ཁ་ཧོབ་རི་ཙམ་གྱི་དྲང་བདེན་ལས་དོན་མཐུན་རྡེའུ་ཙམ་གྱི་བྱ་སྤྱོད་དགའ།

ལོ་རིམ་བདུན་པའི་སློབ་གཉེར་བ། ཨོ་རྒྱན་བསྟན་འཛིན།

གཡོ་ཟོལ་རྫུན་གྱི་སྤྱོད་ངན་རིང་དུ་དོར་ཞིང་།།
བསླུ་ཞགས་མདུན་རྒྱབ་གདོང་གཉིས་དེ་བས་མི་མངའ།།
དྲང་ལ་དྲང་པོའི་ཚད་གཟུང་དཔེ་ཟླར་བྲལ་བའི།།
དྲང་སྲོང་སྐྱེ་བོའི་ཚོགས་ཀྱི་རྗེས་སུ་འཇུག་རོགས།།

འཇིག་རྟེན་གྱི་ཁ་དཔེ་ལ། ཁ་གསང་ན་གོ་བདེ། །ནམ་ལངས་ན་འགྲོ་བདེ། །ཞེས་པ་ལྟར་ཚིགས་སུ་བཅད་པའི་སྒོ་ནས་ཞུ་སྐུལ་གྱི་སྙིང་པོ་སྔོན་དུ་བཏང་སྟེ་སྐབས་སུ་བབས་པ་འདི་ནས་ངས་དབྱངས་གསལ་སོ་བཞིའི་ཀ་མིག་གི་ཕྲེང་ཐག་ལ་བརྒྱུས་ཏེ་ཁ་ཚིག་ཙམ་གྱི་དྲང་པོ་ལས་དོན་ལག་ལེན་གྱི་དྲང་པོ་གལ་ཆེ་ཚུལ་སྐོར་ཕྲན་བུ་ཞིག་ཞུ་བར་འདོད་ཅིང་། དེ་ཡང་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་མི་རྣམས་ཀྱི་བསམ་སྤྱོད་ལ་གཞིགས་ན་ཚིག་གི་ལོ་མའི་རྒྱས་སྤྲོས་ཀྱི་ངལ་བ་དེ་བསྐྱུར་ནས། དོན་གྱི་སྙིང་པོ་བསྡུས་ཏེ་བརྗོད་ན་ལེགས་པར་མཐོང་བས་དེ་ལྟར་འབད་འབུངས་བྱ།

༡༽ རང་གཞན་གྱི་བདེ་སྡུག་ལ་གཞིགས་སྟེ་དྲང་པོ་བྱ་རྒྱུ་གལ་ཆེ།

སྤྱིར་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཚུལ་གསུངས་ཡོད་པ་ལས། ད་ལྟ་ང་ཚོའི་དབང་པོ་སྒོ་ལྔའི་སྤྱོད་ཡུལ་དུ་གྱུར་པ་རྐང་པ་འཇོག་ས་དང་། ལག་པས་རེག་རྒྱུ་ཡོད་པའི་མིག་མཐོང་ལག་ཟིན་གྱི་སའི་གོ་ལ་འདི་ཡི་སྟེང་འཚོ་ཞིང་གནས་ཡོད་པའི་སྲོག་ལྡན་གཞན་ཕར་ཞོག་རིགས་མཐུན་གྱི་ང་ཚོ་འགྲོ་བ་མི་ལྟ་བུ་ཞིག་ལ་མཚོན་ན་ཡང་ཆེ་མགོ་དཀར་ནས་ཆུང་ལྟེ་དམར་ཡན་ཐམས་ཅད་ལ་གཅིག་མཚུངས་ཀྱི་འདུ་ཤེས་གཅིག་ཡོད་པ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། གྲོག་མ་མིག་མེད་བདེ་བའི་ཆེད་དུ་རྒྱུག །ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག།།མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས། །གཅིག་ལས་གཅིག་མགྱོགས་བདེ་བའི་ཆེད་དུ་རྒྱུག །ཅེས་པ་ལྟར་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་འདི་གཅིག་གྱུར་ཡིན་པ་ལ་ཤེས་པ་རང་བཞིན་དུ་གནས་པ་ཞིག་ཡིན་ཚེ་སུ་ལ་ཡང་རྩོད་དོགས་མི་མངའ། དེ་ལྟར་བདེ་སྡུག་གཉིས་པོ་འདི་ཡང་། དཔལ་ཆོས་ཀྱི་གྲགས་པས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་བཟློག་པར་འགྱུར། །གསུངས་པ་ལྟར་རྒྱུ་ཚོགས་གྲངས་ཚང་ཞིག་ལས་འབྱུང་དགོས་པར་གོར་མ་ཆག་པས་དོན་ལག་ལེན་གྱི་དྲང་པོ་ནི་བདེ་བའི་འབྱུང་ཁུངས་སམ་རྩ་བ་ལྟ་བུ་ཞིག་དང་། ཁ་ཚིག་ཙམ་གྱི་དྲང་པོ་ནི་སྡུག་བསྔལ་གྱི་གཞི་རྩ་ལྟ་བུ་ཞིག་ཏུ་སེམས་པས་རང་གཞན་གྱི་བདེ་སྡུག་ལ་གཞིགས་ནས་དྲང་པོ་བྱ་རྒྱུ་གལ་ཆེའོ།།

