ལོ་རིམ་དགུ་པའི་སློབ་གཉེར་བ། བློ་གྲོས་མཐའ་ཡས།
སྔོན་རྒྱལ་པོ་ཞིག་རིན་པོ་ཆེའི་ཕོ་བྲང་ལ་གསེར་དང་མུ་ཏིག་གིས་བརྒྱན་ཅིང་དེའི་དབུས་ན་འདོད་ཡོན་དཔལ་འབྱོར་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་བཞིན་ཡོད་རུང་། སེམས་ལ་སྤྲོ་སྣང་མེད་ལ་དངོས་པོ་ཅི་ཞིག་མ་ཚང་བ་ལྟ་བུའི་བློ་ཡིད་མ་ཚིམས་པར་བཞུགས་པའི་ཉིན་ཞིག རྒྱལ་པོ་དེ་རྫ་མཁན་ཞིག་དང་ཐུག་པ་རེད། དེ་དུས་རྫ་མཁན་དེ་དགའ་སྤྲོའི་ངང་གླུ་དབྱངས་ལེན་བཞིན་ལས་ཀ་ལས་ཀྱི་ཡོད་པ་མཐོང་ནས། དེ་ལ་རྒྱལ་པོ་ཡིད་དབང་ཤོར་ཏེ། ང་རང་ས་གཞི་འདིའི་དབང་སྒྱུར་གྱི་རྒྱལ་པོ་ཞིག་ཡིན་མོད། ད་ལྟ་བར་དུ་དགའ་བ་དང་སྤྲོ་བའི་སྣང་བ་བྱུང་མྱོང་མེད་ལ། རྫ་མཁན་ཉམ་ཆུང་ཞིག་ལ་དེ་འདྲའི་སྤྲོ་སྣང་ཆེན་པོ་བྱུང་དོན་ཅི་ཡིན་ནམ་སྙམ་སྟེ། རྒྱལ་པོས་“ཁྱོད་ལ་དགའ་བ་དེ་འདྲ་བྱུང་བའི་རྒྱུ་མཚན་ཅི་རེད།”ཅེས་དྲིས་པས། རྫ་མཁན་དེས། “ང་ནི་མི་དཀྱུས་མ་ཞིག་ཡིན་པས་ང་དང་ངའི་ནང་མི་ལ་ཡོ་བྱད་མང་པོ་གང་ཡང་མི་དགོས། ཁང་པ་གཅིག་དང་ཟས་དྲོན་མོ་ལྟོ་བ་འགྲངས་ཙམ་ཡོད་ན་འགྲིག་འགྲོ་ཡི་འདུག”ཅེས་ལན་བཏབ། ལན་དེར་རྒྱལ་པོ་ཡིད་ཚིམས་པོ་མ་བྱུང་སྟབས། ཉིན་དེའི་དགོང་མོར་རྒྱལ་པོ་ཁོང་གི་ཡིད་ཆེས་ཡོད་པའི་སློབ་སྟོན་པར་གནད་དོན་དེའི་སྐོར་བསམ་འཆར་དྲིས་པས། སློབ་སྟོན་པས་རྒྱལ་པོའི་དཀའ་ངལ་དང་རྫ་མཁན་གྱི་རྒྱབ་ལྗོངས་ལོ་རྒྱུས་ལ་ཞིབ་ཚགས་ཉན་རྗེས། “རྫ་མཁན་དེ་ ༩༩ ཡི་ཚོགས་པའི་ཚོགས་མི་མ་ཡིན་པ་འདྲ།”ཞེས་ཞུས།
“༩༩ ཡི་ཚོགས་པ་དེའི་དོན་ངོ་མ་ཅི་ཞིག་ཡིན་ནམ།” ཞེས་རྒྱལ་པོས་དྲིས་པར། སློབ་སྟོན་པས”༩༩ ཡི་ཚོགས་པ་ནི་ཅི་ཞིག་ཡིན་པ་དངོས་གནས་ཤེས་རྟོགས་བྱ་དགོས་ན། གསེར་གྱི་དོང་ཙེ་ ༩༩ ཁུག་མ་ནང་དུ་བླུགས་ནས་རྫ་མཁན་དེའི་སྒོ་འགྲམ་དུ་བཞག་སྟེ་གཟིགས་དང།” ཞེས་ཞུས་པས། རྒྱལ་པོས་གཡོག་པོ་ཞིག་སྐད་བཏང་ནས་གསེར་གྱི་དོང་ཙེ་ ༩༩ ཁུག་མ་ནང་དུ་བླུགས་ནས་རྫ་མཁན་གྱི་ཁང་པའི་སྒོར་བཞག་པ་རེད། རྫ་མཁན་གྱིས་ཁུག་མ་དེ་མཐོང་མ་ཐག་ནང་དུ་ཁྱེར་ནས་ཁ་ཕྱེ་སྟེ་ལྟ་དུས་གསེར་གྱི་དོང་ཙེ་ཕོན་ཆེན་མཐོང་། “གསེར་གྱི་སྒོར་མོ་འདི་འདྲ་མང་པོ་”ཞེས་དགའ་འབོད་ཆེན་པོ་ཞིག་དབང་མེད་དུ་ཤོར། ཁོས་དེ་དག་བརྩི་འགོ་བརྩམས་ཏེ། ཐེངས་འགའ་ལ་ཞིབ་བཤེར་བྱས་ཀྱང་དངུལ་སྒོར་༩༩ མ་གཏོགས་མེད་པས། “ཐ་མའི་གསེར་གྱི་དོང་ཙེ་གཅིག་དེ་ལ་ཅི་ཞིག་བྱུང་བ་ཡིན་ནམ། དོང་ཙེ་ ༩༩ བྱས་པ་ཞིག་སུས་ཀྱང་བཞག་སྲིད་ཀྱི་མ་རེད་”ཟེར་ནས། རྫ་མཁན་གྱིས་གསེར་གྱི་དོང་ཙེ་གཅིག་པུ་དེ་ག་ས་ག་ལ་བཙལ་བ་རེད།
འོན་ཀྱང་དོང་ཙེ་གཅིག་པུ་དེ་ད་དུང་རག་མེད་སྟབས། མཐར་འུ་ཐུག་སྟེ་སྔར་ལས་ལྷག་པའི་ཧུར་བརྩོན་གྱིས་ལས་ཀ་བྱས་ནས་གསེར་གྱི་དོང་ཙེ་གཅིག་དེ་ང་རང་གིས་བསྒྲུབས་ཐུབ་ན། དོང་ཙེ་བརྒྱ་ཏག་ཏག་ཆགས་ཐུབ་ཀྱི་འདུག་བསམས་ནས་ལས་འགོ་བརྩམས། ཉིན་དེ་ནས་བཟུང་གཡོག་པོའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བར་མངོན། ལུས་སེམས་ངལ་དུབ་ཀྱིས་ཁེངས་ཤིང་། གཤིས་ཀ་རྩུབ་པོར་གྱུར། ནང་མི་ཚོ་ལ་གསེར་གྱི་དོང་ཙེ་གཅིག་པུ་འདི་འཚོལ་བར་རོགས་སྐྱོར་བྱེད་ཀྱི་མི་འདུག་ཟེར་ནས་སྡིགས་མོ་བྱེད། སྔར་ལས་ཀ་བྱེད་བཞིན་པའི་སྐབས་གླུ་དབྱངས་ལེན་བཞིན་ལས་ཀ་ལས་ཀྱི་ཡོད་པ་དེ་ཡང་མཚམས་བཞག་སྟེ། རྫ་མཁན་གྱི་མི་ཚེ་ལ་འགྱུར་ལྡོག་ཆེན་པོ་འདི་ལྟ་བུ་དངོས་སུ་མཐོང་བས་རྒྱལ་པོ་མགོ་འཐོམ་པར་གྱུར་ཅིང་། དེ་ནས་རྒྱལ་པོས་རྫ་མཁན་གྱི་གནས་སྟངས་དེ་ལྟར་འགྱུར་བ་ཆེན་པོ་འགྲོ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་སློབ་སྟོན་པར་སྨྲས་པས། སློབ་སྟོན་པས“རྫ་མཁན་དེ་གཞི་ནས་ ༩༩ ཡི་ཚོགས་པ་ནང་ལ་དངོས་སུ་ཞུགས་ཟིན་པ་ཡིན། ༩༩ ཡི་ཚོགས་པ་ཞེས་པ་ནི་རང་ཉིད་བདེ་སྐྱིད་ལ་རོལ་ཆོག་པའི་རྒྱུ་ནོར་འདང་ངེས་ཤིག་རང་ལ་ཡོད་ནའང། དེར་ཡིད་མི་ཚིམས་ཤིང་འདོད་རྔམ་ཅན་གྱི་མི་ལ་མིང་འདོགས་བཏགས་པ་རེད། གང་ལགས་ཤེ་ན། རང་ལ་རྒྱུ་ནོར་ཡོད་ཀྱིན་ཡོད་ཀྱིན་ད་དུང་མང་པོ་ཞིག་སྒྲུབ་དགོས་ཀྱི་འདུག་སྙམ་པའི་འདོད་སེམས་ཆེན་པོས་རང་གིས་རང་ལ། མཐར་དངོས་པོ་འདི་འདྲ་ཞིག་བསྒྲུབ་ཐུབ་པ་བྱེད། དེ་ནས་མི་ཚེ་ཧྲིལ་པོར་སེམས་པ་སྐྱིད་པོའི་ངང་སྡོད་ཀྱི་ཡིན་ཞེས་ལབ་ཀྱི་རེད་”ཅེས་སྨྲས་སོ།།
སྙིང་དོན། འདོད་སེམས་སྤངས་ནས་ཆོག་ཤེས་བྱ་དགོས་པར་གདམས་པའོ།།
བསྒྱུར་གཞི།
ALL time Short Stories
