ལོ་རིམ་དྲུག་པའི་སློབ་གཉེར་བ། པདྨ་རྒྱལ་མཚན།
ཐུགས་རྗེའི་བདག་ཉིད་བུ་རམ་ཤིང་པ་དང་།།
ས་བཅུའི་དབང་ཕྱུག་རྒྱལ་ཚབ་མི་ཕམ་མགོན།།
གཞུང་བཟང་སྨྲ་བའི་འཕགས་བོད་མཁས་གྲུབ་སོགས།།
མཆོད་ཡུལ་གོང་མ་རྣམས་ལ་གསོལ་བ་འདེབས།།
དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བསྟན་བཅོས་བྱེད་པོས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་པ་ལ། །དད་འདུན་བསྐྱེད་པར་བྱ་ཕྱིར་རོ། །ཞེས་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་«དབུ་མ་རྒྱན་གྱི་དཀའ་འགྲེལ་»ལས།2 དེའི་ཕྱིར་ཡོན་ཏན་དང་ལྡན་པ་རྣམས་ལ་དང་བ་ནི་ལེགས་པ་ཐམས་ཅད་ཀྱི་གཙོ་བོའི་རྒྱུ་ཡིན་ནོ། །ཞེས་གསུངས་པ་བཞིན། དམ་པའི་སྤྱོད་པ་དང་མཐུན་པར་ཡུལ་གོང་མ་རྣམས་ལ་མཆོད་བརྗོད་ཀྱི་མེ་ཏོག་ཆུན་པོས་མདུན་བསུས་ནས་གང་ཞིག་གླེང་བར་བྱ་བ་ནི། རྫ་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་«དཔལ་སྤྲུལ་སྤྱི་དོན་»ལས།3ཤེར་ཕྱིན་ནི་འདིའི་རྩ་བའི་མདོའོ། །ཞེས་གསུངས་པ་ལས་འཕྲོས་ནས་སྐབས་འདིར་བསྟན་གྱི་བཤད་བྱ་རྩ་བའི་མདོའི་སྐོར་ཅུང་ཙམ་གླེང་བར་བྱ་བ་ལ་ཆིངས་རྣམ་པ་དགུ་ཡི་སྒོ་ནས་འཆད་པར་སྤྲོའོ།།
དང་པོ། བཤད་བྱ་རྩ་བའི་མདོ་ཡི་ངོ་བོ་ངོས་བཟུང་བ།
བཤད་བྱ་རྩ་བའི་མདོའི་དོན་ལ་བོད་གངས་ཅན་གྱི་ལྗོངས་སུ་རིས་མེད་ཀྱི་མཁས་གྲུབ་དུ་མས་འགྲེལ་སྟངས་སམ་དོན་ངོས་འཛིན་ཚུལ་སོ་སོར་སྣང་སྟེ། དང་པོ། དཔལ་ལྡན་ས་སྐྱ་པའི་ལུགས་ལ་ནི། ཀུན་མཁྱེན་གོ་རམས་པས་མཛད་པའི་«ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་དཀའ་འགྲེལ་སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད་»ལས།4འོ་ན་བཤད་བྱའི་མདོ་གང་ཞེ་ན། ཤེར་ཕྱིན་གྱི་མདོ་ཐམས་ཅད་གཞིའི་ཡུམ་དུ་གྱུར་པའི་བདག་མེད་རྟོགས་པའི་ཤེས་རབ་བརྗོད་བྱའི་གཙོ་བོར་སྟོན་པས་ཡུམ་གྱི་ཐ་སྙད་འཐད་པས་དེ་ཉིད་འདིར་བཤད་པར་བྱ་བའི་མདོ་ཡིན་ནོ། །ཞེས་གསུངས་པ་དང་། རི་བོ་དགེ་ལྡན་པའི་ལུགས་ལ་ནི། རྗེ་བདག་ཉིད་ཆེན་པོས་མཛད་པའི་«ལེགས་བཤད་གསེར་ཕྲེང་»ལས།5 དེས་ན་རྒྱན་འདིས་བསྟན་པའི་མངོན་རྟོགས་ཀྱི་རིམ་པ་རྣམས་དང་སྦྱར་རུང་ཡོད་པའི་མདོ་རྣམས་ནི་འདིའི་རྩ་བའི་མདོ་ཡིན་ལ། དེ་ཡང་དང་པོར་མདོ་དང་བསྟན་བཅོས་སྦྱར་བའི་སྲོལ་ནི་འཕགས་པས་བཏོད་པར་མངོན་པས་དེས་ནི་ཉི་ཁྲི་ལ་ལེའུ་བརྒྱད་དུ་བྱས་ཤིང་དེ་སྐབས་བརྒྱད་དང་བསྒྲིགས་ནས་སྦྱར་རོ། །ཞེས་གསུངས་པ་དང་། རང་ལུགས་ལ་བཤད་བྱ་རྩ་བའི་མདོ་ཞེས་པ་ནི་རྒྱ་བོད་ཀྱི་མཁས་པ་དག་གིས་མདོའི་དགོངས་འགྲེལ་དུ་གྱུར་པའི་བསྟན་བཅོས་རྩོམ་པའི་ཚེ་དེ་ཡི་ཁུངས་གཏུག་སའི་མདོ་གཙོ་བོའམ། ཡང་ན་མདོ་དེ་དང་དེ་ཡི་བརྗོད་བྱ་དེ་བསྟན་བཅོས་དེ་དང་དེ་ཡིས་དངོས་ཀྱི་བརྗོད་བྱར་བྱས་ནས་བཀྲལ་བའི་མདོ་ཡིན་མིན་ལ་བལྟ་དགོས་པ་ཡིན་ཏེ། མཁན་པོ་ཚེ་དབང་བསོད་ནམས་ཀྱིས་མཛད་པའི་«ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྤྱི་དོན་རབ་གསལ་འོད་སྣང་།»ལས།6ཁྱེད་ཀྱི་བརྗོད་བྱ་དེ་བསྟན་བཅོས་འདིས་དངོས་ཀྱི་བརྗོད་བྱར་བྱས་ནས་བཀྲལ་བའི་ཤེར་མདོ་ཡིན་པའི་ཕྱིར། །ཞེས་གསུངས་སོ།།
ཡང་འགའ་ཞིག་གིས་ཤེར་ཕྱིན་གྱི་མདོ་ཡིན་ན་བཤད་བྱ་རྩ་བའི་མདོ་ཡིན་པའི་ངེས་པ་མེད་དེ། མདོ་ཡིན་པ་གང་ཞིག་རྒྱན་དང་སྦྱར་མ་སྦྱར་ལ་འཇོག་དགོས་སོ་ཟེར་ཞིང་། མདོ་གང་ཞིག་རྒྱན་དང་སྦྱར་ན་བཤད་བྱ་རྩ་བའི་མདོ་ཡིན་པ་དང་། མདོ་གང་ཞིག་རྒྱན་དང་མ་སྦྱར་བ་ལ་བཤད་བྱ་རྩ་བའི་མདོ་མ་ཡིན་པར་འདོད་པ་ཡིན་ནོ། །སྤྱིར་བཏང་གི་བཤད་བྱ་རྩ་བའི་མདོ་ཡིན་ན་ཤེར་ཕྱིན་གྱི་བཤད་བྱ་རྩ་བའི་མདོོ་ཡིན་པར་མ་ངེས་ཏེ། སྙིང་པོ་བསྟན་པའི་མདོ་བཅུ་ལ་སོགས་པ་ལྟ་བུའོ། །མདོ་བཅུ་པོ་དེ་དག་བཤད་བྱ་རྩ་བའི་མདོ་ཡིན་ཡང་ཤེར་ཕྱིན་གྱི་བཤད་བྱ་རྩ་བའི་མདོ་ནི་མ་ཡིན་ཏེ། མཁས་པ་དག་གིས་དེའི་དགོངས་འགྲེལ་དུ་གྱུར་པའི་བསྟན་བཅོས་རྒྱུད་བླ་མ་ལ་སོགས་པ་རྩོམ་པའི་ཚེ་ཤེར་ཕྱིན་གྱི་མདོ་ཡུམ་དྲུག་དང་སྲས་བཅུ་གཅིག་ལ་སོགས་པར་གཙོ་བོར་ཁུངས་མ་གཏུག་པའི་ཕྱིར་རོ། །འོན་ཀྱང་ཤེར་ཕྱིན་གྱི་མདོའམ་ཤེར་ཕྱིན་གྱི་བཤད་བྱ་རྩ་བའི་མདོ་ཡིན་ན་བཤད་བྱ་རྩ་བའི་མདོ་ཡིན་དགོས་ཏེ། «ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྤྱི་དོན་འོད་སྣང་རབ་གསལ་»ལས།7དེས་ན་ཤེར་ཕྱིན་གྱི་མདོ་ཐམས་ཅད་བསྟན་བཅོས་མངོན་རྟོགས་རྒྱན་འདིའི་བཤད་བྱ་རྩ་བའི་མདོ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།
