ལོ་རིམ་དགུ་པའི་སློབ་གཉེར་བ། ངག་དབང་བློ་གྲོས།
འཛམ་གླིང་ས་ཡི་ཡང་རྩེ་གངས་རིས་བསྐོར་བའི་ཞིང་ཁམས་སུ།།
རྒྱལ་བས་ལུང་ཟིན་ཏི་སེ་གངས་དང་མ་ཕམ་གཡུ་མཚོ་གཉིས།།
བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བླ་རི་བླ་མཚོར་གྲགས།།
ཕྱི་ནང་ཐུན་མོང་གནས་སུ་རྒྱ་བོད་མཁས་པས་ཡང་ཡང་བསྔགས།།
མ་དྲོས་མཚོ་འམ་མ་ཕམ་གཡུ་མཚོ་ནི། །ཀླུ་རྒྱལ་བྱང་ཆུབ་སེམས་དཔའི་ཕོ་བྲང་དང་།།
ཁ་འབབ་ཆུ་བོ་བཞི་ཡི་འབྱུང་བའི་གནས། །ཕྱི་པས་ལྷ་མོ་ཨུ་མའི་ཁྲུས་རྫིང་འདོད།།
དད་པས་ཕྱག་སྐོར་ཁྲུས་དང་བཏུང་བ་ཡིས། །སྒྲིབ་དག་ཚོགས་རྫོགས་བདེ་ཅན་མཁའ་སྤྱོད་བགྲོད།།
ཨོ་རྒྱན་ཆེན་པོའི་ཞལ་གསུང་དྲོན་མོ་ལགས། །དེའི་ཕྱིར་ཡིད་གཞུང་དད་པས་རྐྱང་ཕྱག་འཚལ།།
ཕྱི་ནང་ཐུན་མོང་གནས་ཆེན་མ་དྲོས་མཚོའི། །ལོ་རྒྱུས་རགས་རིམ་ཅུང་ཞིག་འདིར་མོལ་ན།།
བློ་གསར་གཞོན་ནུས་རྣ་བ་བླགས་ཏེ་ཉོན། །བློ་སྐྱེད་གསར་པའི་རྔན་པ་རག་ན་ཐང་།།
དེ་ཡང་ཚེ་རིང་རྣམ་དྲུག་གི་གྲངས་ཅན་ལེ་ཚན་དྲུག་གིས་གླེང་བར་བྱ་སྟེ།
༡༽ གང་དུ་ཆགས་པའི་ས་ཚིགས་ངོས་བཟུང་བ།
དེ་ཡང་གཞུང་མངོན་པ་མཛོད་ལས། འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ་དེ་ནས་ནི། །སྤོས་ངད་ལྡང་བའི་ཚུ་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །ཞེས་དང་། མངོན་པ་མཛོད་ཀྱི་མཆན་འགྲེལ་ལས། ཡུལ་དབུས་མ་གྷ་དྷ་འདི་ནས་བྱང་དུ་རི་ནག་པོ་གསུམ་གསུམ་དགུ་འདས་པ་ན། གངས་རི་དཔལ་དང་ལྡན་པ་ཞེས་བྱ་བའོ། །དེ་འདས་ནས་ནི་བྱང་ངོས་སྤོས་ངད་ལྡང་བའི་རི་ཡོད་པའི་མཚོ་མ་དྲོས་པ་ཡོད་ལ། དེའི་ཚུ་རོལ་གངས་དང་། བར་ན་ཟབས་དང་ཆུ་ཞེང་དུ་ཡང་དཔག་ཚད་ལྔ་བཅུ་ཡོད་པའི་མཚོ་མ་དྲོས་པ་ཡོད་ལ། དེ་ཡང་། ཀླུ་རྒྱལ་མ་དྲོས་པ་གནས་པའི་མཚོ་མཐའ་སྐོར་དཔག་ཚད་ཉིས་བརྒྱས་འཁོར་བའི་གྲུ་བཞི་དབྱིབས་ལྟ་ན་སྡུག་པ། ཡན་ལག་བརྒྱད་ལྡན་ཆུས་གང་བ། ཨུཏྤལ་སོགས་ཀྱིས་གང་བ། དེའི་ནང་ནས་གངྒཱ་སོགས་ཆུ་ཕྲན་ལྔ་བརྒྱ་བཅས་མ་དྲོས་པ་ལས་གཡས་ཕྱོགས་སུ་བསྐོར་ནས་ཤར་ཕྱོགས་ནས་གླང་པོ། ལྷོར་ཁྱུ་མཆོག ནུབ་ཏུ་རྟ། བྱང་སེང་གེའི་ཁ་ལྟ་བུའི་བྲག་ལས་བབས་ཏེ་རིམ་པས་ཤར་ལྷོ་ནུབ་བྱང་གི་རྒྱ་མཚོར་འབབ་པ། གང་གཱ སིནྡྷུ། པཀྵུ། སི་ཏ་རྣམས་ཆུ་གསལ་ཞིང་བཟང་བ་ཡིན་ལ་རྫུ་འཕྲུལ་ཐོབ་པ་མིན་པས་བགྲོད་དཀའ་བར་གསུངས། ཕྱོགས་བཞིེེར་དངུལ། གསེར། བཻཌཱུརྱ། རྡོ་རྗེའི་ཁ་དོག་ཅན་གྱི་བྲག གླང་ཆེན་སོགས་ཀྱི་ཁའི་སྒོ་དཔག་ཚད་ཙམ་ནས་བབས་ཏེ་རིམ་པར་གསེར་དངུལ་བཻཌཱུརྱ་རྡོ་རྗེའི་བྱེ་མ་འདྲེན་ཅིང་། དེ་དག་གི་བྱེ་མ་ལ་གནས་ནས་མ་དྲོས་ལ་ལན་བདུན་གཡས་བསྐོར་གྱིས་ཕྱོགས་བཞིའི་མཚོར་འགྲོའོ། །གཡས་སུ་བསྐོར་བའི་བར་གླིང་དེ་དག་ལྷ་རྫས་མེ་ཏོག་གིས་མཛེས་པ་དང་། མ་དྲོས་པའི་ས་གཞི་ཡང་རིན་པོ་ཆེའི་གསེག་མ་བརྡལ་ཞིང་། ངོས་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱི་རྩིག་པ་ལྟར་གནས་པར་གསུངས། མ་ཟད་སྔོན་གྱི་བཀའ་གདམས་གླེགས་བམ་ལས་ཀྱང་།
ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་སྔོན་པོ་གཡུ་ཡི་མཎྜལ་ཡོད། །གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱེད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱེད་ཀྱི་གདུལ་བྱ་ཡོད། །ཅེས་རྒྱལ་བའི་ལུང་གིས་བསྔགས་པའི་པུར་རྒྱལ་བོད་ནི་འཛམ་གླིང་གི་ཡང་སྟེང་སྟེ། དེ་ཡང་མེས་པོ་དམ་པའི་ངག་རྒྱུན་ལས། སྟོད་མངའ་རིས་སྐོར་གསུམ་རྫིང་དང་འདྲ། །བར་དབུས་གཙང་རུ་བཞི་ཡུར་བ་འདྲ། །སྨད་མདོ་ཁམས་སྒང་དྲུག་ཞིང་དང་འདྲ། །དེ་བཞིན་དུ་ཆོལ་ཁ་གསུམ་དུའང་གྲགས། །ཞེས་པའི་ཡ་གྱལ་སྟོད་མངའ་རིས་སྐོར་གསུམ་གྱི་ནང་གསེས་སྤུ་ཧྲེང་གངས་ཀྱིས་བསྐོར་ཞེས་པའི་བོད་ལྗོངས་མངའ་རིས་སྤུ་ཧྲེང་རྫོང་གི་བྱང་རྒྱུད་དུ་ཆགས་པའི་བོད་ཀྱི་བླ་རི་གངས་ཏི་སེ་དང་རི་བོ་སྤོས་ངད་གཉིས་ཀྱི་བར་ན་ཡོད་དེ། བློན་པོ་བཀའ་ཐང་ལས། རྡོ་རྗེ་གདན་གྱི་བྱང་ཕྱོགས་བཅལ་བ་ན། །རི་ནག་དགུ་འདས་ཕ་རོལ་གངས་ཏི་སེ། །གངས་རིའི་བྱང་ངོས་རི་བོ་སྤོས་ངད་ལྡན། །དེ་གཉིས་བར་ན་མ་དྲོས་རྒྱ་མཚོ་ཡོད། །ཅེས་འབྱུང་བ་ལྟར་སྟོད་མངའ་རིས་སྤུ་ཧྲེང་རྫོང་གི་ཁོངས་སུ་གནས་པའོ།།
༢༽ གནས་ཇི་ལྟར་བྱུང་བའི་ཚུལ་བསྟན་པ།
དེ་ཡང་སྔོན་བསྐལ་བ་ཆགས་པའི་དུས་སུ་མཚོ་འདི་ཉིད་མེད་པ་ལ། དེའི་རྗེས་ཤིག་ཏུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྨྱུག་སྦམ་ཞེས་བྱ་བ་ས་བཅུའི་བྱང་ཆུབ་སེམས་དཔའ་ཞིག་བྱུང་ཞིང༌། རྒྱལ་པོ་དེ་དུས་ནམ་ཞིག་སྐྱེད་མོས་ཚལ་དུ་འབྱོན་པའི་ལམ་ཁར། རྒ་བ་དང༌། ན་བ། འཆི་བ་སོགས་ཀྱི་སྡུག་བསྔལ་གཟིགས་པས་ཐུགས་སྐྱོ་ནས། མདུན་ན་འདོན་བྲམ་ཟེ་དུས་སྤོག་ཅེས་བྱ་བ་ལ་བཀའ་བསྩལ་པ། རྒ་ན་འཆི་བའི་སྡུག་བསྔལ་འདི་དག་བདག་ཅག་སྐྱེ་བོ་ཀུན་ཀྱི་ཐུན་མོང་གི་ཆོས་ཡིན་ནམ། འོན་ཏེ་འདི་ཉིད་ཁོ་ནའི་ཡིན། བྲམ་ཟེས་སྨྲས་པ། ལྷ་འདི་ནི་བདག་ཅག་ཀུན་དང་ཐུན་མོང་དུ་ལགས། རྒྱལ་པོས་སྨྲས་པ། འདི་ལ་ཕན་པའི་ཐབས་མཆིས་སམ་བྲམ་ཟེས་སྨྲས་པ། ལྷ་འདི་ལ་ཕན་པའི་ཐབས་མཆིས་ཏེ་གཏན་པ་མེད་པའི་སྦྱིན་གཏོང་མཛད་པར་རིགས་སོ། །ཞེས་གསོལ་བས་རྒྱལ་པོས་ཀྱང་སྦྱིན་གཏོང་གི་ཁང་པ་བརྩེགས་ཤིང་འཛམ་བུའི་གླིང་གི་མི་ཐམས་ཅད་བསྡུས་ནས། ལོ་བཅུ་གཉིས་ཀྱི་བར་དུ་ཟས་དང་གོས་དང་ནོར་ལ་སོགས་པ་ཅི་འདོད་པའི་གཏན་པ་མེད་པའི་སྦྱིན་གཏོང་རྒྱ་ཆེན་པོ་མཛད་པའི་ཚེ་ས་ལ་དོང་ཆེན་པོ་བྲུས་ནས་དེར་འབྲས་བཙོས་པའི་ཁུ་བ་རྣམས་ཕོ་བ་ལས། ལོ་བཅུ་གཉིས་ལོན་པ་ན་དོང་གང་ནས་མཚོ་ཆེན་པོར་གྱུར་ཅིང༌།