༢༽ ང་ཚོས་འདས་སོང་གི་ལོ་ཟླ་ལ་ཕྱི་མིག་གཅིག་བྱས་ན་ཆེ་ས་ནས་བསམས་ཏེ་འཛམ་གླིང་སྤྱིའི་འགྱུར་འགྲོས་ལ་གཞིགས་ན་ཡང་དྲང་པོ་བྱ་རྒྱུ་གལ་ཆེ།

འཛམ་གླིང་འདི་ཡི་སྟེང་སྔོན་ནས་ད་བར་ཕན་ཚུན་རྒྱལ་ཁབ་དང་རྒྱལ་ཁབ། མི་རིགས་དང་མི་རིགས་བར་སོགས་སུ་ཁྱོད་ཡག་ང་བཟང་གི་སྒོ་ནས་ཁ་ཚིག་སྙན་མོ་ཙམ་རེ་བཤད་རེས་དང་། རིན་ཐང་མེད་པའི་གཡོ་བཟོའི་འཛུམ་འབག་གི་འོག་ནས་རིན་པ་མི་དགོས་པའི་ཁ་གོང་འོག་གི་སོ་ཕྲེང་སྟོན་ཙམ་རེ་ལས་དོན་ལག་ལེན་གྱི་དྲང་བདེན་དབུལ་སོང་བའི་རྐྱེན་གྱིས་གནད་འགག་ལ་ཐུག་དུས་རང་ཕྱོགས་ལ་ཆགས་ཞེན་དང་། གཞན་ཕྱོགས་ལ་སྡང་ཤུགས་ཀྱི་གློག་དམར་རབ་ཏུ་གཡོ་ཤིང་ཕན་ཚུན་ང་རྒྱལ་ཁྱོད་ཕམ་གྱི་དྲག་སྤྱོད་རྩུབ་མོ་སྟེ་སྔར་མདའ་གཞུ་མདུང་གྲི་སོགས་ནས་རིམ་པས་རྫས་སྦྱོར་ངན་པའི་གོ་ཆའི་འོག་ནས་སྐད་ཅིག་ལ་གནམ་ས་ཨ་ལོག་བསྒྱུར་བ་ལྟ་བུའི་ཐལ་རྡུལ་གྱིས་ནམ་མཁའ་ཁེངས་ཤིང་། ཡ་ང་བའི་ངུ་འབོད་འཇིགས་སུ་རུང་བ་དམྱལ་ཁམས་མི་ཡུལ་དུ་འཕོས་པ་ལྟ་བུའི་འཛམ་གླིང་དམག་ཆེན་དང་པོ་དང་། གཉིས་པ་ཟེར་བ་སོགས་མིང་ཐོས་པ་ཙམ་ནས་འཇིགས་སྣང་ངང་གིས་སྟེར་ཞིང་། སྦྱོར་བའི་ལག་ལེན་ལྟ་ཅི། སེམས་ཀྱིས་བསམ་མི་ཕོད་པ་ལྟ་བུའི་ངན་སྤྱོད་ཀྱི་རིགས་དུས་ད་ལྟའི་བར་མ་མང་ནའང་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་པ་འདི་དག་ཀྱང་སོ་སོའི་ཁེ་ཕན་དང་། མཚན་སྙན་གྲགས་སོགས་མདོར་ན་ཕྱོགས་ཞེན་ཆགས་སྡང་གི་གཞན་དབང་དུ་གྱུར་སོང་ཞིང་། དྲང་བདེན་མ་ཡིན་པའི་གཤིས་སྤྱོད་ངན་པའི་བྱས་རྗེས་ཁོ་ན་ལས་བྱུང་བ་ཡིན་པ་ཡང་མི་ལ་འགྲོ་བ་གཞན་དང་མི་འདྲ་བར་ཡིན་མིན་དཔྱོད་པའི་ཤེས་རབ་ཀྱི་མིག་བུ་ལྡན་པ་ཞིག་ཏུ་འདོད་པ་བཞིན། ལག་ཟུང་གཉིས་བྲང་ལ་བཞག་ནས་བསམ་མནོ་དྲུག་གསུམ་བཅོ་བརྒྱད་ཀྱི་ལམ་ནས་འདང་ལེགས་པོ་ཞིག་བརྒྱབ་ན།