གཉིས་པ། ཤེར་ཕྱིན་གྱི་མདོ་ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་དེ་རྒྱ་གར་མཁས་པའི་གཞུང་དུ་ཡོད་མེད་ལ་དཔྱད་པ་ནི།
ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་དེ་རྒྱ་གར་མཁས་པའི་གཞུང་དུ་གསལ་བར་བཞུགས་ཡོད་མེད་ལ་མཁས་པ་མང་པོའི་འདོད་པ་མི་འདྲ་བ་མང་དུ་སྣང་ཡང་ཞིབ་ཏུ་བརྟགས་ན་མེད་པ་ལྟ་བུ་ཞིག་རེད། འོན་ཀྱང་འགའ་ཞིག་གིས་8ནི་ཐ་སྙད་དེ་རྒྱ་གར་གྱི་གཞུང་དུ་ཡོད་པ་མ་ཟད་སངས་རྒྱས་ཀྱི་ཞལ་དྲོན་མོ་ནས་གསུངས་པར་བཞེད་ཅིང་།9དེ་དག་གིས་ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་དེ་རྒྱ་གར་མཁས་པའི་གཞུང་དུ་གསལ་བར་འདོད་པ་དང་། གཞན་ཡང་སྒྲུབ་བྱེད་མང་དུ་10བཀོད་པ་དེ་དག་ལ་ང་ཚོས་ནན་གྱིས་མ་བརྟགས་པར་ཚིག་ཇི་ལྟར་གསལ་བ་དེ་བཞིན་དུ་ཁས་བླངས་ན་ཐ་སྙད་དེ་དག་རྒྱ་གར་མཁས་པའི་གཞུང་དུ་གསལ་བ་ལྟ་བུར་སྣང་རུང་། དོན་ལ་ནི་དེ་ལྟར་མ་ཡིན་ཏེ། གོང་དུ་ཇི་ལྟར་ལུང་འདྲེན་སའི་མདོ་སྟེ། ཀཽ་ཤི་ཀས་ཞུས་པའིི་མདོ་དེ་ནི་ཡུམ་སྲས་བཅུ་བདུན་གྱི་ནང་གསེས་སུ་གྱུར་པའི་ཀཽ་ཤི་ཀས་ཞུས་པའི་མདོ་ཉིད་མ་ཡིན་ལ། གཞུང་དེ་ནི་བོད་ཀྱི་མཁས་པས་བརྩམས་གནང་བ་ཞིག་ཡིན་ནོ། །ཇི་ལྟར་ན། དཔལ་ས་སྐྱ་པཎྜི་ཏས་མཛད་པའི་«སྡོམ་གསུམ་རབ་དབྱེ་»ལས།11 ཀོའུ་ཤི་ཀའི་མདོ་དང་ནི། །དེ་བཞིན་ཕགས་པ་ཤིག་ཅན་དང་། །བློ་གྲོས་བཟང་མོ་ཆུང་ངུ་སོགས། །བོད་ཀྱིས་སྦྱར་བའི་མདོ་སྡེ་ཡིན། །ཞེས་གསུངས་པ་བཞིན་རྒྱུ་མཚན་རྣལ་མ་འདི་ལ་བརྟེན་ནས་ཀཽ་ཤི་ཀས་ཞུས་པའི་མདོ་དེ་ནི་ཤེར་ཕྱིན་གྱི་མདོ་མ་ཡིན་པར་བོད་ཀྱི་མཁས་པས་སྦྱར་བ་ཞིག་ཡིན་སྟབས་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་དེ་དག་ཀཽ་ཤི་ཀས་ཞུས་པས་ཞེས་པའི་མདོ་ག་གེ་མོ་ཞིག་ཏུ་གསལ་རུང་དེ་མདོ་དངོས་སམ་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པས་རྒྱ་གར་མཁས་པའི་གཞུང་དུ་ཐ་སྙད་དེ་དག་མེད་པར་གསལ་པོར་ཤེས་ཐུབ་བོ་སྙམ།
གསུམ་པ། ཤེར་ཕྱིན་གྱི་མདོ་ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་དེ་བོད་མཁས་པའི་གཞུང་དུ་ཡོད་མེད་ལ་དཔྱད་པ།
ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་དེ་དག་རྒྱ་གར་མཁས་པའི་གཞུང་ན་ཚིག་ཟིན་དུ་མཇལ་རྒྱུ་མེད་པ་གོང་དུ་ཞུས་གྲུབ་ནས་ད་ནི་ཐ་སྙད་དེ་བོད་མཁས་པའི་གཞུང་དུ་ཡོད་མེད་ལ་དཔྱད་པར་བྱ་བའི་གནས་ཡིན་ཏེ། ཐ་སྙད་དེ་དག་རྒྱ་གཞུང་ཁག་ཏུ་མཇལ་རྒྱུར་མ་བཞུགས་ནའང་། བོད་མཁས་པའི་གཞུང་དུ་མཇལ་རྒྱུར་བཞུགས་ཡོད་པར་སྙམ། ཇི་ལྟར་ཞེ་ན། སྤྱིར་བཏང་གི་ཡུམ་སྲས་བཅུ་བདུན་པོའི་ཐ་སྙད་འདི་དག་བོད་དུ་བྱུང་ཡང་བཙན་པོ་སུ་ཞིག་གི་སྐབས་སུ་བྱུང་མིན་དང་བསྟན་བཅོས་གང་ཞིག་ཏུ་ཡོད་མེད་ལ་འདོད་སྟངས་མི་འདྲ་བ་སྣ་ཚོགས་སྣང་ཡང་། གཙོ་བོ་ནི་སི་ཏུ་ཆོས་ཀྱི་འབྱུང་གནས་དང་། ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་ལ་སོགས་པའི་བཞེད་ཚུལ་ལྟར་ན། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་ཕེབས་པའི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་12ལ་སོགས་པས་མཛད་པའི་དཀར་ཆག་13ཏུ་སྣང་ངོ་། །དེ་ཡང་དཀར་ཆག་འཕང་ཐང་མ་ལས།14འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ་སྡེའི་མཚན་བྱང་དང་བམ་གྲངས་ལ། ཞེས་པ་ནས། འཕགས་པ་ཤེས་རབ་སྙིང་པོ་ཤློཀ་ཉེར་བརྒྱད། འཕགས་པ་ཉི་ཤུ་རྩ་ལྔ་པ་ཤློཀ་ཉི་ཤུ་རྩ་ལྔ། འཕགས་པ་ཡི་གེ་ཉུང་ངུ་ཤློཀ་སུམ་ཅུ། སྲས་ཡུམ་བཅུ་བདུན་ནོ། །ཞེས་སོགས་གསུངས་སོ། །གཞན་ཡང་འདིའི་ཐད་དུ་ལུང་རྒྱས་པ་ཡོད་ཀྱང་ཡི་གེ་མང་བར་དོགས་ནས་ཐམས་ཅད་མ་སྤུངས་པ་ཡིན།
ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་«ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་མཆན་འགྲེལ་པུཎྜ་རི་ཀའི་དོ་ཤལ་»ལས།15འོན་ཀྱང་ཡུམ་སྲས་བཅུ་བདུན་ནི་བོད་དུ་ཐོག་མར་ཆོས་བསྒྱུར་དུས་ཀྱི་འགྱུར་ཟིན་གྱི་ཐ་སྙད་ལས། དེར་གྲངས་ངེས་མཛད་པ་མིན་པར་ངེས་ཏེ། ཞེས་«པདྨ་བཀའ་ཡི་ཐང་ཡིག་གི་»16ལུང་དང་སྦྱར་ནས་གསུངས་པ་དང་། གཞན་ཡང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་«པདྨ་བཀའ་ཐང་»ལས།17ཡུམ་སྲས་བཅུ་བདུན་སཱ་ལའི་ཡུལ་དུ་སྦས༔ ཞེས་བཀའ་ཐང་རྒྱས་བསྡུས་ཁག་ཏུའང་ཤེར་ཕྱིན་གྱི་མདོ་ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་གསལ་བར་བཞུགས་པ་དང་། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་«ཤེར་ཕྱིན་འགྲེལ་པ་»ལས་18ཀྱང་དེའི་ཐ་སྙད་གསལ་བར་བཞུགས་པ་ལ་སོགས་པའི་སྒྲུབ་བྱེད་ཀྱི་ལུང་འདི་དག་ལ་བརྟེན་ནས་ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་དེ་བོད་མཁས་པའི་གཞུང་དུ་ཡོད་པ་གསལ་པོར་ཤེས་ཐུབ་བོ།།
