སེམས་ཙམ་པའི་ལྟ་གྲུབ་བྱུང་རིམ་གྱི་ལོ་རྒྱུས་ཀུ་ཤུ་རྟགས་ཅན།

སློབ་དཔོན་བསྟན་འཛིན་ཆོས་འཕེལ། རྣམ་གྲོལ་གླིང་།

ཐོག་མའི་མཆིད།

ཐོག་མར་སངས་རྒྱས་ཤཱཀྱ་ཐུབ་པས་སེམས་ཙམ་བསྟན་པའི་མདོ་བཞིའི་ནང་དུ་སེམས་ཙམ་པའི་ལྟ་གྲུབ་རྣམས་གསུངས་ཤིང་། བར་དུ་རྗེ་བཙུན་བྱམས་པ་མགོན་པོའི་བྱམས་ཆོས་ཁག་གི་ནང་དུ་གསལ་ཁ་གཏོད་པ་དང་། མཐར་འཕགས་པ་ཐོགས་མེད་ཡབ་སྲས་བརྒྱུད་པ་དང་བཅས་པས་སེམས་ཙམ་པའི་ལྟ་གྲུབ་དར་ཞིང་རྒྱས་པར་མཛད་ནས་ད་བར་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་འདས་ཟིན་པས། སེམས་ཙམ་པའི་ལྟ་གྲུབ་བྱུང་རིམ་གྱི་ལོ་རྒྱུས་ནི་རིང་མོ་ཞིག་ཏུ་སྣང་ངོ་།།

དེས་ན་ཐེངས་འདིར་སངས་རྒྱས་ཤཱཀྱ་ཐུབ་པས་སེམས་ཙམ་པའི་ལྟ་གྲུབ་ཇི་ལྟར་གསུངས་ཚུལ་ལས་བརྩམས་ནས་དེའི་སྐོར་གྱི་ལོ་རྒྱུས་བསྡུས་ཙམ་ཞིག་གླེང་བར་བྱ་ཞིང་། གཞན་རྣམས་རེ་ཞིག་བཏང་སྙོམས་སུ་བཞག་ནས་སྐབས་གཞན་དུ་ཞུ་བར་བྱའོ།།

དང་པོ། སེམས་ཙམ་པའི་ལྟ་གྲུབ་ཁུངས་གཏུག་སའི་མདོ་ངོས་འཛིན།

དེ་ཡང་ཡོངས་གྲགས་ཀྱི་གསུང་སྟངས་ལྟར་བྱས་ན། ནང་པའི་གྲུབ་མཐའ་བཞི་ལས་སེམས་ཙམ་པའི་གྲུབ་མཐའི་ལྟ་གྲུབ་ནི་མཚན་ཉིད་གསུམ་མམ་ངོ་བོ་ཉིད་གསུམ་གྱི་སྒོ་ནས་གཏན་ལ་འབེབས་པ་ཡིན་པས། དེ་གཞིར་བཞག་གི་སྒོ་ནས་ཞུས་ན། ཐོག་མ་ཉིད་དུ་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པས་སེམས་ཙམ་པའི་ལྟ་གྲུབ་ཇི་ལྟར་གསུངས་ཚུལ་ཤེས་དགོས་པ་ནི་གནད་ཀྱི་དོན་པོ་ཡིན། དེའི་སྐོར་ལ་ཐོག་མར་གླེང་བར་བྱ་སྟེ། སྟོན་པས་སེམས་ཙམ་པའི་ལྟ་གྲུབ་གསུངས་ཡོད་སའི་བཀའ་ནི་ནམ་རྒྱུན་ཡོངས་གྲགས་ཀྱི་བཤད་སྒྲོས་ལྟར་སེམས་ཙམ་བསྟན་པའི་མདོ་བཞི་སྟེ། མདོ་སྡེ་དགོངས་པ་ངེས་འགྲེལ། ལང་ཀར་གཤེགས་པ། རྒྱན་སྟུག་པོ་བཀོད་པ། ཕལ་པོ་ཆེ་བཅས་ཡིན་ནོ།།

སྐབས་འདིར་ཡང་མདོ་དེ་རྣམས་ཀྱི་ནང་དུ་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པས་སེམས་ཙམ་པའི་ལྟ་གྲུབ་དེ་ཇི་ལྟར་གསུངས་ཡོད་ཚུལ་རིམ་གྱིས་ཞུ་བར་བྱ་སྟེ།

གཉིས་པ། སངས་རྒྱས་ཀྱི་མདོ་རྣམས་ལས་སེམས་ཙམ་པའི་ལྟ་གྲུབ་ཇི་ལྟར་གསུངས་ཚུལ།

༡. མདོ་སྡེ་དགོངས་པ་ངེས་འགྲེལ་ནས་སེམས་ཙམ་པའི་ལྟ་གྲུབ་གསུངས་ཚུལ།

ད་ལྟ་བོད་ཡིག་ཐོག་གི་བཀའ་འགྱུར་ཁྲོད་དུ་བཞུགས་པའི་མདོ་སྡེ་དགོངས་པ་ངེས་འགྲེལ་ལའང་ལེའུ་བཅུ་ཡོད་པ་ལས། ལེའུ་ལྔ་པ་བློ་གྲོས་ཡངས་པའི་ལེའུ་ཡི་ནང་དུ་ཀུན་གཞིའི་རྣམ་ཤེས་སྐོར་བསྡུས་ཙམ་བསྟན་པ་དང་།

ལེའུ་དྲུག་པ་ཡོན་ཏན་འབྱུང་གནས་ཀྱི་ལེའུ་ཡི་ནང་དུ། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ཡོན་ཏན་འབྱུང་གནས་གཉིས་པོས་ཞུ་ལན་གནང་བའི་སྒོ་ནས། མཚན་ཉིད་གསུམ་གྱི་རྣམ་གཞག་རྒྱས་པར་གཏན་ལ་ཕབ་ཡོད། དེ་ལས་དང་པོ་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་ལེའུ་ལྔ་པ། བློ་གྲོས་ཡངས་པའི་ལེའུ་ལས།1 ས་བོན་ཐམས་ཅད་པའི་སེམས་རྣམ་པར་སྨིན་ཅིང་འཇུག་ལ་རྒྱས་ཤིང་འཕེལ་བ་དང་ཡངས་པར་འགྱུར་རོ། །དེ་ལ་གཟུགས་ཅན་གྱི་ཁམས་ན་ནི་ལེན་པ་གཉི་ག་ཡོད་ལ། གཟུགས་ཅན་མ་ཡིན་པའི་ཁམས་ན་ནི་ལེན་པ་གཉིས་སུ་མེད་དོ། །བློ་གྲོས་ཡངས་པ་རྣམ་པར་ཤེས་པ་དེ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། འདི་ལྟར་ལུས་འདི་བཟུང་ཞིང་བླངས་པའི་ཕྱིར་རོ། །ཀུན་གཞི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། འདི་ལྟར་དེ་ལུས་འདི་ལ་གྲུབ་པ་དང་བདེ་བ་གཅིག་པའི་དོན་གྱིས་ཀུན་ཏུ་སྦྱོར་བ་དང་རབ་ཏུ་སྦྱོར་བར་བྱེད་པའི་ཕྱིར་རོ། །སེམས་ཞེས་ཀྱང་བྱ་སྟེ། འདི་ལྟར་དེ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀུན་ཏུ་བསྩགས་པ་དང་ཉེ་བར་བསྩགས་པ་ཡིན་པའི་ཕྱིར་རོ། །བློ་གྲོས་ཡངས་པ་ལེན་པའི་རྣམ་པར་ཤེས་པ་དེ་ལ་བརྟེན་ཅིང་གནས་ནས་རྣམ་པར་ཤེས་པའི་ཚོགས་དྲུག་འདི་ལྟ་སྟེ། མིག་གི་རྣམ་པར་ཤེས་པ་དང་། རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་དག་འབྱུང་ངོ་། །ཞེས་དང་། ཡང་དེ་ཉིད་ལས།2 ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་ཀླུང་ལྟར་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན། །ཅེས་ལེའུ་ལྔ་པ་སྟེ་བློ་གྲོས་ཡངས་པའི་ལེའུ་ཡི་ནང་དུ་ཀུན་གཞི་རྣམ་ཤེས་སམ་ལེན་པའི་རྣམ་པར་ཤེས་པའི་སྐོར་བསྟན་ཏོ།།

