ཕ་མ་དྲན་བྱུང་།

ལོ་རིམ་བཞི་པའི་སློབ་གཉེར་བ། བསྟན་འཛིན།

རི་དང་གཙང་ཆུ་སྟོང་ལས་རབ་བརྒལ་ཅིང་།།
དཔག་ཚད་བརྒྱ་ནས་རྒྱང་གི་ཡུལ་གྲུ་ན།།
བཞུགས་པའི་བཀའ་དྲིན་ཅན་གྱི་ཕ་མ་གཉིས།།
ད་རེས་དབང་མེད་སེམས་ནང་ལྷང་ངེར་དྲན།།

མཐའ་མེད་འཁོར་བའི་གཡང་ས་ཆེན་པོ་རུ།།
ཉིང་མཚམས་སྦྱར་བ་དེ་ནས་ད་བར་དུ།།
ཚད་མེད་ཟུག་རྔུར་བཟོད་པས་རབ་སྲུང་བའི།།
བཟོད་སྲན་ཆེ་བའི་ཕ་མ་སེམས་ནང་དྲན།།

བཅུད་ལྡན་བཟའ་བཅའ་རེག་ན་འཇམ་པའི་གོས།།
ལ་སོགས་མཁོ་དགུ་མ་ཚང་མེད་སྦྱར་ཏེ།།
བྱམས་བརྩེའི་དྲོད་ཀྱིས་རྣམ་པར་སྐྱོང་མཁས་པའི།།
མགོན་སྐྱབས་གཉིས་པོ་སེམས་ནང་ལྷང་ངེར་དྲན།།

བསགས་དང་སྲུང་དང་སྤེལ་བའི་ལས་དོན་རྣམས།།
ཕྲུ་གུའི་མདུན་ལམ་ཁོ་ནར་དམིགས་བྱས་ནས།།
ཉིན་མཚན་དབྱེར་མེད་འབད་འབུངས་གནང་བྱེད་པའི།།
ཕ་མ་རྣམ་གཉིས་སེམས་ནང་ལྷང་ངེར་དྲན།།

འདི་ལྟར་དྲན་གདུང་སེམས་ཀྱི་མེ་ལྕེ་འདི།།
མཉན་འཇེབས་ཚིག་དང་སྡེབ་སྦྱོར་དབེན་གྱུར་ཀྱང་།།
བཅོས་མིན་ཡིད་ཀྱི་ཚོར་སྣང་ཡིན་པས་ན།།
དྲན་རྟེན་ཚུལ་དུ་ཤོག་བུའི་སྟེང་དུ་ཕབ།།
༠༦/༠༣/༢༠༢༣

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།