ཆོས་འཁོར་ལ་མཐའ་དཔྱད་པ་བློ་གསར་དགའ་བའི་མཛེས་རྒྱན།

ལོ་རིམ་དྲུག་པའི་སློབ་གཉེར་བ། པདྨ་རྒྱལ་མཚན།

ཤེས་བྱ་ཀུན་ཀྱི་གནས་ལུགས་མ་ལུས་ཇི་བཞིན་གཟིགས་པའི་ཡེ་ཤེས་ཅན།།
སྲིད་པའི་ཉོན་མོངས་ནགས་ཀྱི་ཚང་ཚིང་མི་མངོན་གནས་སུ་ཕ་མཐར་བསྐྲད།།
རིགས་རུས་བཟང་བའི་སྲས་ཆེན་ཞིག་གིས་མཛད་པ་བཅུ་གཉིས་ཚུལ་ཙམ་བསྟན།།
ཐབས་ལ་མཁས་པའི་ཐུགས་རྗེ་ཅན་གྱིས་འགྲོ་འདུལ་མགོན་པོ་གང་དེར་འདུད།།

མཚོ་དབུས་གེ་སར་པདྨའི་སྦུབས་ནས་ངོ་མཚར་ཅན་གྱི་མཚན་མས་བསུས།།
ཐུབ་བསྟན་གསང་སྔགས་མཚན་དཔེའི་འོད་ཟེར་འཛམ་གླིང་ཧྲིལ་པོ་ཡོངས་ལ་བརྡལ།།
གང་ལ་གང་འདུལ་ཅིར་ཡང་འཆར་བའི་སྣང་སྲིད་ཟིལ་གནོན་ཧེ་རུ་ཀ།།
མ་བཅོས་སྙིང་ནས་དཔལ་ལྡན་བླ་མར་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།

དུས་འགྱུར་སྙིགས་མ་ང་དགུའི་ལོ་ལ་ལོ་ནག་སྤྲིན་པ་འཁྲིགས་པའིི་ཚེ།།
བསྟན་པའི་དོོན་དུ་ཐུགས་ལ་བརྣག་པའི་དམ་བཅའ་བརྟན་པོ་མ་ཡལ་བར།།
གཅེས་པའི་སྐུ་སྲོག་འབེན་ལ་ཐུག་ཀྱང་ཐུགས་སྟོབས་བསམ་གྱིས་མི་ཁྱབ་པས།།
བེ་ཏའི་ཡུལ་དུ་ཞིང་མཆོག་བསྐྲུན་མཛད་༸གྲུབ་དབང་ཆོས་རྗེར་གསོལ་བ་འདེབས།།

ཞེས་བདག་སོགས་འགྲོ་བ་ཡོངས་ཀྱི་ཚེ་རབས་གཏན་གྱི་སྐྱབས་གནས་དམ་པ་མགོན་དང་དཔུང་གཉེན་གཅིག་པུར་གྱུར་པ་གོང་མའི་ཡང་གོང་མ་བླ་མའི་ཡང་བླ་མ་རྣམས་ལ་མཆོད་བརྗོད་མེ་ཏོག་གི་ཕྲེང་བས་མདུན་བསུས་ནས་གང་ཞིག་གླེང་བར་བྱ་བ་ནི། མཛོད་ལས།1སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་བཞིན། འགྲོ་བ་ཡོངས་ཀྱི་མགོན་པོ་སྟོན་པ་ཐབས་ལ་མཁས་པ་ཐུགས་རྗེ་ཅན་གང་ཉིད་ཀྱིས་གདུལ་བྱའི་ཁམས་དང་། བསམ་པ། མོས་པ་དང་མཐུན་པར་བསྟན་པའི་མཛད་པ་སྣ་ཚོགས་ཡོད་པ་ལས་སྐབས་འདིར་དེའི་བྱེ་བྲག་ཏུ་གྱུར་པ་ཐུབ་པ་ཆེན་པོའི་ཐུགས་ཀྱི་བདག་རྐྱེན་རྣམ་མཁྱེན་ལས་བྱུང་བའི་ཆོས་འཁོར་གྱི་སྐོར་ཡིན་ལ། འདི་ཉིད་འཆད་པར་བྱ་བ་ལ་རྩ་བའི་ས་བཅད་ཀྱི་དབང་དུ་བཏང་ན་རྣམ་པ་བཞི་སྟེ། དང་པོ་མཚམས་སྦྱར་བ། གཉིས་པ་གྲུབ་མཐའ་སོ་སོའི་ལུགས་ཀྱི་ཆོས་འཁོར་འདོད་ཚུལ་ལ་དཔྱད་པ། གསུམ་པ་དབྱེ་བ་རྒྱས་པར་བསྟན་པ། བཞི་པ་གྲུབ་དོན་བསྟན་པའི་སྒོ་ནས་བསྔོ་བས་མཇུག་བསྡུ་བ་བཅས་བཞི་ལས།

དང་པོ། མཚམས་སྦྱར་བ་ནི།

སྤྱིར་རང་ཉིད་ལ་བསམས་ན་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་སོགས་གང་གི་ཐད་ལའང་ཐོས་བསམ་སྒོམ་གསུམ་གྱི་སྦྱང་བ་ཧ་ཅང་ཞན་པས་འདི་ལྟ་བུའི་བརྗོད་གཞི་ལྕི་མོ་ཞིག་གི་ཐོག་ཏུ་དཔྱད་པ་ཆེས་ཆེར་གྱིས་རྩོམ་པ་འཁུར་དུ་བླངས་ནས་གོམ་པ་མདུན་སྤོ་བྱེད་པའི་ནུས་པ་དང་སྤོབས་པ་ཅི་ཡང་མེད་མོད། འོན་ཀྱང་ད་ལམ་རྐྱེན་བཟང་པོ་ག་གེ་མོ་ཞིག་ལ་བརྟེན་ནས་ཁོ་བོ་ལའང་ང་རང་གི་བློ་སྟོབས་ཀྱི་གོམ་འགྲོས་དང་མཚུངས་པར་ཆོས་འཁོར་ལ་མཐའ་དཔྱད་པ་བློ་གསར་དགའ་བའི་མཛེས་རྒྱན་ཞེས་པའི་བརྗོད་གཞིའི་ཐོག་དཔྱད་རྩོམ་བྲི་རྒྱུའི་གོ་སྐབས་བཟང་པོ་ཐོབ་པའི་སྐབས་འདིར་གུས་པས་ཀྱང་རང་ནུས་གང་ལྕོགས་ཀྱིས་རང་གཞུང་གཙོ་བོར་བཟུང་ནས་བརྗོད་གཞི་འདི་ལ་དཔྱད་པ་རགས་བསྡུས་ཤིག་བགྱིད་པ་ལགས་ན། དེ་ཡང་གཙོ་བོ་ཡབ་རྗེ་༸གྲུབ་དབང་བླ་མ་ཐུགས་དགྱེས་པའི་མཆོད་སྤྲིན་དུ་ཕུལ་བ་ཙམ་ལས་གཞན་དོན་གཉེར་ཅན་རྣམ་པའི་ཐུགས་ཀྱི་རེ་འདོད་སྐོང་ཐུབ་པའི་ཡོན་ཏན་ཅི་ཡང་མ་མཆིས་པས་བློ་ལྡན་ཚོགས་ལ་སྙིང་དབུས་ནས་བཟོད་གསོལ་ཞུ།

གཉིས་པ། གྲུབ་མཐའ་སོ་སོའི་ལུགས་ཀྱི་ཆོས་འཁོར་འདོད་ཚུལ་དཔྱད་པ་ལ།

ཁ་ཆེའི་བྱེ་བྲག་སྨྲ་བའི་ལུགས་ཀྱི་འདོད་པ་བརྗོད་པ། བཙུན་པ་དབྱངས་སྒྲོགས་ལུགས་ཀྱི་འདོད་པ་བརྗོད་པ། བྱེ་སྨྲའི་ལུགས་གཉིས་ཐུན་མོང་དུ་དགག་པ། རང་རྒྱུད་པའི་ལུགས་བརྗོད་པ། རང་ལུགས་བཞག་པ་བཅས་ལྔ་ལས། དང་པོ་ནི། མཛོད་ལས།2དེ་ཉིད་ཚངས་ཚུལ་ཚངས་པ་ཡི། །འཁོར་ལོ་ཚངས་པས་བསྐོར་ཕྱིེར་རོ། །ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །མྱུར་བར་འགྲོ་སོགས་རྩིབས་སོགས་ཀྱིས། །ཞེས་དང་།  དཔལ་སྤྲུལ་སྤྱི་དོན་ལས།3བྱེ་སྨྲ་རྣམས་མཐོང་ལམ་ཁོ་ན་ཆོས་འཁོར་དུ་འདོད་དེ། ལྔ་སྡེ་ལ་ཝཱ་རཱ་ཎ་སཱིར་ཆོས་བསྟན་པས་མཐོང་ལམ་སྐྱེས་པ་ན་གནོད་སྦྱིན་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་བསྒྲགས་པ་དང་། འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པ་མཐོང་ལམ་ལ་ཡོད་པའི་ཕྱིར་ཏེ། ཞེས་དང་། མངོན་པ་མཛོད་ཀྱི་མཆན་འགྲེལ་ལས།4དེ་ལ་ཆོས་ཀྱི་འཁོར་ལོ་ནི་མཐོང་བའི་ལམ་དེ་ཉིད་ཡིན་ཏེ། མྱུར་བར་འགྲོ་བ་དང་། སོགས་སྒྲས། འདོར་བ་དང་། འཇུག་པ་དང་། མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་དང་། རྒྱལ་བ་རྣལ་དུ་འགོད་པས་དང་། འཕར་བ་དང་། འབབ་པ་ཞེས་བྱ་བ་འཁོར་ལོ་རིན་པོ་ཆེ་དང་ཆོས་མཐུན་པས་སོ། །ཞེས་གསུངས་པ་བཞིན། འཁོར་ལྔ་སྡེ་བཟང་པོ་ལ་ཐུབ་པ་ཆེན་པོས་ཡུལ་ཝཱ་རཱ་ཎ་སཱི་རུ་བདེན་པ་བཞིའི་ཆོས་འཁོར་བསྐོར་གནང་བའི་རྗེས་སུ་ཀུན་ཤེས་ཀོའུ་ཌི་ནྱ་ལ་མཐོང་ལམ་སྐྱེས་པ་ན། ལྷ་རྣམས་ཀྱིས་ཨ་ལ་ལ་དེང་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་གྲགས་པ་དང་། མཐོང་ལམ་ཉིད་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པ་ལ་སོགས་པའི་ཕྱོགས་རེ་བའི་རྒྱུ་མཚན་རྣམ་པ་གཉིས་ཀྱིས་དེ་ཉིད་ཁོ་ན་ཆོས་འཁོར་དུ་འདོད་པར་སྙམ་མོ། །དེས་ན་འདི་པའི་ལུགས་ལ་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པའི་ལམ་བདེན་དེ་ཆོས་འཁོར་གྱི་མཚན་ཉིད་དུ་བཞེད་དོ།།

མཐོང་ལམ་འཁོར་ལོ་རིན་པོ་ཆེ་དང་ཆོས་ཚུངས་ཚུལ་ནི།

༡༽ འཁོར་ལོ་སྒྱུར་པའི་རྒྱལ་པོོའི་འཁོར་ལོ་ཡུལ་གཞན་ནས་གཞན་དུ་འགྲོ་བ་ནི། མཐོང་ལམ་གྱིས་བདེན་པ་མྱུར་དུ་རྟོགས་པར་བྱེད་པ་འགྲོ་བར་མཚུངས་པ་ལྟ་བུ་དང་། ༢༽ ཡུལ་སྔ་མ་དོར་ནས་ཕྱི་མ་ལ་འཇུག་པ་ནི། སྡུག་བདེན་གྱི་དམིགས་རྣམ་བཏང་ནས་ཀུན་འབྱུང་གི་དམིགས་རྣམ་ལ་འཇུག་པས་འཇུག་པ་མཚུངས་པ་ལྟ་བུ་དང་། ༣༽ རྒྱལ་ཕྲན་མ་རྒྱལ་བ་ལས་རྒྱལ་བ་ནི།  བར་ཆད་མེད་ལམ་གྱི་སྤང་བྱའི་དངོས་གཉེན་བྱེད་པས་མ་རྒྱལ་བ་ལས་རྒྱལ་བར་མཚུངས་པ་ལྟ་བུ་དང་། ༤༽ རྒྱལ་བ་རྣལ་དུ་འགོད་པ་ནི།  རྣམ་གྲོལ་ལམ་གྱིས་སྤང་བྱ་སྤངས་པའི་འགོག་བདེན་འཐོབ་པས་རྣལ་དུ་འགོད་པར་མཚུངས་པ་ལྟ་བུ་དང་། ༥༽ མཐོ་བར་འཕར་བ་ནི། རྗེས་བཟོད་རྗེས་ཤེས་ཀྱིས་ཁམས་གོང་མ་ལ་དམིགས་པས་འཕར་བར་མཚུངས་པ་ལྟ་བུ་དང་། ༦ ༽ དམའ་བ་ལ་འབབ་པའི་བྱ་བ་བྱེད་པ་ནི། ཆོས་བཟོད་ཆོས་ཤེས་ཀྱིས་ཁམས་འོག་མའི་བདེན་པ་ལ་དམིགས་པས་འབབ་པར་མཚུངས་པ་ལྟ་བུའོ།།

གཉིས་པ། བཙུན་པ་དབྱངས་སྒྲོགས་ཀྱིས་ནི། མངོན་པ་མཛོད་ཀྱི་མཆན་འགྲེལ་ལས།5བཙུན་པ་དབྱངས་སྒྲོགས་ན་རེ། མཐོང་ལམ་འཕགས་ལམ་ཡན་ལག་བརྒྱད་ནི། འཁོར་ལོའི་རྩིབས་དང་སོགས་ཀྱི་སྒྲས་ལྟེ་བ་དང་། མུ་ཁྱུད་དང་འདྲ་བས་ཆོས་ཀྱི་འཁོར་ལོ་ཞེས་བྱའོ་ཟེར། ཞེས་དང་། དཔལ་སྤྲུལ་སྤྱི་དོན་ལས།6འཕགས་ལམ་ཡན་ལག་བརྒྱད་ཆོས་འཁོར་ཡིན་ཏེ། ངག་ལས་མཐའ་འཚོ་བ་གསུམ་ཚུལ་ཁྲིམས་ཡིན་པས་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རྟེན་བྱེད་པས་རྟེན་པའི་ལྟེ་བ་དང་མཚུངས། ལྟ་བ་རྟོག་པ། རྩོལ་བ་རྣམས་ཤེས་རབ་ཀྱི་བསླབ་པ་ཡིན་པས་མི་མཐུན་ཕྱོགས་གཅོད་པའི་ཕྱིར་གཅོད་པའི་རྩིབས་དང་ཆོས་མཚུངས། དྲན་པ་དང་། ཏིང་ངེ་འཛིན་ནི། ལྟ་སོགས་རྩེ་གཅིག་པའི་ཚུལ་གྱིས་དམིགས་པ་ལ་འཛིན་པའི་ཕྱིར། སྡུད་པ་མུ་ཁྱུད་དང་ཆོས་མཐུན་པ་ཡིན་ཏེ། དེས་ན་འཁོར་ལོ་དང་ཆོས་མཐུན་ནོ་ཞེས་འདོད། ཅེས་གསུངས་པ་བཞིན། འདི་པས་ཀྱང་མཐོང་ལམ་ཉིད་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པས་མཐོང་ལམ་ཁོ་ན་ཆོས་འཁོར་དུ་འདོད་ཀྱང་ཆོས་མཚུངས་ཚུལ་ནི་སྔ་མ་དང་མི་འདྲ་བར་སྣང་ངོ་།།

འོ་ན་ཇི་ལྟར་ཞེ་ན། འཕགས་ལམ་ཡན་ལག་བརྒྱད་ལས་ཡང་དག་པའི་ངག  ཡང་དག་པའི་མཐའ། ཡང་དག་པའི་འཚོ་བ་གསུམ་ནི་བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པར་འདུ་ཞིང་། བསླབ་པ་དེ་ཡིས་གཞན་གཉིས་ཀྱི་རྟེན་བྱེད་པ་བཞིན་འཁོར་ལོ་རིན་པོ་ཆེ་ལ་འཛིན་པར་བྱེད་པའི་ལྟེ་བ་དང་ཆོས་མཚུངས་པར་འདོད། དེ་བཞིན་ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ། ཡང་དག་པའི་རྩོལ་བ་གསུམ་ནི་བསླབ་པ་ཤེས་རབ་ཀྱི་བསླབ་པར་འདུ་ཞིང་། བསླབ་པ་དེ་ཡིས་རང་གི་མི་མཐུན་ཕྱོགས་གཅོད་པར་བྱེད་པ་བཞིན། འཁོར་ལོ་རིན་པོ་ཆེ་ཡི་གཅོད་པར་བྱེད་པའི་རྩིབས་དང་ཆོས་མཚུངས་པར་འདོད། གཞན་ཡང་ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་གཉིས་ཀྱིས་ནི་དམིགས་པ་ལ་སེམས་འཛིན་པར་བྱེད་པ་བཞིན། འཁོར་ལོ་རིན་པོ་ཆེ་ཡི་སྡུད་པར་བྱེད་པའི་མུ་ཁྱུད་དང་ཆོས་མཚུངས་པར་འདོད་དོ། །མདོར་བསྡུས་ན། ཉན་ཐོས་སྡེ་པས་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པའི་དམ་ཆོས་སམ་ལམ་བདེན་ལ་ཆོས་འཁོར་ཞེས་འདོད་ཅིང་། དབྱེ་ན་འཆད་པ་པོ་རང་ཉིད་ཀྱིས་འཆད་ཅིང་གཞན་ལ་སྟོན་པར་བྱེད་པའི་ལུང་རྣམ་དག་ཅིག་ལ་ལུང་གི་ཆོས་འཁོར་དང་། ལུང་གིས་གཏན་ལ་ཕབ་པའི་དོན་སྒྲུབ་པའི་ཡོན་ཏན་ལྟ་བུ་ལ་རྟོགས་པའི་ཆོས་འཁོར་ཞེས་འདོད་པ་ཡིན།

གསུམ་པ་བྱེ་སྨྲའི་ལུགས་གཉིས་ཐུན་མོང་དུ་དགག་པ་ནི། ཁ་ཆེའི་བྱེ་བྲག་སྨྲ་བ་ལ་སོགས་པས་མཐོང་ལམ་ཉིད་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པ་ལ་སོགས་པའི་རྒྱུ་མཚན་ཕྱོགས་རེ་བ་ཙམ་ཞིག་གིས་མཐོང་ལམ་ཁོ་ན་ཆོས་འཁོར་དུ་འདོད་པ་ནི་རྣམ་པ་ཀུན་ཏུ་ཡང་འཐད་པ་མ་ཡིན་ཏེ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་བདག་རྐྱེན་ལས་བྱུང་བའི་ལུང་གི་ཆོས་འཁོར་ཐམས་ཅད་བཅད་པའི་ཕྱིར་རོ། །དེས་ན་དེ་དག་གི་སྒྲུབ་བྱེད་ལྟར་སྣང་ལ་འཁྲུལ་བ་དོར་ནས་འདིར་ནི་ལུང་དང་རྟོགས་པའི་ཆོས་ཐམས་ཅད་ཆོས་འཁོར་དུ་འདོད་པར་བྱ་དགོས་ཏེ། མཛོད་ལས།7སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་རོ།།

བཞི་པ་དབུ་མ་རང་རྒྱུད་པའི་ལུགས་ལ་ནི། དགའ་ལྡན་བྱང་བརྩེའི་ཡིག་ཆ་ཁག་ལས་སངས་རྒྱས་ཀྱི་བཀའ་དང་སངས་རྒྱས་ཀྱི་ལམ་གང་རུང་གིས་བསྡུས་པའི་རྣམ་དཀར་གྱི་ཡོན་ཏན་ཞེས་སོགས་གསུངས་པ་བཞིན། སངས་རྒྱས་ཀྱི་བཀའ་དང་ལམ་ཞུགས་ཀྱི་མངོན་རྟོགས་གང་རུང་གིས་བསྡུས་པའི་དམ་ཆོས་ལ་ཆོས་འཁོར་དུ་འདོད་དོ། །དེ་ལ་དབྱེ་ན་ལུང་གི་ཆོས་འཁོར་དང་རྟོགས་པའི་ཆོས་འཁོར་གཉིས་སུ་འཇོག་པ་ནི་གྲུབ་མཐའ་གོང་འོག་ཐམས་ཅད་མཐུན་ནོ།།

ལྔ་པ་རང་ལུགས་བཞག་པ་ནི། དཔལ་སྤྲུལ་སྤྱི་དོན་ལས།8འདིར་ནི་ལུང་དང་རྟོགས་པའི་ཆོས་ཐམས་ཅད་ཆོས་འཁོར་དུ་འདོད་པར་བྱ་སྟེ། ཆོས་འཁོར་གྱིས་གསུང་རབ་ཐམས་ཅད་བསྡུས་པ་དང་། ལམ་ཐམས་ཅད་ལ་ཡང་ཆོས་འཁོར་གྱི་དོན་དམིགས་པའི་ཕྱིར་རོ། །ཞེས་གསུངས་པ་བཞིན། སྟོན་པའི་གསུང་རབ་དང་མངོན་རྟོགས་གང་རུང་གིས་བསྡུས་པའི་དམ་ཆོས་ཆོས་འཁོར་གྱི་མཚན་ཉིད་ཡིན་ནོ། །གཞན་ཡང་དཔལ་ལྡན་ས་སྐྱ་པའི་ལུགས་ལའང་། ལུང་རྟོགས་གང་རུང་གིས་བསྡུས་པའི་སྟོན་པའི་དམ་ཆོས་དེ་ལ་ཆོས་འཁོར་དུ་འདོད་པ་དེ་ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེ་བཟང་པོའི་གསུང་འབུམ་9ལ་གསལ་ཞིང་དེ་བཞིན་རྗེ་རིན་པོ་ཆེས་ཀྱང་ལེགས་བཤད་གསེར་ཕྲེང་སོགས་སུ་ཇི་ལྟར་བཞེད་པ་ནི་དབུ་མ་རང་རྒྱུད་པའི་རྗེས་སུ་འབྲངས་ནས་དེ་དང་ཁས་ལེན་པར་མཚུངས། གཞུང་འདིར་བཞེད་ཚུལ་སོགས་འདི་རྣམས་ཐམས་ཅད་ཚུར་བསྡུས་ན་ཕལ་ཆེར་མཐུན་པར་སྣང་ཞིང་། ལྷག་པར་དུ་གྲུབ་མཐའ་བཞི་ལས་ཉན་ཐོས་བྱེ་སྨྲ་མ་གཏོགས་གཞན་རྣམས་ཀྱིས་ཆོས་འཁོར་ངོས་འཛིན་ཚུལ་ལའང་ཁྱད་པར་མེད་པ་ལྟ་བུ་འདུག་གོ།

