གཞི་རྒྱུད་ཀྱི་སྐོར་ལ་རོབ་ཙམ་བརྟག་པ་བློ་གསར་དགའ་བའི་གཏམ།

ལོ་རིམ་བརྒྱད་པའི་སློབ་གཉེར་བ། ཆོས་དབྱིངས་བླ་མ།

གཞན་ཕན་དོན་ལ་འཛེམ་བག་མེད་པར་རང་དོན་དོར་བའི་སྐྱེས་ཆེན་ཏེ།།
དགྲ་གཉེན་མི་ཤེས་ཀུན་ལ་བྱམས་དང་བརྩེ་བ་གནང་མཁན་བླ་མ་ཞིག།།
ཆོས་བརྒྱད་བྲལ་ནས་བརྩོན་པ་ཆེན་པོས་འགྲོ་བའི་ཚོགས་ལ་དམ་ཆོས་སྦྱིན།།
རྒྱལ་བའི་རིང་ལུགས་འཛིན་ལ་མཁས་པ་དྲིན་ཆེན་བླ་མར་གུས་པས་འདུད།།

ཅེས་དྲིན་ཆེན་བླ་མ་རྣམས་ལ་མཆོད་བརྗོད་དང་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་གང་ཞིག་གླེང་བར་བྱ་བ་དམ་པའི་ཆོས་ཀྱི་རིམ་པ་ནི། རྩ་རྒྱུད་གསང་བ་སྙིང་པོའི་ལེའུ་གཉིས་པར།1བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །ཞེས་གསུངས་པ་ལས་འཕྲོས་ཏེ་གཞི་རྒྱུད་སྐོར་ཡིན་ལ། དེ་ཡང་ཀུན་མཁྱེན་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པས་2གསུངས་པ་ལྟར། སྙིགས་མའི་དུས་འདིར་གསང་བ་སྔགས་ཀྱི་ལམ་ལ་ཉམས་བཞེས་གནང་མཁན་རྣམས་ཀྱིས། གཞི་ལམ་འབྲས་བུའི་གནད་ལ་རྨོངས་པའི་ལྟ་བ་ཕྱོགས་འཛིན་གྱིས་བློས་སྔགས་རྒྱུད་ཟབ་པ་དང་རྒྱ་ཆེ་བའི་དོན་རྣམས་ཇི་བཞིན་དུ་ཤེས་པ་ནི་ཉིན་མོའི་སྐར་མ་ཙམ་རེད། ཅེས་པ་ལྟར་བདག་འདྲ་བློ་དམན་པ་དག་གི་སྤྱོད་ཡུལ་མིན་པ་དང་། ཀ་དག་དང་ལྷུན་གྲུབ་ཟུང་འཇུག་འོད་གསལ་རྫོགས་པ་ཆེན་པོའི་གནད་འདི་ཉིད་རྟོག་དཔྱོད་ཀྱི་དཔེ་དང་སྨྲ་བརྗོད་ཀྱི་ཚིག་གིས་མི་མཚོན་ན་ཡང་། ཀུན་མཁྱེན་དམ་པ་རྣམས་ཀྱི་གཞུང་བཟང་ཡིད་བཞིན་ནོར་བུའི་ཁུངས་ལུང་མན་ངག་རྣམས་ལ་བློ་བཅོལ་ནས་རང་ནུས་ཅི་ལྕོགས་ཀྱིས་བྲི་བར་བྱ་སྟེ། རྒྱུད་ཉི་ཟླ་ཁ་སྦྱོར་ལས།3ང་ཡི་རྒྱུད་འདི་སུས་བཟུང་བ། །འཇིག་རྟེན་ཕན་པའི་འབྲས་བུ་དང་། །ངེས་པར་སྣང་བའི་ས་ཐོབ་སྟེ། །སྐུ་གསུམ་ལ་ཡང་ལོངས་སྤྱོད་དོ། །ཞེས་གསུངས་པ་དང་མཐུན་པར་བདག་གཞན་སེམས་ཅན་རྣམས་ལ་ཐར་པའི་ས་བོན་འཐོབ་པའི་སླད་དུ་སྐབས་འདིར་རྩ་བའི་ས་བཅད་དྲུག་གི་སྒོ་ནས་རིམ་བཞིན་གླེང་བར་བྱ་སྟེ།

དང་པོ། གཞི་རྒྱུད་ཀྱི་དོན་ཤེས་པའི་ཕན་ཡོན

འཁོར་བ་དང་མྱང་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྒྱུ་གང་ལས་བྱུང་བ་ཤེས་ནུས་པ་དང་། ཁམས་གསུམ་སེམས་ཅན་ཀུན་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་གཞི་རྒྱུད་ཀྱི་དོན་ཇི་ལྟ་བ་བཞིན་དུ་ངོ་མ་ཤེས་ནས་འཁོར་བར་ཇི་ལྟར་འཁྱམས་ཚུལ། མ་ཟད་ཤིན་ཏུ་ཟབ་མོའི་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་དེ་ཉིད་ངོ་ཤེས་ནས་ཆོས་སྐུའི་ཀློང་དུ་ཇི་ལྟར་གྲོལ་ཚུལ་གྱི་གནད་རྣམས་ཤེས་པའི་དགོས་པ་ཡོད། དེ་ལྟར་ཡང་ཚིག་དོན་མཛོད་ལས།4འོན་ཀྱང་རང་ངོ་ཤེས་པའི་གྲོལ་རྐྱེན་བྱེད་པའི་ཆ་ནས་གྲོལ་གཞི་ཞེས་བཏགས་ལ། མ་ཤེས་ན་འཁྲུལ་རྐྱེན་བྱེད་པའི་ཆ་ནས་འཁྲུལ་གཞི་ཞེས་བཏགས་པ་ཡིན་ནོ། །ཞེས་དང་མདོ་ཏིང་འཛིན་རྒྱལ་པོ་ལས།5ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང་། །བྱུང་ནས་ཞིག་སྟེ་འཇིག་རྟེན་ཁམས་འདི་མེད། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཐོག་མ་གང་ལས་བྱུང་བ་བརྟག་པར་བགྱི། །ཞེས་གསུངས་སོ།།

