ལུང༌དང༌རིགས༌པའི༌འགྲོས༌ཡོད༌ན༌དབུ༌མའི༌ཐང༌ལ༌ཟད༌མཐའ༌མེད།

ལོ་རིམ་དྲུག་པའི་སློབ་གཉེར་བ། ཨོ་རྒྱན་བསྟན་འཛིན།

ལུག༌རྫི༌རྒན༌པོའི༌ཚོགས༌དྲུག༌ངོར༎
སྣང༌བའི༌གཟུགས༌སོགས༌ལིང༌ལིང༌བར༎
མཁས༌རྣམས༌རྩོད༌པ༌མང༌ལུགས༌འདིར༎
སྣང༌བ༌འདི༌ལ༌གནད༌གཅིག༌མཆིས།།

བཅུ༌ཕྲག༌རིག༌པའི༌བང༌མཛོད༌ནང༌༎
ཤེས༌བྱའི༌གནས༌ལ༌རྫོགས༌མཐའ༌མེད༎
འོན༌ཀྱང༌བདེན༌གཉིས༌རོ༌མཉམ༌པར༎
དེ༌ཉིད༌ཤེས༌རྒྱུ༌ཀུན༌ལས༌གཙོ༎

ཡང༌དག༌གནས༌ལུགས༌མཐོང༌བའི༌གེགས༎
ཕྲ༌རགས༌ཉོན༌མོངས༌མཐའ༌མེད༌ཀྱང༌༎
བདེན༌གཉིས༌སོ༌སོར༌འཛིན༌པ༌ཡིས༎
ཞེན༌བློ༌ཟློག༌པ༌ཀུན༌ལས༌དཀའ༎

དཔལ༌ལྡན༌ཟླ༌བ༌གྲགས༌པ༌ཡིས༎
དེའི༌ཚུལ༌མཁྱེན༌ནས༌རང༌རྒྱུད༌མན༎
ཕྱི༌ནང༌གྲུབ༌མཐའི༌ལོག༌རྟོག༌ཀུན༎
ལུང༌རིགས༌རྡོ༌རྗེའི༌ཐོག༌མདས༌གཏོར༎

རང༌རྒྱུད༌བདེན༌གཉིས༌སོ༌སོར༌བར༎
ཞེན༌པའི༌འཛིན༌སྟངས༌ཕྲ༌མོ༌དེ༎
ཐལ༌འགྱུར༌ཐུན༌མིན༌དགག༌བྱ༌ལས༎
མ༌འདས༌རིགས༌ཆེན༌གསུམ༌གྱིས༌བཀག།

དེས༌ན༌དབུ༌མ༌ཐལ༌རང༌གཉིས༎
རྣམ༌པ༌ཀུན༌ཏུ༌འགལ༌མིན༌པར༎
མཐུན༌པའི༌ཆ༌དང༌མི༌མཐུན༌པའི༎
ཚུལ༌གཉིས༌བཟུང༌ན༌ཕྱོགས༌ལྷུང༌བྲལ༎

འོ༌ན༌མཁན༌ཆེན༌ཞི༌བ༌འཚོ༎
ཐལ༌འགྱུར༌ལྟ༌བར༌མི༌གནས༌སམ༎
སྤྲོས༌བྲལ༌གཏན༌འབེབས༌མི༌ནུས༌སོགས༎
རྣམ༌རྟོག༌དྲི༌ཚོགས༌སྤུངས༌ན༌དེར༎

བདེན༌སྟོང༌མེད༌དགག༌ཙམ༌པོ༌བའི༎
རང༌རྒྱུད༌ལྟ༌བ༌ཁོ༌ན༌ལ༎
གནས༌ན༌དེ༌ལྟར༌ཡིན༌མོད༌ཀྱི༎
མཁན༌པོའི༌གཞུང༌བཟང༌དབུ༌མ༌རྒྱན༎

མི༌ཕམ༌བླ༌མའི༌འགྲེལ༌ཆེན༌ལས༎
ལེགས༌པར༌མཇལ༌ན༌མཁན༌པོ༌ཉིད༎
ཐ༌སྙད༌རང༌རྒྱུད༌ཚུལ༌ཙམ༌ལས༎
དོན༌དུ༌ཐལ༌འགྱུར༌བཙན༌ས༌ཟིན༎

ཞེས༌གསུངས༌དྲི༌མེད༌ཚད༌མ༌དང༌༎
གང༌གིས༌སྤྲོས༌པ༌གཅོད༌ཚུལ༌ལ༎
དཔྱད༌ན༌དེ༌ལྟར༌དོན༌གནས༌པས༎
ཀུན༌རྟོག༌མ༌ལུས༌ཞིག༌པར༌འགྱུར༎

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།