གསུམ་པ། དབྱེ་བ་རྒྱས་པར་བསྟན་པ་ལ།

ངོ་བོའི་སྒོ་ནས་དབྱེ་བ་སྤྱིར་བསྟན་པ་དང་། བྱེ་བྲག་ལུང་གི་ཆོས་འཁོར་གྱི་ནང་གསེས་རྒྱས་པར་བཤད་པ། རྟོགས་པའི་ཆོས་འཁོར་བཤད་པ་བཅས་གསུམ་ལས། དང་པོ་ལ་རྣམ་པ་གཉིས་ཏེ། དེ་ཡང་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས།10སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་བཞིན། ལུང་གི་ཆོས་འཁོར་དང་རྟོགས་པའི་ཆོས་འཁོར་ཡིན།

གཉིས་པ། བྱེ་བྲག་ལུང་གི་ཆོས་འཁོར་གྱི་ནང་གསེས་རྒྱས་པར་བཤད་པ་ལ། ལུང་གི་ཆོས་འཁོར་གྱི་ངོ་བོ་ངོས་བཟུང་བ་དང་། དེའི་དབྱེ་བ་བཤད་པ། གསུང་རབ་ཡན་ལག་བཅུ་གཉིས་རྣམས་སྡེ་སྣོད་གསུམ་དུ་བསྡུ་ཚུལ་བསྟན་པ། ལུང་གི་ཆོས་འཁོར་བདག་རྐྱེན་རྣམ་མཁྱེན་ལས་བྱུང་བར་བཤད་སྐབས་བདག་པོའི་རྐྱེན་ཉིད་རྒྱུ་མཚན་ཉིད་པ་ལ་འཇོག་དགོས་ཚུལ་བསྟན་པ། ལུང་གི་ཆོས་འཁོར་ཡིན་ན་གདུལ་བྱའི་རྒྱུད་ཀྱིས་བསྡུས་དགོས་ཚུལ་བསྟན་པ་བཅས་ལྔ་ལས། དང་པོ་ནི། གྲུབ་མཐའ་མཛོད་ལས།11དེའང་བརྗོད་བྱ་བསླབ་པ་གསུམ་སྟོན། རྗོད་བྱེད་ངག་ཚིག་དྲི་མ་མེད། སྒྲུབ་བྱེད་ཚད་མ་གསུམ་ལྡན། འབྲས་བུ་ཐོག་མཐའ་བར་དུ་དགེ་བ་ནི་རང་བཞིན་ཏེ། བྱམས་པས། བསླབ་པ་གསུམ་བརྗོད་ངག་ཚིག་དྲི་མ་མེད། །ཚད་མ་གསུམ་ལྡན་ཐོག་མཐའ་བར་དགེ་བ། །དེ་ནི་ཆེན་པོར་གསུངས་པ་རྒྱལ་བའི་བཀའ། །བཟློག་པ་གཞན་གྱི་གཞུང་དུ་ཤེས་པར་བྱ། །ཞེས་དང་། ཡང་དེ་ཉིད་ལས།12མཚན་ཉིད་ནི་གསུང་བ་པོ་སྟོན་པ་སངས་རྒྱས་ཀྱི་བདག་རྐྱེན་ལས་མིང་ཚིག་ཡི་གེར་སྣང་བ་གང་ཞིག་མདོའམ་རྒྱུད་སྡེར་གནས་པའོ། །ཞེས་གསུངས་པ་བཞིན། སྟོན་པའི་བདག་པོའི་རྐྱེན་ལས་བྱུང་བའི་གསུང་རབ་ལ་ལུང་གི་ཆོས་སམ་ལུང་གི་ཆོས་འཁོར་གྱི་མཚན་ཉིད་དུ་བཞག་ན་མི་འགྲིག་པ་མེད། མདོར་བསྡུས་ན་ལུང་གི་ཆོས་འཁོར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པས་བསྡུས་པའི་ལུང་རྣམ་དག་ཏུ་དམིགས་པ་དང་སངས་རྒྱས་ཀྱི་བཀར་གྱུར་པའི་ཆོས་ལ་འཇོག་དགོས་པས་ཆོས་འཁོར་ཡང་ཡིན་ལ་བཀའ་ཡང་ཡིན་པའི་གཞི་མཐུན་པ་ཞིག་ཡིན།

གཉིས་པ་དེའི་དབྱེ་བ་བཤད་པ་ནི། སྐབས་འདིར་སྟོན་པའི་བཀའ་དང་དེ་ཉིད་ཀྱི་ཐུགས་ཀྱི་བདག་རྐྱེན་ལས་བྱུང་བའི་ལུང་གི་ཆོས་འཁོར་གཉིས་དོན་གཅིག་ཏུ་བཞག་ནས་དེ་ལ་དབྱེ་སྒོ་མི་འདྲ་བ་རྣམ་པ་དྲུག་ཏུ་སྣང་སྟེ། དང་པོ་རྒྱས་པའི་དབང་གི་དབྱེ་བར་བཞག་པ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟེ། གྲུབ་མཐའ་མཛོད་ལས།13དེ་ལྟར་ན་བརྒྱད་ཁྲི་ཞི་སྟོང་དུ་བསྡོམས་པ་སྟེ། ཡོན་ཏན་བཀོད་པའི་རྒྱུད་ལས། ཕྱི་ཡི་སྡེ་སྣོད་གསུམ་དག་ནི། །འདོད་ཆགས་ཞེ་སྡང་གཏི་མུག་དག། །སོ་སོའི་གཉེན་པོར་བསྟན་པ་སྟེ། །བླ་མེད་མཉམ་པའི་གསང་སྔགས་ནི། །ཉོན་མོངས་ཀུན་ཀྱི་གཉེན་པོར་བསྟན། །ཀུན་ཀྱང་བརྒྱད་ཁྲི་བཞི་སྟོང་ཉིད། །རྒྱལ་བ་རྣམས་ཀྱིས་ཆོས་ཕུང་པོ། །ཉོན་མོངས་གཉེན་པོར་བསྟན་པ་ཡིན། །ཞེས་དང་། མཛོད་ལས།14ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག།།གང་རྣམས་ཐུབ་པས་གསུངས་དེ་དག།།ཅེས་དང་། དཔལ་སྤྲུལ་སྤྱི་དོན་ལས།15གཞན་སྤང་བྱ་རེའི་གཉེན་པོ་རྫོགས་པ་རེ་ལ་འདོོད་པ་ཡོད། ཅེས་དང་། གྲུབ་མཐའ་མཛོད་ལས།16དེ་དག་ཀྱང་ཉོན་མོངས་པ་རེ་རེའི་གཉེན་པོར་རེ་རེ་སྟོན་པ་ལ་མང་ཉུང་གི་དབང་གིས་གཞག་པའི་ཚད་ཡིན་གྱི། གྲངས་དེར་འཆད་པའི་ཚད་མ་ཡིན་པས། གཉེན་པོར་རྫོགས་པའི་དབང་གིས་གཞག་པ་ཉིད་ལེགས་པར་གཟུང་བར་བྱའོ། །ཞེས་དང་། ཡང་དེ་ཉིད་ལས།17གཉེན་པོ་དང་གྲངས་ཀྱི་སྒོ་ནས་དབྱེ་ན། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟེ། སྒྲོན་གསལ་ལས། ཐུབ་པ་ཆེན་པོས་ཆོས་ཕུང་པོ། །བརྒྱད་ཁྲི་བཞི་སྟོང་གསུངས་པ་ལས། །ཞེས་དང་། མཛོད་ལས།18སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་གསུངས་པ་བཞིན། སངས་རྒྱས་ཤཱཀྱ་ཐུབ་པས་རྒྱས་པའི་དབང་དུ་བཏང་ན་འདོད་ཆགས་ཉིས་ཁྲི་ཆིག་སྟོང་གི་གཉེན་པོ་ལ་འདུལ་བའི་སྡེ་སྣོད་ཉིས་ཁྲི་ཆིག་སྟོང་དང་། ཞེ་སྡང་ཉིས་ཁྲི་ཆིག་སྟོང་གི་གཉེན་པོ་ལ་མདོ་སྡེའི་སྡེ་སྣོད་ཉིས་ཁྲི་ཆིག་སྟོང་དང་། གཏི་མུག་ཉིས་ཁྲི་ཆིག་སྟོང་གི་གཉེན་པོ་ལ་མངོན་པའི་སྡེ་སྣོད་ཉིས་ཁྲི་ཆིག་སྟོང་དང་། སྡེ་སྣོད་གསུམ་ཆ་ལ་ཆ་མཉམ་པའི་ཆོས་ཕུང་ཉིས་ཁྲི་ཆིག་སྟོང་བཅས་མདོར་ན་ཉིས་ཁྲི་ཆིག་སྟོང་བཞི་བསྡོམས་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད།

གཉིས་པ་འབྲིང་པོའི་དབང་གི་དབྱེ་བར་བཞག་པ་ནི། རྒྱན་སྣང་ལས།19མདོ་སྡེ་དབྱངས་བསྙད་ལུང་བསྟན་དང་། །ཚིགས་བཅད་ཆེད་བརྗོད་རྟོགས་པ་བརྗོད། །དེ་ལྟར་བྱུང་དང་གླེང་གཞི་དང་། །ཤིན་ཏུ་རྒྱས་པ་སྐྱེས་རབས་བཅས། །གཏན་ཕབ་རྨད་དུ་བྱུང་སྨོས་ཏེ། །དེ་ལྟར་ཡན་ལག་བཅུ་གཉིས་ནི། །ཞེས་དང་། མཁས་འཇུག་སྡོམ་བྱང་ལས།20མདོ་སྡེ་དབྱངས་བསྙད་ལུང་བསྟན་ཚིགས་སུ་བཅད། །ཆེད་བརྗོད་གླེང་གཞི་རྟོགས་བརྗོད་དེ་ལྟར་བྱུང་། །སྐྱེས་རབས་རྒྱས་དང་རྨད་བྱུང་གཏན་ལ་དབབ། །འདི་དག་གསུང་རབས་ཡན་ལག་བཅུ་གཉིས་སོ། །ཞེས་གསུངས་པ་བཞིན་འབྲིང་དུ་གསུང་རབ་ཡན་ལག་བཅུ་གཉིས་སུ་བཞག་པ་རྣམས་སོ།།