དཔེར་ན་རང་ཉིད་ཀྱི་ལུས་ལ་ཚེར་མ་ཞིག་གིས་ན་ཟུག་ཀྱང་མི་འདོད་ན་གཞན་ཀྱང་དེ་མཚུངས་ཡིན་པ་ལ་རྒྱུ་མཚན་གཞན་འཚོལ་མི་དགོས་ཤིང་མཐོང་བ་མངོན་སུམ་ཡིན་པའི་གནད་ཀྱིས་ཤེས་བཞིན་དུ་གཞན་གྱི་བདེ་སྡུག་ལ་མནོ་བསམ་མི་བྱེད་པར་སྣང་མེད་དུ་གཏོང་བའི་ང་ཚོ་འགྲོ་བ་མིའི་རིགས་ཀྱི་བྱ་སྤྱོད་ངན་པ་འདི་ཉིད་ཀྱིས་རང་བཞིན་གྱིས་ཁ་གྲག་ཡོང་བས་ཤེས་ཤིང་། གཞན་ཡང་གནས་སྐབས་གྱི་ཁེ་ཕན་ཕྲན་བུ་ལ་དམིགས་ནས་ས་ཆེན་པོ་ཕྱི་ནང་ཨ་ལོག་བསྒྱུར་ཞིང་རྐོ་སློག་དང་། རི་མཐོན་པོ་རྨང་ནས་བཤིགས་ཏེ་ནང་ཁྲོལ་ཡོད་ཚད་ཕྱི་རུ་ཕྱུང་བ། སྔོ་ལྗང་མཛེས་སྡུག་ལྡན་པའི་རྩི་ཤིང་ཡོད་དགུ་གཅོད་གཏུབ་སོགས་ཀྱིས་མཚོན་ཕྱིའི་རྣམ་པ་ཕར་བལྟས་ཚོད་ལ་ཁྲ་ཁྲ་ཟིང་ཟིང་གི་ཡར་རྒྱས་འཛུགས་སྐྲུན་གྱི་ངང་ཚུལ་ལྟ་བུ་ཞིག་ལ། དོན་ལ་སྐྱེ་འགྲོ་ཐུན་མོང་ལ་དབང་བའི་ཀུན་ཀྱི་ཁྱིམ་གཞིས་ཕ་ས་ཆེན་པོ་དེར་དབང་དུ་བསྒྱུར་ཞིང་། དཔེར་ན་ལུས་ཀྱི་ཁོ་ལག་ཡོངས་སུ་རྫོགས་པའི་སྐྱེས་བུ་ཞིག་ཕྱོགས་ཀུན་ནས་བསྡམས་ཏེ་ལུས་ཀྱི་ཆ་ཤས་རེ་རེ་ནས་གཏུབས་ཤིང་མཐར་ཅི་ཡང་མེད་པར་བསྒྱུར་བ་བཞིན་ཀུན་ཀྱི་མ་མ་ལྟ་བུར་གྱུར་པའི་རང་བྱུང་གི་ཁམས་ཆེན་པོ་འདི་ལ་གཏོར་བཤིག་ཚད་མེད་ཅིག་བཏང་དང་གཏོང་བཞིན་པ་འདི་བློ་གཟུ་བོར་གནས་པའི་དཔྱོད་ལྡན་གྱི་མི་བོ་ཆེ་ཚོས་བལྟས་ན་འཇིག་རྟེན་གྱི་ཁ་དཔེ་ལ། གློ་བུར་ཕན་བཏགས་ཀྱིས། །ནམ་ཕུགས་གནོད་པ་བསྐྱལ། །ཞེས་པའི་དོན་ལས་མ་འདས་པས་རང་ཉིད་ཁོ་ན་ལས་གཞན་འཇིག་རྟེན་གྱི་ཁམས་ཆེན་པོ་འདི་ཡི་སྟེང་འཚོ་ཞིང་གནས་པའི་ཉམ་ཆུང་དུད་འགྲོའི་རིགས་ཚད་མེད་པ་དག་དང་། མ་འོངས་འབྱུང་འགྱུར་གྱི་མི་རབས་རྗེས་མ་རྣམས་ཀྱི་བདེ་སྡུག་ལ་མི་བསམ་ཞིང་བྱ་ངན་བྱས་པའི་འབྲས་རྟགས་སུ་ད་ལྟ་ནས་འཛམ་གླིང་གི་ཕྱོགས་གང་སར་འབྱུང་བཞི་ཁོད་མི་མཉམ་པ་སོགས་ཀྱི་གནོད་འཚེ་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་པ་མིག་མཐོང་ལག་ཟིན་དུ་གྱུར་པ་འདི་ཚོ་ཡང་ཆེ་ས་ནས་བསམས་ན་དོན་ལག་ལེན་སྤྱི་སེམས་དྲང་བདེན་བཟང་པོས་མ་འདང་པའི་རྐྱེན་གྱིས་ཡིན་པ་ལས་མ་འདས་སོ།།

