༸གྲུབ་དབང་ཡིད་བཞིན་ནོར་བུར་བསྟོད་གླུ།

ལོ་རིམ་བརྒྱད་པའི་སློབ་གཉེར་བ། པདྨ་རྒྱ་མཚོ།

གདོད་མའི་མགོན་པོ་ཀུན་ཏུ་བཟང་དང་དགོངས་པ་དབྱེར་མེད་ཆུབ་ཟིན་ཀྱང་།།
སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ་བར་སྤྲུལ་པའི་གར་གྱི་རྣམ་རོལ་བ།།
མཁས་བཙུན་བཟང་པོའི་དཔལ་ཡོན་མངའ་བ་དབང་ལུང་མན་ངག་བདག་པོ་མཆོག།།
སངས་རྒྱས་ཀུན་ལས་བཀའ་དྲིན་ལྷག་པ་༸གྲུབ་དབང་བླ་མའི་ཞབས་པད་འདུད།།

གང་གི་ཞལ་བཟང་མཇལ་བའི་མོད་ལ་ལུས་སེམས་དགའ་བ་འབུམ་གྱིས་ཁེངས།།
རྒྱལ་བའི་བསྟན་དང་འགྲོ་བའི་དོན་དུ་དཀའ་སྤྱད་བྱེད་པའི་སྙིང་རུས་འཕར།།
བསྟན་འགྲོའི་དོན་ལས་འཇིག་རྟེན་ཆོས་བརྒྱད་ཐལ་བ་བཞིན་དུ་བོར་མཛད་པ།།
རྒྱལ་སྲས་ཆེན་པོ་འདི་ཕྱིའི་སྐྱབས་གནས་༸གྲུབ་དབང་བླ་མ་གཙུག་ན་རྒྱལ།།

རྒྱལ་བསྟན་ཉི་མ་ནུབ་རིར་ཆས་ནས་གངས་ལྗོངས་མུན་པས་བསྒྲིབས་པའི་ཚེ།།
དུས་ཀྱི་རྒུད་པ་མཐའ་དག་བཅོམ་ནས་ཐུབ་བསྟན་རྒྱལ་མཚན་སྤོ་ལ་འཕྱར།།
གངས་དཀར་རྩེ་ནས་རྒྱ་མཚོའི་མཐའ་བར་ཁྱབ་པའི་སློབ་མ་སྐར་ཚོགས་བསྐྲུན།།
འཁོར་བའི་འདམ་ནས་འགྲོ་བ་འདྲེན་པའི་དེད་དཔོན་ཆེན་པོ་ཁྱེད་ཉིད་ཙམ།།

གཞན་དོན་དཀའ་སྤྱད་ཁུར་དུ་ཁྱེར་བར་མགོན་ཁྱོད་དགའ་དགུ་བྱེད་དོན་ཅི།།
འཁོར་བའི་བཙོན་དོང་ཡང་ཡང་བྱོན་པ་སངས་རྒྱས་ཞིང་ཁམས་མི་སྤྲོའམ།།
ཐ་མལ་བཅོས་མིན་ཚུལ་བཟུང་ཙམ་ལས་ང་ཆེ་ང་བཙན་མེད་དོན་གང།།
སྐྱབས་གཅིག་ཁྱེད་ཀྱི་རྣམ་ཐར་ཟབ་མོ་སོ་སོ་རང་རིག་སྤྱོད་ཡུལ་ལོ།།

བདག་སོགས་སློབ་འབངས་འདི་ནས་བཟུང་སྟེ་བྱང་ཆུབ་གོ་འཕང་མ་ཐོབ་བར།།
ཁྱེད་ཀྱི་ཞབས་ཀྱི་རྗེས་སུ་བསྙེགས་ནས་སྨིན་གྲོལ་གདམས་ངག་བདུད་རྩི་སོགས།།
མ་ལུས་རྙེད་ནས་མྱུར་བ་ཉིད་དུ་དཔག་མེད་གཞན་དོན་བྱེད་པ་ལ།།
ཁྱེད་རང་ལྟ་བུར་བྱིན་གྱིས་རློབས་ཤིག་དྲིན་གྱིས་ལྕི་བའི་ཡབ་གཅིག་ལགས།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།