གཞན་ཡང་གཞིའི་གནས་ལུགས་ཕྱིན་ཅི་མ་ལོག་པར་ཇི་ལྟ་བ་བཞིན་ཤེས་ན། ཉན་རང་ལ་སོགས་པའི་ལམ་ངན་ལས་མི་གོལ་བ་དང་། ངེས་པ་དོན་གྱི་མདོ་རྒྱུད་ཀུན་ལ་ལྟ་བའི་མིག་མཆོག་ཐོབ་ནས་དེ་དག་གི་དོན་ལ་མཁས་པར་འགྱུར་བ་ཡིན། དེ་ཡང་ཡིད་བཞིན་མཛོད་ལས།6ཡང་ཟབ་ལྟ་བའི་མཐར་ཐུག་འདི་ཤེས་པས། །གོལ་སྒྲིབ་ལས་གྲོལ་རྟག་ཆད་ཀུན་དང་བྲལ། །སྒྲུབ་པ་དོན་ཡོད་མྱུར་དུ་འཚང་རྒྱ་ཞིང་། །མདོ་རྒྱུད་ཀུན་ལ་ལྟ་བའི་མིག་དང་ལྡན། །དེ་ཕྱིར་གནས་ལུགས་འོད་གསལ་མཁྱེན་པར་མཛོད། །ཅེས་དང་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པས།7སྙིགས་མའི་དུས་ན་རྫོགས་ཆེན་སྒོམ་པ་རྣམས། །གཞི་ལམ་འབྲས་བུའི་གནད་ལ་རྨོངས་གྱུར་བས། །འདོད་ཁའི་ལྟ་སྒོམ་མཐོན་པོ་ཕྱོགས་འཛིན་པས། །ཡིད་དཔྱོད་སྒྲོག་ལས་གྲོལ་བ་ཉིན་སྐར་ཙམ། །ཞེས་གསུངས་པ་ལྟར་གཞི་ལམ་འབྲས་བུའི་གནད་ལ་མི་རྨོངས་པ་དང་ཆོས་ཐམས་ཅད་གང་ལས་བྱུང་བ་ཡིན་པ་ཤེས་པའི་ཁེ་ཕན་ཡོད། གསང་སྙིང་མཛོད་ཀྱི་ལྡེ་མིག་ལས།8ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་གཞི། ཞེས་དང་། དེ་ཉིད་ལས།9 ཏིལ་ལ་མར་ཡོད་པར་ཤེས་ན་བཏག་བཙག་གི་ངལ་བ་ལ་མི་འཛེམ་པར་ཞུགས་ནས་མར་འཐོབ་པ་བཞིན་དུ་རང་རྒྱུད་ལ་སངས་རྒྱས་ཀྱི་བསྒྲུབ་གཞི་མཐར་ཐུག་ཡོད་ཚུལ་དང་། དེའི་ཁྱད་ཆོས་ལེགས་པར་ཤེས་ན་དེ་ཉིད་ཤིན་ཏུ་རྣམ་དག་འབྲས་བུའི་གནས་སྐབས་དང་རྣམ་པ་མཐུན་པར་ལམ་དུ་བྱས་ནས་ཡར་ལྡན་དུ་འཁྱེར་བའི་ཐབས་མཁས་ཀྱི་གནད་ལ་ངེས་པ་རྙེད་ནས་བརྩོན་པས་སྒྲུབ་ནུས་ཤིང་། དེས་མཐར་ཐུག་གི་འབྲས་བུ་འགྲུབ་པའི་ཕྱིར་རོ། །ཞེས་དང་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས།10དེ་ལྟར་རྟོགས་ན་ཆོས་འདི་དག་རྟེན་འབྲེལ་གྱི་སྣང་བ་བསླུ་མེད་ཙམ་ལས། བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་མ་བྱུང་བས་མ་སྐྱེས་པ། དུས་དང་དབང་ཕྱུག་སོགས་བྱེད་པོས་མ་བྱས་པ། སྲོག་དང་གང་ཟག་དང་བྱེད་པ་པོ་དང་བདག་དང་ཆོས་ཀྱི་ངོ་བོ་མེད་པ། གསོག་དང་གསོབ་དང་རང་བཞིན་མེད་པར་ཤེས་ནས། བདག་སྔོན་དང་ད་ལྟ་ཕྱི་མར་ཇི་ལྟར་གྱུར་པའི་མཐའ་ལ་རྟོག་པ་སོགས་ཀྱི་གཡོ་བ་དང་བྲལ་ཏེ་ཕྱིས་མི་སྐྱེ་བར་བྱེད་པའི་བཟོད་པ་དང་ལྡན་པ་དེ་ལ་སངས་རྒྱས་རྣམས་ཀྱིས་བླ་མེད་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་ཀྱི་འབྱུང་གནས་གང་ལས་བྱུང་བའི་གནད་དང་། རང་རྒྱུད་ལ་སངས་རྒྱས་ཀྱི་བསྒྲུབ་གཞི་མཐར་ཐུག་ཡོད་ཚུལ་རྣམས་ཤེས་ནུས་པའི་དགོས་པ་ཡོད་དོ།།

གཉིས་པ། བཀའ་བསྟན་དག་ལས་གཞི་རྒྱུད་ཀྱི་ངོ་བོ་འཇོག་ཚུལ་དང་། དེའི་འཕྲོས་དོན་འགའ་ཞིག་བཤད་པ་གཉིས་ལས། དང་པོ་ནི།

རྩ་རྒྱུད་གསང་སྙིང་ལེའུ་གཉིས་པར།11བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། ཞེས་གསུངས། སྤྱི་དོན་འོད་གསལ་སྙིང་པོ་ལས།12འདི་ལྟར་སྣང་སྲིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་དག་ཅིང་། མཚན་མ་མཐའ་དག་དང་བྲལ་བས་ན་སོ་སོར་རིས་སུ་མ་ཆད་པར་མཉམ་པ་ཉིད་ཆེན་པོར་སངས་རྒྱས་པ་ནི་གཞི་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཞེས་བྱའོ། །གསང་སྙིང་སྤྱི་དོན་མཛོད་ཀྱི་ལྡེ་མིག་ལས།13ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་གཞི་རྒྱུད་ཀྱི་མཚན་ཉིད་དོ། །དེ་ལ་ཡང་གཙོ་བོའི་དོན་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་དང་། ཞར་བྱུང་འཁྲུལ་པ་བཏགས་པའི་གཞི་སྟེ་གཉིས་ལས། དང་པོ་ནི། གསང་བདག་དགོངས་རྒྱན་ལས།14བཅིངས་གྲོལ་མེད་པའི་གནས་ལུགས་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་བློའི་སྤྱོད་ཡུལ་དང་བྲལ་བར་ཡེ་ནས་གནས་པ། ཞེས་དང་། སྤྱི་དོན་འོད་གསལ་སྙིང་པོ་ལས།15གཉིས་ཆོས་ཀྱི་ཚུལ་ཀུན་དང་བྲལ་བས་ན་རྒྱ་ཆད་ཕྱོགས་ལྷུང་མེད་པ་དང་བདེན་པ་གཉིས་དབྱེར་མེད་པའི་རང་བཞིན་དུ་བཞུགས་པ་ནི་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་ཞེས་བྱ། ཞེས་དང་། རྒྱུད་སྒྱུ་འཕྲུལ་དྲྭ་བ་ཆེན་པོ་ལས།16ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང་། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིངས་མེད་དེ། །བཅིང་བར་བྱ་བ་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་འདོར། །ཞེས་པ་ལྟར་རོ། །ཡང་ཀློང་དྲུག་པ་ལས།17ཐོག་མ་བབས་ཀྱི་གྲུབ་པའི་གཞི།  །ཡོད་ནི་གཅིག་ལས་མེད་པ་ལ། །འཁྲུལ་བར་སྣང་བའི་ཕྱོགས་དག་ནས། །རྟོག་ཚོགས་རྣམས་ཀྱི་གཏན་ཕབ་ན། །རིམ་པ་བདུན་གྱི་ཚུལ་དུ་གནས། ཞེས་དང་། ཁྱུང་ཆེན་ལས།18བརྟགས་ན་མེད་ལ་བཞག་ན་ལེགས་པ་འབྱུང་བ་ཆེ། །མངོན་སུམ་མི་སྣང་ཆགས་པས་ཆ་ལུགས་ཀུན་ལ་སྟོན། །བདག་དང་གཞན་དུ་བྲལ་བའི་སྟོན་མཁན་རིན་ཆེན་མཛོད། །ཅེས་སོ།།

གཉིས་པ་འཁྲུལ་པ་བཏགས་པའི་གཞི་ནི། ཡིད་བཞིན་མཛོད་ལས།19ཐོག་མའི་འོད་གསལ་བདེ་གཤེགས་སྙིང་པོ་ཉིད། །དོན་གྱི་ཀུན་གཞི་རང་བཞིན་འདུས་མ་བྱས། །ཡེ་ནས་རྣམ་དག་ཉི་མཁའ་ལྟ་བུ་ལས། །མ་རིག་ཀུན་བརྟགས་གློ་བུར་སྒྲིབ་པའི་སྤྲིན། །གཟུང་འཛིན་འཁྲུལ་པའི་བག་ལ་ཉལ་ལངས་པས། །ཡུལ་དང་དོན་དང་ལུས་སུ་བག་ཆགས་ཏེ། །རིག་པའི་རང་བཞིན་འོད་གསལ་སྙིང་པོ་བསྒྲིབ། ཞེས་གསུངས། གསང་སྙིང་སྤྱི་དོན་མཛོད་ཀྱི་ལྡེ་མིག་ལས།20གནས་ལུགས་ཀྱི་རང་ཞལ་འགེབས་ཤིང་སྒྲིབ་པར་བྱེད་པའི་ཞེན་སྣང་ནི་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་ནས་འཁོར་བ་ཕྲ་རགས་ཀྱི་རྟེན་དུ་གྱུར་པས་འཁྲུལ་པ་བཏགས་པའི་གཞི་ཞེས་བྱའོ། །སྤྱི་དོན་འོད་གསལ་སྙིང་པོ་ལས།21གཞི་དེ་ཉིད་ཇི་ལྟ་བ་བཞིན་དུ་མ་རྟོགས་པར་འཁྲུལ་པ་གློ་བུར་བས་བསླད་ནས་ཕྱིན་ཅི་ལོག་ཏུ་སྣང་ཞིང་ཞེན་པ་ལ་འཁྲུལ་པ་བཏགས་པའི་གཞི་ཞེས་གསུངས་སོ།།