བཞི་པ། ཡུམ་སྲས་བཅུ་བདུན་གྱི་གྲངས་རྩི་ཚུལ་ལ་ཉུང་ཙམ་དཔྱད་པ།
དང་པོ། ཡུམ་སྲས་བཅུ་བདུན་ནི། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་«པདྨ་བཀའ་ཐང་»ལས།19སྟོང་ཕྲག་བརྒྱ་པ་ཉི་ཁྲི་ལྔ་སྟོང་པ༔ ཁྲི་བརྒྱད་སྟོང་པ་ཤེས་རབ་ཁྲི་པ་དང་༔ བརྒྱད་སྟོང་པ་དང་སྡུད་པ་ཡུམ་དྲུག་གོ༔ རབ་རྩལ་ཞུས་དང་ཤེར་ཕྱིན་ལྔ་བརྒྱ་པ༔ རྡོ་རྗེ་གཅོད་པ་ཚུལ་བརྒྱ་ལྔ་ཅུ་པ༔ ཀཽ་ཤི་ཀ་སུམ་ཅུ་སྒོ་ཉེར་ལྔ༔20ཤེས་རབ་སྙིང་པོ་ཡི་གེ་ཉུང་ངུ་དང༔ ཡི་གེ་གཅིག་མ་དཀོན་བརྩེགས་འདུས་པ་བཞི༔ ཤེར་ཕྱིན་བདུན་བརྒྱ་པ་དེ་སྲས་བཅུ་གཅིག༔ དེ་ལྟར་ཡུམ་སྲས་བཅུ་བདུན་གཞན་ཡང་ནི༔ ཞེས་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོས་མཛད་པའི་«ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་མཆན་འགྲེལ་པུཎྜ་རི་ཀའི་དོ་ཤལ་»ལས།21 དེ་ལའང་འདིར་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པས། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་ལས་བཀའ་འཁོར་ལོ་བར་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ། བོད་སྔ་རབས་པ་རྣམས་ཀྱིས་སྟོང་ཕྲག་བརྒྱ་པ་ཤེར་ཕྱིན་འབུམ་པ། ༡ གསལ་བཤད།22 ཉི་ཁྲི་ལྔ་སྟོང་པ། ༢ ཁྲི་བརྒྱད་སྟོང་པ། ༣ ཤེས་རབ་ཁྲི་པ། ༤ བརྒྱད་སྟོང་པ། ༥ མདོ་སྡུད་པ་ ༦ སྟེ་ཡུམ་དྲུག་དང་། ༡ ཤེར་ཕྱིན་བདུན་བརྒྱ་པ། ༢ ལྔ་བརྒྱ་པ། ༣ སུམ་བརྒྱ་པ། ༤ ཚུལ་བརྒྱ་ལྔ་བཅུ་པ། ༥ ལྔ་བཅུ་པ། ༦ སྒོ་ཉེར་ལྔ་པ། ༧ ཀཽའུ་ཤི་ཀས་ཞུས་པ། ༨ རབ་རྩལ་རྣམ་གནོན་གྱིས་ཞུས་པ། ༩ ཤེར་ཕྱིན་ཡི་གེ་ཉུང་ངུ་། ༡༠ ཡི་གེ་གཅིག་པ། ༡༡ ཤེས་རབ་སྙིང་པོ་སྟེ་སྲས་བཅུ་གཅིག་བཅས་ཁྱོན་བཅུ་བདུན་དུ་གྲངས་ངེས། ཞེས་གསུངས་པ་བཞིན། བོད་དུ་བསྟན་པ་སྔ་དར་གྱི་སྐབས། ཡུམ་སྲས་བཅུ་བདུན་གྱི་གྲངས་རྩི་ཚུལ་ལ་དགག་སྒྲུབ་ཅི་ཡང་མ་བྱུང་མོད། དེ་དག་གི་སྐོར་ལ་དགག་སྒྲུབ་དང་གྲངས་རྩི་ཚུལ་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་བོད་ཀྱི་མཁས་པ་དག་གིས་ཤེར་ཕྱིན་གྱི་མདོ་དང་། རྒྱ་གར་མཁས་པས་མཛད་པའི་བསྟན་བཅོས་དག་ལ་འགྲེལ་པ་རྒྱག་འགོ་བརྩམས་པས་ཁྱད་པར་ཤོར་བ་ལྟ་བུར་སྣང་།
དེ་བཞིན་གོང་དུ་ཞུས་པ་ལྟར་བོད་བཙན་པོའི་དུས་སྐབས་སུ་བྱུང་བའི་དཀར་ཆག་འཕང་ཐང་མའི་ནང་དུ་ཡུམ་སྲས་བཅུ་བདུན་གྱི་གྲངས་ནི་འདི་ལྟར་བརྩིས་ཡོད་པ་ནི། སྟོང་ཕྲག་བརྒྱ་པ། སྟོང་ཕྲག་ཉེར་ལྔ་པ། ཁྲི་བརྒྱད་སྟོང་པ། ཤེས་རབ་ཁྲི་པ། བརྒྱད་སྟོང་པ། རབ་རྩལ་རྣམ་གནོན་གྱིས་ཞུས་པ། ཤེར་ཕྱིན་བདུན་བརྒྱ་པ། ལྔ་བརྒྱ་པ། རྡོ་རྗེ་གཅོད་པ། ཡོན་ཏན་རིན་ཆེན་སྡུད་པ། ཚུལ་བརྒྱ་ལྔ་བཅུ་པ། ཤེར་ཕྱིན་མཚན་བརྒྱ་རྩ་བརྒྱད་པ། ལྔ་བཅུ་པ། ཀཽའུ་ཤི་ཀས་ཞུས་པ། ཤེས་རབ་སྙིང་པོ། སྒོ་ཉེར་ལྔ་པ། ཡི་གེ་ཉུང་ངུ་བཅས་བགྲངས་ཡོད། འོན་ཀྱང་ཕྱི་རབས་པའི་མཁས་པ་རྣམས་ཀྱིས། ཡུམ་སྲས་བཅུ་བདུན་ཞེས་པའི་ཐ་སྙད་དང་གྲངས་གཉིས་ཀའི་ཆ་ནས་ནོར་འདུག་ཅེས་སྔ་རབས་པ་ལ་སྐྱོན་བརྗོད་པའི་སྐབས་འདི་གཉིས་ཀྱིས་དེའི་གྲངས་འདྲེན་ཚུལ་ལ་ཅུང་མི་མཐུན་པར་སྣང་སྟེ། སྔ་རབས་པའི་ལུགས་ནི་གོང་དུ་ཇི་ལྟར་ཞུས་པ་བཞིན་ཡིན་རུང་། ཕྱིས་ཀྱི་མཁས་པ་ཆེན་པོ་པཎ་ཆེན་ཤཱཀྱ་མཆོག་ལྡན་23དང་། ཀུན་མཁྱེན་གོ་རམས་པ་24དང་།
རྗེ་བདག་ཉིད་ཆེན་པོ་25ལ་སོགས་པས་ནི། གོང་དུ་བགྲངས་པའི་ཤེར་ཕྱིན་མཚན་བརྒྱ་རྩ་བརྒྱད་མ་བགྲངས་པར་དེའི་ཚབ་ཏུ་ཤེར་ཕྱིན་ཡི་གེ་གཅིག་མ་ཞེས་པ་དེ་བགྲངས་ཤིང་། གཞན་ལྷག་མ་བཅུ་དྲུག་པོ་འདྲེན་ལུགས་ནི་ཤིན་ཏུ་མཐུན་ནོ།།
ལྔ་པ། ཡུམ་དང་སྲས་གཉིས་ལ་ཁྱད་པར་ཡོད་མེད་ལ་དཔྱད་པ།