དེ་ཡང་དང་པོ་འབྲས་ཁུ་དྲོན་མོར་བླུགས་ཀྱང་མཐར་ཤིན་ཏུ་བསིལ་བར་གྱུར་པ་ལ་བརྟེན་ནས་འབྲས་ཁུའི་མཚོ་འདིའི་མིང་ལ་མ་དྲོས་པ་ཞེས་ཐོགས་པ་དང༌། ལུད་ནས་འབབ་ཆུ་བྱུང་བ་ལ་འབྲས་ཁུའི་ཆུའམ་ཆུ་བོ་གང་གཱ་ཞེས་བྱུང་བའི་ཚུལ་འདུལ་བ་ལུང་གཞི་ནས་གསུངས་ལ། མཚོ་དེ་ལ་མ་དྲོས་མཚོ་དང་། མ་ཕམ་གཡུ་མཚོ་ཞེས་བརྗོད་ཅིང་། དེ་ཡང་མ་དྲོས་མཚོ་ཞེས་པ་ནི་ཀླུ་ཡི་རྒྱལ་པོ་མ་དྲོས་པའི་ཕོ་བྲང་ཡིན་པས་ན་མ་དྲོས་མཚོ་ཞེས་དང་། མཚོ་འདི་ཉིད་ལ་མ་ཕམ་ཞེས་འབོད་པ་ནི་འདི་ཉིད་ཀྱི་ཆུ་ཡན་ལག་བརྒྱད་དང་ལྡན་པ་ཁོ་ན་ཡིན་ཞིང་ཡོན་ཏན་གྱིས་མ་ཕམ་ཞེས་དང་མཚོའི་ཁ་དོག་གཡུ་ལྟར་སྔོ་བས་མ་ཕམ་གཡུ་མཚོ་ཞེས་སུ་གྲགས་སོ།།
༣༽ དབྱིབས་དང་བཀོད་པའི་ཚད་ཇི་ལྟར་ཞེ་ན།
གནས་སྣང་གཉིས་ཀྱིས་མདོ་ཙམ་གླེང་ན། དེ་ཡང་གནས་ཚུལ་ནི། ཆོས་མངོན་པ་མཛོད་ལས། འདི་ནས་བྱང་དུ་རི་ནག་པོ། །དགུ་འདུས་གངས་རི་དེ་ནས་ནི། །སྤོས་ངད་ལྡང་བའི་ཚུ་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །ཞེས་དང་། མ་དྲོས་པ་ཡི་ཆུ་ཞེང་དུ། །དཔག་ཚད་ལྔ་བཅུ་ལྔ་བཅུ་སྟེ། །ངོས་ལ་རིན་ཆེན་ཕ་གུ་བརྩིགས། །དེ་ལས་འབབ་པའི་ཆུ་བོ་བཞི། །གང་གཱ་དང་ནི་སིནྡྷུ་དང་། །སི་ཏ་དང་ནི་པཀྵུ་འོ། །ཞེས་སོོགས་མང་དུ་གསུངས་པའི་དོན་གོ་བདེར་བརྗོད་ན། འདི་ལྟ་སྟེ། དེ་ཡང་མཚོ་མ་དྲོས་པའམ་མ་ཕམ་གཡུ་མཚོ་དེ་ནི་ཀུན་ནས་གྲུ་བཞི་པ། ཆུ་དང་ཞེང་དུ་དཔག་ཚད་ལྔ་བཅུ་ལྔ་བཅུ་དང་། དབྱིབས་ལེགས་ཤིང་ལྟ་ན་སྡུག་པ། ནང་དུ་ཆུ་ཡན་ལག་བརྒྱད་དང་ལྡན་པ་ཞེས་འཇུག་ངོགས་དང་རྒྱུན་ལ་དྲི་ང་བ་ལ་སོགས་པ་མེད་པས་གཙང་བའི་ཡན་ལག བསིལ་དྲོད་སྙོམས་ཤིང་སྤྱད་པ་དག་གི་ཁམས་བཟང་བར་བྱེད་པས་འཇམ་པའི་ཡན་ལག སྲོག་ཆགས་ཕྲ་མོ་དང་རགས་པ་ཆུ་བཙོག་པ་བྱེད་པ་མེད་པས་དག་པའི་ཡན་ལག ཁ་གཏིང་མེད་པར་རབ་ཏུ་གསལ་བས་དྭངས་པའི་ཡན་ལག ཚ་བའི་རེག་པ་དང་གདུང་བ་སེལ་ནུས་པས་བསིལ་བའི་ཡན་ལག འདམ་ལ་སོགས་པའི་དྲི་མ་བྲལ་བས་རྙོག་པ་མེད་པའི་ཡན་ལག འཐུང་བའི་ཚེ་ཞིམ་ལ་མགྲིན་པར་འཇུག་བདེ་བའི་ཡན་ལག ཁོག་པར་སོང་ན་ཕོ་བ་སྦོས་པ་སོགས་ཆུ་སྔ་མ་དང་འཐབ་པའི་ནད་མི་བསྐྱེད་པས་ན་ལྟོ་བ་ལ་མི་གནོད་པའི་ཡན་ལག་སྟེ་ཡོན་ཏན་བརྒྱད་དང་ལྡན་པའི་ཆུས་གང་བ། མེ་ཏོག་སྣ་ཚོགས་པས་བརྒྱན་ཅིང་ཆུ་བྱ་སྣ་ཚོགས་སྐད་སྙན་པོ་སྒྲོག་པ། མཚོ་དེའི་འགྲམ་གཡས་རོལ་ན་ཤིང་འཛམ་བུ་ཏྲི་ཤའི་སྡོང་པོ་གནམ་འཕང་དང་རྒྱར་ཡངས་པ། འབྲས་བུ་རྫ་མ་ཙམ་རོ་མངར་བ་དང་ལྡན་པ་སྨིན་པ། འབྲས་བུ་མཚོར་ལྷུང་བ་ལས་འཛམ་ཞེས་བྱ་བའི་སྒྲ་འབྱུང་བ། ཆུའི་རྐྱེན་དང་ཤིང་ཐོག་འཛོམས་པ་ལས་འཛམ་བུ་ཆུ་བོ་གསེར་དུ་གྱུར་ཏེ། དེ་ཡང་གསེར་གཞན་ལན་བཅུ་དྲུག་བཞུ་བརྟུལ་བྱས་པའི་ཞུན་མར་ལྟ་བུའི་ལྗིད་དང་ཁ་དོག་དང་འོད་ཡོད་པ། གངས་རི་དེའི་འདབས་ན་གསེར་གྱི་བྲག་བྱ་སྐྱིབས་ཅན་ལ་དགྲ་བཅོམ་ལྔ་བརྒྱའི་ཕུག་པ་ཡོད་ལ། མཚོ་འགྲམ་ན་བྲག་གི་གཟུགས་ཐ་དད་པ་ཡོད་པའི་ཁ་ནས་ཆུ་བོ་ཆེན་པོ་བཞི་འབབ་པ་ནི། ཤར་རྟ་མཆོག་གི་ཁ་ནས་པཀྵུ་དངུལ་གྱི་བྱེ་མ་འདྲེན་བཞིན་མ་དྲོས་པ་ལ་ལན་བདུན་བསྐོར་ནས་ཆུ་ཕྲན་ལྔ་བརྒྱ་དང་བཅས་ཏེ་ཤར་གྱི་རྒྱ་མཚོར་འབབ། ལྷོ་རྨ་བྱའི་ཁ་ནས་སིནྡྷུ་རིན་པོ་ཆེ་སྣ་ཚོགས་ཀྱི་བྱེ་མ་འདྲེན་བཞིན་དུ་ལྷོ་ཕྱོགས་སུ་འབབ། ནུབ་གླང་ཆེན་གྱི་ཁ་ནས་གང་གཱ་གསེར་གྱི་བྱེ་མ་འདྲེན་བཞིན་དུ་ནུབ་ཕྱོགས་སུ་འབབ། བྱང་སེང་གེའི་ཁ་ནས་སི་ཏ་རྡོ་རྗེའི་བྱེ་མ་འདྲེན་བཞིན་དུ་བྱང་ཕྱོགས་སུ་འབབ་ལ་སོགས་ཡོན་ཏན་དུ་མ་དང་ལྡན་པ་མདོ་སྡེ་དག་ལས་བཤད་པ་རྣམས་ད་ལྟའང་ཡོད་ལ། མཆོག་གི་གྲུབ་པ་ཐོབ་པའི་སྐྱེས་བུ་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱི་གཟིགས་ངོར་ཐུན་མོང་གི་སྣང་ངོ་ལས་བརྒལ་བའི་ཡོན་ཏན་མང་དུ་མཇལ་རྒྱུ་ཡོད་པར་བཤད་ཅིང་། གཞན་ཡང་སྔོན་ཆད་རྗེ་བཙུན་མི་ལས་མཚོ་འདི་ཕྱག་སོར་གྱིས་ཡར་བཏེགས་པས་ད་ལྟའང་མཚོ་དཀྱིལ་མཐོ་ཞིང་མཐའ་དམའ་བ་ཡིན་པས་མཚོར་གྲུ་བཏང་ཡང་དཀྱིལ་དུ་འགྲོ་མི་ཐུབ་པར་གྲགས་སོ།།
གཉིས་པ་སྣང་ཚུལ་ལ་མཆོག་དམན་གཉིས་ལས་མཆོག་གི་གྲུབ་པ་ཐོབ་པའི་སྐྱེས་བུ་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱི་གཟིགས་ངོར་ནི་གོང་གསལ་མདོ་ནས་བཤད་པའི་ཡོན་ཏན་དེ་ཐམས་ཅད་ད་ལྟའང་མངོན་སུམ་དུ་ཡོད། སྐལ་བ་དམན་པ་བདག་ཅག་ལྟ་བུ་ལས་ཀྱི་སྒྲིབ་པ་མ་དག་པའི་སྐྱེ་བོ་རྣམས་ཀྱི་སྣང་ངོར་ནི། མཚོ་འདིའི་མིང་ལ་མ་ཕམ་པ་ཞེས་འབོད་ཅིང་འདིའི་ཆུ་ཡན་ལག་བརྒྱད་དང་ལྡན་པ་ཡིན་ནོ། །འདི་ལ་ཤིང་འཛམ་བུ་ཏྲི་ཤ་ཡོད་པར་གསུངས་པ་ནི་བྱང་སེམས་ས་བཅུ་པ་རྣམས་ཀྱིས་གཟིགས་པར་འགྱུར་གྱི་སྐྱེ་བོ་ཕལ་བས་མཐོང་བ་ནི་མེད་དེ་དཔེར་ན་སྔོན་སྤྱན་སྔ་འབྲི་གུང་གླིང་པས་འཛམ་བུ་ཏྲི་ཤའི་ཤིང་གི་ཡལ་ག་ལ་ཆོས་གོས་བཀལ་ཀྱང་མི་ཕལ་བས་ཆོས་གོས་ནམ་མཁའ་ལ་བཞག་པ་ཙམ་ཞིག་མཐོང་བ་ལས་ཤིང་མི་མཐོང་བ་བཞིན་ནོ།།
མཚོ་འདི་ལ་དཔག་ཚད་ལྔ་བཅུ་ཡོད་གསུངས་པ་ཡང་དེ་དང་འདྲ་མོད། འོན་ཀྱང་གནས་སྐབས་ས་འོག་ཏུ་འཁྱིལ་ནས་ཡོད་པ་ལ་ངོས་འཛིན་གྱི་ཁ་ཞེང་རྐྱང་པ་ཙམ་ནི་མ་ཡིན་ལ། འདི་ལ་བྱ་སྣ་ཚོགས་པ་རྒྱུ་བ་ཞེས་གསུངས་པ་ནི་ངང་པ་དང་ངུར་པ་དང་། ཁྲུང་ཁྲུང་དང་ཆུ་སྐྱར་ལ་སོགས་པ་སྟོང་ཕྲག་ལྷག་པ་ད་ལྟའང་ཡོད་དོ།།
མཚོ་འདི་ཉིད་ཀྱི་དབྱིབས་ནི་གྲུ་བཞི་ཡིན་ཞིང་མཚོའི་དཀྱིལ་མཐོ་ལ་མཐའ་དམའ་བ་དབྱིབས་ལེགས་ཤིང་ལྟ་ན་སྡུག་པ། ནང་དུ་ཡོན་ཏན་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ། མེ་ཏོག་སྣ་ཚོགས་པས་བརྒྱན་ཞིང་ཆུ་བྱ་སྣ་ཚོགས་ཀྱིས་སྐད་སྙན་སྒྲོག་པ་བཅས་ཀྱི་ཁྱད་ཆོས་ལྡན་ལ། གངས་ལྗོངས་ཀྱི་མཛེས་རྒྱན་དུ་གྱུར་པའི་མཚོ་ཆེན་བཞིའི་གྲས་ཡིན་པ་དང་མཚོ་གཞན་གསུམ་ལས་ཀྱང་གཏིང་ཟབ་ཤོས་དང་། མཁའ་རླུང་མཐོ་ཤོས་བཅས་ཀྱི་ཁྱད་པར་འཕགས་པའི་རང་བཞིན་མངོན་གསལ་དུ་གྲུབ་ཡོད་པས་ཕྱི་ནང་ཀུན་ཀྱི་རྩ་ཆེར་འཛིན་ཅིང་ཡུལ་གྲུ་ཀུན་ཏུ་སྙན་གྲགས་ཆེ་བ་ཞིག་ཡིན་ལ། མ་ཟད་ཕྱོགས་བཞིར་ཁྲུས་སྒོ་བཞི་ཡོད་དེ། ཤར་གྱི་ཁྲུས་སྒོ་སེ་བ་ལུང་པད་མ་ཁ་བྱེ་བ་ལྟ་བུའི་འདབ་ཏུ་འཛམ་བུའི་གསེར་གྱི་རང་བཞིན་བྱེ་མ་སྣ་ལྔ། ལྷོ་སྒོར་རི་བོ་སྤོས་ངད་ལྡན་དང་འབྲེལ་བའི་སྤོས་སྣ་ལྔ། ནུབ་ཏུ་སྡིག་སྒྲིབ་འདག་བྱེད་ཀྱི་ཁྲུས་དང་འབྲེལ་བའི་ཡུལ་སྣ་ལྔ། བྱང་སྒོར་དད་ལྡན་ལ་མོས་གུས་སྤེལ་བའི་རྟེན་ལྷ་སྐུ་ཡིག་འབྲུ་སོགས་དང་འབྲེལ་བའི་རྟེའུ་སྣ་ལྔ་བཅས་ཡོད་ཅིང་།