གོང་ཞུས་ལྟར་མདོ་སྡེ་དགོངས་འགྲེལ་གྱི་ལེའུ་དྲུག་པ་སྟེ་ཡོན་ཏན་འབྱུང་གནས་ཀྱི་ལེའུ་ཡི་ནང་དུ་སེམས་ཙམ་པའི་ལྟ་གྲུབ་གཙོ་བོ་སྟེ། མཚན་ཉིད་གསུམ་གྱི་རྣམ་གཞག་རྒྱས་པར་བསྟན་ཏེ། ཡོན་ཏན་འབྱུང་གནས་ཀྱི་ལེའུ་ལས།3 ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་མཚན་ཉིད་ནི་གསུམ་པོ་འདི་དག་ཡིན་ཏེ། གསུམ་གང་ཞེ་ན། ཀུན་བརྟགས་པའི་མཚན་ཉིད་དང་། གཞན་གྱི་དབང་གི་མཚན་ཉིད་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཡོན་ཏན་འབྱུང་གནས་དེ་ལ་ཆོས་རྣམས་ཀྱི་ཀུན་བརྟགས་པའི་མཚན་ཉིད་གང་ཞེ་ན། ཇི་ཙམ་དུ་རྗེས་སུ་ཐ་སྙད་གདགས་པའི་ཕྱིར་ཆོས་རྣམས་ཀྱི་ངོ་བོ་ཉིད་དམ་བྱེ་བྲག་ཏུ་མིང་དང་བརྡར་རྣམ་པར་བཞག་པ་གང་ཡིན་པའོ། །ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་གཞན་གྱི་དབང་གི་མཚན་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དེ། འདི་ལྟ་སྟེ་འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་གང་ཡིན་པའོ། །ཡོན་ཏན་འབྱུང་གནས་ཆོས་རྣམས་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་གང་ཞེ་ན། ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟུན་པའི་རྒྱུ་དང་། ལེགས་པར་ཚུལ་བཞིན་ཡིད་ལ་བྱས་པའི་རྒྱུས་དེ་རྟོགས་ཤིང་དེ་རྟོགས་པ་གོམས་པར་བྱས་པ་ཡང་དག་པར་གྲུབ་པས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡང་དག་པར་འགྲུབ་པ་གང་ཡིན་པའོ། །ཞེས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཡོན་ཏན་འབྱུང་གནས་ལ་མཚན་ཉིད་གསུམ་གྱི་དོན་རྣམས་གསུངས་པ་དང་། གཞན་ཡང་དཔེའི་སྒོ་ནས་ཀྱང་ཞིབ་ཏུ་གསུངས་ཡོད་པས། རྒྱས་པར་གཟིགས་འདོད་ན་མདོ་རང་གི་ནང་ལ་གཟིགས་པར་ཞུ།

༢. མདོ་སྡེ་ལང་ཀར་གཤེགས་པ་ནས་སེམས་ཙམ་པའི་ལྟ་གྲུབ་གསུངས་ཚུལ།

མདོ་སྡེ་ལང་ཀར་གཤེགས་པའི་ལེའུ་གཉིས་པ་སྟེ། ཆོས་ཐམས་ཅད་བསྡུས་པ་ཞེས་པའི་ལེའུ་དང་། ལེའུ་དྲུག་པ་སྟེ་སྐད་ཅིག་མའི་ལེའུ་བཅས་ཀྱི་ནང་དུ་མཚན་ཉིད་གསུམ་གྱི་རྣམ་གཞག་བསྟན་པ་དང་། དེ་བཞིན་དུ་མདོ་འདིའི་མཇུག་ཏུའང་ཚིགས་སུ་བཅད་པའི་སྒོ་ནས། ཕྱི་རོལ་དོན་དུ་གྲུབ་པའི་གཟུགས་སོགས་མེད་པར། བག་ཆགས་སེལ་བའི་སྟོབས་ཀྱིས་རང་གི་སེམས་ཉིད་ཕྱི་རོལ་དུ་སྣང་བ་ཡིན་ཚུལ་སོགས་གསུངས་ཏེ།

ལེའུ་གཉིས་པ་སྟེ། ཆོས་ཐམས་ཅད་བསྡུས་པ་ཞེས་པའི་ལེའུ་ལས།4གཞན་ཡང་བློ་གྲོས་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་བཞིན་གྱི་མཚན་ཉིད་གསུམ་ལ་མཁས་པར་བྱའོ། །བློ་གྲོས་ཆེན་པོ་དེ་ལ་ཀུན་བརྟགས་པའི་རང་བཞིན་ནི་མཚན་མ་ལས་འབྱུང་སྟེ། དེ་ལ་བློ་གྲོས་ཆེན་པོ་མཚན་མ་ལས་ཀུན་བརྟགས་པའི་རང་བཞིན་ཇི་ལྟར་འབྱུང་ཞེ་ན། དེ་ལ་བློ་གྲོས་ཆེན་པོ་གཞན་གྱི་དབང་གི་རང་བཞིན་ནི་དངོས་པོའི་མཚན་མའི་མཚན་ཉིད་ལྟ་བུར་སྣང་བ་སྟེ། བློ་གྲོས་ཆེན་པོ་དེ་ལ་དངོས་པོའི་མཚན་མའི་མཚན་ཉིད་ལ་མངོན་པར་ཞེན་པ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མིང་ལ་མངོན་པར་ཞེན་པའི་མཚན་ཉིད་དང་། དངོས་པོའི་མཚན་མ་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱིས་ཀུན་བརྟགས་པའི་རང་བཞིན་དང་། རྣམ་པ་གཉིས་སུ་འཇོག་གོ །བློ་གྲོས་ཆེན་པོ་དེ་ལ་དངོས་པོའི་མཚན་མ་ལ་མངོན་པར་ཞེན་པའི་མཚན་ཉིད་ནི་འདི་ལྟ་སྟེ། ནང་དང་ཕྱིའི་ཆོས་ལ་མངོན་པར་ཞེན་པའོ། །བློ་གྲོས་ཆེན་པོ་མཚན་མའི་མཚན་ཉིད་ལ་མངོན་པར་ཞེན་པ་ནི་འདི་ལྟ་སྟེ། ནང་དང་ཕྱི་རོལ་གྱི་ཆོས་དེ་དག་ཉིད་ཀྱི་རང་དང་སྤྱིའི་མཚན་ཉིད་ཡོངས་སུ་ཤེས་ཤིང་ཁོང་དུ་ཆུད་པའོ། །བློ་གྲོས་དེ་ནི་ཀུན་བཏགས་པའི་རང་བཞིན་གྱི་མཚན་ཉིད་གཉིས་པའོ། །དེ་ལ་གནས་ཤིང་མི་དམིགས་པ་ལས་འབྱུང་བ་དེ་གཞན་གྱི་དབང་ངོ་། །བློ་གྲོས་ཆེན་པོ་དེ་ལ་ཡོངས་སུ་གྲུབ་པའི་རང་བཞིན་གང་ཞེ་ན། འདི་ལྟ་སྟེ། མཚན་མ་དང་མིང་དང་དངོས་པོའི་མཚན་ཉིད་རྣམ་པར་རྟོག་པ་དང་བྲལ་བའི་དེ་བཞིན་ཉིད་འཕགས་པའི་ཡེ་ཤེས་རྟོགས་པ་ཐོབ་པས་འཕགས་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཏེ། བློ་གྲོས་ཆེན་པོ་ཡོངས་སུ་གྲུབ་པའི་རང་བཞིན་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ་ཐུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་གསུངས་སོ། །མིང་དང་མཚན་མ་ཀུན་རྟོག་པ། །རང་བཞིན་གཉིས་ཀྱི་མཚན་ཉིད་དེ། །ཡང་དག་ཤེས་དང་དེ་བཞིན་ཉིད། །ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཞེས་གསུངས་པ་དང་།