གཉིས་པ་དེ་ལས་འཕྲོས་ནས་ཐོག་མའི་གཞིའི་སྐོར་ཅུང་ཟད་གླེང་བ། དེ་ཡང་རྫོགས་ཆེན་སྙིང་གི་མེ་ལོང་ལས།22 གཞིའི་ཆོས་ཐམས་ཅད་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་ཤེས་པར་གྱིས་ཤིག དེ་ཡང་ངོ་བོའི་ཆོས་ཐམས་ཅད་སྟོང་པར་ཤེས་པར་གྱིས་ཤིག རང་བཞིན་གྱི་ཆོས་ཐམས་ཅད་གསལ་བར་ཤེས་པར་གྱིས་ཤིག ཐུགས་རྗེའི་ཆོས་ཐམས་ཅད་ཀུན་ཁྱབ་པར་ཤེས་པར་གྱིས་ཤིག ཅེས་གསུངས་པ་ལྟར་གཞི་རང་གི་ངོ་བོ་ལ་འཁོར་བ་མྱང་འདས་བླང་དོར་ལ་སོགས་མཚན་མ་མཐའ་དག་མེད་པ་རྟག་པའི་མཐའ་ལས་གྲོལ་བ་ངོ་བོ་སྟོང་པ་ཡིན་པ་དང་། ངོ་བོ་ཀ་ནས་དག་ཀྱང་རང་བཞིན་ལ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་གནས་པས་ཆད་མཐའ་ལས་གྲོལ་བ་རང་བཞིན་འོད་གསལ་བ་དང་། ཐུགས་རྗེ་རྣམ་པར་མི་རྟོག་པའི་ཡེ་ཤེས་རང་བཞིན་མཁྱེན་ཆ་མ་འགག་པར་མཚན་ཉིད་ལྔ་ལྡན་དུ་བཞུགས་པ། རང་བཞིན་ཤུགས་ཀྱིས་སེམས་ཅན་གྱི་ཁམས་རྗེས་སུ་བཟུང་བས་གཉིས་ཀའི་མཐའ་ལས་གྲོལ་བ་ཐུགས་རྗེ་སྤྲུལ་པའི་སྐུའོ། །དེ་ལྟར་ཡང་ཐལ་འགྱུར་ལས།23ཐོག་མའི་ངོ་བོ་རང་བཞིན་དང་། །ཐུགས་རྗེ་རྣམ་པ་གསུམ་དུ་གནས། །དེ་ཡང་ངོ་བོ་སྐུར་གནས་པ། །ཆོས་དང་ལོངས་སྤྱོད་སྤྲུལ་པའི་ཆར། །མ་ཕྱེ་འབྱེད་པ་མེད་པའི་ཚུལ། །ཞེས་དང་། ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པས།24 གཞི་ཡི་ཆོས་ཉིད་ཀྱང་། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་རྫོགས། ཞེས་དང་། སྨོན་ལམ་སྟོབས་པོ་ཆེ་ལས།25ཀུན་གྱི་གཞི་ནི་འདུས་མ་བྱས། །རང་བྱུང་ཀློང་ཡངས་བརྗོད་དུ་མེད། །འཁོར་འདས་གཉིས་ཀའི་མིང་མེད་དོ། །དེ་ཉིད་རིག་ན་སངས་རྒྱས་ཏེ། །མ་རིག་སེམས་ཅན་འཁོར་བར་འཁྱམས། །ཞེས་དང་། དེ་ཉིད་ལས། ལྷན་ཅིག་ཀུན་བཏགས་མ་རིག་གཉིས། །སེམས་ཅན་ཀུན་གྱི་འཁྲུལ་གཞི་ཡིན། །ཞེས་གསུངས་སོ།།

དེ་དང་གཞིའི་འོད་གསལ་མངོན་དུ་འགྱུར་པའི་དུས་ནི། གཞིའི་སྐབས་སུ་ནི། ཡེ་ཤེས་དེས་གང་ཞིག་གསལ་ན་རང་ཡུལ་ཐུན་མིན་དབྱིངས་གསལ་བ་ལས་མི་གཡོ་ཡང༌། དབྱིངས་ཀྱི་ཕྱོགས་དེ་རྒྱ་ཆུང་བའི་ཚུལ་གྱིས་གསལ་བ་ཙམ་ལས་ཕྱོགས་ཐམས་ཅད་ནས་ཐམས་ཅད་དུ་གསལ་བ་མིན་ཏེ། ཡེ་ཤེས་དེ་དང་འདུ་འབྲལ་མེད་པའི་ཡེ་རླུང་ཕྲ་བ་དེ་ཐོག་མེད་ཀྱི་བག་ཆགས་མཐུག་པོས་བསླད་དེ་ལས་རླུང་རགས་པར་མཆེད་པའི་སྐབས་ཡིན་པའི་ཕྱིར། གཉིད་དང༌། བརྒྱལ་བ་དང༌། སྙོམས་འཇུག་གི་སྐབས་རྣམས་སུ་སྲབ་མོའི་ཚུལ་གྱིས་མངོན་དུ་གྱུར་པ་ཡོད་མོད། ཇི་བཞིན་ཤར་བ་ནི་འཆི་བའི་སྐབས་ཁོ་ན་སྟེ། དེ་ཡང་དྲོད་སྐྱེས་སོགས་འཆི་བའི་ཚེ་དེ་ཙམ་མི་ཤར། མངལ་སྐྱེས་ཁམས་དྲུག་ལྡན་གྱི་མི་ལ་རྩ་རླུང་རགས་པ་ཡོད་པས། དེའི་ཕུང་པོ་འགག་སྟོབས་ཀྱིས་འོད་གསལ་མངོན་དུ་གྱུར་ཡང༌། མེ་ཆུ་དང་འཕྲད་ཚེ་ཤི་བ་བཞིན། ཕུང་པོ་སྡུད་སྟོབས་ཀྱིས་ཀུན་རྟོག་འགགས་ནས་དབང་མེད་དུ་ཤར་བ་ཡིན། དེ་ཡང་དབྱིངས་མཐར་ཐུག་ལ་གསལ་ཆ་ཞན་པོ་ཞིག་ཡིན་ཏེ། བག་ཆགས་ཀྱི་དབང་གིས་ཡེ་རླུང་དུ་མ་སད་པའི་ཕྱིར། དེས་ན་གཞི་ཡི་དུས་སུ་དབྱིངས་ཤུགས་ཆེ་བ་དང༌། ལམ་སྟོབས་ཀྱིས་ཀུན་རྟོག་བསྡུས་ཏེ་ཤར་བ་ནི། ཡེ་རླུང་སད་དེ་གསལ་ཆ་ཤེས་རབ་ཏུ་མཆེད་པས་དབྱིངས་ཡེ་མཉམ་པའི་དོན་འོད་ཅིག་མཉམ་བཞག་ཏུ་ཤར་ཡང༌། གཡོ་བའི་བག་ཆགས་མ་སྤངས་བའི་དབང་གིས་རྗེས་ཐོབ་མ་དག་པར་སྣང་བའི་རེས་འཇོག་ཅན་ཡིན་ལ། གཡོ་བ་ལྷག་མེད་དུ་དག་པ་ནས་སངས་རྒྱས་པ་ཡིན་ཏེ། སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་ཤར་སོ་རྒྱུན་མ་ཆད་པར་འགྲོ་བ་ནི་དེ་ཉིད་གཅིག་པུ་ཡིན་ནོ།།

