ལོ་རིམ་བཞི་པའི་སློབ་གཉེར་བ། དཀོན་མཆོག་ཚེ་རིང་།
དཀར་མཛེས་ཁ་བས་བཀླུབས་པའི་གངས་འདབས་ཤིག་ན།།
སྣང་བའི་འོད་གོང་ཟླུམ་པོའི་གཟུགས་སུ་རོལ་ནས།།
སྨག་མུན་རབ་རིབ་ཁྲོད་ཀྱི་དམུས་ལོང་དག་ལ།།
མཁྱེན་གཉིས་འོད་དཀར་འབྱེད་མཛད་བླ་མ་མཁྱེན་ནོ།།
སྔོན་དུས་བྱིས་ཆུང་ཡིད་ཀྱི་མེ་ལོང་ངོས་སུ།།
ཁྱེད་ནི་ཆོས་ལ་མོས་པའི་བླ་རྒན་ཙམ་ཞིག།
རྣམ་ཐར་དད་པའི་ས་བོན་ཡིད་ལ་མཇལ་དུས།།
དང་སེམས་གཡུ་ལོའི་མེ་ཏོག་ངང་གིས་བརྟས་བྱུང་།།
གཞུང་ལུགས་ཆུ་གཏེར་ཟབ་མོ་ཡིད་ལ་བཅངས་ཏེ།།
ཉམས་ལེན་གནས་ལུགས་ཕྲ་མོའི་ཉིང་ཁུ་འཐུ་མཛད།།
ཡང་ཟབ་བླ་མེད་མཆོག་གི་རྡོ་རྗེ་ཐོགས་པའི།།
སངས་རྒྱས་གཉིས་པའི་གཉིས་པ་ཁྱེད་རང་ཡིན་སོང་།།
བྱམས་བརྩེའི་འཛུམ་ཞལ་དྭངས་མས་ལམ་སྣ་དྲངས་ཏེ།།
དད་ལྡན་ཡུལ་མི་སྐྱ་བོའི་འདུས་སྡེ་ཚོགས་ལ།།
ཐར་ལམ་རྨུ་ཐག་སེར་པོ་ལག་ཏུ་གཏད་དེ།།
ལྷ་ཆོས་གད་རྒྱངས་སྒྲོག་པའི་སྣང་ཚུལ་དྲན་བྱུང་།།
སྐལ་ལྡན་བུང་བ་རྒན་པོའི་ཡིད་ཀྱི་དཔལ་དུ།།
ཕྱག་རྟེན་མེ་ཏོག་སྣ་བརྒྱའི་བརྗིད་ཆགས་ལྡུམ་ར།།
ཁ་བའི་རི་སུལ་ངོས་ཀྱི་འདབ་མ་རེ་ལ།།
ངོ་མཚར་རྨད་དུ་བྱུང་བའི་རྐང་རྗེས་བཞག་ཡོད།།
གསེར་ཞལ་ནུབ་ཏུ་བཞུད་པ་དངོས་པོའི་ཆོས་ཉིད།།
འོད་ཟེར་ཤར་ནས་འཕྲོ་བ་ཉི་མའི་རང་བཞིན།།
ཡང་སྤྲུལ་ཉིན་བྱེད་གཞོན་ནུ་མགྱོགས་ནས་མྱུར་དུ།།
གངས་ཅན་དོལ་པོའི་ཡུལ་ལ་འཛུམ་གྱིས་འཆར་རོགས།།
༡༠/༠༥/༢༠༢༤