དེ་བཞིན་དུ་ལེའུ་དྲུག་པ་སྟེ། སྐད་ཅིག་མའི་ལེའུ་ལས།5 ཡང་བློ་གྲོས་ཆེན་པོས་གསོལ་བ། བཅོམ་ལྡན་འདས་རང་བཞིན་གསུམ་པོ་རྣམས་ཆོས་ལྔའི་ནང་དུ་འདུས་སམ། འོན་ཏེ་རང་གི་མཚན་ཉིད་དུ་གྲུབ་པའམ་ཅི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་འདི་ཉིད་ཀྱི་ནང་དུ་རང་བཞིན་གསུམ་དང་། རྣམ་པར་ཤེས་པ་བརྒྱད་དང་བདག་མེད་པ་གཉིས་ཀྱང་འདུས་སོ། །དེ་ལ་མིང་དང་མཚན་མ་ནི་ཡོངས་སུ་ཀུན་བརྟགས་པའི་རང་བཞིན་དུ་ཤེས་པར་བྱའོ། །གང་ཡང་བློ་གྲོས་ཆེན་པོ་དེ་ལ་གནས་ཤིང་ཞུགས་པའི་རྣམ་པར་རྟོག་པ་སེམས་དང་སེམས་ལས་བྱུང་བ་ཞེས་བསྒྲགས་པ་ཉི་མ་དང་འོད་ཟེར་ལྷན་ཅིག་པ་བཞིན་དུས་གཅིག་ཏུ་བྱུང་བ་སྣ་ཚོགས་ཀྱི་མཚན་ཉིད་རང་གི་རྣམ་པར་རྟོག་པ་ཁོང་དུ་ཆུད་པར་བྱེད་པའི་རང་བཞིན་ནི་བློ་གྲོས་ཆེན་པོ་གཞན་གྱི་དབང་ཞེས་བྱའོ། །བློ་གྲོས་ཆེན་པོ་ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་ནི་མི་འཇིག་པའི་ཕྱིར་རང་བཞིན་ཡོངས་སུ་གྲུབ་པ་ཤེས་པར་བྱའོ། །ཞེས་གསུངས་སོ།།

གཞན་ཡང་མདོ་འདིའི་མཇུག་གི་ཚིགས་སུ་བཅད་པ་རྣམས་ཀྱི་ནང་དུའང། ཕྱི་རོལ་དོན་དུ་གྲུབ་པའི་གཟུགས་སོགས་མེད་ཚུལ་གསུངས་ཏེ། མདོ་དེ་ཉིད་ལས།6ཕྱི་རོལ་གྱི་ནི་སྣང་བ་མེད། །ལུས་དང་ལོངས་སྤྱོད་གནས་ལྟ་བུར། །སེམས་ནི་སྣ་ཚོགས་པར་སྣང་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་དང་། ཕྱིི་རོལ་གྱི་ནི་གཟུགས་མེད་དེ། །རང་གི་སེམས་ནི་ཕྱི་རོལ་སྣང་། །སེམས་ནི་ཁོང་དུ་མི་ཆུད་ཕྱིར། །བྱིས་པ་རྣམས་ནི་འདུས་བྱས་རྟོག །རང་སེམས་སྣ་ཚོགས་སྣང་བ་ཡི། །ཕྱི་རོལ་དོན་རྣམས་མི་ཤེས་པས། །མཐའ་བཞིན་སྦྱར་བའི་གཏན་ཚིགས་ཀྱིས། །བླུན་པོ་དག་གིས་ཟློག་པར་བྱེད། །ཅེས་གསུངས་ཤིང་། ཡང་དེ་ཉིད་ལས།7ཕྱི་རོལ་གྱི་ནི་དོན་མེད་དེ། །ཇི་ལྟར་ཐག་པར་མ་ཤེས་ནས། །བྱིས་པ་སྦྲུལ་དུ་འཛིན་པ་བཞིན། །རང་གི་སེམས་དོན་མ་ཤེས་པས། །ཕྱི་རོལ་གྱི་ནི་དོན་དུ་རྟོག །ཅེས་གསུངས་སོ།།

མདོར་བསྡུས་ན། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་ལེའུ་དྲུག་པའི་ནང་དུ་མཚན་ཉིད་གསུམ་གྱི་རྣམ་གཞག་རྒྱས་པར་གསུངས་པ་དང་། དེ་བཞིན་དུ་མདོ་སྡེ་ལང་ཀར་གཤེགས་པའི་ནང་དུའང་གསུངས་ཡོད། ཁྱད་པར་དུ་མདོ་སྡེ་ལང་ཀར་གཤེགས་པའི་ནང་དུ་ཕྱི་རོལ་དོན་དུ་གྲུབ་པའི་ཆོས་མེད་པར་སྣང་བ་ཐམས་ཅད་སེམས་ཀྱི་བདག་ཉིད་དུ་གྲུབ་པའི་ཚུལ་དེ་གཙོ་བོ་རྩལ་འདོན་བྱས་པར་སྣང་ངོ་།།

༣. རྒྱན་སྟུག་པོ་བཀོད་པའི་མདོ་ནས་སེམས་ཙམ་པའི་ལྟ་གྲུབ་ཇི་ལྟར་གསུངས་ཚུལ།

རྒྱན་སྟུག་པོ་བཀོད་པའི་མདོ་འདི་ལ་ལེའུ་དགུ་ཡོད་པ་ལས། ལེའུ་གསུམ་པ་སྟེ་སྟུག་པོར་འཇུག་པའི་ལེའུ་ཡིི་ནང་དུ་ཀུན་གཞིའི་རྣམ་ཤེས་སྐོར་ཐེངས་འགའ་གསུངས་ཤིང་། མཚན་ཉིད་གསུམ་གྱི་རྣམ་གཞག་མདོར་ཙམ་ཞིག་གསུངས་ཡོད་པ་དང་། དེ་བཞིན་དུ་ལེའུ་བདུན་པ་དང་བརྒྱད་པ་གཉིས་པོའི་ནང་དུའང་ཀུན་གཞིའི་རྣམ་ཤེས་སྐོར་གསུངས་སོ།།

ལེའུ་དགུ་པ་སྟེ་ཇི་སྙེད་པའི་མདོ་རྫོགས་པའི་ལེའུ་ཡི་ནང་དུ་གཙོ་བོ་ཀུན་གཞི་རྣམ་ཤེས་དེ་དཔེ་དུ་མའི་སྒོ་ནས་རྒྱས་པར་བསྟན་པ་དང་། དེ་བཞིན་དུ་ཆོས་ཐམས་ཅད་སེམས་ལས་ལོགས་སུ་མ་གྲུབ་པར་སེམས་ཀྱི་བདག་ཉིད་ཡིན་པའང་བསྟན་པར་སྣང་སྟེ།