གསུམ་པ། མདོ་སྔགས་གཉིས་ཀྱི་འཁོར་བ་གྲུབ་ཚུལ་དང་། གཞི་ངོས་འཛིན་གྱི་ཁྱད་པར་གཉིས་ལས། དང་པོ་ནི།

མདོ་མཚན་ཉིད་ཐེག་པར་སེམས་བྱུང་མ་རིག་པ་ཉིད་འཁོར་བའི་རྩ་བར་གསུངས། དེ་ཡང་རྟེན་འབྲེལ་ལུགས་འབྱུང་ལས་འཁོར་བ་དང་ལུགས་ལྡོག་ལས་མྱང་འདས་གསུངས། མདོ་སྡེ་རྒྱན་འགྲེལ་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས།26ཉན་ཐོས་པའི་གཞུང་ལས་རྟེན་ཅིང་འབྲེལ་འབྱུང་སྐྱེ་ཞིང་འགག་པའི་ཆོས་ཅན་ལུགས་འབྱུང་གིས་འཁོར་བ་དང་། ལུགས་ལས་ལྡོག་པས་མྱང་འདས་སུ་བཤད་དོ། །ཞེས་དང་། དེ་ལྟར་ལུགས་འབྱུང་གི་རྟེན་འབྲེལ་འཁྲུལ་པ་དག་ནི་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མིན་ཏེ། ཐེག་པ་འོག་མ་དག་གིས་སེམས་བྱུང་མ་རིག་པ་དེ་འཁོར་བའི་རྩ་བར་འདོད་དེ། སྤྱི་དོན་འོད་གསལ་སྙིང་པོ་ལས།27དེ་ལ་འཁྲུལ་པ་དེ་དག་རྒྱུ་མེད་པར་འབྱུང་མི་སྲིད་པས་འདིའི་རྩ་བ་གང་ཡིན་སྙམ་ན། ཐུན་མོང་གི་ཐེག་པར་སེམས་བྱུང་མ་རིག་པ་ཉིད་འཁོར་བའི་རྩ་བར་གསུངས་ལ། ཞེས་གསུངས་པ་ལྟར་མཁས་འཇུག་ལས།28ནང་གི་རྟེན་འབྲེལ་ལ་རྒྱུ་དང་འབྲེལ་བ་ནི་ཡན་ལག་བཅུ་གཉིས་ཏེ། གང་ཞེ་ན་མདོ་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ནི་འདི་ལྟ་སྟེ། འདི་ཡོད་པས་ན་འདི་བྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་དང་། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་སོགས་ནས། དེ་བཞིན་དུ་མིང་དང་གཟུགས་དང༌། སྐྱེ་མཆེད་དྲུག རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤིའི་བར་དུ་སྦྱར་ཞིང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང༌། འཁྲུག་པ་རྣམས་བྱུང་སྟེ། དེ་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །དེ་ལ་མ་རིག་པ་འགགས་པས་འདུ་བྱེད་འགགས་སོགས་ནས། སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་སོགས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་རོ། །ཞེས་གསུངས་སོ། །གསང་བ་སྔགས་ཀྱི་ཐེག་པར་ལས་རླུང་ཕྲ་མོའམ་ཕྲ་བའི་ཁུ་རྡུལ་རླུང་གསུམ་གྱི་བྱེད་ལས་སྣང་གསུམ་འཕོ་བའི་བག་ཆགས་ལ་གསུངས། དེ་ལྟར་སྤྱི་དོན་འོད་གསལ་སྙིང་པོ་ལས།29སྔགས་རྒྱུད་ལས་ནི་སེམས་དེ་ཡང་གཟུང་འཛིན་དུ་གཡོ་བའི་རྐྱེན་ལས་རླུང་ཕྲ་མོའམ། ཕྲ་བའི་ཁུ་རྡུལ་རླུང་གསུམ་གྱི་བྱེད་ལས་སྣང་གསུམ་འཕོ་བའི་བག་ཆགས་སུ་གསུངས་ཤིང་། དེ་འདྲའི་རླུང་སེམས་ཤིན་ཏུ་ཕྲ་བའི་རྩ་བའང་གདོད་མའི་རང་སྣང་མ་འགགས་པ་ལས་བྱུང་བས་ན། ཐེག་པ་ཐམས་ཅད་ཀྱི་གཞི་བཤད་པ་ཀུན་རྫོགས་ཆེན་གྱི་གཞི་ལ་མཐར་ཐུག་པ་ཤེས་པར་བྱའོ། །ཞེས་དང་། གསང་བ་སྙིང་པོ་ལས།30གདོད་མའི་གནས་ལུགས་སེམས་ཉིད་འོད་གསལ་བ་བདེ་གཤེགས་སྙིང་པོའི་ངང་ལས་འཁྲུལ་ལོ། །དེའང་བདེ་གཤེགས་སྙིང་པོ་ནི་སེམས་ཉིད་འོད་གསལ་བ་སྐུ་གསུམ་འདུ་འབྲལ་མེད་པའི་ངོ་བོར་གནས་པ་དེ་ཉིད་ཡིན་ནོ། །ཞེས་དང། ཡང་དེ་ཉིད་ལས།31རྐྱེན་གང་གིས་འཁྲུལ་ན་སེམས་ཅན་རང་རང་གི་རྣམ་པར་རྟོག་པ་རང་ཤར་དུ་བྱུང་བས་རྒྱུ་བྱས་པའི་ལས་ཀྱིས་འཁོར་བའི་གྲོང་ཁྱེར་ཆེན་པོ་འདི་རང་སྣང་རྨི་ལམ་ལྟར་སྤྲུལ་ལོ། །དེའང་ལྷ་ལ་སོགས་པའི་འགྲོ་བ་སྣ་ཚོགས་པའི་ལུས་དང་དེ་དག་གི་འདོད་པའི་ལོངས་སྤྱོད་དང་། མཐོ་རིས་ལ་སོགས་པའི་གནས་དང་རང་རང་གི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་དུ་མར་སྣང་བ་ལ། འགྲོ་བ་རྣམས་ང་ཞེས་བདག་ཏུ་འཛིན་པ་དང་ངའི་ཡོ་བྱད་ཅེས་པ་ལ་སོགས་པ་བདག་གིར་བྱེད་པས་སོ་སོར་གཟུང་འཛིན་གཉིས་སུ་འཛིན་པས་ནམ་ཡང་འཁོར་བ་ལས་མི་གྲོལ་བར་འགྱུར་རོ། །ཞེས་གསུངས་པ་རྣམས་ནི་མདོ་སྔགས་གཉིས་འཁོར་བ་གྲུབ་ཚུལ་ཙམ་མོ། །གཉིས་པ་གཞི་ངོས་འཛིན་གྱི་ཁྱད་པར་ནི། སྙིང་པོ་བསྟན་པའི་མདོ་དང་སྔགས་རྒྱུད་གཉིས་ཀྱི་གཞི་ངོས་འཛིན་ཚུལ་ཁྱད་པར་ནི་། སྤྱི་དོན་འོད་གསལ་སྙིང་པོ་ལས།32 དེ་ལྟ་བུའི་གཞི་དེ་ཉིད་ལ་སྟོང་པ་ཉིད་ཀྱི་ཆ་ནས་རྒྱལ་བའི་ཡུམ་ལ་སོགས་པ་ལས་ཆོས་ཀྱི་དབྱིངས་དང་། ཡང་དག་པའི་མཐའ་དང་། དེ་བཞིན་ཉིད་ལ་སོགས་པའི་མིང་གིས་བསྟན་ཅིང་། སྐུ་དང་ཡེ་ཤེས་ཀྱི་སྣང་བ་དང་བཅས་པའི་ཆ་ནས་སྙིང་པོ་བསྟན་པའི་མདོ་ལ་སོགས་པ་ནས་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་པའི་མིང་གིས་བསྟན་ལ། ངེས་དོན་སྔགས་ཀྱི་ཐེག་པ་འདིར་ནི་སྣང་སྟོང་བདེན་པ་དབྱེར་མེད་དག་མཉམ་ཆེན་པོའི་བདག་ཉིད་གདོད་མ་གཞི་ཡི་དཀྱིལ་འཁོར་ཞེས་བྱའོ། །དེ་བཞིན་དུ། སྡོམ་གསུམ་རྣམ་ངེས་རིག་འཛིན་འཇུག་ངོགས་ལས།33དེ་ལ་བསྟན་བཅོས་རྣམས་སུ་རིགས་ཞེས་བཤད་ཅིང་གྲུབ་མཐའི་དབང་གིས་འདོད་པ་མི་འདྲ་བ་ཡོད་དེ། བྱེ་སྨྲས་སྲིད་པ་དང་སྲིད་པའི་ཡོ་བྱད་ལ་མ་ཆགས་པའི་སེམས་བྱུང་ཆོག་ཤེས་པ་ལ་འཕགས་པའི་རིགས་སུ་འདོད། མདོ་སྡེ་པས་སེམས་ཀྱི་ས་བོན་ཟག་མེད་ཀྱི་ཡེ་ཤེས་འབྱུང་རུང་གི་ནུས་པ་ལ་འདོད། སེམས་ཙམ་པས་ཐོག་མེད་ནས་སེམས་རྒྱུད་ལ་གནས་པའི་ཟག་མེད་ཀྱི་ཆོས་བསྐྱེད་པར་བྱེད་པའི་ནུས་པ་ཆོས་ཉིད་ཀྱིས་ཐོབ་པ་ལ་འདོད། དེ་ཐམས་ཅད་འདུས་བྱས་ཏེ་དངོས་པོར་སྨྲ་བའི་ལུགས་སོ། །དབུ་མ་པས་ནི་དྲི་བཅས་དེ་བཞིན་ཉིད་ལ་འདོད་པ་ཕལ་ཆེར་མཐུན་ཡང་ངོས་འཛིན་ལུགས་མི་འདྲ་བ་མང་དུ་སྣང་མོད། འདིར་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལྟར་ན། སེམས་ཉིད་ཡེ་ནས་རྣམ་པར་དག་པ་འདུས་མ་བྱས་པའི་ཡེ་ཤེས་སྟོང་གསལ་འཕོ་འགྱུར་མེད་པར་གནས་པ་ནི་བདེ་གཤེགས་སྙིང་པོ་སྟེ། ཏིང་འཛིན་རྒྱལ་པོའི་མདོ་ལས། དག་པ་དྭངས་བ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་གསུངས་ལ། སྙིང་པོ་དེ་ཡང་རྒྱུད་བླ་མར།34 རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་སོ། །སྔགས་རྒྱུད་སྐབས་ལ་ཆོས་ཉིད་མཐར་ཐུག་པ་གནས་ལུགས་ངོ་བོ་ཉིད་ཀྱི་གཞི་འམ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ལ་བཞེད་དོ། །དེ་ལྟར་ཡང་སྡོམ་གསུམ་རྣམ་ངེས་རིག་འཛིན་འཇུག་ངོགས་ལས།35རྡོ་རྗེ་ཐེག་པར་གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཞེས་གྲགས་ཏེ། མི་འགྱུར་བའི་བདེ་ཆེན་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དབྱེར་མི་ཕྱེད་པའི་སེམས་ཀྱི་ཆོས་ཉིད་ལ་བཤད་ཅིང༌། ཁྱད་པར་དུ་ཨ་ཏི་ཡོ་གར་སེམས་ཀྱི་ཆོས་ཉིད་རིག་པ་སྟོང་གསལ་གྱི་ངོ་བོ་ལ་སྐུ་དང་ཡེ་ཤེས་ཀྱི་ཆོས་ཐམས་ཅད་ཉི་མ་དང་འོད་ཟེར་བཞིན་འདུ་འབྲལ་མེད་པར་ཡོངས་སུ་རྫོགས་པས་རྫོགས་པ་ཆེན་པོའོ།།

བཞི་པ། གཞི་སྣང་འཁོར་འདས་གང་ཡིན་མིན་སྐོར།

དེ་ལ་ཁ་ཅིག་གིས་དེ་འཁོར་འདས་གང་ཡང་མ་ཡིན་ཏེ། དེ་གཉིས་སུ་འཁྲུལ་གྲོལ་དུ་བྱེད་པའི་གཞི་མ་ངེས་པའི་སྣང་བ་ཡིན་པའི་ཕྱིར། ཚིག་དོན་མཛོད་ལས།36གཞི་ནས་འཕགས་པའི་རིག་པ་ས་བོན་ལྟ་བུ་གྲོལ་འཁྲུལ་གང་བྱེད་མ་ངེས་པས་མ་སྨིན་པའི་རིག་པ་ཞེས་བྱ་སྟེ། ཞེས་སོགས་དང་། མུ་ཏིག་ཕྲེང་བར།37གཞི་སྣང་ཆེན་པོ་ཤོང་རེ་ཆེ། །འཁོར་འདས་གཉིས་པོ་འབྲེལ་རེ་མཁས། །ཞེས་དང་། རང་ཤར་ལས།38 གཞི་མ་ངེས་པ་ཞེས་བྱ། གཞི་སྣ་ཚོགས་སུ་འཆར་བ་ཞེས་ཀྱང་བྱའོ། །ཞེས་གསུངས་པའི་ཕྱིར་འཁོར་འདས་འབྱུང་བའི་སྒོ་དང༌། འཁོར་འདས་ད་གདོད་འབྱུང་བའི་རྐྱེན་དང་། རིག་མ་རིག་སྟོབས་མཚུངས་ཀྱི་སྐབས་འཁོར་འདས་གཉིས་ཀྱི་འབྱུང་གཞི་ཡིན་པས་གང་ཡང་མ་ཡིན་ནོ་ཟེར་ན། ལུང་དེ་དག་ནི་གཞི་ལས་འཕགས་པའི་རིག་པ་དེ་འཁྲུལ་གྲོལ་གང་དུའང་འགྱུར་ཆོག་པ་ཙམ་ལ་དགོངས་པ་ཡིན་གྱི་ཁོ་རང་འཁོར་འདས་གང་རུང་ལས་མ་འདས་ཏེ། གངས་རི་གཅིག་ལས་དཀར་སྣང་དང་སེར་སྣང་ཅི་རིགས་པ་བྱུང་རུང་སྣང་གཞི་དེ་ལས་གང་རུང་དུ་ངེས་པ་བཞིན་ནོ། །མདོར་ན། གཞི་ནས་འཕགས་པའི་རིག་པ་ཡིན་ན། རང་སྣང་ངོ་ཤེས་མ་ཤེས་གང་རུང་ཡིན་པས་ཁྱབ་སྟེ། ཀུན་ཏུ་བཟང་པོས་རང་སྣང་དུ་ཤེས་པ་གཞི་ནས་འཕགས་པའི་སྐད་ཅིག་དང་པོ་ལ་ཡིན་པ་གང་ཞིག འཁོར་བའི་སེམས་ཅན་གྱིས་རང་ངོ་མ་ཤེས་པའི་མ་རིག་པ་ཡང་དེའི་དུས་ནས་གཞག་དགོས་པའི་ཕྱིར། དེ་ལྟར་མིན་ན་དངོས་འགལ་བར་ན་ཕུང་གསུམ་པ་ཡོད་པར་ཐལ་བ་སོགས་ཀྱང་བཟློག་མེད་འབབ་པར་གྱུར་རོ། །དེས་ན་སྤྱི་དོན་འོད་གསལ་སྙིང་པོ་ལས།39རང་རྩལ་ལས་གཡོས་པ་དེ་ཉིད་རྐྱེན་ལས་གོལ་ཏེ་གཞི་དང་མི་མཐུན་པར་གཟུང་འཛིན་ཅན་དུ་སོང་ན་སེམས་ཞེས་བྱ་སྟེ་འཁྲུལ་པ་ཡིན་ཞིང་འཁོར་བའི་བག་ཆགས་ཐམས་ཅད་ཀྱི་གཞི་འཛིན་པ་རྩྭ་སོག་གི་གཟེབ་ལྟ་བུའོ། །ཕྱིན་ཅི་མ་ལོག་པར་ཤར་ན་ཡེ་ཤེས་ཞེས་བྱ་སྟེ། ཇི་ལྟར་ན་མེ་དང་འདྲ་བར་གཟུང་འཛིན་འཁོར་བའི་བག་ཆགས་ཚང་ཚིང་ལྟ་བུ་རྣམས་སྲེག་པར་བྱེད་ཅིང་རྣམ་པར་གྲོལ་བར་བྱས་པས་ན་འདི་གཉིས་གནད་མ་ལོག་པ་གལ་ཆེའོ། །ཞེས་དང་། ཆོས་རྗེ་ཡིད་བཞིན་ནོར་བུས།40གཞི་ནས་འཕགས་པའི་རིག་པ་ལ་རང་ངོ་ཤེས་མ་ཤེས་གང་ཡང་མིན་པའི་རིག་ཙམ་པོའོ། །ཟེར་བ་འདི་དེང་སང་ཤིན་ཏུ་མང་སྟེ་ད་དུང་བརྒལ་བར་འདོད་ན་སླར་ཡང་སྤྲོས་པས་ཆོག་གོ །ཞེས་གསུངས་པ་ལྟར་རོ།།