མ་ཕམ་གཡུ་མཚོ་ནི་མཚོ་འཕགས་ལས་སྨི་ ༤༦༠༠ སར་གནས་ཡོད་པ་དང་། མཚོ་ཞེང་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༣༢༠ ཡོད་ཅིང་མཚོའི་གཏིང་ཚད་རིང་ཤོས་སུ་སྤྱི་ཁྲི་ ༩༢ ཙམ་ཟིན་གྱི་ཡོད། དེ་བཞིན་མ་ཕམ་གཡུ་མཚོའི་དྭངས་ཚད་ཀྱང་སྤྱི་ཁྲི་བཅོ་ལྔ་གསལ་གྱི་ཡོད་ཅེས་བརྗོད་ལ་མཚོ་སྐོར་རྐྱང་པ་གཅིག་ལ་སྤྱི་ལེ་བརྒྱད་ཅུ་གྱ་བཞི་ཡོད་པས་རྟ་ལམ་ཉི་མ་གཅིག་གིས་འཁོར་བ་དང་སྤྱིར་བཏང་མིས་ཉིན་བཞི་ལ་མཚོ་སྐོར་གཅིག་འཁོར་གྱི་ཡོད་པར་བཤད། ན་གཞོན་དར་མས་མཚོ་སྐོར་རྐྱང་ཕྱག་ཕུལ་པ་ཡིན་ན་ཟླ་བ་གཅིག་གི་ཡུན་གྱིས་འཁོར་ཙམ་ཡོད་དོ།།
༤༽ ཕྱོགས་བཞིའི་ཁ་འབབ་ཆུ་བོ་བཞི།
དེ་ཡང་ཇི་སྐད་དུ། དེ་ལས་འབབ་པའི་ཆུ་བོ་བཞི། །གང་གཱ་དང་ནི་སིནྡྷུ་དང་། །སི་ཏ་དང་ནི་པཀྵུ་འོ། །ཞེས་པ་ལྟར། ཤར་གྱི་ཁ་འབབ་ཆུ་བོ་གང་གཱ་ནི། ཐོག་མར་མཚོ་ཉིད་ནས་ཤར་ཕྱོགས་སྦྲག་གི་ལུང་པ་རུ་བབས་པ་ལ་བརྟེན་ནས་ཤར་གྱི་ཁ་འབབ་ཅེས་བརྗོད་ཀྱང་། འདིས་སླར་མཚོ་ཉིད་ཀྱི་གཞུང་གཤགས་ནས། ནུབ་ཕྱོགས་གུ་གེའི་ཡུལ་གྱི་སྟོང་རྔུལ་ཆུ་ཞེས་པའི་རི་གླང་པོ་ཆེའི་ཁ་འདྲ་བ་ནས་ཐོན་ཏེ་ནུབ་ཏུ་འབབ་པའི་ཕྱིར་ངོ་བོ་ནི་ནུབ་ཀྱི་ཁ་འབབ་ཡིན་ནོ། །ལྷོའི་ཁ་འབབ་ཆུ་བོ་སིནྡྷུ་ནི། མཚོ་ཉིད་ཀྱི་བྱང་ནས་ལྷོ་རུ་བབས་ཏེ་ལང་ཀ་སྤུ་ཧྲེང་གི་ཕུ་རི་རྨ་བྱའམ་ཁྱུ་མཆོག་གི་ཁ་འདྲ་བ་ནས་ཐོན་ཏེ་བལ་ཡུལ་དང༌། རྒྱ་གར་གྱི་གཞུང་གཤགས་ནས་འབབ་པ་དང༌། ནུབ་ཀྱི་ཁ་འབབ་ཆུ་བོ་པཀྵུ་ནི། མཚོའི་ནུབ་ནས་ཤར་དུ་བབས་ཏེ་གཙང་བྱེ་མ་གཡུང་དྲུང་གི་རི་རྟའི་ཁ་འདྲ་བ་ནས་ཐོན་ཏེ་བོད་གཙང་དབུས་ཀོང་པོ་བཅས་ཀྱི་གཞུང་གཤགས་ནས་འབབ་པ་ཡིན་ལ་འདི་ཐོག་མར་ནུབ་ནས་ཤར་དུ་བབས་པ་ལ་བརྟེན་ནས་ནུབ་ཀྱི་ཁ་འབབ་ཅེས་བརྗོད་ཀྱང་ངོ་བོ་ནི་ཤར་གྱི་ཁ་འབབ་ཡིན་ནོ། །བྱང་གི་ཁ་འབབ་ཆུ་བོ་སི་ཏ་ནི། མཚོ་ཉིད་ཀྱི་ལྷོ་ནས་བྱང་དུ་བབས་ཏེ་ཏི་སེའི་རྒྱབ་འབྲོང་ཡུལ་སེང་སྟོད་ཀྱི་རི་སེང་གེའི་ཁ་འདྲ་བ་ནས་ཐོན་ཏེ། ལ་དྭགས། བྷལ་ཏི་ཧོར་སོགས་ཀྱི་ཡུལ་བརྒྱུད་ནས་འབབ་པ་ཡིན་ནོ། །འདི་ལ་གསེར་དང་དངུལ་དང་བཻཌཱུརྱ་དང་རྡོ་རྗེའི་བྱེ་མ་ཡོོད་གསུངས་པ་ནི་ཚོགས་གཉིས་མཐར་ཕྱིན་པའི་བྱང་སེམས་ས་བཅུ་པ་རྣམས་ཀྱི་གཟིགས་ཚུལ་ལ་ཡོད་ཀྱི་ལས་སྒྲིབ་མ་དག་པའི་སྐྱེ་བོས་མཐོང་བ་ནི་མེད་དེ། དཔེར་ན་རྒྱལ་བ་རྒོད་ཚང་པས་མ་ཕམ་གྱི་བྱེ་མ་གསེར་དུ་གཟིགས་པ་ལྟ་བུའོ།།
ཁ་འབབ་རྣམས་ཀྱིས་མ་དྲོས་པའམ་མ་ཕམ་གཡུ་མཚོར་སྐོར་བ་ལན་བདུན་ཕྱོགས་བཞིར་བྱས་ནས་འབབ་པར་གསུངས་པའི་དོན་ནི་མཚོ་མ་དྲོས་པ་ནས་ཕྱོགས་བཞིར་རྒྱང་རིང་ཞིག་ཏུ་བབས། དེ་ནས་མཚོ་དེའི་གཡས་སུ་ཕྱོགས་པར་འཁྱོག་རེ་བྱུང་བ་དེ་ལྟ་བུར་ཤར་གྱི་ཕྱོགས་ལ་སོགས་པ་སོ་སོའི་རྒྱ་མཚོར་མ་སླེབས་ཀྱི་བར་ལ་ལན་བདུན་བདུན་བྱུང་བ་ལ་སྙན་ངག་གི་སྒོ་ནས་ཚིག་དེ་ལྟར་དུ་བརྗོད་པ་དང་། ཆུ་ཕྲན་ལྔ་བརྒྱས་