ལེའུ་གསུམ་པ་སྟེ་སྟུག་པོར་འཇུག་པའི་ལེའུ་ལས།8ཀུན་གཞི་ཐམས་ཅད་ས་བོན་འདི། །བག་ཆགས་རྣམས་ཀྱིས་ཡོངས་སུ་དཀྲིས། །སྣ་ཚོགས་གཟུགས་ཀྱི་ནོར་བུ་དང་། འཇའ་དང་གློག་རྣམས་ཇི་བཞིན་དུ། །ལུས་ཅན་རྣམས་ཀྱི་ལུས་ཀྱི་ཡུལ། །དེའི་གཟུགས་སུ་སྣང་བ་ཡིན། །ཞེས་གསུངས་པ་དང་། ཡང་ལེའུ་དེ་ཉིད་ལས།9 ཇི་ལྟར་མིང་དུ་འཇུག་པ་ཡི། །ཚིག་དང་ཡི་གེ་མང་པོ་དང་། །མིང་རྣམས་མང་པོ་ལ་ཡང་སྟེ། །ཀུན་ཏུ་བརྟགས་པའི་རང་བཞིན་ཡིན། །གཞན་གྱི་དབང་ནི་དེ་ལས་གཞན། །ཡིད་དོན་དབང་པོ་འདུས་པ་ལས། །ས་བོན་ཀུན་ཅན་བག་ཆགས་དང་། །ཐ་དད་མ་ཡིན་སེམས་དང་བཅས། །རྣམ་པར་ཤེས་པ་ཀུན་ཏུ་འབྱུང་། །གཞན་གྱི་དབང་གི་རང་བཞིན་ཡང་། །ཕན་ཚུན་སྟོབས་ཀྱི་རྒྱུ་ལས་སོ། །སོ་སོ་རང་རིག་ཤིན་ཏུ་ཕྲ། །མཐོང་བའི་ཆོས་ལ་གནས་པ་སྟེ། །རང་བཞིན་ཡོངས་སུ་རྫོགས་པ་འདི། །འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ལོ། །ཞེས་མཚན་ཉིད་གསུམ་གྱི་རྣམ་གཞག་གསུངས་པ་དང་། ཡང་ལེའུ་དེ་ཉིད་ལས།10 ཀུན་གཞི་ས་བོན་ཐམས་ཅད་ཅན། །རྒྱ་མཚོའི་དབའ་རླབས་ཇི་བཞིན་དུ། །རླུང་གིས་རྐྱེན་གྱིས་བསྐྱོད་པ་ལྟར། །གར་བྱེད་ཅིང་ནི་རབ་ཏུ་འབྱུང་། །རྣམ་པར་རྒྱུན་ཀྱང་མི་འཆད་དོ། །ཞེས་གསུངས་པ་དང་།

ཁྱད་པར་དུ་ལེའུ་དགུ་པ་སྟེ་ཇི་སྙེད་པའི་མདོ་རྫོགས་པའི་ལེའུ་ལས།11 དེ་བཞིན་ཀུན་གཞི་རྣམ་ཤེས་པ། །རྣམ་ཤེས་བདུན་དང་ལྷན་ཅིག་ཏུ། །རྟག་ཏུ་ལུས་སུ་འཇུག་པར་བྱེད། །རྣམ་པར་ཤེས་པས་ཡུན་དུ་སྤངས། །ཁབ་ལོང་རྡོ་ལས་བརྟེན་བྱས་ཤིང་། །ལྕགས་ནི་སེམས་ཅན་བཞིན་འཁོར་ཡང་། །དེ་དག་གཉིས་ཀ་བྱེད་པ་མེད། །སེམས་ཅན་གསོན་པོ་བཞིན་དུ་གཡོ། །སེམས་ནི་བདུན་ཞེས་བགྲང་བ་ཡིན། །ཀུན་གཞི་བརྒྱད་པ་དེ་བཞིན་ནོ། །ཞེས་དང་། ཡང་ལེའུ་དེ་ཉིད་ལས།12 ཐམས་ཅད་ས་བོན་ཀུན་གཞི་ལ། །རྣམ་པར་ཤེས་པ་ཀུན་ཀྱང་གནས། །རྣམ་ཤེས་བདུན་པོ་ཀུན་གཞི་ལས། །རབ་ཏུ་འབྱུང་ངོ་ཕན་ཚུན་དང་། །སེམས་ཀྱི་རྣམས་དང་ཀུན་གཞི་ལ། །རྟག་མེད་ཆད་པའང་མེད་པ་སྟེ། །ས་རྣམས་ཐམས་ཅད་ཀུན་གཞི་ཡིན། །ཞེས་ཀུན་གཞི་རྣམ་ཤེས་ཀྱི་སྐོར་བསྟན་པ་དང་།

གཞན་ཡང་གཟུགས་ཞེས་པ་ཡང་སེམས་ལས་གུད་དུ་མ་གྲུབ་པར་བསྟན་ཏེ། ལེའུ་དེ་ཉིད་ལས།13 གཟུགས་ལ་སོགས་ལ་གཟུགས་མེད་དེ། །སེམས་ནི་གཟུགས་ལྟར་གནས་པ་ཡིན། །ཞེས་དང་། གཟུགས་ནི་ཡོད་དང་མེད་ཀྱིས་སྤངས། །ཀུན་གཞི་རྗེས་སུ་མཐོང་བའོ། །མིག་དང་གཟུགས་ལ་བརྟེན་བྱས་ཤིང་། །དེ་ནི་སྒྱུ་མ་བཞིན་དུ་འབྱུང་། །རྟག་ཏུ་མིག་གི་ནང་སོང་བ། །སྨིག་རྒྱུ་བཞིན་དུ་རབ་ཏུ་གཡོ། །གཟུགས་ཀྱི་ཡོན་ཏན་ལྡན་པའི་གཟུགས། །ཀུན་གཞི་གཟུགས་ལྟར་གནས་པ་སྟེ། །བྱིས་པ་ཇི་ལྟར་བརྟགས་པ་བཞིན། །གཟུགས་ནི་གུད་ན་ཡོད་པ་མིན། །ཞེས་པ་ལ་སོགས་པ་རྒྱས་པར་གསུངས་ཏེ། མདོ་ཚིག་རྣམས་ཡོངས་སུ་རྫོགས་པ་འདྲེན་མི་དགོས་པར་རྒྱས་པར་གཟིགས་འདོད་ན་མདོ་རང་ལ་འཇུག་པར་འཚལ་ལོ།།

༤. ཕལ་པོ་ཆེའི་མདོ་ནས་སེམས་ཙམ་པའི་ལྟ་གྲུབ་ཇི་ལྟར་གསུངས་ཚུལ།

ཕལ་པོ་ཆེའི་མདོ་ལ་ལེའུ་ཞེ་ལྔ་ཡོད་པ་ལས། ལེའུ་སོ་གཅིག་པ་ས་བཅུ་པའི་མདོའི་ལེའུ་དང་། ལེའུ་ཞེ་བཞི་པ་འཇིག་རྟེན་ལས་འདས་པའི་ལེའུ་ཡི་ནང་དུ་ཁམས་གསུམ་ནི་སེམས་ཙམ་གྱི་བདག་ཉིད་ཡིན་ཚུལ་གསུངས་ཏེ། ས་བཅུ་པའི་ལེའུ་ལས།14 འདི་ལྟར་ཁམས་གསུམ་པ་ནི་སེམས་ཙམ་སྟེ། གང་འདི་སྲིད་པའི་ཡན་ལག་བཅུ་གཉིས་དེ་བཞིན་གཤེགས་པས་རབ་ཏུ་ཕྱེ་སྟེ། བཀའ་སྩལ་པ་དེ་དག་ཐམས་ཅད་ཀྱང་སེམས་གཅིག་ལ་གནས་པ་དག་གོ །ཞེས་གསུངས་པ་དང་།

འཇིག་རྟེན་ལས་འདས་པའི་ལེའུ་ལས།15 ཀྱེ་རྒྱལ་བའི་སྲས་གཞན་ཡང་བྱང་ཆུབ་སེམས་དཔའ་ཁམས་གསུམ་ཐམས་ཅད་སེམས་ཙམ་དུ་འཇུག་སྟེ། དུས་གསུམ་ཡང་སེམས་ཙམ་དུ་ཤེས་ལ་སེམས་དེ་ཡང་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་པ་འདི་ནི་བྱང་ཆུབ་སེམས་དཔའི་གནས་མཚུངས་པ་མེད་པ་བརྒྱད་པའོ། །ཞེས་གསུངས་སོ།།

དེས་ན་གོང་ཞུས་ལྟར་མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་ནང་དུ་ཀུན་གཞིའི་རྣམ་ཤེས་དང་མཚན་ཉིད་གསུམ་མམ་ངོ་བོ་ཉིད་གསུམ་གྱི་རྣམ་གཞག་གི་སྒོ་ནས་སེམས་ཙམ་པའི་ལྟ་གྲུབ་རྒྱ་ཆེར་གསུངས་པ་དང་།

མདོ་སྡེ་ལང་ཀར་གཤེགས་པའི་ནང་དུ་གཙོ་བོ་སྣང་བ་ཐམས་ཅད་སེམས་ཀྱི་བདག་ཉིད་ཡིན་པ་དེ་རྩལ་དུ་བཏོན་པའི་སྒོ་ནས་གསུངས་ཤིང་། རྒྱན་སྟུག་པོ་བཀོད་པའི་མདོའི་ནང་དུ་གཙོ་བོ་ཀུན་གཞི་རྣམ་ཤེས་རྩལ་དུ་བཏོན་ནས་གསུངས་པར་སྣང་ལ། སྔོན་གྱི་མཁས་པ་ཁ་ཅིག་གིས་རྒྱན་སྟུག་པོ་བཀོད་པའི་མདོ་འདི་ཀུན་གཞི་རྣམ་ཤེས་སྟོན་པའི་སྤྱི་དོན་གྱི་གཞུང་ཡིན་ཟེར་མཁན་བྱུང་བར་ཡང་སྣང་ངོ་།།

མདོ་ཕལ་པོ་ཆེའི་ལེའུ་སོ་གཅིག་པ་ས་བཅུ་པའི་མདོའི་ནང་དུ་ཁམས་གསུམ་པོ་དེ་སེམས་ཙམ་གྱི་བདག་ཉིད་ཡིན་ཚུལ་གསུངས་པའི་སྒོ་ནས་སྣང་བ་སེམས་ཀྱི་བདག་ཉིད་དེ་གཙོ་བོ་རྩལ་དུ་བཏོན་པ་སོགས་ཀྱི་སྒོ་ནས་མདོ་བཞི་པོ་སོ་སོས་སེམས་ཙམ་པའི་ལྟ་གྲུབ་བསྟན་པར་སྣང་ངོ་།།

གསུམ་པ། སེམས་ཙམ་པའི་ལྟ་གྲུབ་ཁུངས་གཏུག་སའི་མདོ་གསུང་བའི་དུས་ངོས་འཛིན།

གོང་དུ་སྟོན་པ་ཤཱཀྱ་ཐུབ་པས་སེམས་ཙམ་པའི་ལྟ་གྲུབ་རྣམས་མདོ་གང་དུ་ཚུལ་ཇི་ལྟ་བུའི་སྒོ་ནས་གསུངས་ཡོད་ཚུལ་རོབ་ཙམ་ཞུས་ཟིན་ནས། ད་ནི་མདོ་དེ་རྣམས་དུས་ཇི་ཙམ་ལ། གནས་གང་དུ་གསུངས་ཡོད་ཚུལ་ལ་དཔགས་ནས། སེམས་ཙམ་པའི་ལྟ་གྲུབ་ཀྱང་དུས་དང་། གནས་དེ་ཙམ་ནས་བྱུང་ཡོད་ཚུལ་དཔོག་ཐུབ་པས། ཐོག་མར་གོང་དུ་ཞུས་པའི་མདོ་རྣམས་དུས་ཇི་ཙམ་ལ་གསུངས་ཡོད་ཚུལ་ལ་དཔྱད་པར་བྱའོ།།

གོང་དུ་ཞུས་པའི་མདོ་སྡེ་དགོངས་པ་ངེས་འགྲེལ། ལང་ཀར་གཤེགས་པ། རྒྱན་སྟུག་པོ་བཀོད་པའི་མདོ། ཕལ་པོ་ཆེའི་མདོ་བཅས་ནི་བཀའ་འཁོར་ལོ་གསུམ་ལས་མཐའ་མའི་ཁོངས་སུ་གཏོགས་པ་ཡིན་པ་ནི། བུ་སྟོན་རིན་ཆེན་གྲུབ་ཀྱི་ཆོས་འབྱུང་«བདེ་བར་གཤེགས་པའི་བསྟན་པའི་གསལ་བྱེད་ཆོས་ཀྱི་འབྱུང་གནས་གསུང་རབ་རིན་པོ་ཆེའི་མཛོད་»དང་། པད་དཀར་བཟང་པོའི་«བསྟན་པ་སྤྱིའི་རྒྱས་བྱེད་ལས་མདོ་སྡེ་སྤྱིའི་རྣམ་བཞག་བསྟན་བསྡུ་བཞི་བྱ་བའི་བསྟན་བཅོས་»དང་། ཞྭ་དམར་བའི་«མདོ་སྡེ་སྤྱིའི་རྣམ་པར་བཞག་པ་གསུང་རབ་རིན་པོ་ཆེ་མཆོག་ཏུ་གསལ་བར་བྱེད་པའི་སྣང་བ།» བཅས་སུ་གསལ་པོར་གསུངས་པ་ལྟར་ཡིན།

འོ་ན་སྟོན་པ་ཤཱཀྱ་ཐུབ་པས་བཀའ་འཁོར་ལོ་མཐའ་མ་དེ་དུས་ཇི་ཙམ་ལ་གསུངས་ཡོད་ཅེ་ན། མདོ་རང་གི་ནང་གསལ་ཁ་མེད་ནའང་། བོད་ཀྱི་ཆོས་འབྱུང་རྙིང་གྲས་སུ་གཏོགས་པ་རྣམས་ཀྱིས་ཇི་ལྟར་གསུངས་ཡོད་ཚུལ་རིམ་བཞིན་དགོད་པར་བྱ་སྟེ།

ལྡེའུ་ཡི་ཆོས་འབྱུང་«རྒྱ་བོད་ཆོས་འབྱུང་རྒྱས་པ་»ལས།16 དེ་ནས་ཐེག་པ་ཐུན་མོང་གི་རིགས་ཅན་ལ། ངེས་པ་དོན་གྱི་ཆོས་ཀྱི་འཁོར་ལོ་བདག་མེད་པའི་ཆོས་གསུངས་ཏེ། ཡུལ་ཡངས་པ་ཅན་ལ་སོགས་པར། དགུང་ལོ་བདུན་ཅུ་ནས་བརྒྱད་ཅུའི་བར་དུ་ངེས་པའི་དོན་གྱི་ཆོས་ཀྱི་བདག་མེད་པའི་ཆོས་གསུངས། འཁོར་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་སོགས་པ་ལ། ཆོས་དགོངས་པ་ངེས་པའི་འགྲེལ་བ་ལ་སོགས་པའི་བདེན་པ་རྣམ་པར་བཞག་པའི་ཆོས་གསུངས་ཏེ། ཞེས་གསུངས་པ་དང་།