ལྔ་པ། ཆོས་སྐུ་ཀུན་ཏུ་བཟང་པོས་གཞི་རྒྱུད་ངོ་ཤེས་ནས་ཇི་ལྟར་གྲོལ་ཚུལ།

གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོས་ཁྱད་ཆོས་དྲུག་གིས་གཞི་སྣང་ངོ་ཤེས་ནས་སྐད་ཅིག་གཅིག་ལ་མངོན་པར་རྫོགས་ཏེ་སངས་རྒྱས་སོ། །དེ་ལྟར་ཡང་ཡོན་ཏན་མཛོད་ལས།41དེ་ཚེ་གཞི་སྣང་མཐོང་བའི་སྐད་ཅིག་མར། །དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་དེས། །སྣང་བ་འཁྲུལ་པར་མ་མཆེད་རང་སྣང་དུ། །རིག་པས་ལུང་མ་བསྟན་གྱི་གཞི་ལས་འཕགས། །གཞི་ཉིད་འབྲས་བུ་སྨིན་པའི་ཤེས་རབ་ཀྱིས། །སྐད་ཅིག་གཅིག་ལ་བྱེ་བྲག་རབ་ཏུ་ཕྱེད། །ཕྱེད་ཐོག་ཤེས་རབ་ཉིད་ཀྱང་སྐུར་སྨིན་པ། །གཞན་བྱུང་རྐྱེན་ལ་མ་ལྟོས་རང་སར་གནས། །སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་དུ། །སྐད་ཅིག་གཅིག་ལ་མངོན་པར་སངས་རྒྱས་སོ། །ཞེས་དང་། དེ་ཉིད་ཀྱི་འགྲེལ་པ་ཟབ་དོན་སྣང་བྱེད་ཉི་མའི་འོད་ཟེར་ལས།42 ཐོག་མའི་དབྱིངས་ལས་ལྷུན་གྲུབ་ཀྱི་ནང་གདངས་ཕྱིར་འཕགས་ཏེ་ཐུགས་རྗེའི་རིག་པ་མ་རིག་པའི་ཆར་ལྡོག་པའི་འགོ་བརྩམས་པ་དེ་ཡི་ཚེ་ན་གཞི་སྣང་རང་བཞིན་མེད་པར་མཐོང་བའི་སྐད་ཅིག་མ་དེར་ཁྱད་ཆོས་དྲུག་གི་ཚུལ་དུ་གྲོལ་ཏེ། སངས་རྒྱས་ཐམས་ཅད་ལས་སྔོན་རོལ་བའི་སྟོན་པར་བཞུགས་པའི་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོ་དེས་ཇི་ལྟར་མཐོང་ཞིང་གྲོལ་བའི་ཁྱད་ཆོས་དྲུག་ནི། འདི་ལྟར་རང་ངོར་སྣང་བ། གཞི་ལས་འཕགས་པ། བྱེ་བྲག་ཕྱེད་པ། ཕྱེད་ཐོག་ཏུ་གྲོལ་བ། གཞན་ལས་མ་བྱུང་བ། རང་སར་གནས་པ་རྣམས་སོ། །ཞེས་དང་། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས།43 སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་དང་། ཡེ་ཤེས་གསང་བ་ལས།44རང་བཞིན་མི་གཡོ་ལྷུན་རྫོགས་ཤིང་། །སྤྱོད་ཡུལ་ཀུན་ཏུ་བཟང་པོ་སྟེ། །ཞེས་དང། རྨད་བྱུང་རྒྱལ་པོའི་རྒྱུད་ལས།45ཐོག་མ་ཀུན་གྱི་སྔོན་རོལ་ཏུ། །རང་སྣང་གཞི་ལ་མཐར་ཕྱིན་ཏེ། །སྔར་སངས་སྔ་ནས་རྒྱས་པའི་ཕྱིར། །ཐོག་མའི་ཀུན་ཏུ་བཟང་པོ་ནི། །འཁོར་འདས་ཀུན་གྱི་སྟོན་པར་ཤར། །ཞེས་སོ། །དེའང་ཆོས་ཉིད་སྟོང་པའམ་རང་བཞིན་གྱི་སེམས་ཉིད་ལ་ཟེར་བ་མ་ཡིན་གྱི། སངས་རྒྱས་ཐམས་ཅད་ལ་ཡང་ཐར་བའི་ལམ་སྟོན་པས་གདོད་མའི་མགོན་པོ་ཞེས་བྱ་བ་ཡིན་ཏེ། ཀུན་བྱེད་ལས་ཀྱང་། རྒྱལ་བ་ཀུན་ལས་ང་སྔའི་ཕྱིར། །སྐུ་གསུམ་སྟོན་པའི་ཕ་མར་ཤར། །ཞེས་དང་། སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ངས། །ང་ལས་བྱུང་བའི་སྟོན་པ་སྐུ་གསུམ་ལ། །ཞེས་སོ། །སྟོན་པ་འདི་ཡོད་པས་འཁོར་འདས་གདོད་མར་གྲོལ་བའི་ལམ་སྟོན་པ་བྱུང་སྟེ། དུས་གསུམ་གྱི་རྒྱལ་བ་བྱུང་བ་ཡིན་ནོ།།