གསུམ་པ་བསྡུས་པའི་དབང་གི་དབྱེ་བར་བཞག་པ་ནི། ཆོས་འཁོར་ཐམས་ཅད་ཚུར་བསྡུས་ན། བརྗོད་བྱ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པའི་གསུང་རབ་འདུལ་བའི་སྡེ་སྣོད་དང་། བརྗོད་བྱ་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པའི་གསུང་རབ་མདོ་སྡེའི་སྡེ་སྣོད་དང་། བརྗོད་བྱ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་གསུང་རབ་མངོན་པའི་སྡེ་སྣོད་བཅས་སྡེ་སྣོད་གསུམ་པོ་དེ་ཡིན་ནོ།།

བཀའ་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར།

བཞི་པ་དུས་དང་བརྗོད་བྱའི་སྒོ་ནས་དབྱེ་བ་ལ། བཀའ་འཁོར་ལོ་གསུམ་ངོས་བཟུང་བ་དང་། ཞར་བྱུང་དུ་དེ་གསུམ་དྲང་ངེས་གང་ཡིན་ལ་དཔྱད་པ་གཉིས་ལས། དང་པོ་ལ་རྣམ་པ་གསུམ་ཡོད་པ་ལས། དང་པོ་ནི། དགོངས་པ་ངེས་འགྲེལ་ལས།21བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་བཱ་རཱ་ཎ་སཱི་22དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ། སྔོན་ལྷར་གྱུར་པའམ། མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་ཏུ་རབ་ཏུ་བསྐོར་ཏེ། ཞེས་དང་། སྡོམ་གསུམ་ལས།23གླེང་གཞི་སྟོན་པས་ཝཱ་རཱ་ཎ་སཱི་རུ། །ལྷག་པའི་ཚུལ་ཁྲིམས་གཙོར་སྟོན་བདེན་པ་བཞི། །ཞེས་གསུངས་པ་བཞིན། གདུལ་བྱ་ཐེག་དམན་རིགས་ཅན་གྱི་ཆེད་དུ་བདེན་པ་བཞི་དངོས་ཀྱི་བརྗོད་བྱ་གཙོ་བོར་བྱས་ནས་སྟོན་པའི་མདོ་རྣམས་ནི་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ཡིན། དེ་ཡང་སྟོན་མཆོག་ཐུབ་པའི་དབང་པོས་གང་ཉིད་དགུང་གྲངས་སོ་དྲུག་ནས་ཞེ་གཉིས་བར་ཏེ་ལོ་ངོ་དྲུག་གི་རིང་ལ་བསྐོར་བར་མཛད་པའི་ཆོས་འཁོར་ཞིག་ཡིན་ཞིང་། དེ་ཡང་གྲུབ་མཐའ་མཛོད་ལས།24དེ་ལའང་ལས་དང་པོ་པའི་ཚེ་གཟུང་འཛིན་རང་རྒྱུད་པས་བཅིངས་པའི་ཉོན་མོངས་པ་ལས་སེམས་བསྲུང་བའི་ཕྱིར་སྤང་གཉེན་བླང་དོར་བྱེད་པའི་རིམ་པ་གཙོ་བོར་སྟོན་པས་བདེན་པ་བཞིའི་ཆོས་ཀྱི་རྣམ་གྲངས་དང་། ཞེས་གསུངས་པ་བཞིན། དགོས་པ་གཙོ་བོ་ནི་བླང་དོར་གྱི་རིམ་པ་གསལ་པོ་བསྟན་པའི་ཕྱིར་དུ་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་རོ།།

བཀའ་འཁོར་ལོ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར།

གཉིས་པ་ནི། གདུལ་བྱ་ཐེག་ཆེན་རིགས་ཅན་གྱི་ཆེད་དུ་སྟོང་ཉིད་དངོས་ཀྱི་བརྗོད་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་རྣམས་ནི་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་ཡིན་ལ། བཀའ་འདི་ནི་སྟོན་པ་གང་ཉིད་དགུང་གྲངས་ཞེ་གསུམ་ནས་དགུང་གྲངས་བདུན་ཅུ་དོན་གཉིས་བར་དུ་སྟེ་ལོ་ངོ་ཉི་ཤུ་རྩ་དགུའི་རིང་ལ་བསྐོར་བར་མཛད་པའི་ཆོས་འཁོར་དེ་ཡིན་ཞིང་། དེ་ཡང་གྲུབ་མཐའ་མཛོད་ལས།25བར་བ་གཉེན་པོ་ལ་མངོན་པར་ཞེན་པ་དགག་པའི་ཕྱིར་མཚན་ཉིད་མེད་པ་དང་། ཞེས་གསུངས་པ་བཞིན། དགོས་པ་གཙོ་བོ་ནི་གཉེན་པོ་ལ་མངོན་པར་ཞེན་པ་དགག་པའི་ཕྱིར་དུ་ཆོས་འཁོར་འདི་ཉིད་བསྐོར་རོ།།

བཀའ་འཁོར་ལོ་གསུམ་པ་ལེགས་པ་རྣམ་པར་འབྱེད་པའི་ཆོས་འཁོར།

གསུམ་པ་ནི། གདུལ་བྱ་ཐེག་ཆེན་རིགས་ཅན་གྱི་ཆེད་དུ་དྲང་ངེས་ལེགས་པར་ཕྱེ་ནས་བསྟན་པའི་རིགས་སུ་གནས་པའམ་ངེས་དོན་མཐར་ཐུག་བསྟན་པའི་མདོ་རྣམས་ནི་བཀའ་ཐ་མ་ལེགས་པ་རྣམ་པར་འབྱེད་པའི་ཆོས་འཁོར་དེ་ཡིན་ལ། བཀའ་འདི་ཉིད་ནི་ཐུབ་པ་གང་ཉིད་དགུང་གྲངས་བདུན་ཅུ་དོན་སུམ་ནས་དགུང་གྲངས་བརྒྱད་ཅུའི་བར་ཏེ་ལོ་ངོ་བདུན་གྱི་རིང་ལ་བསྐོར་རོ། །གཞན་ཡང་གྲུབ་མཐའ་མཛོད་ལས།26ཐ་མ་གཤིས་ཇི་ལྟར་གནས་ཚུལ་བསྟན་པ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་གསུམ་དུ་བྱུང་བ་ཡིན་ནོ། །ཞེས་གསུངས་པ་བཞིན། དགོས་པ་གཙོ་བོ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་སམ་རང་བཞིན་གསལ་བར་བསྟན་པའི་ཕྱིར་དུ་ཆོས་འཁོར་འདི་ཉིད་བསྐོར་བར་མཛད་དོ།།

ཞར་བྱུང་དུ་ཆོས་འཁོར་གསུམ་པོ་དྲང་ངེས་གང་ཡིན་ལ་དཔྱད་པ་ནི།

གཉིས་པ་ལ། སྤྱིར་བཀའ་འཁོར་ལོ་གསུམ་པོ་དྲང་ངེས་གང་ཡིན་མིན་ལ་གྲུབ་མཐའ་སོ་སོའི་བཞེད་ཚུལ་མི་འདྲ་བ་སྣ་ཚོགས་སྣང་ཡང་། རང་ལུགས་ལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོོ་རྒྱལ་བ་ཀློང་ཆེན་པའི་བཞེད་ལུགས་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་བཞེད་ལུགས་བཅས་འདོད་པ་མི་འདྲ་བ་གཉིས་སུ་སྣང་སྟེ། དང་པོ་ཀུན་མཁྱེན་ཆེན་པོ་རྒྱལ་བ་ཀློང་ཆེན་ཞབས་ཀྱིས་ནི། མདོ་སྡེ་དགོངས་པ་ངེས་འགྲེལ་ལས།27བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་བཱ་རཱ་ཎ་སཱི་28དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ། ཞེས་པ་ནས། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་ཇི་སྐད་གསུངས་པའི་བར་གྱི་ལུང་ལ་ཁུངས་གཏུགས་མཛད་ནས་གྲུབ་མཐའ་སོ་སོའི་ལུགས་ཀྱི་གཤིས་ཀྱི་གནས་ལུགས་དེ་ལ་ངེས་དོན་དང་། དེ་བསྟན་པའི་མདོ་དང་བསྟན་བཅོས་རྣམས་ལ་ངེས་དོན་གྱི་གཞུང་དུ་བཞེད་པ་དང་། དེ་བཞིན་གྲུབ་མཐའ་སོ་སོའི་ལུགས་ཀྱི་གཤིས་ལ་མ་གྲུབ་པའི་ཆོས་གཤིས་རྟོགས་པའི་གཞིའམ་ཐབས་ལྟ་བུ་ཀུན་རྫོབ་ཀྱི་ཆོས་རྣམས་ལ་དྲང་དོན་དང་། གཤིས་ལ་ཞུགས་པའི་ཐབས་སུ་དེ་དག་གི་གྲུབ་དོན་ཅི་རིགས་ཡོད་པའི་སྒོ་ནས་བསྟན་པའི་བཀའ་དང་བསྟན་བཅོས་རྣམས་ལ་དྲང་དོན་གྱི་གཞུང་དུ་བཞེད་དེ། དེ་ཉིད་ཀྱིས་མཛད་པའི་སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ་ལས།29མདོར་ན་གཤིས་ཀྱི་གནས་ལུགས་དང་དེ་སྟོན་པའི་མདོ་སྡེ་རྣམས་ལ་ངེས་པའི་དོན་དང་དེའི་མདོ་སྡེ་ཞེས་བྱའོ།།