ཀུན་མཁྱེན་ཀློང་ཆེན་པས་མཛད་པར་གྲགས་པའི་«ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་བསྟན་པ་གསལ་བར་བྱེད་པའི་ཉི་འོད་»ལས།17 དེ་ནས་བཀའ་གསུམ་པ་དོན་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ནི། རི་མ་ལ་ཡ་དང་། གྲོང་ཁྱེར་ཡངས་པ་ཅན་དང་། བུ་མོ་ཤེས་རབ་ཅན་གྱི་རྫིང་ངམ། ལང་ཀ་པུ་རི་ལ་སོགས་པ་རྣམས་སོ། །དུས་ནི། སྟོན་པ་དགུང་ལོ་བདུན་ཅུ་དོན་གསུམ་གླང་གི་ལོའི་སྟོན་ཟླ་འབྲིང་པོའི་ཉ་ནས། བརྒྱད་ཅུ་ཐམ་པ་སྤྲེའུའི་ལོ་ཡི་དབྱར་ཟླ་འབྲིང་པོའི་ཉའི་བར། ལོ་དགུ་རུ་ཟླ་བ་གསུམ་གྱིས་མ་ལོངས་པ་ཙམ་དུ་གསུངས་སོ། །ཞེས་པ་ནས། ཆོས་ནི་མདོ་སྡེ་དགོངས་པ་ངེས་འགྲེལ་ལ་སོགས་པའི་བདེན་པ་རྣམ་པར་བཞག་པའི་ཆོས་གསུངས་ཏེ། ཞེས་གསུངས་པ་དང་།

ཀུན་མཁྱེན་ཀློང་ཆེན་པའི་«ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་པའི་མཐའ་རིན་པོ་ཆེའི་མཛོད་»ལས།18 དེ་ནས་གནས་ཕུན་སུམ་ཚོགས་པ་འཛམ་བུའི་གླིང་དང་། ཞེས་པ་ནས། ཆོས་ཕུན་སུམ་ཚོགས་པ་བཀའ་ཐ་མ་ངེས་པ་དོན་གྱི་རྣམ་གྲངས། དུས་ཕུན་སུམ་ཚོགས་པ་དགུང་ལོ་བདུན་ཅུ་རྩ་གསུམ་ནས་བརྒྱད་ཅུ་རྩ་གཉིས་ཀྱི་བར་དུ་གསུངས་སོ། །ཞེས་གསུངས་སོ།།

མདོར་ན། བཅོམ་ལྡན་འདས་ཀྱིས་ཆོས་འཁོར་མཐའ་མ་མདོ་སྡེ་དགོངས་པ་ངེས་འགྲེལ་ལ་སོགས་པ་དེ་ལྡེའུ་ཡི་ཆོས་འབྱུང་ལྟར་ན་བཅོམ་ལྡན་འདས་དགུང་ལོ་བདུན་ཅུ་ནས་བརྒྱད་ཅུའི་བར་དང་། ཀུན་མཁྱེན་ཀློང་ཆེན་གྱི་ཆོས་འབྱུང་དུ་གྲགས་པ་དེ་ལྟར་ན་དགུང་ལོ་དོན་གསུམ་ནས་བརྒྱད་ཅུའི་བར་དང་། ཀུན་མཁྱེན་ཀློང་ཆེན་པའི་གྲུབ་མཐའ་མཛོད་ལྟར་ན་དགུང་ལོ་དོན་གསུམ་ནས་བརྒྱད་ཅུ་རྩ་གཉིས་བར་བཅས་དུས་ངོས་འཛིན་གནང་སྟངས་ཐད་ནས་ཏོག་ཙམ་མི་འདྲ་བ་བྱུང་ནའང་། སྤྱི་ཡོངས་ནས་བཅོམ་ལྡན་འདས་ཀྱི་སྐུ་ཚེ་མཇུག་སྟེ་དགུང་ལོ་དོན་གསུམ་ནས་བརྒྱད་ཅུ་ཡན་མན་བར་ལ་བཀའ་མཐའ་མ་གསུངས་ཡོད་ཚུལ་ནི་ཆོས་འབྱུང་མཁན་པོ་ཕལ་ཆེ་བའི་བཞེད་པར་སྣང་ངོ་།།

དེས་ན་སྟོན་པ་ཤཱཀྱ་ཐུབ་པས་དགུང་ལོ་དོན་གསུམ་ཙམ་ནས་བཀའ་མཐའ་མའི་ཆོས་འཁོར་རྣམས་གསུངས་ཡོད་པར་དཔགས་ན། ད་ལྟ་སྟོན་པ་ཤཱཀྱ་ཐུབ་པའི་འདས་ལོ་ ༢༥༦༧ ནས་ཡར་བརྩིས་ཏེ། སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པའི་ནང་གི་ལོ་རབས་ལྔ་བཅུའི་ནང་ཙམ་ནས། བཅོམ་ལྡན་འདས་ཀྱིས་མདོ་སྡེ་དགོངས་པ་ངེས་འགྲེལ་ལ་སོགས་པའི་ནང་དུ་སེམས་ཙམ་པའི་ལྟ་གྲུབ་རྣམས་གསུངས་ཡོད་པ་དཔོག་ཐུབ་པར་སྣང་ངོ་།།

བཞི་པ། མདོ་རྣམས་གསུང་སའི་ཡུལ་ངོས་འཛིན།

སངས་རྒྱས་ཀྱི་མདོ་ཕལ་ཆེ་བ་ཞིག་གནས་གང་དུ་གསུངས་པ་དེ་མདོ་སོ་སོའི་དབུར་གསལ་བས། ད་ལྟའི་ཆར་ང་ཚོས་གནས་འགའ་ཞིག་ངོས་འཛིན་ཐུབ་ནའང་། མང་པོ་ཞིག་ངོས་འཛིན་ཐུབ་ཀྱི་མེད། དེས་ན་འདིར་ཡང་གོང་གི་མདོ་བཞི་པོ་གནས་གང་དུ་གསུངས་ཡོད་མེད་དེ་མདོ་རང་གི་དབུར་ཇི་ལྟར་གསལ་ཚུལ་དང་། སྔོན་གྱི་ཆོས་འབྱུང་རྙིང་གྲས་རྣམས་ཀྱིས་ཇི་ལྟར་བཞེད་ཚུལ་བཅས་ཀྱི་སྒོ་ནས་ཞུ་བར་བྱ་སྟེ།

༡. མདོ་སྡེ་དགོངས་པ་ངེས་འགྲེལ་གསུང་སའི་གནས།

དེ་ལས་དང་པོ་མདོ་སྡེ་དགོངས་པ་ངེས་འགྲེལ་གནས་གང་དུ་གསུངས་ཚུལ་དེ་མདོ་རང་ནས་ཇི་ལྟར་གསལ་ཚུལ་དང་། བོད་ཀྱི་ཆོས་འབྱུང་རྙིང་གྲས་རྣམས་སུ་ཇི་ལྟར་གསུངས་ཚུལ་རིམ་བཞིན་དགོད་པར་བྱའོ།།