ཡུམ་དང་སྲས་གཉིས་ལ་ཁྱད་པར་མེད་པ་མ་ཡིན་ཏེ། ཀུན་མཁྱེན་གོ་རམས་པས་མཛད་པའི་«ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ་སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད་»ལས།26 དེ་ལ་དང་པོ་དྲུག་པོས་ནི་དངོས་པོ་བརྒྱད་དོན་བདུན་ཅུ་སོ་སོར་ཕྱེ་ནས་སྟོན་པས་ན་ཡུམ་དང་། ཕྱི་མ་བཅུ་གཅིག་གིས་ནི་དེ་ལྟར་མི་སྟོན་པས་སྲས་ཡིན་ནོ། །ཞེས་དང་། རྗེ་བདག་ཉིད་ཆེན་པོས་མཛད་པའི་«ལེགས་བཤད་གསེར་ཕྲེང་»ལས།27སྲས་ཡུམ་གྱི་ཁྱད་པར་ནི་བརྗོད་བྱ་མངོན་རྟོགས་བརྒྱད་དུ་མ་ཕྱེ་བར་དེའི་དོན་ཙམ་སྟོན་པ་དང་ཕྱེ་ནས་སྟོན་པའོ་ཞེས་ཟེར་རོ། །ཞེས་དང་། ཨར་བྱང་ཆུབ་ཆེན་པོ་ལ་སོགས་པས་ནི་མངོན་རྟོགས་བརྒྱད་ཁྱད་པར་དུ་མ་ཕྱེ་ནས་དེའི་དོན་ཙམ་སྟོན་པ་སྲས་དང་། མངོན་པར་རྟོགས་པ་བརྒྱད་ཕྱེ་ནས་སྟོན་པ་ལ་ཡུམ་དུ་བཞེད་པ་ནང་བཞིན། ཡུམ་སྲས་བཅུ་བདུན་ལས། ཡུམ་ལ་དྲུག་དང་སྲས་ལ་བཅུ་གཅིག་ཡོད། དེ་གཉིས་ཀྱི་ཁྱད་པར་ཡང་ཡུམ་དྲུག་སྟེ། སྟོང་ཕྲག་བརྒྱ་པ། སྟོང་ཕྲག་ཉེར་ལྔ་པ། ཁྲི་བརྒྱད་སྟོང་པ། ཤེས་རབ་ཁྲི་པ། བརྒྱད་སྟོང་པ། ཡོན་ཏན་རིན་ཆེན་སྡུད་པ་བཅས་འདི་དྲུག་པོས་ནི་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་བརྗོད་བྱ་གཙོ་བོ་མངོན་རྟོགས་བརྒྱད་དང་དོན་བདུན་ཅུ་པོ་རྣམས་སོ་སོར་ཕྱེ་ནས་བསྟན་པས་ཡུམ་དང་། ལྷག་མ་སྲས་བཅུ་གཅིག་པོ་འདི་དག་གིས་ནི་དེ་ལྟར་མི་སྟོན་པས་སྲས་ཞེས་བྱ་བ་ཡིན་ནོ། །དེ་གཉིས་ཀྱི་ཁྱད་པར་གཙོ་བོ་ནི་མངོན་རྟོགས་རྒྱན་གྱི་བརྗོད་བྱ་སོ་སོར་ཕྱེ་མ་ཕྱེ་སྒོ་ནས་བཞག་པ་ཡིན། མདོར་ན་གོང་དུ་ཇི་ལྟར་གྲངས་པའི་ལུང་དེ་དག་ལས་ནི་ཡུམ་སྲས་ཀྱི་ཁྱད་པར་འཇོག་སྟངས་ཕན་ཚུན་ཆེས་མཐུན་པར་སྣང་ངོ་།།
དྲུག་པ། ཁ་ཅིག་གིས་ཡུམ་སྲས་བཅུ་བདུན་པོ་དེ་དག་གི་གྲངས་རྩི་ཚུལ་དང་། ཐ་སྙད་སྦྱོར་ཚུལ་ལ་སྐྱོན་བརྗོད་པ་དེ་བསྟན་པ།
རྗེ་བདག་ཉིད་ཆེན་པོས་མཛད་པའི་«ལེགས་བཤད་གསེར་ཕྲེང་»ལས།28དེ་ལ་ཁ་ཅིག་ཉི་མའི་སྙིང་པོ། ཟླ་བའི་སྙིང་པོ། ཀུན་ཏུ་བཟང་པོ། ལག་ན་རྡོ་རྗེ། རྡོ་རྗེ་རྒྱལ་མཚན་རྣམས་ཀྱང་ཤེར་ཕྱིན་ཡིན་པས་སྲས་ཡུམ་གྱི་དོན་དང་། གྲངས་གཉིས་ཀ་ནོར་ཞེས་སྨྲ་བ་ནི་ལེགས་པར་སྨྲས་པ་ཡིན་ལ། ཁྱད་པར་དུ་སྡུད་པ་ཁྲི་བརྒྱད་སྟོང་པ་དང་སོ་སོར་བགྲང་བ་ནི་གླེགས་བམ་ཙམ་ཡང་མ་མཐོང་བར་སྟོན་པ་ཡིན་ཏེ། ཁྲི་བརྒྱད་སྟོང་པ་ལ་ལེའུ་གྱ་བདུན་ཡོད་པའི་གྱ་བཞི་པ་ནི་སྡུད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཁྲི་བརྒྱད་སྟོང་པ་འབྲིང་གི་འབྲིང་དུ་བྱས་ནས་སྡུད་པ་བསྡུས་པའི་བསྡུས་པར་བྱས་པ་ཡང་ནོར་རོ། །དེས་ན་རྒྱན་འདིས་བསྟན་པའི་མངོན་རྟོགས་ཀྱི་རིམ་པ་རྣམས་དང་སྦྱར་རུང་ཡོད་པའི་མདོ་རྣམས་ནི་འདིའི་རྩ་བའི་མདོ་ཡིན་ལ། ཞེས་གསུངས་པ་བཞིན། ཕྱི་རབས་པའི་མཁས་དབང་འགའ་ཞིག་གིས་སྔ་རབས་པ་ལ་ཡུམ་སྲས་བཅུ་བདུན་གྱི་གྲངས་རྩི་ཚུལ་དང་། ཐ་སྙད་སྦྱོར་ཚུལ་གཉིས་ཀ་ནོར་འདུག་ཅེས་སྐྱོན་གཉིས་འཕེན་པར་བྱེད་ཅིང་། དང་པོ། ཡུམ་མདོ་ལ་ཤེར་ཕྱིན་གྱི་ཡུམ་སྲས་བཅུ་བདུན་དུ་གྲངས་བརྩིས་ན་ཆད་ལྷག་གཉིས་ཀྱི་སྐྱོན་ཡོད་དོ། །དང་པོ་ཆད་པའི་སྐྱོན་ནི་ཡོད་དེ། ཤེར་ཕྱིན་ཉི་མའི་སྙིང་པོ་དང་། ཟླ་བའི་སྙིང་པོ་ལ་སོགས་པ་རྣམས་ཡུམ་མདོ་ཡིན་ཡང་སྐབས་འདིར་མ་བགྲངས་པའི་ཕྱིར་དང་། གཉིས་པ་ལྷག་པའི་སྐྱོན་ནི་ཡོད་དེ། མདོ་སྡུད་པ་ནི་ཁྲི་བརྒྱད་སྟོང་པའི་ནང་གསེས་ཡིན་བཞིན་དུའང་ལོགས་སུ་བགྲངས་པའི་ཕྱིར་རོ། །གཉིས་པ། ཐ་སྙད་སྦྱར་བ་ལའང་སྐྱོན་ཡོད་པ་ནི། སྔ་རབས་པ་ཁྱེད་ཚོས་ཡུམ་སྲས་བཅུ་བདུན་པོ་ལ་ཡུམ་སྲས་ཞེས་པའི་ཐ་སྙད་བཏགས་པ་དེ་ནོར་བ་ཡིན་ཏེ། སྔོན་ཆད་གང་དུ་ཡང་མ་བཤད་པའི་ཕྱིར། ཞེས་གནས་མིན་གྱི་སྐྱོན་འགའ་བརྗོད་པར་བྱེད་དོ།།
བདུན་པ། ཕྱོགས་སྔ་དེ་དག་གི་འདོད་པ་དགག་པའི་སྒོ་ནས་ལན་བསྟན་པ།
ཕྱོགས་སྔ་བ་དེ་དག་གིས་རྒྱུ་མཚན་མེད་པའི་སྐྱོན་བརྗོད་པ་དེ་དག་རང་ལུགས་ལ་མི་འཇུག་པ་གསལ་པོར་བསྟན་པ་ལ། དང་པོ། གྲངས་རྩི་ཚུལ་གྱི་དབང་དུ་བྱས་ན། ཆད་ལྷག་གཉིས་ཀྱི་སྐྱོན་ཡོད་དོ་ཞེས་པ་ནི་མི་འཐད་དོ། །ཇི་ལྟར་ན། དང་པོ་ཆད་པའི་སྐྱོན་ཡོད་པ་ནི་མ་ཡིན་ཏེ། སྐབས་འདིར་ཡུམ་སྲས་བཅུ་བདུན་དུ་བགྲངས་པ་ནི་ཤེར་མདོ་ཐམས་ཅད་ཡུམ་སྲས་བཅུ་བདུན་གྱི་ཁོངས་སུ་བསྡུ་ཐུབ་པའི་དོན་མ་ཡིན་ཞིང་། ཤེར་མདོ་ཡིན་ན་ཡུམ་སྲས་བཅུ་བདུན་པོར་ཁ་མཚམས་གཅོད་ནུས་པའང་ག་ལ་ཡིན། རྒྱུ་མཚན་འདི་དག་ལ་བརྟེན་ནས་གོང་དུ་ཇི་ལྟར་བརྗོད་པའི་སྐྱོན་རྣམས་རང་ལུགས་ལ་མི་འཇུག་པར་སྣང་ངོ་། །འོ་ན་ཡུམ་སྲས་བཅུ་བདུན་དུ་གྲངས་འདྲེན་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། སྐབས་དེ་དུས་བོད་གངས་ཅན་ལྗོངས་སུ་ཐོག་མར་ཆོས་བསྒྱུར་དང་སྒྱུར་བཞིན་པའི་སྐབས་ཡུམ་སྲས་བཅུ་བདུན་པོ་དེ་དག་བསྒྱུར་ཟིན་ཡོད་པས་དེ་ལྟར་དུ་བགྲངས་པ་ལས་གཞན་ཉི་མའི་སྙིང་པོ་བསྟན་པའི་མདོ་ལ་སོགས་པ་ནི་བསྒྱུར་མེད་པས་དེ་བཅུ་བདུན་གྱི་ཁོངས་སུ་མ་བགྲངས་པ་ཙམ་ལས་ཤེར་ཕྱིན་གྱི་མདོ་མ་ཡིན་པའི་དོན་མ་ཡིན་ནོ།།
གཉིས་པ་ལྷག་པའི་སྐྱོན་ཡོད་པ་ནི་མ་ཡིན་ཏེ། སྤྱིར་བཏང་གི་མདོ་སྡུད་པ་ནི་ཁྲི་བརྒྱད་སྟོང་པའི་ནང་གསེས་ཡིན་ན་ཡང་། དེ་ཡིས་མངོན་རྟོགས་རྒྱན་གྱི་བརྗོད་བྱ་དངོས་པོ་བརྒྱད་དང་དོན་བདུན་ཅུ་ལ་སོགས་པ་གསལ་བར་བསྟན་ཅིང་། ཁྲི་བརྒྱད་སྟོང་པའི་ལེའུ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་པ་དང་། དེ་ཉིད་ཁྲི་བརྒྱད་སྟོང་པའི་ལེའུ་གཞན་དག་ལས་མ་ལྟོས་པར་ཡུམ་གྱི་དོན་ཡོངས་རྫོགས་ཚང་བའི་རྒྱུ་མཚན་གྱིས་ལོགས་སུ་དབྱེ་བ་ཡིན་ནོ།།
གཉིས་པ། ཐ་སྙད་སྦྱོར་ཚུལ་གྱི་དབང་དུ་བྱས་ཀྱང་། སྐྱོན་དེ་དག་མི་འཇུག་སྟེ། སྤྱིར་བཏང་སྔ་རབས་པའི་མཁས་གྲུབ་རྣམ་པས་མཛད་པའི་བསྟན་བཅོས་ཁག་ཏུ་དགག་སྒྲུབ་བྱས་པ་མི་སྣང་མོད། འོན་ཀྱང་དགག་གཞག་གི་རྣམ་པ་དེ་དག་ནི་ཕྱིས་ཀྱི་གསར་མ་པ་ཚོས་བྱས་པ་ལྟ་བུར་སྣང་། གོང་དུ་ཇི་ལྟར་བརྗོད་པ་བཞིན་ཐ་སྙད་དེ་སྔར་མ་གྲགས་པ་ཙམ་གྱིས་འདོགས་མི་རུང་ཞིང་། གལ་ཏེ་བཏགས་ན་སྐྱོན་དུ་འགྱུར་རོ་ཞེ་ན། དེ་ལྟ་བུའི་ཐལ་བ་ཡི་བརྒལ་བ་ནི་གསར་མ་པ་རང་ལའང་འཇུག་པ་མཚུངས་ཏེ། ཇི་ལྟར་ཞེ་ན། གསར་མ་པ་ཁྱེད་རང་ཚོས་གསར་དུ་བྱས་པའི་ཐལ་འགྱུར་ཞེས་པའི་ཐ་སྙད་རྫིག་པོ་བཏགས་པ་དེ་ལའང་སྐྱོན་ཡོད་པ་ཐལ། སྔར་གྱི་རྒྱ་གཞུང་གང་དུའང་མ་གྲགས་པས་རིགས་པ་མཚུངས་པའི་ཕྱིར་རོ། །འོན་ཀྱང་སྐབས་འདིར་བསྟན་པའི་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་དེ་དག་བསྟན་བཅོས་ཚད་ལྡན་དག་ལས་མ་བྱུང་བ་ཡང་མ་ཡིན་ཏེ། ཡུམ་སྲས་ཞེས་པའི་དོན་ནི་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་བརྗོད་བྱ་གཙོ་བོ་དངོས་པོ་བརྒྱད་དང་དོན་བདུན་ཅུར་ཕྱེ་ནས་སྟོན་པས་ཡུམ་དང་། དེ་ལྟར་མི་སྟོན་པའི་ཡུམ་མདོ་ལ་སྲས་ཞེས་བཞག་པ་ཡིན་ནོ། །དེ་ཡང་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་«པདྨ་བཀའ་ཐང་»ལས།29ཕ་རོལ་ཕྱིན་པ་ཡུམ་སྲས་བཅུ་བདུན་དང་། །ཤེར་ཕྱིན་སྟོང་ཉིད་གཙོར་སྟོན་མདོ་མང་འགྱུར། །ཞེས་གསུངས་སོ། །གཞན་ཡང་གོང་དུ་ཆིངས་བཞི་པའི་སྐབས་སུ་ཞུས་ཟིན་པས་འདིར་ཡིག་ཚོགས་ལ་འཇིགས་ནས་འགོད་ཐབས་བྲལ།
བརྒྱད་པ། གྲུབ་དོན་བསྟན་པའི་སྒོ་ནས་མཇུག་བསྡུ་བ།
སྤྱིར་བཏང་གི་དཔྱད་རྩོམ་ཞིག་ཡིན་ན་མགོ་ནས་མཇུག་བར་ཇི་ཙམ་སྤྲོས་རུང་དེ་དང་མཐུན་པར་གྲུབ་དོན་སྙིང་བསྡུས་མངོན་གསལ་དོད་པོ་རེ་དགོས་པ་ནི་ཧ་ཅང་གི་གལ་ཆེན་ཞིག་དང་། དཔྱད་པ་བྱས་པའི་དཔྱད་འབྲས་བཟང་པོ་ཞིག་ཀྱང་ལོས་ཡིན། དེར་བརྟེན་ཁོ་བོས་ཀྱང་ད་ལམ་བཤད་བྱ་རྩ་བའི་མདོ་30ཡི་སྐོར་ལ་དཔྱད་པ་ཕྲན་བུ་ཞིག་བྱས་བའི་གྲུབ་དོན་གཏན་ལ་ཕབ་ན། གོང་དུ་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་དེ་རྒྱ་གར་དང་། བོད་གངས་ཅན་ལྗོངས་ཀྱི་མཁས་པ་དག་གི་གཞུང་དུ་ཡོད་མེད་ལ་དཔྱད་པའི་སྐབས་རྒྱ་གར་མཁས་པའི་གཞུང་དུ་མེད་པའི་མེད་ལུགས་དང་། བོད་མཁས་པའི་གཞུང་དུ་ཡོད་པའི་ཡོད་ལུགས་སོགས་ཇི་ལྟར་ཡིན་མིན་བཤད་ཟིན་ཅིང་དེའི་སྒྲུབ་བྱེད་དུའང་སློབ་དཔོན་ཆེན་པོའི་«པདྨ་བཀའ་ཐང་»དང་། ཀུན་མཁྱེན་མི་ཕམ་པས་མཛད་པའི་«པུཎྜ་རི་ཀའི་དོ་ཤལ་»དང་། གཞན་ཡང་རིས་སུ་མ་ཆད་པའི་མཁས་པ་ཁག་གི་བསྟན་བཅོས་ཁུངས་མ་དག་ཏུ་བཞུགས་པའི་ཞལ་ལུང་རྣམས་སྒྲུབ་བྱེད་དུ་བཀོད་ཡོད་པ་ལ་ཁ་ཅིག་གིས། ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་བོད་མཁས་པའི་གཞུང་དུ་ཡོད་པར་སྒྲུབ་བྱེད་ལ་བཀའ་ཐང་གི་ལུང་དྲངས་པ་ནི་ཤིན་ཏུ་ཡང་མི་རིགས་ཏེ། ཇི་ལྟར་ན་པདྨ་བཀའ་ཐང་ནི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པས་དེ་ནི་རྒྱ་གར་མཁས་པའི་གཞུང་ལས་མ་འདས་སོ་ཞེ་ན། སློབ་དཔོན་ཆེན་པོ་ཉིད་རྒྱ་གར་གྱི་པཎྜིཏ་ཆེན་པོ་ཞིག་ཡིན་པ་བདེན་མོད། འོན་ཀྱང་དེས་མཛད་པའི་བསྟན་བཅོས་ནི་རྒྱ་གཞུང་ཡིན་པའི་ངེས་པ་ག་ལ་ཡོད། ཇི་ལྟར་ན། རྒྱ་གཞུང་ཡིན་ན་མཛད་པ་པོའམ་གསུང་པ་པོ་དེས་མཛད་པའི་བསྟན་བཅོས་དག་ཐོག་མར་རྒྱ་གར་ལེགས་སྦྱར་དང་པཱ་ལིའི་སྐད་སོགས་སུ་བཞུགས་ཡོད་པ་ཞིག་དགོས་པས་སློབ་དཔོན་ཆེན་པོས་མཛད་པའི་པདྨའི་བཀའ་ཐང་ནི་དང་ཐོག་ལེགས་སྦྱར་སོགས་ལ་བཞུགས་མེད་ཅིང་། དེ་ནི་གུ་རུ་རིན་པོ་ཆེ་བོད་གངས་ཅན་གྱི་ལྗོངས་ལ་ཕེབས་སྐབས་གདུལ་བྱར་གྱུར་པའི་འགྲོ་བ་རྣམས་ཀྱི་དོན་རེ་ཞིག་དུས་ལ་མ་བབས་པར་དགོངས་ནས་བསྟན་བཅོས་དེ་གཏེར་31དུ་སྦས་ནས་ཕྱིས་སུ་གཏེར་སྟོན་པ་འགའ་ཡིས་བཏོན་པ་དེ་ལྟར་ཆགས་ཀྱི་ཡོད་པས་འདིས་ཀྱང་དེ་རྒྱ་གཞུང་མ་ཡིན་པར་གསལ་པོ་བསྒྲུབ་ཐུབ། འོན་ཀྱང་བཀའ་ཐང་གི་ལུང་དེ་དག་ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་བོད་མཁས་པའི་བསྟན་བཅོས་སུ་གསལ་བར་སྒྲུབ་བྱེད་དུ་བཀོད་པ་ནི་ལུང་ཚིག་དེ་དག་རྒྱ་གཞུང་དང་བོད་གཞུང་གཉིས་ལས་ཕྱི་མའི་ཁོངས་སུ་འཐད་ཆེ་བར་བསམས་ནས་བགྲངས་པ་ལས་བོད་མཁས་པའི་གཞུང་ཡིན་པའི་དོན་ནི་མ་ཡིན་ནོ།།
གཞན་ཡང་སྤྱིར་བཏང་གི་ཡུམ་སྲས་བཅུ་བདུན་དུ་གྲངས་འདྲེན་ཚུལ་ལ་རྣམ་པ་མི་འདྲ་བ་སྣ་ཚོགས་སྣང་ཞིང་། ལྷག་པར་དུ་སྔར་བོད་བཙན་པོའི་32དུས་སྐབས་སུ་གྲགས་ཆེ་བའི་དཀར་ཆག་གཉིས་33ལས་«དཀར་ཆག་འཕང་ཐང་མ་»34རུ་ཡུམ་སྲས་བཅུ་བདུན་དུ་བགྲངས་པ་སྣང་ཞིང་། དཀར་ཆག་ལྡན་དཀར་མ་རུ་ཡུམ་སྲས་བཅུ་དྲུག་ཏུ་བགྲངས་ཡོད་པ་སོགས་ཀྱང་གོ་ཐོས་བྱུང་། འོན་ཀྱང་ཤེར་ཕྱིན་ཡི་གེ་གཅིག་མ་ནི་དཀར་ཆག་གཉིས་ཀའི་ནང་དུ་གསལ་མེད། གཞན་ཡང་བོད་སྔ་ཕྱི་གཉིས་ཀྱི་ལུགས་ལའང་འདྲེན་ལུགས་མི་འདྲ་བ་སོ་སོར་སྣང་བ་ནི། སྔ་རབས་པས་བཅུ་དྲུག་གི་སྟེང་དུ་ཤེར་ཕྱིན་བརྒྱ་རྩ་བརྒྱད་བགྲངས་ཡོད་ཅིང་། གཞན་གྱིས་དེའི་ཚབ་ཏུ་ཤེར་ཕྱིན་ཡི་གེ་གཅིག་མ་བགྲངས་ཡོད། དེ་དག་གི་སྐོར་དགག་གཞག་སྤོང་གསུམ་ཕྲན་བུ་རེ་གོང་དུ་བྱས་ཟིན་ཡོད་པས་ཡིག་ཚོགས་མང་བར་དོགས་ནས་འདིར་རྒྱ་ཆེར་མ་སྤྲོས་སོ།།
དགུ་པ། དགེ་བ་གཞན་དོན་དུ་བསྔོ་བའི་སྒོ་ནས་མཐའ་སྐྱོང་བ་ནི།
བདག་སོགས་འགྲོ་བ་ཡོངས་ཀྱི་དེད་དཔོན། རིགས་བདག་འཁོར་ལོའི་མགོན་པོ་༸གྲུབ་དབང་ཡིན་བཞིན་ནོར་བུ་གཙོས་བཀའ་དྲིན་ཆེ་བའི་མཐོ་སློབ་འདིའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དང་། རང་ཉིད་བསླབ་པ་སློབ་གཉེར་བྱེད་པའི་སྐབས་སུ་མཐུན་འགྱུར་དང་རྒྱབ་སྐྱོར་གནང་མཁན་ཕ་མ་སྤུན་མཆེད་རྣམ་པའི་སྐུ་དྲིན་དྲན་ཙམ་བགྱི་བའི་སླད་གཞུང་ལུགས་འགའི་དོན་ལ་དཔྱད་པ་བྱས་པའི་ཁུལ་འདི་ལ་ཆོས་དང་མཐུན་པའི་དགེ་བ་ཅི་མཆིས་པ་དེ་དག་ཀྱང་གཞན་གྱི་དོན་དུ་བསྔོ་བར་བྱའོ།།
སླར་སྨོན་པ།
འདིར་འབད་རྣམ་དཀར་དགེ་བ་ཅུང་མཆིས་ན། །འགྲོ་ཀུན་བྱང་ཆུབ་བརྙེས་པའི་ས་བོན་དང་།།
མི་ལྡོག་དད་པ་རི་ལྟར་བརྟན་བྱས་ནས། །པདྨའི་རིང་ལུགས་འཛིན་པས་མཛེས་གྱུར་ཅིག།།
- གསལ་བཤད། སྤྱིར་བཏང་གི་བཤད་བྱ་རྩ་བའི་མདོ་ཞེས་པའི་བརྗོད་གཞིའི་ཐོག་དཔྱད་པ་བྱེད་དགོས་ན་དེ་ནི་བརྗོད་བྱ་ཧ་ཅང་གི་རྒྱ་ཆེན་པོ་ཞིག་ཡིན་པས་བློ་དམན་པ་བདག་ལྟ་བུ་ཞིག་གིས་དཔྱད་ནུས་པ་ནི་ཕ་རིའི་སྤང་རྒྱན་ཡིན་མོད། འོན་ཀྱང་ད་ལམ་ཁོ་བོས་དཔྱད་པར་བྱ་བའི་གཞི་ནི་དཔལ་སྤྲུལ་སེམས་དཔའ་ཆེན་པོས་མཛད་པའི«དཔལ་སྤྲུལ་སྤྱི་དོན་»ལས། ཤེར་ཕྱིན་ནི་འདིའི་རྩ་བའི་མདོའོ། །ཞེས་པ་ལས་འཕྲོས་ནས་མངོན་རྟོགས་རྒྱན་གྱི་བཤད་བྱ་རྩ་བའི་མདོ་ཡི་སྐོར་ཅུང་ཙམ་ཞིག་བྲིས་པའི་ཁུལ་ཡིན།
- བསྟན་འགྱུར། སྡེ་དགེའི་པར་མ། དཔེ་རིང་། པོད། ས་པ། དབུ་མ། ཤོག་ངོས་ ༨༤ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༢ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༤ པར་གསལ།
- ཨ་དརྴ། ཀུན་མཁྱེན་གོ་རམས་པའི་གསུང་འབུམ། དཔེ་རིང་། པོད། ཇ། ཤོག་ངོས་ ༡༧ པར་གསལ།
- དགའ་ལྡན་བྱང་རྩེའི་དཔེ་མཛོད་ཁང་གི་ཕྱི་ལོ་ ༢༠༢༣ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༢ པར་གསལ།
- ཐཱའི་ཝན་པར་མ། དེབ་གཟུགས། ཤོག་ངོས་ ༥ ཡིག་ཕྲེང་། ༡༤ པར་གསལ།
- ཐཱའི་ཝན་པར་མ། དེབ་གཟུགས། ཤོག་ངོས་ ༥ ཡིག་ཕྲེང་། ༩ པར་གསལ།
- དུས་རབས་ཉི་ཤུའི་དཀྱིལ་ནས་ཉེར་གཅིག་གི་དུས་འགོར་བྱོན་པའི་མཁན་ཆེན་བརྩོན་འགྲུས་སོགས་ཀྱིས་བཞེད།
- མཁན་ཆེན་བརྩོན་འགྲུས་མཆོག་གིས་མཛད་པའི«ཤེར་ཕྱིན་འཆད་པའི་སྔོན་འགྲོ་»ལས། དེ་ལ་ཕྱིས་ཀྱི་མཁས་པ་དག་གིས་ཡུམ་སྲས་བཅུ་བདུན་དུ་གྲངས་འདྲེན་པ་མི་འཐད་ཟེར་ནས་དགག་པ་ནི་བཅོམ་ལྡན་འདས་ལ་དགག་པ་བརྗོད་པ་སྟེ། ཀོོོཽ་ཤི་ཀས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་བཞུགས་ཏེ། ཤེར་ཕྱིན་ཡུམ་སྲས་བཅུ་བདུན་ཡོངས་སུ་རྫོགས་པའི་སྐབས་ན། ཞེས་གསུངས་པའི་ཕྱིར། ཞེས་སོ། །ཕྱི་ལོ་ ༡༩༩༦ ལོར་པར་སྐྲུན་ཞུས་པའི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་དཔེ་མཛོད་པར་མ། དེབ་གཟུགས། ཤོག་ངོས་ ༠༨ པར་གསལ།