གཤིས་ལ་འཇུག་པའི་ཐབས་སུ་ཐབས་མང་པོས་སེམས་ཅན་གྱི་བློ་འདྲེན་པར་ཆོས་མ་དག་པ་འཁྲུལ་པ་དང་དེའི་དབྱེ་བ་ལ་སོགས་པར་སྟོན་པ་ཐམས་ཅད་དྲང་བའི་དོན་དང་དྲང་དོན་གྱི་ཆོས་ཞེས་བྱའོ། །ཞེས་སོགས་གསུངས་ནས། གདུལ་བྱ་དང་བརྗོད་བྱའི་དབང་དུ་བྱས་པའི་འཁོར་ལོ་རིམ་པ་གསུམ་ལས། འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་ནི་ཀུན་རྫོབ་བདེན་པ་དངོས་ཀྱི་བརྗོད་བྱར་བྱས་ནས་བསྟན་པའི་རྒྱུ་མཚན་གྱིས་དྲང་དོན་ཡིན་པར་བཞེད། འཁོར་ལོ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་ནི་གཤིས་ཀྱི་གནས་ལུགས་ཇི་བཞིན་དུ་བསྟན་མི་ནུས་ཤིང་། གཉེན་པོ་ལ་མངོན་པར་ཞེན་པ་དགག་པའམ་མཚན་འཛིན་ལྡོག་ཕྱིར་ཙམ་དུ་གསུངས་པས་དྲང་དོན་དུ་བཞེད་པ་དང་། བཀའ་ཐ་མ་ལེགས་པ་རྣམ་པར་འབྱེད་པའི་ཆོས་འཁོར་ནི་གཤིས་ཀྱི་གནས་ལུགས་ཇི་བཞིན་དུ་བསྟན་ཐུབ་པའི་རྒྱུ་མཚན་གྱིས་ངེས་དོན་མཐར་ཐུག་པར་འདོད་པ་ཡིན་ནོ། །དེ་ཉིད་ཀྱིས་གྲུབ་མཐའ་མཛོད་ལས།30 དེ་ལའང་ལས་དང་པོ་པའི་ཚེ་གཟུང་འཛིན་རང་རྒྱུད་པས་བཅིངས་པའི་ཉོན་མོངས་ལས་སེམས་བསྲུང་བའི་ཕྱིར་སྤང་གཉེན་བླང་དོར་བྱེད་པའི་རིམ་པ་གཙོ་བོར་བསྟན་པས་བདེན་བཞིའི་ཆོས་འཁོར་གྱི་རྣམ་གྲངས་དང་། བར་པ་གཉེན་པོ་ལ་མངོན་པར་ཞེན་པ་དགག་པའི་ཕྱིར་མཚན་ཉིད་མེད་པ་དང་། ཐ་མ་གཤིས་ཇི་ལྟར་གནས་ཚུལ་བསྟན་པ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་གསུམ་དུ་བྱུང་བ་ཡིན་ནོ། །ཞེས་གསུངས་སོ། །ལུགས་འདི་དང་མཐུན་པར་སྡོམ་གསུམ་མཆན་འགྲེལ་ལས།31འཁོར་ལོ་གསུམ་པོ་དྲང་ངེས་སུ་འདོད་ཚུལ་ལ། བཀའ་དང་པོ་དྲང་དོན་དུ་འདོད་ཚུལ་ཐམས་ཅད་མཐུན་ལ། བར་མཐའ་གཉིས་ལ་བཞེད་པ་མི་མཐུན་པ་མང་ཡང་། སྐབས་འདིར་ནི་བར་པ་དྲང་ངེས་ཕྱེད་མ་དང་། ཐ་མ་ངེས་དོན་དུ་འདོད་དེ། ཞེས་སོགས་གསུངས་སོ།།

གཉིས་པ་ཀུན་མཁྱེན་མི་ཕམ་རྒྱ་མཚོས་ནི། འཁོར་ལོ་དང་པོ་ནི་ཀུན་རྫོབ་བདེན་པ་དངོས་ཀྱི་བརྗོད་བྱར་བྱས་ནས་བསྟན་པའི་རྒྱུ་མཚན་གྱིས་དྲང་དོན་དུ་བཞེད་པ་ནི་ཀུན་མཁྱེན་ཆེན་པོ་དང་མཐུན། འཁོར་ལོ་བར་པ་ནི་སྟོང་ཉིད་དངོས་ཀྱི་བརྗོད་བྱར་བྱས་པའམ་རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཡི་སྟོང་ཆ་གཙོ་བོ་རྩལ་འདོན་གནང་ཡོད་པའི་རྒྱུ་མཚན་གྱིས་ངེས་དོན་ཡིན་པར་བཞེད་པ་དང་། འཁོར་ལོ་ཐ་མ་ནི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཡི་གསལ་ཆའམ་སྣང་ཆ་གཙོ་བོ་རྩལ་འདོན་གནང་ཡོད་པའི་རྒྱུ་མཚན་གྱིས་ངེས་དོན་ཡིན་པར་བཞེད་ཅིང་། བཀའ་བར་ཐ་གཉིས་གནས་ལུགས་གཏན་ལ་འབེབས་ཚུལ་ཙམ་ལས་ངེས་དོན་གྱི་མདོ་སྡེ་ཡིན་པ་ལ་ཁྱད་པར་མེད་པར་བཞེད་དོ། །དེ་ཡང་དེ་ཉིད་ཀྱིས་མཛད་པའི་སྟོང་ཐུན་སེང་གེའི་ང་རོ་ལས།32དེ་ཡང་སྟོན་པ་བདེ་བར་གཤེགས་པས་གསུང་གི་སྐབས་ལ་ལར་སྟོང་པ་ཉིད་བསྟན་པའི་སྒོ་ནས་བདེ་གཤེགས་སྙིང་པོའི་ངོ་བོ་གསལ་བར་མཛད། ལ་ལར་སྟོབས་སོགས་ཀྱི་ཡོན་ཏན་ཡེ་ལྡན་དུ་བསྟན་པའི་ཆ་ནས་བདེ་གཤེགས་སྙིང་པོའི་རང་བཞིན་གསལ་བར་མཛད་དེ། དེ་གཉིས་འགལ་མེད་ཟུང་དུ་འཇུག་པ་དགོས་ཀྱང་། ཞེས་གསུངས་སོ། །ལུགས་འདི་དང་མཐུན་པར་ལྟ་གྲུབ་ཤན་འབྱེད་ལས།33རང་བཞེད་ཚད་མ་རྣམ་གཉིས་ཀྱིས། །གཞལ་བྱ་འཁོར་ལོ་གསུམ་གྱི་མདོའི། །བརྗོད་བྱ་བདེན་གཉིས་དབྱེ་ཚུལ་ལས། །དྲང་ངེས་ཚུལ་གཉིས་འདི་ལྟར་བཞེད། །དོན་དཔྱོད་ཚད་མའི་རྙེད་དོན་མཆོག།།སྣང་སྟོང་ཆོས་ཀྱི་བདེན་གཉིས་ལས། །སྟོང་ཉིད་དོན་དམ་དངོས་བསྟན་གྱི། །འཁོར་ལོ་བར་པ་ངེས་དོན་དང་། །རྣམ་དག་ཚད་མའི་རྙེད་དོན་མཆོག།།གནས་སྣང་ཆོས་ཀྱི་བདེན་གཉིས་ལས། །འོད་གསལ་དོན་དམ་དངོས་བསྟན་གྱི། །འཁོར་ལོ་ཐ་མ་ངེས་དོན་བཞེད། །ཅེས་གསུངས་སོ། །མདོར་ན་སྤྱིར་དབུ་མ་པ་དང་ཁྱད་པར་དུ་སྔ་འགྱུར་རྙིང་མ་པ་རང་གི་བཞེད་ལུགས་ནི་འདི་ལྟར་ཏེ། བཀའ་དང་པོ་ནི་དྲང་དོན་འབའ་ཞིག་དང་། བར་བ་དྲང་ངེས་སུ་བཞེད་པ་ཅི་རིགས་ཡོད་པ་དང་། ཐ་མ་ངེས་དོན་དུ་བཞེད་པ་ཐམས་ཅད་མཐུན། སྒོས་སུ་ཀུན་མཁྱེན་ཆེན་པོ་སོགས་སྔ་འགྱུར་བའི་མཁས་དབང་རྣམས་ཀྱིས་གཞུང་དོན་ཇི་ལྟ་བ་བཞིན་དུ་སྟོང་མཐུན་སེངྒེའི་ང་རོ་སོགས་སུ་བཀའ་བར་མཐའ་གཉིས་ཀ་སྤྱིར་ངེས་དོན་གྱི་མདོ་ཡིན་པར་གསུངས་ཤིང་། དེ་ཡང་བཀའ་ཐ་མར་གཏོགས་ཚད་མིན་ཏེ། དཔེར་ན་སེམས་ཙམ་བསྟན་པའི་མདོ་བདུན་པོ་ལ་སོགས་པའོ། །འོན་ཀྱང་དེའི་སྐབས་སུ་གཤེགས་སྙིང་བསྟན་པའི་མདོ་ཡོངས་སུ་རྫོགས་པ་ངེས་དོན་དུ་གསུངས་པས་དེ་ལྟར་ཡིན་པའི་ཕྱིར་རོ།།

གཞན་ཡང་ཆོས་འཁོར་ཡིན་ན་དུས་དང་བརྗོད་བྱ་གཅིག་པའི་དབང་གིས་བཀའ་འཁོར་ལོ་གསུམ་པོ་གང་རུང་ཡིན་པས་ཁྱབ་བམ་ཞེས་པ་ལ། དེ་ནི་ཁྱབ་པ་མེད་དེ་དཔེར་ན་ཐུབ་པ་ཆེན་པོ་ཉིད་ཀྱིས་སངས་རྒྱས་མ་ཐག་ཏུ།34ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་བརྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འདུག་པས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་གསུངས་པའི་ཆོས་འཁོར་འདི་བརྗོད་བྱའི་དབང་དུ་འཁོར་ལོ་ཐ་མ་དང་དུས་ཀྱི་དབང་དུ་འཁོར་ལོ་དང་པོ་ཡིན་པ་དང་། དེ་བཞིན་ཤེས་རབ་སྙིང་པོའི་མདོ་ལ་སོགས་པ་ནི་བརྗོད་བྱ་དང་དུས་གཉིས་ཀའི་དབང་དུ་བྱས་ན་བཀའ་བར་བར་གཏོགས་ཤིང་། སྤྱི་ཡོངས་ནས་དུས་དང་བརྗོད་བྱ་གཅིག་པའི་དབང་གི་འཁོར་ལོ་འདིའོ་ཞེས་ཁ་མཚམས་གཅོད་མི་ནུས་རུང་བརྗོད་བྱ་དང་དུས་གཉིས་གང་རུང་གི་དབང་དུ་བྱས་ན་ཆོས་འཁོར་ཡིན་ན་བཀའ་ཡི་འཁོར་ལོ་གསུམ་པོ་གང་རུང་ཡིན་པས་ཁྱབ་བོ།།

ལྔ་པ་དབང་པོའི་སྒོ་ནས་དབྱེ་བ་ལ་རྣམ་པ་གསུམ་ཡོད་པ་ནི། མཚན་བརྗོད་ལས།35ཐེག་པ་གསུམ་གྱི་ངེས་འབྱུང་ནི། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པ་བཞིན། ཉན་ཐོས་ཀྱི་ཐེག་པ། རང་སངས་རྒྱས་ཀྱི་ཐེག་པ། བླ་ན་མེད་པའི་ཐེག་པ་བཅས་སོ།།

དྲུག་པ་བདག་པོའི་རྐྱེན་གྱི་སྒོ་ནས་དབྱེ་བ་ལ་ཞལ་ནས་གསུངས་པའི་བཀའ། བྱིན་གྱིས་བརླབས་པའི་བཀའ། རྗེས་སུ་གནང་བའི་བཀའ་བཅས་རྣམ་པ་གསུམ་ཡོད་པ་ལས། དང་པོ་ནི། གྲུབ་མཐའ་མཛོད་ལས།36དང་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ལ་སོགས་པས་འོག་མིན་ལ་སོགས་པར་དངོས་སུ་གསུངས་པ་རྣམས་ཏེ། ཞེས་གསུངས་པ་བཞིན། ཞལ་ནས་གསུངས་པའི་བཀའ་ཉིད་ཡིན་ལ། མཚན་གཞི་ནི། སྟོན་པ་རྣམ་པར་སྣང་མཛད་ལ་སོགས་པས། ཞིང་འོག་མིན་སྟུག་པོ་བཀོད་སོགས་སུ། འཁོར་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པ་ལ་བསྐོར་བའི་ཆོས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་སོགས་པའི་སོ་སོའི་རྒྱུད་རྣམས་སོ།།