དེ་ཡང་མདོ་སྡེ་དགོངས་པ་ངེས་འགྲེལ་ལས།19 བཅོམ་ལྡན་འདས་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་ཤིན་ཏུ་མངའ་བ། གནས་ཀྱི་བྱེ་བྲག་ཤིན་ཏུ་རྣམ་པར་ཕྱེ་བ། ཞེས་པ་ནས། རིན་པོ་ཆེ་པད་མའི་རྒྱལ་པོ་ཆེན་པོ་ཡོན་ཏན་གྱི་ཚོགས་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པ་ན་བཞུགས་ཏེ། ཞེས་གསུངས་པས། མདོ་རང་གི་དགོངས་པ་ལྟར་ན། གསུང་སའི་གནས་ནི་རིན་པོ་ཆེ་པད་མའི་རྒྱལ་པོ་ཆེན་པོ་ཡོན་ཏན་གྱི་ཚོགས་མཐའ་ཡས་པ་བརྒྱན་པའི་བཀོད་པ་ལ་ཡིན་ཚུལ་གསུངས་འདུག

ཡང་བོད་ཀྱི་ཆོས་འབྱུང་རྙིང་གྲས་རྣམས་སུ་འདི་ལྟར་བཀོད་ཡོད་དེ། ལྡེའུ་ཡི་ཆོས་འབྱུང་«རྒྱ་བོད་ཆོས་འབྱུང་རྒྱས་པ་»ལས།20 དེ་ནས་ཐེག་པ་ཐུན་མོང་གི་རིགས་ཅན་ལ། ངེས་པ་དོན་གྱི་ཆོས་ཀྱི་འཁོར་ལོ་བདག་མེད་པའི་ཆོས་གསུངས་ཏེ། ཡུལ་ཡངས་པ་ཅན་ལ་སོགས་པར། དགུང་ལོ་བདུན་ཅུ་ནས་བརྒྱད་ཅུའི་བར་དུ་ངེས་པའི་དོན་གྱི་ཆོས་ཀྱི་བདག་མེད་པའི་ཆོས་གསུངས། འཁོར་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ལ་སོགས་པ་ལ། ཆོས་དགོངས་པ་ངེས་པའི་འགྲེལ་བ་ལ་སོགས་པའི་བདེན་པ་རྣམ་པར་བཞག་པའི་ཆོས་གསུངས་ཏེ། ཞེས་གསུངས་པ་དང་།

ཀུན་མཁྱེན་ཀློང་ཆེན་པས་མཛད་པར་གྲགས་པའི་«ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད་བསྟན་པ་གསལ་བར་བྱེད་པའི་ཉི་འོད་»ལས།21 དེ་ནས་བཀའ་གསུམ་པ་དོན་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ནི། རི་མ་ལ་ཡ་དང་། གྲོང་ཁྱེར་ཡངས་པ་ཅན་དང་། བུ་མོ་ཤེས་རབ་ཅན་གྱི་རྫིང་ངམ། ལང་ཀ་པུ་རི་ལ་སོགས་པ་རྣམས་སོ། །ཞེས་པ་ནས། ཆོས་ནི་མདོ་སྡེ་དགོངས་པ་ངེས་འགྲེལ་ལ་སོགས་པའི་བདེན་པ་རྣམ་པར་བཞག་པའི་ཆོས་གསུངས་ཏེ། ཞེས་གསུངས་པ་དང་། གཞན་ཡང་ཚལ་པ་ཀུན་དགའ་རྡོ་རྗེའི་དེབ་ཐེར་དམར་པོ་རུ་ཡང་བཀའ་མཐའ་མ་དེ་རི་བོ་མ་ལ་ཡ་དང་ཡངས་པ་ཅན་ལ་སོགས་པར་གསུངས་ཚུལ་བཀོད་ཡོད་དོ།།

ཁོ་བོ་སྒེར་གྱི་བསམ་ཚུལ་ལྟར་ན། མདོ་རང་གི་ནང་དུ་གནས་ཀྱི་ཁྱད་ཆོས་མང་པོ་གསུངས་ཤིང་། བོད་ཀྱི་ཆོས་འབྱུང་ཁག་ཏུ་གནས་ནི་ཡངས་པ་ཅན་སོགས་ཡིན་པར་གསལ་པོར་བཀོད་འདུག་པས། དོན་ལ་མདོ་རང་གི་ནང་བཀོད་པའི་གནས་ཀྱི་ཁྱད་ཆོས་མང་པོ་དེ་ཡང་ཡངས་པ་ཅན་སོགས་ཀྱི་ཁྱད་ཆོས་བརྗོད་པ་ཡིན་ཆོག་པས། དོན་ལ་འགལ་བ་མེད་པར་ཡང་སྣང་ངོ་།།

༢. ལང་ཀར་གཤེགས་པའི་མདོ་གསུང་སའི་གནས།

མདོ་འདི་གསུང་སའི་གནས་ནི་དེང་སང་ཤི་རིི་ལངྐ་རུ་གྲགས་པའི་རྒྱལ་ཁབ་དེའི་ནང་དུ་ཡིན་ཞིང་། དེའི་ནང་ནས་ཀྱང་རི་བོ་མ་ལ་ཡ་རུ་ཡིན་པར་མདོ་རང་གི་དབུར་གསལ་པོར་གསུངས་ཏེ། མདོ་དེ་ཉིད་ལས།22 བཅོམ་ལྡན་འདས་ལང་ཀའི་གྲོང་རྡལ་ན། རྒྱ་མཚོའི་རི་མ་ལ་ཡའི་རྩེ་མོ་རིན་པོ་ཆེ་རིགས་དང་། ཞེས་པ་ནས། བདག་མེད་པ་གཉིས་ཁོང་དུ་ཆུད་པར་རྟོགས་པའི་བྱང་ཆུབ་སེམས་དཔའ་དག་གི་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། ཞེས་པའི་བར་གྱིས་བསྟན་ཏོ།།

དེ་བཞིན་དུ་ཆོས་འབྱུང་ཁག་ཏུ་བཀའ་མཐའ་མ་དེ་ཡངས་པ་ཅན་དང། རི་མ་ལ་ཡ་སོགས་སུ་གསུངས་ཚུལ་བཀོད་ཡོད་པས། རི་མ་ལ་ཡ་རུ་གསུངས་པའི་མདོ་དེ་ལང་ཀར་གཤེགས་པའི་མདོ་འདི་འཇོག་དགོས་སྙམ་མོ། །འོན་ཀྱང་རི་མ་ལ་ཡ་ཞེས་པ་འདི་དེང་སང་ཡོངས་སུ་གྲགས་པའི་རི་བོ་མ་ལ་ཞེས་པའི་གནས་རི་དེ་ག་རང་ཡིན་མིན་ཐག་མ་ཆོད་དོ།།

