིས།།
དད་འདུན་ཡིད་ཁམས་དྭངས་མའི་ནང་ནས་རྒྱལ་བའི་མྱུ་གུའི་མཛད་རྣམ་དྲན།།

མི་འཇིགས་སྐྱབས་དང་ཆོས་ཀྱི་སྦྱིན་པས་འགྲོ་དྲུག་དཔག་མེད་ཐར་ལམ་བཀོད།།
བསླུ་མེད་བདེན་ཚིག་གསུང་གི་ནུས་པས་སྐྱེ་འགྲོ་གྲངས་མེད་དགེ་ལ་བསྐུལ།།
སྲོག་གཅོད་སྡིག་ལས་རྨང་ནས་སྤངས་ཤིང་དགེ་བཅུར་བརྩོན་པའི་གདུལ་བྱ་མང་།།
དད་འདུན་ཡིད་ཁམས་དྭངས་མའི་ནང་ནས་རྒྱལ་བའི་མྱུ་གུའི་མཛད་རྣམ་དྲན།།

ཁྱེད་ཀྱི་ཉམས་ལེན་བཟོད་བསྲན་རྣམ་ཐར་རྗེས་ཞུགས་སློབ་མར་སེམས་སྟོབས་བྱིན།།
ཁྱེད་ཀྱི་སྙིང་ཐིག་གདམས་ངག་ཟབ་མོས་བསྟན་འཛིན་མཁས་གྲུབ་དུ་མ་བསྐྲུན།།
ཁྱེད་ཀྱི་བསྟན་པའི་མཛད་པ་བཟང་པོས་ཕ་བརྒྱུད་བླ་མའི་ཕྲིན་ལས་རྒྱས།།
དད་འདུན་ཡིད་ཁམས་དྭངས་མའི་ནང་ནས་རྒྱལ་བའི་མྱུ་གུའི་མཛད་རྣམ་དྲན།།

མི་ཟད་ཁྱེད་ཀྱི་སྐུ་ཡི་བྱིན་རླབས་བདག་གི་ལུས་ལ་སྨིན་པར་ཤོག།
འགགས་མེད་ཁྱེད་ཀྱི་གསུང་གི་ཚངས་དབྱངས་བདག་གི་ངག་ལ་ཕྱུག་པར་ཤོག།
མི་ནུབ་ཁྱེད་ཀྱི་ཐུགས་ཀྱི་མཁྱེན་རབ་བདག་གི་ཡིད་ལ་འཕོ་བར་ཤོག།
བདག་ནི་སྐྱེ་བ་ཚེ་རབས་ཀུན་ཏུ་བླ་མ་ཁྱེད་ཀྱིས་རྗེས་འཛིན་ཤོག།

འཕྲོས་དོན།
ཟབ་གསང་སྙིང་ཐིག་གི་བརྒྱུད་པ་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་བླ་མ་ཁོང་ནི་རིག་འཛིན་འཇིགས་མེད་གླིང་པའི་སློབ་མ་བུ་ཆེན་འཇིགས་མེད་རྣམ་བཞིའི་ཡ་གྱལ་རྫ་ཁྲ་མ་བླ་མའམ་འཇིགས་མེད་རྒྱལ་བའི་མྱུ་གུ་ཞེས་པ་སྟེ། མཁས་པའི་ཡོན་ཏན་གྱི་གྲགས་པ་མེད་ན་ཡང་བཟང་པོའི་ཐུགས་བསྐྱེད་མཁའ་ལྟར་ཡངས་པའི་སྟོབས་ཀྱིས་གདུལ་བྱའི་སློབ་ཚོགས་དབྱར་གྱི་མེ་ཏོག་བཞིན་དུ་རྒྱས་པ་དང་དེའི་ནང་དུ་བསྟན་འགྲོའི་དོན་ཆེན་འགྲུབ་པའི་མཁས་གྲུབ་གཉིས་ལྡན་གྱི་སློབ་མ་ཡང་མང་དུ་བྱུང་སྟེ། རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའ་རྡོ་རྗེ། འཇམ་དབྱངས་མཁྱེན་བརྩེ་དབང་པོ། རྒྱལ་སྲས་གཞན་ཕན་མཐའ་ཡས། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། ཧེ་རུ་ཀ་དཔལ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ། རྡོ་གྲུབ་གཉིས་པ་འཇིགས་མེད་ཕུན་ཚོགས་ལ་སོགས་པ་དུས་རབས་བཅོ་བརྒྱད་པའི་ནང་དུ་བྱོན་པའི་སྔ་འགྱུར་རྙིང་མའི་སྐྱེས་ཆེན་ཕལ་ཆེར་ཁོང་གི་དངོས་སློབ་ཏུ་མ་གྱུར་པ་མེད། སྤྱིར་འོད་གསལ་རྫོགས་པ་ཆེན་པོ་དང་། བྱེ་བྲག་ཟབ་གསང་སྙིང་ཐིག་གི་བསྟན་པ་རིན་པོ་ཆེའི་དབང་གི་ཆུ་བོ་མ་སྐམ། བཤད་པའི་སྒྲོན་མེ་མ་ནུབ། བྱིན་རླབས་ཀྱི་གཟི་འོད་མ་ཡལ། དམ་ཚིག་གི་ལྷད་མ་ཞུགས་པར་གནས་པ་དེ་བླ་མ་ཁོང་གི་སློབ་ཚོགས་དག་གི་མཛད་རྗེས་དང་རྗེ་ཉིད་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་བདེན་སྟོབས་ཡིན་པས་འོད་གསལ་སྙིང་ཐིག་གི་ཆོས་སྐོར་ལ་མོས་པའི་སྐལ་ལྡན་དག་གི་ངེས་པར་དུ་ཤེས་དགོས།


[1] འཇིགས་མེད་རྒྱལ་བའི་མྱུ་གུའི་མཛད་རྣམ་དེ་(འགྲོ་མགོན་བླ་མ་རྗེའི་གསང་གསུམ་རྣམ་ཐར་རྒྱ་མཚོ་ལས། ཐུན་མོང་ཕྱིའི་མངོན་རྟོགས་རྒྱལ་སྲས་ལམ་བཟང་)ལ་གཞི་བཅོལ་ནས་བྲིས་པའོ།།

[2] ཨོ་རྒྱན་བཀྲ་ཤིས།

[3] འཇིགས་མེད་གླིང་པའི་མཚན་གྱི་རྣམ་གྲངས།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།