གཉིས་པ་ནི། བྱིན་གྱིས་བརླབས་པའི་བཀའ་དེ་ཉིད་ཡིན་ལ་དེ་ལའང་བཞི་སྟེ། རྡོ་རྗེ་སྙིང་པོའི་སྤྱི་བོ་ལ་ཕྱག་བཞག་ནས་བྱིན་གྱིས་བརླབས་པས། མདོ་སྡེ་ས་བཅུ་པ་འཆད་པའི་སྤོབས་པ་སྐྱེས་ནས། རྣམ་པར་གྲོལ་བའི་ཟླ་བས་དྲིས་པ་སྐུ་ཡིས་བྱིན་གྱིས་བརླབས་པའི་བཀའ་ལྟ་བུ་དང་། འཇམ་དཔལ་གྱིས་རྒྱལ་པོ་མ་སྐྱེས་དགྲ་ཡི་འགྱོད་པ་སོལ་ཅིག་ཅེས་བཀའ་བསྩལ་པས། འཇམ་དཔལ་གྱིས་མ་སྐྱེས་དགྲའི་འགྱོད་པ་བསལ་བའི་མདོ་བྱུང་བ་གསུང་གིས་བྱིན་གྱིས་བརླབས་པའི་བཀའ་ལྟ་བུ་དང་། བཅོམ་ལྡན་འདས་ཟབ་མོ་སྣང་བའི་ཏིང་ངེ་འཛིན་ལ་བཞུགས་ནས། ཤཱ་རིའི་བུ་དང་སྤྱན་རས་གཟིགས་ལ་བྱིན་གྱིས་བརླབས་པས། ཤེས་རབ་སྙིང་པོ་གསུངས་པ་ནི་ཐུགས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་ལྟ་བུ་དང་། ཡོན་ཏན་དང་འཕྲིན་ལས་ལྷུན་གྱིས་གྲུབ་པའི་བྱིན་རླབས་ལས། འོད་ཟེར་བཀྱེ་བ་ལས་དེ་བཞིན་གཤེགས་པའི་སྐུ་སྣང་ནས་ཆོས་སྟོན་པ་འབུམ་གྱི་གླེང་གཞི་ལས་བཤད་པ་ལྟ་བུ་དང་། རི་དང་། ཤིང་དང་། བྱ་དང་། པདྨ་དང་། རྔ་བོ་ཆེ་ལ་སོགས་པ་ལས་ཆོས་ཀྱི་སྒྲ་དབྱངས་བྱུང་བ་ལྟ་བུ་ནི་ཡོན་ཏན་དང་ཕྲིན་ལས་ཀྱིས་བྱིན་གྱིས་བརླབས་པའི་བཀའ་ལྟ་བུའོ།།

གསུམ་པ་ནི། གྲུབ་མཐའ་མཛོད་ལས།37རྗེས་སུ་གནང་བའི་བཀའ་ནི་མྱ་ངན་ལས་འདས་པའི་མདོ་ལས། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་བསྡུ་བ་བྱེད་པའི་ཚེ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པས་གླེང་བསླངས་ལ། བར་དུ་མཚམས་སྦྱར་བའི་ཚིག་དང་། མཐར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བའི་བར་གྱིས་སྡུས་ཤིག ཅེས་གསུངས་པ་ལྟ་བུའོ། །ཞེས་གསུངས་པ་བཞིན་རྗེས་སུ་གནང་བའི་བཀའ་བསྟན་ཏོ།།

གསུང་རབ་ཡན་ལག་བཅུ་གཉིས་པོ་རྣམས་སྡེ་སྣོད་གསུམ་གྱི་ཁོངས་སུ་བསྡུ་ཚུལ་བསྟན་པ་ནི།

གསུམ་པ། གསུང་རབ་ཡན་ལག་བཅུ་གཉིས་རྣམས་ཀྱང་བསྡུས་ན་སྡེ་སྣོད་གསུམ་པོའི་ཁོངས་སུ་བསྡུ་ཐུབ་སྟེ། དེ་ཡང་གྲུབ་མཐའ་མཛོད་ལས།38དེའང་གསུང་རབ་ཡན་ལག་བཅུ་གཉིས་པོ་སྡེ་སྣོད་གསུམ་དུ་བསྡུས་ནས་མི་ཉམས་པར་བྱས་སོ། །ཇི་སྐད་དུ་ལུང་ཕྲན་ཚེགས་ལས། སྟོན་པ་མྱ་ངན་ལས་འདས་ཕྱི་དེའི་དབྱར། །རྒྱལ་པོའི་ཁབ་ཀྱི་གསང་བའི་བྲག་ཕུག་ཏུ། །དགྲ་བཅོམ་ལྔ་བརྒྱ་འདུས་པའི་འཚོ་བ་ནི། །མ་སྐྱེས་དགྲས་སྦྱར་སྡེ་སྣོད་གསུམ་དུ་བསྡུས། །མདོ་ཡི་སྡེ་དང་དབྱངས་སུ་བསྙད་པའི་སྡེ། །ལུང་བསྟན་ཚིགས་སུ་བཅད་པའི་སྡེ་དང་ནི། །ཆེད་དུ་བརྗོད་པ་ལྔ་ནི་མདོ་སྡེར་བསྡུས། །གླེང་གཞི་དེ་དང་རྟོགས་པ་བརྗོད་པ་དང་། །དེ་ལྟར་བྱུང་བའི་སྡེ་ཞེས་བྱ་བ་དང་། །སྐྱེ་པ་རབས་དང་བཞི་ནི་འདུལ་བར་བསྡུས། །ཤིན་ཏུ་རྒྱས་དང་རྨད་དུ་བྱུང་བ་དང་། །གཏན་ལ་ཕབ་པ་གསུམ་ནི་མངོན་པར་བསྡུས། །ཞེས་གསུངས་པ་བཞིན། འདི་ལྟར་མདོའི་སྡེ་དང་། དབྱངས་སུ་བསྙད་པ་དང་། ལུང་དུ་བསྟན་པ་དང་།  ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པའི་སྡེ་དང་ལྔ་ནི་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དུ་བསྡུ་བ་དང་། གཙོ་བོ་གླེང་གཞི་དང་། འཁོར་རྟོགས་བརྗོད་དང་། དེ་ལྟར་བྱུང་དང་། སྐྱེས་རབས་ཀྱི་སྡེ་དང་བཞི་ནི་འདུལ་བའི་སྡེ་སྣོད་ཀྱི་ཁོངས་སུ་བསྡུུ་བ་དང་། རྨད་དུ་བྱུང་བ་དང་། ཤིན་ཏུ་རྒྱས་པའི་སྡེ་གཉིས་ནི་བྱང་ཆུབ་སེམས་ཀྱི་མདོ་སྡེའི་སྡེ་སྣོད་ཀྱི་ཁོངས་སུ་བསྡུ་བ་ཡིན་ནོ།།

ལུང་གི་ཆོས་འཁོར་བདག་རྐྱེན་རྣམ་མཁྱེན་ལས་བྱུང་བར་འཆད་སྐབས་བདག་པོའི་རྐྱེན་ཉིད་རྒྱུ་མཚན་ཉིད་པ་ལ་འཇོག་དགོས་པར་བསྟན་པ་ནི།

བཞི་པ་ལ། བདག་པོའི་རྐྱེན་རྒྱུ་མཚན་ཉིད་པ་ངོས་བཟུང་བ་དང་། གཞན་གྱི་འདོད་པ་བཀག་པའི་སྒོ་ནས་ཆོས་འཁོར་བདག་རྐྱེན་རྣམ་མཁྱེན་ལས་བྱུང་དགོས་པར་ཤུགས་ལ་བསྒྲུབ་པ་བཅས་གཉིས་ལས། དང་པོ་ནི། སྤྱིར་རྐྱེན་ལ་བཞི་སྟེ། མཛོད་ལས།39རྐྱེན་ནི་བཞི་པོ་དག་ཏུ་གསུངས། །ཞེས་གསུངས་སོ། །འདི་བཞི་ལས་བདག་པོའི་རྐྱེན་ནི་མཛོད་ཀྱི་ལུགས་ལྟར་ན་རང་ལས་གཞན་པའི་བྱེད་རྒྱུ་ཙམ་ཞིག་ལ་བཤད་དེ། དེ་ཉིད་ལས།40བྱེད་རྒྱུ་ཞེས་བྱ་བདག་པོར་བཤད། །ཅེས་གསུངས་པ་བཞིན། རྐྱེན་རང་ལས་གཞན་པའི་ཆོས་གང་ཞིག་སྐྱེ་བ་ལ་གེགས་མི་བྱེད་པའི་ཆ་ནས་བཞག་པ་ཡིན་ནོ། །འོན་ཀྱང་སྐབས་འདིར་ཆོས་འཁོར་ཉིད་སྟོན་པའི་ཐུགས་ཀྱི་བདག་རྐྱེན་རྣམ་མཁྱེན་ལས་བྱུང་བར་བཤད་པའི་སྐབས་ཀྱི་བདག་པོའི་རྐྱེན་ནི་མཛོད་ཀྱི་ལུགས་བཞིན་མ་ཡིན་པར་བྱེད་རྒྱུ་མཚན་ཉིད་པའམ་བྱེད་རྒྱུ་ནུས་བཅས་ལ་བཤད་པ་ཡིན་ཏེ་རང་གི་བདག་འབྲས་སྐྱེ་བ་ལ་ཕན་འདོགས་བྱེད་ལ་གོ་དགོས་པའི་ཕྱིར་རོ། །དེ་ཡང་དོན་རྣམ་པར་ངེས་པ་ཤེས་རབ་རལ་གྲིའི་མཆན་བཅས་ལས།41ས་བོན་ཆུ་ལུད་དྲོད་གཤེར་ལྟ་བུ་རྒྱུ་ཡི་ཚོགས་པ་ཚང་བས་ནི། མྱུ་གུ་ལྟ་བུ་འབྲས་བུ་སྐྱེད་པའི་བྱ་བ་བྱེད། །ཇི་སྙེད་འབྲས་བུའི་བདག་ཉིད་ཀུན། །རང་རང་རྒྱུ་ལ་ལྟོས་པ་ཉིད། །དེ་མེད་ན་མི་འབྱུང་བའི་ཕྱིར་རོ། །ཞེས་དང་། ཚད་མ་རྣམ་འགྲེལ་ལེའུ་དང་པོ་ལས།42རྒྱུ་ཡི་རང་བཞིན་ངེས་པ་ལས། །འབྲས་བུའི་རང་བཞིན་ངེས་པ་སྟེ། །ཐ་དད་རྒྱུ་རྣམས་མེད་ཉིད་ཕྱིར། །མི་རྟག་ངོ་བོ་ཐ་དད་མེད། །ཅེས་གསུངས་སོ། །རྒྱུ་མཚན་རྣལ་མ་འདི་དག་གི་བསྟན་དོན་ཚུར་བསྡུས་ན་སྐབས་འདིར་བསྟན་གྱི་བདག་པོའི་རྐྱེན་ནི་རྒྱུ་མཚན་ཉིད་པ་ལ་གོ་དགོས་པ་ལས་རང་ལས་གཞན་པའི་བྱེད་རྒྱུ་ཙམ་དང་། རྣམ་པར་བཞག་འཇོག་གི་རྒྱུ་ཙམ་ལ་གོ་བར་བྱ་བ་ནི་མ་ཡིན་ནོ། །གལ་དེ་འདི་ལྟར་དུ་གོ་བར་བྱས་ན་ལམ་རྒྱུད་ལྡན་གྱི་གང་ཟག་དག་ཀྱང་སྟོན་པའི་བདག་པོའི་རྐྱེན་ལས་བྱུང་བ་ཐལ་ཏེ། རང་ལས་གཞན་པའི་བྱེད་རྒྱུ་ཡིན་པའི་ཕྱིར། ཅི་སྟེ་ཞེ་ན། གཞི་གྲུབ་པའི་ཕྱིར། ཁྱབ་ཏེ། མཛོད་ལས།43རང་ལས་གཞན་པ་བྱེད་རྒྱུའི་རྒྱུ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་རྒྱུ་དང་རྐྱེན་གཉིས་ལ་ཁྱད་པར་ཡོད་དམ་མེད་ཅེས་པ་ལ། དེ་ནི་སྐབས་ཕྱེ་དགོས་ཏེ། གདུལ་བྱ་རྣམས་ཀྱི་ཁམས་དང་མོས་པ་ལ་སོགས་པ་དང་མཐུན་པར་བཞག་ན་ནི། འབྲས་བུ་སྐྱེས་ནས་རྒྱུན་ལྡོག་པ་ལ་རྒྱུ་དང་། རྒྱུན་མི་ལྡོག་པ་ལ་རྐྱེན། དེ་བཞིན་འདུས་བྱས་དེ་དང་དེ་ཡི་ཉེ་བའི་རྐྱེན་ལ་ནི་རྒྱུ་དང་། རིང་བ་ལ་རྐྱེན་ཁོ་ན་དང་། གཞན་ཡང་འབྲས་བུ་སྐྱེད་པར་བྱེད་པ་ལ་རྒྱུ་དང་། འབྲས་བུ་ལ་དམིགས་པ་ཙམ་ལ་རྐྱེན་དང་། དོན་ལ་འབྲས་བུ་སྐྱེ་བ་ལ་རྒྱུ་དང་། འབྲས་བུ་འགྲུབ་པར་བྱེད་པ་ལ་རྐྱེན་ཞེས་བྱ་བ་སོགས་འདི་རྣམས་ནི་གོང་དུ་ཇི་ལྟར་སྨྲས་པ་བཞིན་ཡིན་ལ་དོན་ལ་ནི་ཁྱད་པར་ཅི་ཡང་མེད་དོ།།

གཞན་གྱི་འདོད་པ་བཀག་པའི་སྒོ་ནས་ཆོས་འཁོར་བདག་རྐྱེན་རྣམ་མཁྱེན་ལས་བྱུང་དགོས་པར་ཤུགས་ལ་སྒྲུབ་པ་ནི།

གཉིས་པ་ནི། རྒྱལ་ཚབ་བྱམས་པ་མགོན་པོ་གང་ཉིད་ཀྱིས། མངོན་རྟོགས་རྒྱན་དུ། མཆོད་པར་བརྗོད་པའི་སྐབས་ཡུམ་མམ་མཁྱེན་པ་གསུམ་ལ་རྟེན། ཐབས། འབྲས་བུ། འཐད་པ་བཞིའི་སྒོ་ནས་མཆོད་པར་བརྗོད་ཡོད།  དེ་ཡང་ཚིག་རྐང་གསུམ་པའམ་རྣམ་མཁྱེན་ལ་མཆོད་པར་བརྗོད་པའི་ཚེ་དེ་བཞི་ལས་འཐད་པ་སྟོན་པའི་སྐབས་སུ་དེ་ཡི་སྤྱི་འགྲེལ་དཔལ་སྤྲུལ་སྤྱི་དོན་ལས།44ཇི་ལྟ་ཇི་སྙེད་ཀྱི་རྣམ་མཁྱེན་སྔོན་དུ་སོང་ན་གདུལ་བྱའི་ཁམས་དང་། བསམ་པ་བག་ལ་ཉལ་བ་རྣམས་དང་རྗེས་སུ་མཐུན་པར་ཆོས་ཀྱི་འཁོར་ལོ་བསྐོར་ནུས་ལ། དེ་སྔོན་དུ་མ་སོང་ན་འདི་ལྡོག་པའི་ཕྱིར། ཆོས་འཁོར་མ་ལུས་པ་བསྐོར་བ་རྣམ་མཁྱེན་གྱི་འབྲས་བུར་གྲུབ་བོ། །ཞེས་གསུངས་ནས་ཆོས་འཁོར་ཡིན་ན་སངས་རྒྱས་ཀྱིས་བསྐོར་དགོས་པ་དང་བདག་རྐྱེན་རྣམ་མཁྱེན་གྱི་འབྲས་བུར་གྲུབ་དགོས་པར་གསུངས་པ་ལ། ཁ་ཅིག་གིས། དེ་ནི་ཧ་ཅང་ཐལ་བར་འགྱུར་ཏེ། ཇི་ལྟར་ན། བདག་རྐྱེན་རྣམ་མཁྱེན་གྱི་འབྲས་བུ་མ་ཡིན་པའམ་སངས་རྒྱས་ཀྱིས་མ་བསྐོར་བའི་ཆོས་འཁོར་ཞིག་ཡོད། དེ་གང་ཞེ་ན། དེ་ནི་སངས་རྒྱས་སྐྱེ་བའི་རྒྱུར་གྱུར་པའི་ཐེག་ཆེན་མཐོང་ལམ་པ་དེའི་རྒྱུད་ཀྱི་བདག་མེད་རྟོགས་པའི་ཤེས་རབ་དེའི་ཕྱིར། བདག་མེད་རྟོགས་པའི་ཤེས་རབ་དེ་ཆོས་འཁོར་ཡིན་ཏེ། ལུང་རྟོགས་གཉིས་ལས་རྟོགས་པའི་ཆོས་འཁོར་ཡིན་པའི་ཕྱིར། དེའི་རྒྱུ་མཚན་ཡང་ཐེག་པ་གསུམ་པོ་གང་རུང་གི་ལམ་གྱི་ངོ་བོར་གྱུར་པའི་མངོན་རྟོགས་ཡིན་པའི་ཕྱིར་རོ། །དེ་རྣམ་མཁྱེན་གྱི་འབྲས་བུར་གྲུབ་པའམ་སངས་རྒྱས་ཀྱིས་བསྐོར་བ་ནི་མ་ཡིན་ཏེ་རྣམ་མཁྱེན་དང་སངས་རྒྱས་གཉིས་དེའི་འབྱུང་འགྱུར་གྱི་འབྲས་བུ་ཡིན་པས་རྗེས་སུ་འགྲུབ་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་ཟེར་ནས་ཐལ་བ་འཕང་བར་བྱེད།

དེ་ནི་གནད་ལ་དཔྱད་པ་མ་ཞུགས་པའི་དོན་ཡིན་ཏེ་བདག་མེད་རྟོགས་པའི་ཤེས་རབ་དེ་དེའི་འབྲས་བུར་གྱུར་པའི་སངས་རྒྱས་དང་བདག་རྐྱེན་རྣམ་མཁྱེན་གྱི་འབྲས་བུར་གྲུབ་པ་མ་ཡིན་རུང་། དེའི་སྔ་ལོགས་སུ་བྱུང་བའི་སངས་རྒྱས་གཞན་གྱི་འབྲས་བུ་ཡིན་ཆོག ཇི་ལྟར་ན་མཐོང་ལམ་པ་དེ་ཡིས་གཞན་སངས་རྒྱས་གང་ཡང་རུང་བའི་གསུང་ལ་ཕྱིན་ཅི་མ་ལོག་པར་དོན་ཉམས་སུ་བླངས་ནས་བདག་མེད་རྟོགས་པའི་ཤེས་རབ་དེ་ཉིད་སྐྱེས་པ་ཡིན་པས་ཤེས་རབ་དེ་བདག་རྐྱེན་རྣམ་མཁྱེན་གྱི་འབྲས་བུར་གྲུབ་པ་ཡིན། རྒྱུ་མཚན་དེ་དག་གི་ཕྱིར་ན་ཁ་ཅིག་གིས་དོན་མེད་ཀྱི་ངལ་བའི་ཐལ་བ་ཇི་ཙམ་འཕངས་རུང་གནོད་པ་གཟེགས་མ་ཙམ་ཡང་འབྱུང་བར་མི་འགྱུར་རོ། །ཡང་ཁོ་ན་རེ། དེ་ལྟར་བདེན་མོད་འོན་ཀྱང་སངས་རྒྱས་སྐད་ཅིག་དང་པོའི་རྒྱུར་གྱུར་པའི་མཐོང་ལམ་པ་དེའི་རྒྱུད་ཀྱི་བདག་མེད་རྟོགས་པའི་ཤེས་རབ་དེའི་ཕྱིར་ཟེར་ན། དེ་ལས་ཀྱང་མི་འགལ་ཏེ་མདོ་ཡི་དབང་དུ་བྱས་ན་འཁོར་བ་དང་སངས་རྒྱས་ལ་སོགས་པར་ཐོག་མ་ཞེས་པ་དང་། སྐད་ཅིག་དང་པོ་ཞེས་པའི་རྣམ་གཞག་ཅི་ཡང་མེད་པའམ་འཇོག་མི་ནུས་པའི་ཕྱིར་ཏེ། རྩ་བ་ཤེས་རབ་ལས།45 སྔོན་མཐའ་མངོན་ནམ་ཞེས་ཞུས་ཚེ། །ཐུབ་པ་ཆེན་པོས་མིན་ཞེས་གསུངས། །འཁོར་བ་ཐོག་མ་མཐའ་མེད་དེ། །དེ་ལ་སྔོན་མེད་ཕྱི་མ་མེད། །གང་ལ་ཐོག་མེད་མཐའ་མེད་པར། །དེ་ལ་དབུས་ནི་ག་ལ་ཡོད། །ཅེས་དང་། མི་ཕམ་རིན་པོ་ཆེས་མཛད་པའི་དབུ་མ་རྩ་བའི་མཆན་འགྲེལ་ལས།46སྟོན་པས་ཀྱང་། སྐྱེ་བ་དང་རྒ་ཤིའི་འཁོར་བ་ནི་ཐོག་མ་དང་མཐའ་མ་མེད་དོ་ཞེས་དང་། སེམས་ཅན་མ་རིག་པའི་སྒྲིབ་པ་དང་ལྡན་པ། སྲིད་པའི་ཀུན་ཏུ་སྦྱོར་བ་ཅན་སྲེད་པའི་ལུ་གུ་རྒྱུད་ཀྱིས་བཅིང་བ་འཁོར་ཞིང་རྒྱུག་པ་རྣམས་ཀྱི་སྔོན་གྱི་མཐའ་ནི་མི་མངོན་ནོ། །ཞེས་དང་། ཡང་དེ་ཉིད་ལས།47དེ་ལྟར་འཁོར་བ་ནི་དོན་དམ་པར་ནམ་མཁའ་ལྟ་བུ་སྟེ། ཐ་སྙད་དུ་ཐོག་མ་མེད་ཀྱང་མཐའ་མ་ཡོད་དེ་ས་བོན་བཞིན་ནོ། །ཞེས་སོགས་གསུངས་སོ། །དེས་ན་གོང་དུ་ཇི་ལྟར་ཞུས་པ་ནང་བཞིན་བདག་རྐྱེན་རྣམ་མཁྱེན་སྔོན་དུ་མ་སོང་བའམ་དེ་རྒྱུད་ལྡན་མ་ཡིན་པའི་གང་ཟག་གིས་ཆོས་འཁོར་བསྟན་ནས་བསྐོར་མི་ནུས་སོ།།