༣. རྒྱན་སྟུག་པོ་བཀོད་པའི་མདོ་གསུང་སའི་གནས།

མདོ་འདི་གསུང་སའི་གནས་ནི། བདུད་འཇོམས་ཆོས་འབྱུང་དང་། གྲུབ་མཐའ་མཛོད་དུ་སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་ཚུལ་འཆད་པའི་སྐབས། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལ་སྟོན་པ་ཤཱཀྱ་ཐུབ་པ་ཐོག་མར་འོག་མིན་སྟུག་པོ་བཀོད་པའི་ཞིང་དུ་སངས་རྒྱས་ནས། དེའི་རྗེས་སུ་གནས་མཆོག་རྡོ་རྗེ་གདན་དུ་སངས་རྒྱས་ཚུལ་ཞིག་གསུངས་ཡོད་པས། དེའི་སྐབས་ཀྱི་འོག་མིན་སྟུག་པོ་བཀོད་པའི་ཞིང་ཞེས་པ་དེ་ཡིན་ཞིང་། དེ་ནི་གཟུགས་ཁམས་གནས་རིས་བཅུ་བདུན་ལས་འཕགས་པའི་གནས་གཙང་ལྔའི་ནང་གསེས་ཀྱི་འོག་མིན་ཞེས་པ་དེ་ཡིན་ཏེ། བདུད་འཇོམས་ཆོས་འབྱུང་དང་། གྲུབ་མཐའ་རིན་པོ་ཆེའི་མཛོད་ཀྱི་ནང་དུ་འོག་མིན་སྟུག་པོ་བཀོད་པའི་ཞིང་དེ་ནི་རྒྱན་སྟུག་པོ་བཀོད་པའི་ཞིང་ལ་ངོས་འཛིན་དགོས་པ་དེ་ཡང། རྒྱན་སྟུག་པོ་བཀོད་པའི་མདོའི་ཚིག་སྟེ། ཡང་དག་སངས་རྒྱས་བྱང་ཆུབ་ཏུ། །འཚང་རྒྱ་འོག་མིན་གནས་མཆོག་ཏུ། །སངས་རྒྱས་མ་གྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དེ། །དེ་དག་སྟུག་པོའི་ཞིང་གཤེགས་ནས། །ཞེས་པའི་མདོ་ཚིག་འདིས་བསྒྲུབས་ཤིང་། ཡང་སྐབས་འདིའི་རྒྱན་སྟུག་པོ་བཀོད་པའི་ཞིང་ཞེས་པ་དེ་ཡང་གཟུགས་ཁམས་གནས་རིས་བཅུ་བདུན་ལས་འཕགས་པའི་གནས་གཙང་ལྔའི་ནང་གསེས་ཀྱི་འོག་མིན་ལ་གོ་དགོས་པ་ཡང་མདོ་ལང་ཀར་གཤེགས་པའི་ཚིག་སྟེ། འདོད་པའི་ཁམས་དང་གཟུགས་མེད་དུ། །སངས་རྒྱས་མངོན་པར་སངས་མི་རྒྱ། །གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱེད་དེར་སངས་རྒྱ། །ཞེས་དང་། གཙང་མའི་རིས་དག་རྣམས་སྤངས་པའི། །འོག་མིན་སྟུག་པོ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ཞིག་འདིར་འཚང་རྒྱ། །ཞེས་པའི་ལུང་འདི་གཉིས་དྲངས་ནས་བསྒྲུབས་ཡོད་དོ།།

༤. མདོ་ཕལ་པོ་ཆེ་གསུང་སའི་གནས།

མདོ་འདིར་ལེའུ་ཞེ་ལྔ་ལྷག་ཙམ་ཡོད་པས། དེ་རྣམས་གསུང་སའི་གནས་ནི་ཡུལ་མ་ག་དྷ་དང་། མཉན་ཡོད་ལ་སོགས་པ་སྟེ་ལེའུ་སོ་སོའི་གསུང་སའི་གནས་ཀྱང་མི་འདྲ་ཞིང་། དེ་རྣམས་རེ་རེ་ནས་འདིར་རེ་ཞིག་འགོད་པར་མི་བཏུབ་པས་མདོ་རང་ལ་གཟིགས་པར་འཚལ་ལོ།།

མཇུག་གི་སྡོམ།

སེམས་ཙམ་སྟོན་པའི་མདོ་བཞི་པོའི་ནང་ནས། སེམས་ཙམ་པའི་ལྟ་གྲུབ་ཇི་ལྟར་གསལ་ཚུལ་དང་། མདོ་དེ་རྣམས་གསུང་བའི་དུས་དང་ཡུལ་བཅས་ཀྱི་སྐོར་ལ་རགས་རིམ་ཞིག་ཞུས་ཟིན་པས། དེ་ཡང་གཙོ་བོ་མདོ་རང་གི་ནང་དུ་ཇི་ལྟར་གསལ་བ་ལྟར་དང། སྔོན་གྱི་ཆོས་འབྱུང་རྙིང་གྲས་རྣམས་ལ་ཁུངས་བཅོལ་ནས་བྲིས་པ་ལས། དེ་མིན་རང་གི་རྣམ་རྟོག་དང་བསམ་ཚོད་ཙམ་གྱི་སྒོ་ནས་ཁུངས་ལུང་གང་ཡང་མེད་པར་འབྲི་བར་མི་བཏུབ་བོ། །འོན་ཀྱང་འདི་ལྟ་བུའི་རྩོམ་ཡིག་ཅིག་འབྲི་བ་ལ་དཔྱད་གཞིའི་ཡིག་ཆ་ཧ་ཅང་དཀོན་པས། ཁ་གསལ་གཏིང་གསལ་གྱི་སྒོ་ནས་ཞིབ་ཚགས་པོར་འབྲི་བ་ལའང་ཅུང་ཙམ་དཀའ་བའི་གནས་སུ་མཐོང་ངོ་།།


  1. བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་ ༢༨ པར་གསལ།
  2. བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་ ༣༡ པར་གསལ།
  3. བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་ ༣༢ ནས་ ༣༣ བར་དུ་གསལ།
  4. བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་ ༢༠༣ ནས་ ༢༠༤ བར་དུ་གསལ།
  5. བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་ ༣༦༠ པར་གསལ།
  6. བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་ ༤༣༤ པར་གསལ།
  7. བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་ ༤༣༥ པར་གསལ།
  8. བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༥༠ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་ ༣༥ པར་གསལ།
  9. བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༥༠ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་ ༣༦ པར་གསལ།
  10. བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༥༠ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་ ༤༩ པར་གསལ།
  11. བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༥༠ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་ ༩༢ པར་གསལ།
  12. བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༥༠ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་ ༩༦ པར་གསལ།
  13. བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༥༠ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་ ༩༩ པར་གསལ།
  14. བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༣༦ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་ ༤༧༡ པར་གསལ།
  15. བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༣༧ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་ ༣༧༨ པར་གསལ།
  16. བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་པར་མ། བོད་ཀྱི་གཙུག་ལག་གཅེས་བཏུས་པོད་ཕྲེང་། ༣༢ ཤོག་ངོས་ ༥༧ ནས་ ༥༨ བར་དུ་གསལ།
  17. བོད་ལྗོངས་ཡིག་རྙིང་དཔེ་རྙིང་དཔེ་སྐྲུན་ཁང་གི་པར་མ། དེབ་གཟུགས། ཤོག་ངོས་ ༡༡༥ པར་གསལ།
  18. དཔལ་བརྩེགས་པར་མ་བསྐྱར་དཔར་མ། ཀུན་མཁྱེན་ཀློང་ཆེན་པའི་གསུང་འབུམ། དེབ་ཕྲེང་ ༡༥ ཤོག་ངོས་ ༡༤ པར་གསལ།
  19. བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་ ༣ ནས་ ༤ བར་དུ་གསལ།
  20. བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་པར་མ། བོད་ཀྱི་གཙུག་ལག་གཅེས་བཏུས་པོད་ཕྲེང་། ༣༢ ཤོག་ངོས་ ༥༧ ནས་ ༥༨ བར་དུ་གསལ།
  21. བོད་ལྗོངས་ཡིག་རྙིང་དཔེ་རྙིང་དཔེ་སྐྲུན་ཁང་གི་པར་མ། དེབ་གཟུགས། ཤོག་ངོས་ ༡༡༥ པར་གསལ།
  22. བཀའ་འགྱུར་དཔེ་བསྡུར་མ། དེབ་ཕྲེང་ ༤༩ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་ ༡༤༡ ནས་ ༡༤༢ བར་དུ་གསལ།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།