བསྐོར་ཞེས་པའང་ལུང་པ་ཐ་དད་པ་ལྔ་བརྒྱའི་ཆུ་རེ་དེར་བབས་ཏེ་འདྲེས་ནས་འགྲོ་བ་ལ་འདོད་དེ། དེ་ཡང་མངའ་རིས་མེས་པོའི་ངག་རྒྱུན་ལས། རྟ་མཆོག་ཁ་འབབ་གྲོ་ཤོད་གཞུང་ནས་འབབ། །གྲོ་ཤོད་བོད་ཀྱི་རྟ་ཕོའི་ཐོན་ཁུངས་ཡིན། །རྨ་བྱ་ཁ་འབབ་སྤུ་ཧྲེང་ཡུལ་ནས་འབབ། །སྤུར་མོ་བོད་ཀྱི་མཛེས་མའི་དང་རྩེ་ཡིན། །གླང་ཆེན་ཁ་འབབ་གུ་གེའི་ཡུལ་ནས་འབབ། །གུ་གེ་བོད་ཀྱི་ནོར་སྣའི་ཐོན་ཁུངས་བཟང་། །སེང་གེ་ཁ་འབབ་ལ་དྭགས་གཞུང་ལ་འབབ། །ལ་དྭགས་དཔའ་རྩལ་འཛོམས་པའི་ས་ཆ་ཡིན། །ཞེས་དང་། གཞན་ཡང་ཇི་སྐད་དུ། ཕྱོགས་བཞི་ལོགས་ནས་ཆུ་བཞི་འབབ། །ནུབ་གླང་ཆེན་ཁ་ནས་སི་ཏ་འབབ། །རྫ་རི་པདྨ་སྤུངས་འདྲའི་མདུན། །གླང་ཆེན་འགྱིང་འདྲའི་རི་བོའི་ལྷོར། །ཆུ་མིག་འཐུང་བ་རང་གྲོལ་ནས། །རི་ནག་དགུ་བརྒྱུད་ནུབ་ལ་འབབ། །ནུབ་ནས་གུག་སྟེ་ལྷོ་ལ་འབབ། །བྱང་སེངྒེའི་ཁ་ནས་སིན་དྷུ་འབབ། །བྲག་རི་མཁའ་འགྲོ་ཚོགས་འདྲའི་མདུན། །སེངྒེ་འགྱིངས་འདྲའི་རི་བོ་ནས། །མཚོ་བཞི་གཤགས་ཤིང་བྱང་ལ་འབབ། །བྱང་ཤམ་བྷ་ལ་ནས་ལྷོ་ལ་འབབ། །ཤར་རྟ་མཆོག་ཁ་ནས་པཀྵུ་འབབ། །བྲག་དམར་རིན་ཆེན་སྤུངས་འདྲའི་མདུན། །རྟ་མཆོག་འཛིན་གྱི་རི་བོའི་ཤར། །གསེར་གྱི་བྱེ་མ་གཡུང་དྲུང་ནས། །བོད་རུ་བཞི་གཤགས་ནས་ཤར་ལ་འབབ། །ཤར་ནས་གུག་སྟེ་ལྷོ་ལ་འབབ། །ལྷོ་རྨ་བྱའི་ཁ་ནས་གང་གཱ་འབབ། །བྲག་རི་གཡུང་དྲུང་སྤུངས་འདྲའི་མདུན། །རྨ་བྱ་བསྣོལ་བའི་རི་བོ་ནས། །གངས་དགུ་བཤགས་ཤིང་ལྷོ་ལ་འབབ། །ལྷོ་ནས་གུག་སྟེ་ཤར་ལ་འབབ། །དེ་སྟོད་ཀྱི་ཁ་འབབ་ཆུ་བཞི་རེད།།
༥༽ སངས་རྒྱས་བྱང་སེམས་ཀྱིས་བྱིན་གྱིས་བརླབས་ཚུལ།
འཕགས་པ་སྡུད་པ་ལས། དཔེར་ན་མ་དྲོས་མཚོ་ལ་ཀླུ་བདག་མེད་གྱུར་ན། །འཛམ་བུའི་གླིང་དུ་ཆུ་ཀླུང་འབབ་པར་ག་ལ་འགྱུར། །ཆུ་ཀླུང་མེད་ན་མེ་ཏོག་འབྲས་བུ་འབྱུང་མི་འགྱུར། །རྒྱ་མཚོ་ལ་ཡང་རིན་ཆེན་གཟུགས་མང་མེད་པར་འགྱུར། །ཞེས་དང་། འཛམ་བུའི་གླིང་དུ་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང་། །མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་སྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་དབང་ཀླུ་བདག་བརྟེན་ནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན། །ཞེས་པ་ལྟར་མཚོ་འདི་ཉིད་ཀྱི་ནང་དུ་བསྐལ་བ་བཟང་པོའི་སངས་རྒྱས་ཤིག་ཀླུའི་རྒྱལ་པོ་བྱང་ཆུབ་སེམས་དཔའི་ཚུལ་བཟུང་ནས་ཀླུའི་འགྲོ་བ་རྣམས་ལ་ཆོས་སྟོན་པ་དང་འཛམ་བུའི་གླིང་དུ་ཆུ་ཀླུང་དང་མེ་ཏོག་དང་འབྲས་བུ་དང་སྨན་དང་ནགས་ཚལ་ལ་སོགས་པ་ཀུན་སྐྱེད་པའི་བྱེད་པོ་མཛད་པ་ཡིན་ལ། གཞན་ཡང་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་དགྲ་བཅོམ་ལྔ་བརྒྱ་དང་བཅས་པ་རྫུ་འཕྲུལ་གྱིས་བྱོན་ནས། ཀླུའི་རྒྱལ་པོ་དགའ་བོ་དང་ཉེར་དགའ་བོས་སྤྲུལ་པའི་པད་སྡོང་ཆེན་པོ་མེ་ཏོག་ལྔ་བརྒྱ་དང་གཅིག་ཡོད་པའི་དབུས་ཀྱི་མེ་ཏོག་ལ་སྟོན་པ་དང༌། འོོག་གི་མེ་ཏོག་ལྔ་བརྒྱ་པོ་ལ་ཤཱ་རིའི་བུ་ལ་སོགས་པའི་དགྲ་བཅོམ་ལྔ་བརྒྱ་པོ་བཞུགས་ནས་ལས་ཀྱི་རྒྱུ་བ་ལུང་བསྟན་པའི་མདོ་གསུངས་ཤིང་བྱིན་གྱིས་བརླབས་ཚུལ་འདུལ་བ་ལུང་སྨན་གྱི་གཞི་ལས་གསུངས་ལ། སྔགས་ཀྱི་ལུགས་ལྟར་ན་རྗེ་བཙུན་ཕོ་བྲང་དུ་བྱིན་གྱིས་བརླབས། རྡོ་རྗེ་རྣལ་འབྱོར་མས་གསང་སྔགས་རྒྱུད་སྡེ་བཞིའི་ཕོ་བྲང་དུ་བྱིན་གྱིས་རླབས་པས། གྲུབ་པ་ཐོབ་པའི་སྐྱེས་བུ་རྣམས་ཀྱི་གཟིགས་སྣང་དུ། མཚོ་འདིའི་ནང་དུ་ཤིང་འཛམ་བུ་ཏྲི་ཤ་རྩ་བ་ཀླུ་ཡུལ་དུ་ཟུག་ཅིང༌། ཡལ་འདབ་བར་སྣང་དུ་ཁྱབ་པ། རྩེ་མོ་ལྷ་ཡུལ་དུ་སླེབས་པའི་སྟེང་གི་ཡལ་འདབ་ལ་བཀའ་བརྒྱུད་བླ་མ། བར་གྱི་ཡལ་འདབ་ལ་ཡི་དམ་རྡོ་རྗེ་ཕག་མོའི་ལྷ་ཚོགས། རྩ་བ་པད་མའི་ལྡིང་ཁང་དུ་ཀླུ་རྒྱལ་བྱང་ཆུབ་སེམས་དཔས་ཀླུ་རྣམས་ལ་ཆོས་སྟོན་གྱིན་བཞུགས་པའི་ཚུལ་སོགས་རྒྱུད་སྡེ་དག་ལས་གསལ་ལ། དེ་ལྟར་ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་འདི་ཉིད་ཀྱིས་སྟོན་པ་ཤཱཀྱའི་རྒྱལ་པོ་རྗེས་འབྲང་དང་བཅས་པ་ལ་གུས་པ་སྒྲུབ་ཚུལ་གྱི་ལོ་རྒྱུས་མཐའ་ཡས་ཀྱང༌། འབྲི་གུང་བ་ལྟ་བུ་ལ་མཚོན་ན་ཡང༌། ཐོག་མར་འབྲི་གུང་པའི་བསྟན་པའི་བདག་པོ་སྐྱོབ་པ་འཇིག་རྟེན་མགོན་པོ་འཁོར་དགེ་འདུན་ཚོགས་པ་ཁྲི་ཚོ་བཅོ་བརྒྱད་སྐྱོང་བའི་ཚེ། ཀླུའི་རྒྱལ་པོ་འདིས་འབྲི་གུང་དུ་འབྲུ་བཅུད་ལོ་ཐོག་དར་བའི་དངོས་གྲུབ་ཕུལ་བས་འབྲི་གུང་དུ་ནས་ཀྱི་གཏེར་བརྡོལ་ནས་ཤིན་ཏུ་མོད་པས་སྐྱིད་ཤོད་པ་ཀུན་ཀྱིས་ཀྱང་འབྲི་གུང་ནས་འབྲུ་སྒྲུབ་པ་བྱུང་ཞིང་། དེ་སྐད་དུའང་རྣམ་ཐར་རྨ་བུ་སེང་གེ་མ་ལས། ཚོགས་རྒྱ་མཚོ་ལྟ་བུ་སྐྱོང་བ་ལ། །ཀླུ་མ་དྲོས་རྒྱལ་པོས་སྦྱིན་བདག་བྱས། །ཞེས་སོ།།
དེའི་རྗེས་སུ་འབྲི་གུང་གི་གྲུབ་ཐོབ་རྒྱལ་བ་གཉོས་ལྷ་ནང་བ་མ་ཕམ་མཚོ་འགྲམ་དུ་ཕེབས་ནས་སྐུ་ཁྲུས་གནང་སྐབས། གྲུབ་ཐོབ་ཉིད་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་མཚོའི་ཁ་ལ་མ་བྱིང་བར་མཚོ་དཀྱིལ་བར་ཕེབས་པས་ཀླུའི་རྒྱལ་པོས་གདན་དྲངས་ནས་ཞག་བདུན་གྱི་བར་དུ་ཀླུ་ལ་ཆོས་གསུངས་པའི་ཚུལ་གཉོས་ཀྱི་རྣམ་ཐར་དུ་གསལ་བ་དང༌། དེ་རྗེས་སྤྱན་སྔ་འབྲི་གུང་གླིང་པ་རི་བོ་རྩེ་བརྒྱད་དུ་བཞུགས་སྐབས་ཀླུའི་རྒྱལ་པོས་གདན་དྲངས་ནས་མ་ཕམ་གྱི་མཚོ་འགྲམ་དུ་ཕེབས་ནས་ཆོས་གསུངས་པས། ཀླུས་སྟོན་པ་སངས་རྒྱས་ཀྱི་བཀའ་རྗེས་སུ་དྲན་ནས་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཐུགས་དམ་གྱི་ཐུབ་པ་ཆུ་གཉེར་མ་ཕུལ་བ་དང་། དེའི་རྗེས་སུ་འབྲི་གུང་གི་གྲུབ་ཐོབ་སེང་གེ་ཡེ་ཤེས་སྤུ་ཧྲེང་རྒྱལ་པོས་གདན་དྲངས་ནས་སྤུ་ཧྲེང་དུ་ཕེབས་པའི་ལམ་ཞོར་ལན་ཕུག་ཏུ་ཕེབས་སྐབས་ས་གཡོས་ཆེན་པོ་ཞིག་བྱུང་བ་ལ། དེ་མ་ཐག་དཔོན་སློབ་རྣམས་ཀྱི་གཟིགས་སྣང་དུ་ཀླུའི་རྒྱལ་པོ་མ་དྲོས་པ་དུག་སྦྲུལ་ཤིན་ཏུ་རིང་བ་ཞིག་ཏུ་སྤྲུལ་ནས་ལུང་པ་ཕར་ཀ་ཚུར་ཀ་འཕྲེད་ལ་བཅད་ནས་ལམ་ཞོར་སྐྱིང་ཡན་ལ་མི་གཤེགས་པའི་ཞུ་བ་ཕུལ་ཅིང༌། བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ཞུས་པའི་ཚུལ་སོགས་མང་ངོ་།།