དེ་ལྟར་མ་ཡིན་ན་འཇིག་རྟེན་དུ་སངས་རྒྱས་འབྱུང་བའང་མི་རིགས་ཏེ། ཐམས་ཅད་སེམས་ཅན་དུ་མཉམ་པ་ལ་གཅིག་གིས་གཅིག་ལ་ལམ་སྟོན་པ་མི་ཤེས་པ་ཉིད་དང་། ལ་ལ་སངས་རྒྱས་ཤིང་ལ་ལ་འཁོར་བ་མི་རིགས་སོ། །ཐུན་མོང་གི་ཐེག་པ་ལས་ཐོག་མཐའ་མེད་པར་བཤད་པ་ནི་དུས་དང་ཆོས་ཉིད་ལ་དགོངས་པ་དང། ཁྱད་པར་དབུ་མ་ནས། འཁོར་འདས་རང་བཞིན་མ་གྲུབ་པས་དེ་ལ་ཐོག་མཐའ་མེད་དེ་དེ་ནམ་མཁའ་བཞིན་ཞེས་འབྱུང། ཡང་སངས་རྒྱས་དང་སེམས་ཅན་སོ་སོར་དང་པོ་ནས་བྱུང་ན་འཁོར་འདས་གཞི་ཐ་དད་པས་ཐུགས་རྗེའི་འབྲེལ་པ་མི་འཇུག་པར་འགྱུར། དེས་ན་ལུགས་འདི་ནི་གསང་སྔགས་བླ་ན་མེད་པའི་རྒྱུད་སྡེ་གོང་མར་ཤིན་ཏུ་གསལ་བར་གསུངས་ཤིང་སློབ་དཔོན་ཆེན་པོ་པདྨ་དང་། བི་མ་ལས་ལེགས་པར་གཏན་ལ་ཕབ་པ་ཡིན་ཏེ། འདིར་ཡང་དེ་ལ་ཕྱག་བྱེད། ཞེས་གསུངས་པ་ལྟར་ཐོག་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་ནི་ཤིན་ཏུ་ཡང་དབང་པོ་རྣོན་པོའི་རྣོན་པོ་ཡིན་པས་གཞི་ལ་གཞི་སྣང་ཤར་བ་དང་ལྷན་དུ་གནས་ལུགས་ངོ་བོ་ཉིད་ཀྱི་གཞིའི་དོན་ཇི་བཞིན་དུ་མཁྱེན་པས་དེའི་ཀློང་དུ་གྲོལ་བའོ།།

དྲུག་པ། གཞི་རྒྱུད་ཀྱི་སྐོར་ལ་རང་ཉིད་ཀྱི་ལྟ་ཚུལ་བརྗོད་པ།

གདོད་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོས་གཞི་ལས་གཞི་སྣང་ཤར་བ་དང་སྐད་ཅིག་ཉིད་ལ་གྲོལ་བ་དང་། རང་རེ་སེམས་ཅན་རྣམས་དེ་ངོ་མ་ཤེས་ནས་འཁོར་བར་འཁྱམས་ཚུལ་གཉིས་ཀྱི་གཞི་སྣང་ཤར་ཚུལ་ལ་ཁྱད་མེད་ཀྱང་། དེ་དེ་བཞིན་དུ་རྟོགས་མ་རྟོགས་ཀྱི་ཁྱད་པར་ཙམ་མོ། །དེ་ཡང་དཔེར་ན་གང་ཟག་གཅིག་གིས་ཐག་ཁྲ་ལ་སྦྲུལ་དུ་སྣང་བ་དང་། གཅིག་གིས་ཐག་པ་སྣང་བ་གཉིས་ཡུལ་རང་ངོས་ནས་འཁྲུལ་མ་འཁྲུལ་རྣམ་གཞག་མེད་ན་ཡང་། དེ་སྣང་བའི་ཤེས་པ་ལ་ཁྱད་བྱུང་བ་ལྟར། གཞི་རྒྱུད་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་རང་ངོར་གྲོལ་མ་གྲོལ་གྱི་མཐའ་ལས་འདས་པ་ཡིན་ཡང་དེ་འཛིན་གྱི་སྣང་བ་ལ་ཁྱད་ཡོད་པ་བཞིན་ནོ། །དེ་འདྲ་བའི་གཞི་དེ་ལ་བྱེ་བྲག་སྨྲ་བ་ནས་བཟུང་སྟེ་ཐེག་པ་ཀུན་ཀྱིས་ངོས་འཛིན་ལུགས་འདྲ་མིན་ཡོད་ཀྱང་མདོར་བསྡུས་ན། སློབ་དཔོན་ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་ནང་དུ་གསལ་བ་ལྟར་འགྲོ་བ་སེམས་ཅན་ཀུན་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ནོ། །དེ་གང་ལ་བྱ་ན་དོན་དམ་པའི་བྱང་ཆུབ་སེམས་ལ་བྱ་སྟེ། རང་གི་སེམས་ཀྱི་ཆོས་ཉིད་ལའོ།།

དེ་ལྟར་ཡིན་ན་སེམས་ཅན་ཀུན་སངས་རྒྱས་སུ་མ་གྱུར་པ་ཅིའི་ཕྱིར་ཞེ་ན། དཔེར་ན་འོ་མའི་རང་བཞིན་མར་ཡིན་ཡང་མ་བསྲུབས་ན་མར་མེད་པ་བཞིན་སེམས་ཅན་གྱི་རང་བཞིན་སངས་རྒྱས་ཡིན་ཡང་མ་བསྒྲུབས་ན་འཚང་མི་རྒྱའོ། །གནས་ལུགས་ལ་སེམས་ཅན་དང་སངས་རྒྱས་གཉིས་ཡེ་ནས་སངས་རྒྱས་པའི་ངོ་བོ་དང་མཚན་ཉིད་དུ་ཡང་གཅིག་ཅིང་དབྱེར་མེད་པ་ཡིན་པ་ལས་སེམས་ཅན་ནི་མ་རིག་པ་རྣམ་པར་རྟོག་པས་འགྲོ་བ་རིས་བསམ་གྱིས་མི་ཁྱབ་པར་སྨིན་ཅིང་འཁྱམས་པ་དང་། དེ་བཞིན་གཤེགས་པ་ལ་ནི་ཤེས་རབ་ཀྱི་རལ་གྲིས་མ་རིག་པའི་སྒོ་ངའི་སྦུབས་བརྟོལ་ནས། ཡེ་ཤེས་སྣང་བ་ཆེན་པོ་དང་ལྡན་པའི་ཆོས་ཉིད་ཡིན་ནོ། །གཞན་ཡང་སྤྱི་དོན་འོད་གསལ་སྙིང་པོ་ལས46གསུངས་པ་ལྟར་གདོད་མའི་གཞི་དབྱིངས་ནི་ངོ་བོ་ཀ་ནས་དག་པ་ཡིན་ཡང་རང་བཞིན་ལྷུན་གྲུབ་ཀྱི་སྣང་བ་དང་མི་འབྲལ་བར་ཟུང་འཇུག་ཡིན་པའི་གནད་ཀྱིས། གནས་ཚུལ་བཞིན་རྟོགས་ན་སངས་རྒྱས། མ་རྟོགས་ན་སེམས་ཅན་འབྱུང་རུང་སྟེ། དཔེར་ན་སེམས་ཞེས་བྱ་བ་སྤྱིར་བཏང་དུ་ཡུལ་རིག་པར་བྱེད་པའི་བདག་ཉིད་ཅན་མིན་ན་འཁྲུལ་ཡང་མི་སྲིད་ལ། མ་འཁྲུལ་པའི་དོན་རྟོགས་པའང་མི་སྲིད་མོད། སེམས་ནི་ཡུལ་འཛིན་པའི་ངང་ཚུལ་ཅན་ཡིན་པས་ན། དེས་ཡུལ་གྱི་རང་བཞིན་ཇི་ལྟ་བ་བཞིན་དུ་བཟུང་བ་ཐག་པ་ལ་ཐག་པར་འཛིན་པ་དང་། རྐྱེན་གྱིས་གོལ་ཏེ་ཕྱིན་ཅི་ལོག་ཏུ་བཟུང་བ་ཐག་པ་ལ་སྦྲུལ་དུ་འཛིན་པ་གཉིས་སྲིད་པ་བཞིན་དུ། གདོད་མའི་རིག་གདངས་མ་འགགས་པ་ཉིད་ཀྱིས་ལྷུན་གྱིས་གྲུབ་པའི་རང་སྣང་ལ་ཡུལ་དུ་བཟུང་བའི་གཟུང་འཛིན་འཁྲུལ་པའི་ས་བོན་ལས་སྲིད་པའི་སྣང་བ་རྒྱ་འབྱམས་སུ་མཆེད་པའི་ཚེ་ན། ཆུ་ཉིད་ཆབ་རོམ་འབའ་ཞིག་ཏུ་གྱུར་པ་ལྟར། འདི་ལྟར་གང་དང་ཅི་སྣང་བ་ཐམས་ཅད་ལ་གཟུང་འཛིན་ཐ་མལ་དུ་སྣང་ཞིང་ཞེན་པའི་ངོར་དག་མཉམ་ཆེན་པོའི་དོན་མི་སྣང་ལ། ཕྱིན་ཅི་ལོག་ཏུ་དམིགས་པའི་བློ་དེ་ཡང་ཡེ་ཤེས་ཀྱི་ཚུལ་དང་མི་མཐུན་པས། རང་བཞིན་གཞིར་གནས་ཀྱི་དོན་བག་ལ་ཞ་སྟེ་མི་སྣང་བར་འཁྲུལ་པ་འབའ་ཞིག་གི་ཚུལ་དུ་སྣང་ངོ་། །ཞེས་གསུངས་སོ།།