- མཁན་ཆེན་བརྩོན་འགྲུས་མཆོག་གིས་མཛད་པའི་«ཤེར་ཕྱིན་འཆད་པའི་སྔོན་འགྲོ་»ལས། ཡུམ་སྲས་བཅུ་བདུན་གྱི་ཐ་སྙད་འདོགས་པ་ལ་རིགས་པས་གནོད་པ་གང་ཡང་མེད་དེ། སྟོན་པ་སངས་རྒྱས་ཀྱིས་ཤེར་ཕྱིན་གྱི་མདོ་བཅུ་བདུན་དཀྱུས་གཅིག་ཏུ་གསུངས་པ་ལ་ཡུམ་སྲས་བཅུ་བདུན་ཞེས་མིང་འདོགས་པར་མཛད་ན། སླར་ཡང་ཤེར་ཕྱིན་མདོ་གཞན་དག་ཀྱང་གསུངས་པ་ལ་མི་འཐད་པ་གཏན་ནས་མེེད་པས་སོ། །ཞེས་གསུངས་སོ། །ཕྱི་ལོ་ ༡༩༩༦ ལོར་པར་སྐྲུན་ཞུས་པའི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་དཔེ་མཛོད་པར་མ། དེབ་གཟུགས། ཤོག་ངོས་ ༠༨ པར་གསལ།
- བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། དེབ་ཕྲེང་། ༠༣ ཤོག་ངོས་ ༨༨ པར་གསལ།
- བོད་རྒྱལ་གདུང་རབས་སོ་བརྒྱད་པ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་བྱུང་བའི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཞིག་ཡིན།
- «དཀར་ཆག་འཕང་ཐང་མ།»སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ལ་སོགས་པས་བསྒྲིགས་པའོ།།
- ཡེ་ཤེས་སྡེའི་པར་མ། བཀའ་འགྱུར། དཔེ་རིང་། པོད། དེབ་གྲངས། ༡༣༠ ཤོག་ངོས་ ༨༤ པར་གསལ།
- ཨདརྴ། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་འབུམ། པོད། པ། ཤོག་ངོས་ ༦-༧ པར་གསལ།
- «པདྨ་བཀའ་ཐང་»ལས། ཕ་རོལ་ཕྱིན་པ་ཡུམ་སྲས་བཅུ་བདུན་དང་། །ཤེར་ཕྱིན་སྟོང་ཉིད་གཙོར་བཏོན་མདོ་མང་འགྱུར། །ཞེས་གསུངས། ལུང་ཚིག་འདི་ཨདརྴའི་ནང་དུ་བཞུགས་པའི་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་འབུམ། པོད། པ། «ཤེར་ཕྱིན་གྱི་འགྲེལ་པ་པུཎྜ་རི་ཀའི་དོ་ཤལ།» དཔེ་རིང་། པར་མ། ཤེར་ཕྱིན། ཤོག་ངོས་ ༧ པར་གསལ་ཡང་། ཡར་རྗེ་ཨྱོན་གླིང་པས་མཛད་པའི་ «བཀའ་ཐང་རྒྱས་པ་» དང་། གཏེར་སྟོན་མཆོག་གྱུར་བདེ་ཆེན་གླིང་པས་མཛད་པའི་ «བཀའ་ཐང་སྡུས་པ་» གཉིས་སུ་མི་གསལ། གཏེར་ཆོས་པདྨ་བཀའ་ཐང་གི་པར་མ་གཞན་དང་གཞན་དུ་ཡོད་སྲིད།
- སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། དེབ་གཟུགས། ཤོག་ངོས་ ༡༨༦ པར་གསལ།
- «ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དང་བཅས་པའི་སྔ་ཕྱིའི་འབྲེལ་རྣམ་པར་བཙལ་ཞིང་། དངོས་བསྟན་གྱི་དཀའ་བའི་གནས་ལ་ལེགས་པར་བཤད་པའི་དཔུང་ཚོགས་རྣམ་པར་བཀོད་པ། བཞེད་ཚུལ་རྦ་རླབས་ཀྱི་ཕྲེང་བ་ཞེས་བྱ་བ་»ལས། དྲུག་པོ་འདི་ལ་བསམ་ཡས་ཀྱི་དཀར་ཆག་ཏུ་ཡུམ་དྲུག་ཅེས་བྲིས་སོ། །ཞེས་པ་ནས། དེ་དག་ལ་སྲས་བཅུ་གཅིག་གི་ཐ་སྙད་མཛད་དོ། །འདི་ལ་བརྟེན་ནས་སློབ་དཔོན་སྔ་མ་རྣམས་ཀྱིས། སྲས་ཡུམ་བཅུ་བདུན་ཞེས་པའི་ཐ་སྙད་མཛད་ཅིང་། ཞེས་གསུངས། ཨ་དརྴ། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ། པོད། ད། ཤོག་ངོས་ ༡༦༤ པར་གསལ།
- སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། དེབ་གཟུགས། ཤོག་ངོས་ ༡༨༠ པར་གསལ།
- གསལ་བཤད། ལུང་ཚིག་འདི་སྣང་ཚུལ་ལ་ཁ་མ་ཁེངས་པ་ལྟ་བུར་སྣང་ཡང་མ་དཔེར་ཇི་ལྟར་གསལ་བ་རང་སོར་བཞག་པ་ཡིན།
- ཨ་དརྴ། མི་ཕམ་གསུང་འབུམ། པོད། པ། ཤེར་ཕྱིན། ཤོག་ངོས་ ༥-༠༦ པར་གསལ།
- ཨང་ཀི་གོང་འོག་གང་དུ་བྲིས་ཡོད་མེད་འདི་མ་དཔེའི་ནང་ཇི་ལྟར་གསལ་བ་རང་སོར་བཞག་པ་ཡིན།
- «ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དང་བཅས་པའི་སྔ་ཕྱིའི་འབྲེལ་བ་རྣམ་པར་བཙལ་ཞིང་། དངོས་བསྟན་གྱི་དཀའ་བའི་གནས་ལ་ལེགས་པར་བཤད་པའི་དཔུང་ཚོགས་རྣམ་པར་བཀོད་པ། བཞེད་ཚུལ་རྦ་རླབས་ཀྱི་ཕྲེང་བ་»ལས། རབ་རྩལ་རྣམ་གནོན་གྱིས་ཞུས་པ་ཤོ་ལོ་ཀ་སྟོང་དང་བརྒྱ་དྲུག་ཅུ་པ། བམ་པོ་བདུན་པ་དང་། ཤེར་ཕྱིན་ལྔ་བརྒྱ་པ་དང་། ཚུལ་བརྒྱ་ལྔ་བཅུ་པ་དང་། རྡོ་རྗེ་གཅོད་པ་དང་། ལྔ་བཅུ་པ་དང་། ཀཽ་ཤི་ཀ་ཤོ་ལོ་ཀ་སུམ་ཅུ་རྩ་གཅིག་པ་དང་། སྒོ་ཉི་ཤུ་རྩ་ལྔ་པ་ཤོ་ལོ་ཀ་ཉེར་ལྔ་པ་དང་། ཤེས་རབ་སྙིང་པོ་ཤོ་ལོ་ཀ་ཉི་ཤུ་རྩ་ལྔ་པ་དང་། ཡི་གེ་ཉུང་ངུ་ཤོ་ལོ་ཀ་སུམ་ཅུ་པ་དང་། ཡི་གེ་གཅིག་མ་དང་། དེ་དག་གི་སྟེང་དུ་དཀོན་མཆོག་བརྩེགས་པའི་འདུས་པ་བཞི་བཅུ་རྩ་དྲུག་པ་ཤེར་ཕྱིན་བདུན་བརྒྱ་པ་བསྣན་ནས། དེ་དག་ལ་སྲས་བཅུ་གཅིག་གི་ཐ་སྙད་མཛད་དོ། །ཞེས་གསུངས་སོ། །(ཨ་དརྴ། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ། པོད། ད། ཤོག་ངོས་ ༡༦༤ པར་གསལ།)