༣༽ ཆུང་ས་ནས་བསམས་ན་ཚོགས་སྡེ་བྱེ་བྲག་པ་ཞིག་ལ་མཚོན་ན་ཡང་དེ་བཞིན་དྲང་པོ་འདི་གལ་ཆེ།

དཔེར་ན་སྤྱི་ཚོགས་བྱེ་བྲག་པའི་ཚོགས་སྡེ་ག་གེ་མོ་ཞིག་ལ་མཚོན་ན་སྤྱི་ཚོགས་དེ་ལ་ཡ་རབས་སྤྱོད་བཟང་སྤྱི་སེམས་དྲང་བདེན་གྱི་མི་བུ་ཇི་ཙམ་ཡོད་པ་དེའི་ཚོད་ཀྱིས་ཕ་སེང་ཆེན་ལ་བུ་སེང་ཕྲུག་བྱུང་བ་བཞིན་དེ་དག་གི་བཟང་སྤྱོད་འོག་འཚར་ལོངས་བྱུང་བའི་ཤུལ་འཛིན་པ་རྗེས་རབས་ཚོ་ལ་མཚོན་ན་ཡང་དེའི་ཤུགས་རྐྱེན་བཟང་པོས་དེ་མཚུངས་སུ་འབྱུང་བ་དང་། དེ་དག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ཞིང་ཀུན་སྙོམས་དྲང་བདེན་གྱི་འཛིན་སྐྱོང་འོག་འཇིག་རྟེན་གྱི་ཁ་དཔེ་ལ། ནང་བུ་སྤུན་མཐུན་སྒྲིལ་བྱུང་ན། །ཕྱི་དགྲ་བོ་ཟིལ་གྱིས་གནོན། །ཞེས་པའི་དཔེ་བཞིན་ཕྱི་ནང་གི་འགལ་རྐྱེན་བར་ཆད་ཀུན་ལས་རྣམ་པར་རྒྱལ་ཏེ་ཚོགས་ཁྱིམ་དེ་མི་རབས་ནས་མི་རབས་བར་གཞན་ཕན་ཕྲིན་ལས་ཀྱི་འོད་སྟོང་རབ་ཏུ་འཕྲོ་ཞིང་ཀུན་ཀྱི་མིག་དཔེར་འོས་པའི་རྟེན་དུ་གནས་ཐུབ་པར་སྨོས་མེད་རེད་ལ། དེ་བཞིན་དཔེར་ན་གྲོང་སྡེ་ཞིག་ལ་མི་ཡ་རབས་སྤྱོད་བཟང་དྲང་བདེན་ཅན་ཞིག་ཡོད་ན་གྲོང་པ་དེ་ལ་ཆེ་ཆུང་གི་གནད་དོན་ཅི་ཞིག་བྱུང་ན་ཡང་ཚང་མས་བློ་འདྲི་ས་དང། གྲོས་འཇོག་ས་ལྟ་བུ་ཀུན་ཀྱིས་རེ་བ་བཅོལ་ས་དང་སེམས་ཕུགས་བརྟེན་ས་སྡེ་པ་དེའི་ནང་ཚ་སོབ་སོབ་ཅིག་དང་། ཕྱི་ལྗིད་ཏིག་ཏིག་གཞན་དང་མི་འདྲ་བ་ལྟ་བུར་ངེས་ཤིང་། དེ་ལས་ལྡོག་སྟེ་ཚོགས་སྡེ་གང་འདྲ་ཞིག་ཡིན་ན་ཡང་དེའི་ནང་ཀུན་སྙོམས་དྲང་བདེན་མ་ཡིན་པའི་ཕྱོགས་རིས་ཆགས་སྡང་གི་གདོན་གྱིས་བཟི་བའི་གཤིས་སྤྱོད་ངན་པའི་མི་ཇི་ཙམ་ཡོད་པ་དེ་ཙམ་གྱིས་དཔེར་ན་རྟ་ཡར་འགྲོ་དུས་སྲབ་མདས་མར་འཐེན་པ་ནང་བཞིན་གནས་སྐབས་རང་ཉིད་ཀྱི་ཞེ་འདོད་མ་བྱུང་ན་གཞན་གྱི་བསམ་ཚུལ་དང་འཆར་འགོད་ལ་བརྩི་འཇོག་ནམ་ཡང་མི་བྱེད་ཅིང་། དེའི་རྐྱེན་གྱིས་སྤྱི་ཚོགས་ཁག་གཉིས་སུ་གྱེས་འགྲོ་བ་སོགས་ནང་བཀྲ་མི་ཤིས་པའི་ཉེས་ཚོགས་དུ་མ་ཞིག་སྐྲུན་བཞིན་ཡོད་པ་ནི་འདས་སོང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ཕྱི་མིག་རེ་བྱས་ན་མཐོང་གསལ་རེད།

༤༽ ཆོས་འཇིག་རྟེན་གང་གི་ཐད་ནས་བསམས་ནའང་དྲང་བདེན་གལ་ཆེ་བའི་གནད་ཀྱིས་དྲང་པོར་བྱ་རིགས།

མདོར་ན་དྲང་བདེན་མ་ཡིན་པའི་གཡོ་སྒྱུའི་རིགས་ནི་གོང་སྨོས་ལྟར་འཇིག་རྟེན་ཡང་དག་གི་ལྟ་སྤྱོད་དང་མི་མཐུན་པ་མ་ཟད། ལྷག་ཏུ་རང་རེ་སྟོན་མཆོག་ཤཱཀྱ་ཐུབ་པའི་རྗེས་སུ་སྙེག་མཁན་ཞིག་ལ་མཚོན་ན་ང་ཚོས་ཁ་ཕར་བསྐོར་ནས་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ་ཞེས་མགོ་མཐོ་མཐོ་དང་སྐེ་རིང་རིང་བྱས་ཏེ་ངག་ནས་རྫིག་པོ་ཇི་ཙམ་བཤད་ཀྱང་དོན་ལག་ལེན་གྱི་ངོས་ནས་བསམས་ན་རྟེན་ཅིང་འབྲེལ་བ་འབྱུང་བའི་ལས་འབྲས་ཀྱི་རྣམ་གཞག་ལ་རྒྱབ་ཀྱིས་ཕྱོགས་ཤིང་། སྤྱོད་པ་འཚེ་བ་མེད་པའི་དགོངས་དོན་དང་ཡང་ཡོངས་སུ་འགལ་ཞིང་མི་ལོ་བཅུ་ཕྲག་རེ་ཟུང་གི་རིང་དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླངས་ནས་རྒྱལ་བའི་གསུང་རབ་རྒྱ་མཚོ་ལྟ་བུའི་དགོངས་འགྲེལ་དང་བཅས་པ་ལ་ཐོས་བསམ་བྱས་པའི་གྲུབ་དོན་ཁ་མཁས་པོ་དང་མགོ་བདེ་བོ་ཙམ་ལས་རང་གི་སྒོ་གསུམ་གྱི་བྱ་སྤྱོད་རགས་པ་ཙམ་ཡང་མགོ་གནོན་བྱེད་མ་ཐུབ་ན། དམ་པ་རྣམས་ཀྱི་ཞལ་ནས། རང་མ་དུལ་བ་ལ་གཞན་འདུལ་བ་གནས་མ་ཡིན། གསུངས་པ་བཞིན་ལོང་བས་ལོང་སྣ་ཁྲིད་པ་དང་གཅིག་ཏུ་མཚུངས་ཤིང་བཞད་གད་ཀྱི་གནས་ལས་མ་འདས་པས་དྲང་པོར་བྱ་རྒྱུ་གལ་ཆེའོ།།