སླར་སྨྲས་པ།

རྣམ་དག་བསྟན་པ་དར་བ་དཔལ་ཡུལ་དགོན། །རྒྱལ་བའི་རྣམ་འཕྲུལ་བྱོན་པ་མཁའ་སྤྱོད་ཞིང་།།
འབྲེལ་ཚད་བྱང་ཆུབ་ལམ་འདྲེན་འདུས་སྡེ་བཅས། །ཆོས་གླིང་འདི་ཉིད་སྲིད་མཐར་བརྟན་གྱུར་ཅིག།།

  1. དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་། ༢༣ ཤོག་ངོས་ ༦ ཡིག་ཕྲེང་ ༧ པར་གསལ།
  2. སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། རྫོགས་པ་ཆེན་པོའི་གནད་གསུམ་ཤན་འབྱེད། ཤོག་ངོས ༤༠༤ པར་གསལ།
  3. རྒྱུད་ལུང་འདི་དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། གྲུབ་མཐའ་མཛོད། ཤོག་ངོས་ ༢༩༣ པར་དྲངས་ཡོད།
  4. ཡེ་ཤེས་སྡེའི་པར་མ། ཤོག་ངོས་  ༧༩  པར་གསལ།
  5. སྡེ་དགེ་པར་མ། ( D, Vol Da Fol 28 b6
  6. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། སྨད་ཆ། ཤོག་ངོས་ ༢༥༥ པར་གསལ།
  7. སི་ཁྲོན་པར་མ། རྫོགས་ཆེན་གནད་གསུམ་ཤན་འབྱེེད། ཤོག་ངོས་ ༤༠༤ པར་གསལ།
  8. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། ཤོག་ངོས ༣༥-༡ པར་གསལ།
  9. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། ཤོག་ངོས ༣༤-༣ པར་གསལ།
  10. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༦ ལོའི་པར་མ། ཤོག་ངོས་ ༣༥-༢༠ པར་གསལ།
  11. དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་། ༢༣ ཤོག་ངོས་ ༦ པར་གསལ།
  12. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། ཤོག་ངོས་ ༡༥ པར་གསལ།
  13.  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། ཤོག་ངོས་ ༣༥ པར་གསལ།
  14. གསང་སྙིང་མཛོད་ལྡེ། སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། ཤོག་ངོས་ ༣༥ པར་གསལ།
  15.  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། ཤོག་ངོས་ ༡༥ པར་གསལ།
  16. དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་། ༢༣ ཤོག་ངོས་ ༦ པར་གསལ།
  17. ཚིག་དོན་མཛོད། དཔལ་བརྩེགས་པར་མ། ཕྱི་ལོ་ ༢༠༡༢ ལོའི་ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་། ༢༣ ཤོག་ངོས། ༥ པར་གསལ།
  18. ཚིག་དོན་མཛོད། སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༠ ལོའི་པར་མ། ཤོག་ངོས་ ༡༧༤ པར་གསལ།
  19. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། སྟོད་ཆ། ཤོག་ངོས་ ༥ ༡༥ པར་གསལ།
  20. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། ཤོག་ངོས་ ༤༢ ༤ པར་གསལ།
  21. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩  ལོའི་པར་མ། ཤོག་ངོས་ ༡༦-༡༢ པར་སལ།
  22. ཟབ་དོན་རྒྱ་མཚོའི་སྤྲིན། དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་། ༧ ཤོག་ངོས་ ༢༣༦-༡༡ པར་གསལ།
  23. ལུང་འདི་ཉིད་དཔལ་བརྩེགས་པར་མ། ཕྱི་ལོ་ ༢༠༡༢ ཐཱའི་ཝན་བསྐྱར་དཔར་མ། ཚིག་དོན་མཛོད། དེབ་ཕྲེང་། ༡༩ ཤོག་ངོས་ ༡༥ པར་དྲངས་ཡོད།
  24. ཡོན་ཏན་མཛོད། སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། ཤོག་ངོས་ ༨ པར་གསལ།
  25.  ཆོས་སྤྱོད་ཀྱི་རིམ་པ། སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༣ ལོའི་པར་མ། ཤོག་ངོས་ ༡༤༥ པར་གསལ།
  26. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༡ ལོའི་པར་མ། ཤོག་ངོས ༡༧- ༩ པར་གསལ།
  27. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། ཤོག་ངོས་ ༡༧-༢༠ པར་གསལ།
  28. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༦ ལོའི་པར་མ། ཤོག་ངོས་ ༣༡- ༡༩ པར་གསལ། 
  29. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། ཤོག་ངོས་ ༡༨ – ༡ པར་གསལ།
  30. གསང་སྙིང་ལུང་ཕྱོགས་བསྒྲིགས། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་གི་པར་མ། ཤོག་ངོས་ ༢༠༧ -༡༥ པར་གསལ།
  31. གསང་སྙིང་ལུང་ཕྱོགས་བསྒྲིགས། སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་གི་ཕྱི་ལོ་ ༢༠༢༡ ལོའི་པར་མ། ཤོག་ངོས་ ༢༠༨-༡༡ པར་གསལ།
  32. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། ཤོག་ངོས་ ༡༦ པར་གསལ།
  33.  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། ཤོག་ངོས་ ༦ པར་གསལ།
  34. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༤ ལོའི་པར་མ། ཤོག་ངོས་ ༡༨ པར་གསལ།
  35. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ ལོའི་པར་མ། ཤོག་ངོས་ ༧ པར་གསལ།
  36. ཡེ་ཤེས་སྡེ་པར་མ། ཤོག་ངོས་ ༨༣ པར་གསལ།
  37. ལུང་འདི་ཡེ་ཤེས་སྡེ་པར་མ། ཚིག་དོན་མཛོད། ཤོག་ངོས་ ༨༡ པར་དྲངས་ཡོད། 
  38. ཆོས་རྗེ་ཡིད་བཞིན་ནོར་བུས་རྫོགས་ཆེན་གཞིའི་དཔྱད་པ། བླ་རུང་པར་མ། ཤོག་ངོས་ ༣༢ པར་གསལ།
  39. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། ཤོག་ངོས་ ༡༤༦-༡༧  པར་གསལ།
  40. རྫོགས་ཆེན་གཞིའི་དཔྱད་པ། ཆོས་རྗེ་ཡིད་བཞིན་ནོར་བུས། ཤོག་ངོས་ ༤༡ པར་གསལ།
  41. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། ཤོག་ངོས་ ༣༠-༡༣ པར་གསལ།
  42. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། ཤོག་ངོས་ ༣༠-༡༩ པར་གསལ།
  43. ཡེ་ཤེས་སྡེ་པར་མ། ཤོག་ངོས་ ༩༥ པར་གསལ།
  44. ཕྱོགས་བཅུའི་མུན་སེལ། དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་། ༢༣ ཤོག་ངོས་ ༦༡ པར་གསལ།
  45. ཕྱོགས་བཅུའི་མུན་སེལ། དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་ཕྲེང་། ༢༣ ཤོག་ངོས་ ༦༡ པར་གསལ།
  46. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། ཤོག་ངོས་ ༡༦ པར་གསལ།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།