- «ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་གྱི་གཞུང་སྔ་ཕྱིའི་འབྲེལ་དང་དཀའ་གནད་ལ་དཔྱད་པ་སྦས་དོན་ཟབ་མོ་གཏེར་གྱི་ཁ་འབྱེད་» ལས། འདི་ལ་སྔོན་གྱི་མཁས་པ་རྣམས་ཀྱིས་ཡུམ་དྲུག་དང་། སྲས་བཅུ་གཅིག་གི་རྣམ་གཞག་མཛད་དོ། །ཡུམ་དྲུག་ནི། སྟོང་ཕྲག་བརྒྱ་པ་དང་། སྟོང་ཕྲག་ཉེར་ལྔ་པ་དང་། ཁྲི་བརྒྱད་སྟོང་པ་སྟེ་རྒྱས་པ་སྐོར་གསུམ། ཤེས་རབ་ཁྲི་པ་དང་། བརྒྱད་སྟོང་པ་དང་། ཡོན་ཏན་རིན་ཆེན་སྡུད་པ་སྟེ། བསྡུས་པ་སྐོར་གསུམ་མོ། །སྲས་བཅུ་གཅིག་ནི། ཤེར་ཕྱིན་བདུན་བརྒྱ་པ་དང་། ཤེར་ཕྱིན་སུམ་བརྒྱ་པ་དང་། ཤེར་ཕྱིན་བརྒྱ་ལྔ་བཅུ་པ་དང་། ཤེར་ཕྱིན་ལྔ་བཅུ་པ་དང་། སྒོ་ཉེར་ལྔ་པ་དང་། རབ་རྩལ་རྣམ་གནོན་གྱིས་ཞུས་པ་དང་། ཀོའུ་ཤི་ཀས་ཞུས་པ་དང་། ཡི་གེ་ཉུང་ངུ་མ་དང་། ཡི་གེ་གཅིག་མ་དང་། རྡོ་རྗེ་གཅོད་པ་དང་། ཤེས་རབ་སྙིང་པོའོ། །ཞེས་གསུངས་སོ། །ཨ་དརྴ། ཀུན་མཁྱེན་གོ་རམས་པའི་གསུང་འབུམ། པོད། ཇ། ཤོག་ངོས་ ༡༥-༡༦ པར་གསལ།
- «ལེགས་བཤད་གསེར་ཕྲེང་»ལས། འོ་ན་འདིའི་རྩ་བའི་མདོ་གང་ཞེ་ན། དེ་ལ་སྤྱིར་ཤེར་ཕྱོགས་ལ་ཡུམ་དྲུག་སྲས་བཅུ་གཅིག་སྟེ་སྲས་ཡུམ་བཅུ་བདུན་ཞེས་སྔ་མ་རྣམས་ཀྱིས་བརྡ་བྱས་པ་ལ་འབུམ་ཉི་ཁྲི། ཁྲི་བརྒྱད་སྟོང་པ། ཤེས་རབ་ཁྲི་པ། བརྒྱད་སྟོང་པ། སྡུད་པ་རྣམས་ཡུམ་ཡིན་ཞིང་། ཤེར་ཕྱིན་བདུན་བརྒྱ་པ། ལྔ་བརྒྱ་པ། སུམ་བརྒྱ་པ། ཚུལ་བརྒྱ་ལྔ་བཅུ་པ། ལྔ་བཅུ་པ། སྒོ་ཉེར་ལྔ་པ། རབ་རྩལ་རྣམ་གནོན་གྱིས་ཞུས་པ། ཀཽ་ཤི་ཀ ཡི་གེ་གཅིག་མ། ཡི་གེ་ཉུང་ངུ་། ཤེར་སྙིང་སྟེ་བཅུ་གཅིག་ནི་སྲས་སོ། །ཞེས་གསུངས་སོ། །དགའ་ལྡན་བྱང་རྩེ་དཔེ་མཛོད་ཁང་གི་ཕྱི་ལོ་ ༢༠༢༣ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༥ པར་གསལ།
- ཨ་དརྴ། གོ་རམས་པའི་གསུང་འབུམ། པོད། ཇ། ཤོག་ངོས་ ༡༦ པར་གསལ།
- དགའ་ལྡན་བྱང་རྩེའི་དཔེ་མཛོད་ཁང་གི་ཕྱི་ལོ་ ༢༠༢༣ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༡ པར་གསལ།
- དགའ་ལྡན་བྱང་རྩེའི་དཔེ་མཛོད་ཁང་གི་ཕྱི་ལོ་ ༢༠༢༣ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༡-༡༢ པར་གསལ།
- ལུང་ཚིག་འདི་ཨདརྴའི་ནང་དུ་བཞུགས་པའི་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་འབུམ། པོད། པ། «ཤེར་ཕྱིན་གྱི་འགྲེལ་པ་པུཎྜ་རི་ཀའི་དོ་ཤལ།» དཔེ་རིང་། པར་མ། ཤེར་ཕྱིན། ཤོག་ངོས་ ༧ པར་གསལ་ཡང་། ཡར་རྗེ་ཨྱོན་གླིང་པའི་བཀའ་ཐང་རྒྱས་པ་དང་། གཏེར་སྟོན་མཆོག་གྱུར་བདེ་ཆེན་གླིང་པའི་བཀའ་ཐང་སྡུས་པ་གཉིས་སུ་མི་གསལ། གཏེར་ཆོས་པདྨ་བཀའ་ཐང་གི་པར་མ་གཞན་དང་གཞན་དུ་ཡོད་སྲིད།
- གསལ་བཤད། སྤྱིར་བཏང་གི་བཤད་བྱ་རྩ་བའི་མདོ་ལ་གོ་བ་མ་ཡིན་པར་ཤེར་ཕྱིན་གྱི་བཤད་བྱའི་རྩ་བ་མདོ་ལ་གོ་བར་བྱ་བ་ཡིན་ནོ།།
- གཏེར་ལའང་ཆུ་གཏེར་དང་། ཟབ་གཏེར། ལྕགས་གཏེར། འབྲུ་གཏེར། ཡོན་ཏན་གྱི་གཏེར་སོགས་མང་པོ་ཡོད།
- བཙན་པོ་འདི་ནི་ཆོས་རྒྱལ་མེས་དབོན་རྣམ་གསུམ་དང་། མཁན་སློབ་ཆོས་གསུམ་གཉིས་ཀྱི་ཡ་གྱལ། བོད་རྒྱལ་གདུང་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཡིན། ཆོས་རྒྱལ་ཆེན་པོ་འདིས་མཁན་ཆེན་བོདྷི་ས་ཏྭ་དང་། སློབ་དཔོན་པདྨ་འབྱུང་གནས་གཉིས་རྒྱ་གར་ནས་གདན་འདྲེན་ཞུས་ཤིང་དེ་གསུམ་ཞལ་འཛོམས་པའི་ཐོག་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ཤིང་སད་མི་མི་བདུན་རབ་ཏུ་བྱུང་ནས་དགེ་འདུན་གྱི་སྡེ་བཙུགས། མདོར་ན་ཁོང་གིས་ཆོས་སྲིད་ཟུང་འབྲེལ་གྱི་ངང་ནས་བསྟན་པའི་ཞབས་འདེགས་གནང་སྟངས་ལ་བསམས་ན་བསམ་ཡུལ་འདས་པ་ཞིག་ཡིན།
- ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་མཛད་པའི་དཀར་ཆག་ཕང་ཐང་མ་དང་། དཀར་ཆག་ལྡན་དཀར་མ་གཉིས་ཡིན་ནོ།།
- ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ། ཉི་ཁྲི་ལྔ་སྟོང་པ། ཁྲི་བརྒྱད་སྟོང་པ། ཤེས་རབ་ཁྲི་པ། བརྒྱད་སྟོང་པ། ཤེས་རབ་ཀྱི་རྩལ་གྱིས་རྣམ་པར་རྣོན་པ། ཤེར་ཕྱིན་བདུན་བརྒྱ་པ། ཤེར་ཕྱིན་ལྔ་བརྒྱ་པ། རྡོ་རྗེ་གཅོད་པ། སྡུད་པ་ཚིགས་སུ་བཅད་པ། ཚུལ་བརྒྱ་ལྔ་བཅུ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་པ། འཕགས་པ་ལྔ་བཅུ་པ། ཀཽའུ་ཤི་ཀ ཤེས་རབ་སྙིང་པོ། སྒོ་ཉེར་ལྔ་པ། ཡི་གེ་ཉུང་ངུ་བཅས་གྲངས་བཅུ་བདུན་དུ་བརྩིས་ཡོད།