མཚོ་ཡི་ཕྱོགས་བཞི་མཚམས་བརྒྱད་དགོན་པ་སྟེ། །ཤར་དུ་མཉམ་མེད་འབྲི་གུང་སེ་བ་ལུང་། །ཤར་ལྷོར་མཉེས་མགོ་དགོན་དང་ལྷོར་ཁྲུས་སྒོ། །ལྷོ་ནུབ་མགོ་ཚུགས་དགོན་དང་ནུབ་བྱིའུ་དགོན། །ནུབ་བྱང་བྱ་སྐྱིབས་བྱང་དུ་གླང་སྣ་དགོན། །བྱང་ཤར་བོན་རི་དགོན་པ་འདི་དག་གོ།
༦༽ ཁྲུས་དང་ཕྱག་མཆོད་སྐོར་བ་ཕུལ་བའི་ཕན་ཡོན།
མཚོ་འདི་སངས་རྒྱས་དང་བྱང་སེམས་ཀུན་ཀྱིས་བྱིན་གྱིས་བརླབས་པའི་མཚོ་ཁྱད་པར་ཅན་ཡིན་ཕྱིར་འདི་ལ་ཁྲུས་དང་ཕྱག་སྐོར་བྱས་ན་ཕན་ཡོན་རྒྱ་ཆེ་བར་གྲགས་ཏེ། སྲོང་བཙན་སྒམ་པོའི་གསུང་ལས། མ་ཕམ་མཚོ་ལ་ཀླུ་རྒྱལ་བྱང་ཆུབ་སེམས། །ཆུ་བོ་ཡོན་ཏན་ཅན་ཡང་དེ་ན་ཡོད། །ཅེས་དང་། དེ་བཞིན་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞལ་སྔ་ནས། མ་ཕམ་གཡུ་མཚོ་རྟ་ལམ་ཉིན་གཅིག་འཁོར། །དྷ་ན་ཀོཥའི་མཚོ་ནི་འདི་དང་འདྲ། །ཡིད་གཞུང་དད་པས་སྐོར་བ་སུས་བསྐོར་བ། །སངས་རྒྱས་གཞན་དུ་བཙལ་དུ་མེད་དེ་ཐོབ། །འདི་བསྐོར་མཚམས་མེད་ལྔ་བྱས་བྱང་བར་འགྱུར། །གཡུ་མཚོར་བཀྲུས་འཐུང་བདེ་ཆེན་མཁའ་སྤྱོད་བགྲོད། །ཡིད་གཞུང་དད་པས་སྐོར་བ་སུས་བསྐོར་བ། །སངས་རྒྱས་གཞན་ནས་བཙལ་དུ་མེད་དེ་འཐོབ། །འདི་བསྐོར་མཚམས་མེད་ལྔ་བྱས་བྱང་བར་འགྱུར། །གཡུ་མཚོར་བཀྲུས་འཐུང་བདེ་ཆེན་མཁའ་སྤྱོད་བགྲོད། །ཅེས་གསུངས་པ་ལྟར་དང་། ཆུ་བོ་ཡོན་ཏན་ཅན་ཞེས་པ་ནི། སྤྱིར་མཚོ་འདི་ཉིད་ཀྱི་ཆུ་ཡན་ལག་བརྒྱད་དང་ལྡན་པར་མ་ཟད། འདི་ཉིད་བཏུངས་ཤིང་ཁྲུས་བྱས་པ་ཙམ་གྱིས་སྡིག་སྒྲིབ་དག་ཅིང་ངན་སོང་གི་སྒོ་ཁེགས་པའི་ཕྱིར་ཡོན་ཏན་ཅན་ཞེས་འབོད་ཅིང༌། མཚོ་འདི་ནི་སངས་རྒྱས་བྱང་སེམས་ཀྱི་བྱིན་གྱིས་བརླབས་པའི་མཚོ་ཁྱད་པར་ཅན་ཡིན་པར་རྒྱལ་བ་སྲས་དང་བཅས་པས་གསུངས་ལ། དེ་ལྟར་ཡིན་པ་ལ་ཡིན་པའི་ངེས་ཤེས་ཀྱིས་སྐོར་བ་བགྱིས་ན་མཚམས་མེད་ལྔ་བྱེད་པའི་སྡིག་པོ་ཆེ་ཡིན་ཀྱང་ཤི་མ་ཐག་ངན་སོང་གི་སྐྱེ་སྒོ་ཁེགས་པ་དང་། དད་པས་བཏུངས་ཤིང་ཁྲུས་བྱས་ན་མཁའ་སྤྱོད་ཀྱི་ཞིང་དུ་སྐྱེ་བར་སློབ་དཔོན་རིན་པོ་ཆེའི་གསུང་གི་ལུང་གོང་དུ་དྲངས་པ་བཞིན་ནོ།།
སྟོད་མངའ་རིས་སྐོར་གསུམ་གནས་ཀྱིས་གྲོལ། །བར་དབུས་གཙང་རུ་བཞི་རྟེན་གྱིས་གྲོལ།།
སྨད་མདོ་ཁམས་སྒང་དྲུག་བླ་མས་གྲོལ། །དེ་རྟེན་འབྲེལ་ཆོས་ཀྱི་བྱིན་རླབས་ཡིན།།
མ་ཕམ་གཡུ་མཚོའི་ལོ་རྒྱུས་རགས་རིམ་འདི། །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་ནི།།
པར་དུ་བཏབ་པའི་གནས་ཡིག་ཕྱོགས་བསྒྲིགས་ལ། །ཁུངས་གཏུགས་ཉུང་གསལ་གོ་བདེའི་ཚུལ་དུ་བཀོད།།
མ་ཚང་མ་གསལ་མ་དག་སྐྱོན་མཆིས་ན། །གཟུར་གནས་ཀློག་པ་པོ་ཡི་མདུན་སར་འཆགས།།
ཀློག་པ་པོ་ལ་བློ་སྐྱེད་རག་ཡོད་ན། །རྔན་པའི་ཚུལ་དུ་དགའ་བས་ཧབ་ཐོབ་གྱིས།།
ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ པའི་ཚེས་ ༡༧ རེས་གཟའ་ཕུར་བུར་མཇུག་རྫོགས་པར་བགྱིས་པའོ།།