༥༽ དེས་ན་རང་ཉིད་ནས་འགོ་བརྩམས་ཏེ་ཆུང་ས་ནས་དྲང་བདེན་བྱེད་རོགས།

ཇ་ཕོར་གང་གི་དོན་དུ་རང་ཉིད་ཀྱི་མི་གཞི་ལ་མི་ཚེ་གང་པོར་གཞན་ལ་ངོ་གནོང་བ་དང་ཉམས་དམའ་དགོས་པའི་བསུབ་ཏུ་མེད་པའི་ནག་ཐིག་ཐུག་པོ་གཅིག་སྟེར་མི་སྲིད་པའི་ངེས་པ་གཏན་ནས་མེད་པས་ཁ་དཔེ་ལ། བསམ་མནོ་སྔོན་ལ་མ་བཏང་ན། །ཕྱི་འགྱོད་ལས་ཀྱི་ཐ་མ་རེད། །ཅེས་པ་ལྟར་ཕྱིས་འགྱོད་པའི་གནས་སུ་གྱར་མི་དགོས་པ་ཞིག་བཟོ་རྒྱུ་ནི་རྒྱལ་བ་ཐམས་ཅད་མཁྱེན་པའི་ཞལ་ནས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་གྱུར། །གསུངས་པ་བཞིན་ད་ལྟ་རང་ཉིད་ཀྱི་ལག་ཏུ་ཡོད་པས་ཅི་ནས་ཀྱང་གཟབ་ནན་བྱ་རྒྱུ་གལ་ཆེ། དེས་ན་ཕ་བཟང་གི་བུ་ཚོ་དོན་ལག་ལེན་གྱི་ཁོག་པའི་ནང་གི་དྲང་བདེན་དེ་མེད་ན་མགྲིན་པ་ཡན་ཁ་ཚིག་ཙམ་གྱི་དྲང་པོས་སྟོང་གསུམ་ཁེངས་ཀྱང་ཅི་ཡང་མི་ཕན་པས་དང་པོ་རང་ཉིད་ནས་འགོ་བརྩམས་ཏེ་དཔེར་ན། མེ་སྟག་ཆུང་ངུ་ཞིག་ཡིན་ཀྱང་དོགས་གཟོན་མ་བྱས་ན་ས་ཆེན་པོ་མེས་ཁྱབ་འགྲོ་བ་དང་། དུག་རིགས་གང་འདྲ་ཞིག་ཡིན་རུང་མ་བཟབས་ན་ཚེ་སྲོག་མི་འཕྲོག་པའི་ངེས་པ་མེད་པ་བཞིན་དམ་པ་རྣམས་ཀྱི་ཞལ་ནས། ལག་ལེན་དོག་ས་ནས་གྱིས།
ཞེས་གདམས་པ་བཞིན་རང་ཉིད་རང་ལ་ལྐོག་ཏུ་མ་གྱུར་པ་ཞིག་ཡིན་དུས་རང་ཉིད་ཀྱི་ངོས་ནས་ཆུང་ས་ནས་ཇ་ཕོར་པ་གང་དང་། སྒོར་རྡོག་སྣ་གཅིག་ཡན་གང་ཡིན་རུང་སྣང་མེད་ཚུལ་མིན་དུ་མི་སྤྱོད་པར་རང་ཉིད་ཀྱི་ངོས་ནས་དག་གཙང་ཕྱི་གསལ་ནང་གསལ་ཞིག་བྱ་རྒྱུ་དེ་ནི་འཇིག་རྟེན་མི་ཆོས་ནས་བཤད་ན་ཡ་རབས་སྤྱོད་བཟང་ཀུན་ཀྱིས་གོང་བཀུར་འོས་པ་ཞིག་དང་། དམ་པའི་ལྷ་ཆོས་ནས་བཤད་ནའང་འདི་ཡོད་ན་ཉམས་ལེན་པ་ཞིག་ཟེར་དུས་རི་མཐོན་པོ་ཞིག་གི་སྟེང་ན་སྒོམ་ཐག་བཅས་ནས་མི་ཚེ་རི་དྭགས་དང་ལྷན་དུ་འདའ་དགོས་པ་དང་། ལག་འཁོར་ཕྲེང་དང་འབྲལ་མེད་ལྟ་བུ་ཞིག་དང་། སྟོང་ཉིད་དང་སྤྲོས་བྲལ་སོགས་ཆེན་པོའི་ནང་གི་ཆེན་པོ་ཞིག་ལ་བསམས་ནས་མུན་ནག་མདའ་འཕེན་ལྟ་བུའི་ངང་ཚུལ་ཞིག་མ་ཡིན་པར་ཁ་ཡོད་ལག་ཡོད་དོན་གྱི་ཉམས་ལེན་པའམ་ཆོས་པ་རྣམ་དག་ཅིག་ཟེར་ན་དེ་གས་ཆོག་པར་སེམས་པས་འདི་ལ་གཙིགས་ཆེན་བྱ་རིགས་སོ། །མདོར་ན་བཤད་བཤད་ཀྱི་སྙིང་པོ་དང་། བསྒྲུབས་བསྒྲུབས་ཀྱི་གྲུབ་དོན་ལྟ་བུ་ནི་འཇིག་རྟེན་གྱི་ཁ་དཔེ་ལ། ཁ་བཤད་ཆུ་ཡི་ལྦུ་བ། །ལག་ལེན་གསེར་གྱི་ཐིགས་པ། །ཞེས་པའི་དཔེ་ལྟར་ཁ་སྟོང་ཚིག་སྐམ་གྱི་དྲང་པོ་དེ་བསྐྱུར་ནས་གནད་འགག་ལ་ཐུག་དུས་ཕྱོགས་རིས་ཆགས་སྡང་གི་གཞན་དབང་དུ་མ་སོང་བར་དོན་ལག་ལེན་གྱི་དྲང་བདེན་བྱ་རྒྱུ་དེ་དྲན་པའི་དབྱིངས་སུ་འཇོག་རོགས་ཞུ།

ཕར་བཤད་ལྕེ་བརྒྱར་སྤྲུལ་ལ་ཐོགས་པ་མེད་ཀྱང་། །རང་ངོར་དོན་གྱི་སྙིང་པོ་ལག་ལེན་མེད་ན།།
དྲང་སྲོང་ལས་ཀྱི་མདའ་མོའི་སོ་ཁའི་འོག་ནས། །རྟེན་འབྲེལ་དངོས་པོའི་ཁྲིམས་ལུགས་བསྒྱུར་དུ་མི་མངའ།།

འཕྲལ་གྱི་ཁེ་ཕན་རྩྭ་རྩེའི་ཟིལ་པའི་དོན་དུ། །གཏན་གྱི་བདེ་ཆེན་རིང་ནས་རིང་དུ་བྱས་ན།།
དལ་བའི་རྟེན་བཟང་རྙེད་པ་དོན་གོ་ཆུང་བས། །མི་ཚེ་དོན་ལྡན་བྱུང་ན་འཆི་ཁར་བདེ་འོ།།

ལས་འབྲས་ཆུད་མི་ཟ་བའི་བདེན་པའི་རང་བཞིན། །ཇི་བཞིན་གསལ་བར་འཕགས་པའི་ལྗགས་ཀྱང་ངལ་ན།།
བྱིས་པས་ཀུན་རྟོག་བློ་ཡི་རྟོག་དཔྱོད་སྤངས་ཏེ། །བསླུ་མེད་རྒྱལ་བའི་གསུང་ལ་ཡིད་ཆེས་རིགས་སོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།