ལུང་གི་ཆོས་འཁོར་ཡིན་ན་གདུལ་བྱའི་རྒྱུད་ཀྱིས་བསྡུས་དགོས་ཚུལ་བསྟན་པ།

ལྔ་པ་ལ། མི་འཐད་པ་དགག་པ་དང་།  ལུགས་གཞན་བསྟན་པ། ལུང་གི་ཆོས་འཁོར་གདུལ་བྱའི་རྒྱུད་ཀྱིས་བསྡུ་ཚུལ་བསྟན་པ་དངོས་བཅས་གསུམ་ལས། དང་པོ་ནི། ཁ་ཅིག་གིས་ཆོས་འཁོར་གྱི་མཚན་ཉིད་ལ་སྟོན་པས་གསུངས་པའི་དམ་ཆོས་གང་ཞིག བཤད་པས་གདུལ་བྱའི་རྒྱུད་ལ་འཕོ་བ་ཞེས་པ་ལ་འཇོག  དེ་ནི་མི་འཐད་དེ། གོང་དུ་བཞག་པའི་མཚན་ཉིད་དེ་ལ་ཟུར་གཉིས་ཡོད་པ་ལྟ་བུར་སྣང་བ་ལས་ཟུར་ཕྱི་མ་སྟེ། བཤད་པས་གདུལ་བྱའི་རྒྱུད་ལ་འཕོ་བ་ཞེས་པ་དེ་དང་འགལ་ཁྱབ་གྲུབ་པའི་ཕྱིར། གང་ཞེ་ན་རང་ལུགས་ལ་སངས་རྒྱས་ཀྱིས་གང་གསུངས་པའི་ཆོས་འཁོར་དང་བཀའ་དེ་དག་བདག་རྐྱེན་རྣམ་མཁྱེན་གྱིས་རྐྱེན་ལས་སྐྱེས་པ་ལས་གང་གསུངས་པ་དེ་དག་དེ་ཉིད་འཕོས་པ་ལ་འདོད་པ་མ་ཡིན། གལ་ཏེ་འདོད་པའི་དབང་དུ་བཏང་ན་སྐྱོན་ཡོད་དེ་མ་འོངས་པའི་གདུལ་བྱའི་རྒྱུད་ཀྱི་ཐོབ་པར་འགྱུར་བའི་ཆོས་འཁོར་དང་སྐྱེ་བར་འགྱུར་བའི་རྣམ་མཁྱེན་དེ་དག་ད་ལྟའི་སངས་རྒྱས་རྒྱུད་ཀྱི་རྣམ་མཁྱེན་ཡིན་པར་ཐལ་བ་དང་། སྟོན་པ་ཉིད་ཀྱི་གསུང་ཡང་འགལ་ཏེ། ཇི་ལྟར་ཞེ་ན། ཇི་སྐད་དུ།48ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མི་ནུས། །ཆོས་ཉིད་ཞི་བ་བསྟན་པས་གྲོལ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ། གཞན་གྱི་ལུགས་བསྟན་པ་ནི། བྱེ་སྨྲས་ལུང་གི་ཆོས་འཁོར་རམ་བཀའ་ཡི་བདག་ཉིད་ནི་མིང་ཚིག་ཡི་གེ་གསུམ་གྱི་སྒྲ་སྤྱིའི་ཕྲེང་བར་འདོད་པས་ལྡན་མིན་འདུ་བྱེད་ཀྱི་རང་བཞིན་ལས་མ་འདས་པར་འདོད་པ་དང་། མདོ་སྡེ་པས་ནི་ཚོགས་གསུམ་ངག་གི་རིག་བྱེད་ཀྱི་སྒྲ་རང་མཚན་པ་ལ་འདོད་པས་གཟུགས་ཀྱི་རང་བཞིན་ལས་མ་འདས་པར་འདོད་པ་ཡིན། བྱེ་མདོ་གཉིས་ཀྱིས་གཅིག་གིས་ལྡན་མིན་འདུ་བྱེད་དང་གཅིག་གིས་གཟུགས་སུ་འདོད་རུང་ཚོགས་གསུམ་བཀའ་ཡི་རང་བཞིན་དུ་འདོད་པ་ནི་གཉིས་ཀ་མཐུན་པ་ཡིན་ཏེ། མཛོད་ལས།49ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དག །གང་རྣམས་ཐུབ་པས་གསུངས་དེ་དག །ཚིག་གམ་མིང་ཡིན་དེ་དག་ནི། །གཟུགས་དང་འདུ་བྱེད་དག་ཏུ་འདུས། །ཞེས་གསུངས་སོ། །རྟོག་གེ་བ་རྣམས་ཀྱིས་ནི། དངོས་ཀྱི་རྗོད་བྱེད་སྒྲ་སྤྱི་དང་། ཞེན་པའི་རྗོད་བྱེད་སྒྲ་རང་མཚན་པར་འདོད་པ་ཡིན་ཏེ། ཚད་མ་རྣམ་འགྲེལ་ལེགས་བཤད་སྣང་བའི་གཏེར་ལེའུ་དང་པོ་ལས།50སྒྲའི་དངོས་ཀྱི་བརྗོད་བྱ་སྤྱི་ཚན་དང་ཞེན་པས་བརྗོད་བྱ་རང་མཚན། དངོས་ཀྱི་རྗོད་བྱེད་སྒྲར་སྣང་བ་སྒྲ་སྤྱི་དང་། ཞེན་པས་རྗོད་བྱེད་སྒྲར་གྲགས་པ་སྒྲ་རང་མཚན་ནོ། །ཞེས་གསུངས་པ་བཞིན། རྟོག་གེ་བའི་བསྟན་བཅོས་སམ་ཚད་མ་རྣམ་འགྲེལ་གྱི་ལུགས་ལ་ནི་དངོས་ཀྱི་རྗོད་བྱེད་ནི་སྒྲ་སྤྱི་དང་། ཞེན་པའི་རྗོད་བྱེད་ནི་ངག་སྒྲ་རང་མཚན་པར་འདོད་པ་ཡིན་ནོ།།

གསུམ་པ། ལུང་གི་ཆོས་འཁོར་གདུལ་བྱའི་རྒྱུད་ཀྱིས་བསྡུ་ཚུལ་བསྟན་པ་ནི། རང་ལུགས་སམ་གཞུང་འདིའི་དབང་དུ་ན་བཀའམ་ལུང་གི་ཆོས་འཁོར་ནི་གཞན་གྱི་འདོད་པ་བཞིན་གཟུགས་དང་ལྡན་མིན་འདུ་བྱེད་ལྟ་བུ་མ་ཡིན་པར་ཤེས་པའི་ངོ་བོར་གྱུར་པ་དང་། གདུལ་བྱའི་གཞན་སྣང་འབའ་ཞིག་གམ་ཉན་པ་པོའི་རྒྱུད་དང་འབྲེལ་བ་ཞིག་ཡིན་དགོས་ཏེ། དཔལ་སྤྲུལ་སྤྱི་དོན་ལས།51ཆོས་སྟོན་པ་པོར་སྣང་བ་གཟུགས་སྐུ་གཉིས་དང་། དེས་བསྟན་པར་སྣང་བ་གསུང་རབ་ཡན་ལག་བཅུ་གཉིས་ལྟ་བུ་ནི། གདུལ་བྱའི་གཞན་སྣང་འབའ་ཞིག་ལ་འཇོག་པས་བཀའ་ཐམས་ཅད་ཀྱང་། སངས་རྒྱས་ཡེ་ཤེས་སྒྱུ་མ་ལྟ་བུས་བདག་རྐྱེན་དང་གདུལ་བྱའི་རྒྱུད་དག་པས་རྒྱུའི་རྐྱེན་བྱས་པ་ལ་བརྟེན་ནས་གདུལ་བྱ་དེའི་ཤེས་པ་མིང་ཚིག་ཡི་གེའི་རྣམ་པ་དེ་དང་དེར་སྣང་བ་ཡིན་པའི་ཕྱིར། ཉན་པ་པོའི་རྒྱུད་དང་འབྲེལ་གྱི་སངས་རྒྱས་ཀྱི་རྒྱུད་དང་མ་འབྲེལ་ཏེ། ཞེས་དང་། ལེགས་བཤད་གསེར་ཕྲེང་དུ་རྒྱན་སྣང་གི་ལུང་དྲངས་པ་ནི།52 “དེ་བས་ན་གདུལ་བྱའི་ཤེས་པ་སྒྲར་སྣང་བའི་རང་བཞིན་ཉིད་ཡིན་པས་བསྟན་པ་ཉན་པ་པོའི་སྐྱེ་བོ་དང་འབྲེལ་བ་ཡིན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་བདག་པོ་ལས་སྐྱེས་པའི་ཕྱིར་སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ་ཡིན་ནོ”ཞེས་བྱས་ནས་མཆོད་པར་བྱ་བ་དེ་བཞིན་དུ། ཞེས་གསུངས་སོ།།

གཉིས་པ་རྟོགས་པའི་ཆོས་འཁོར་བསྟན་པ་ལ། ངོ་བོ་ངོས་བཟུང་བ་དང་། དབྱེ་བ་བསྟན་པ་དང་། མི་འཐད་པ་དགག་པ་གསུམ་ལས། དང་པོ་ནི། ལེགས་བཤད་གསེར་ཕྲེང་ལས།53 གསུམ་པ་ནི། རྟོགས་པའི་ཆོས་ལ་དབྱེ་ན་ཚིག་གསལ་དུ། ཆོས་ཀྱི་འཁོར་ལོ་ཁ་ཅིག་ནི་ཚོགས་ཀྱི་ལམ་མོ། །ཁ་ཅིག་ནི་སྦྱོར་བའི་ལམ་མོ། །ཁ་ཅིག་ནི་བར་ཆད་མེད་པའི་ལམ་གྱི་བར་རོ་ཞེས་པ་ལྟར་ཡིན་ལ། འོན་ཀྱང་འདིར་ནི་མི་སློབ་ལམ་མ་བཤད་ཀྱང་འདོད་པར་བྱ་སྟེ། མཛོད་འགྲེལ་གྱི་རང་ལུགས་བཞག་པའི་སྐབས་སུ། ཡང་ན་འཕགས་པའི་ལམ་ཐམས་ཅད་ཀྱང་གདུལ་བྱའི་རྒྱུད་ལ་འཇུག་པའི་ཕྱིར་ཆོས་ཀྱི་འཁོར་ལོ་ཡིན་ཏེ་ཞེས་དང་། གཞི་བསྡུ་བར་ཡང་། མི་སློབ་ལམ་ཆོས་འཁོར་དུ་བཤད་པའི་ཕྱིར་རོ། །ཞེས་དང་། ཀུན་མཁྱེན་ཆེན་པོས་གྲུབ་མཐའ་མཛོད་དུ།54རྟོགས་པའི་ཆོས་ནི་སློབ་པ་དང་མི་སློབ་པའི་སྐྱེས་བུ་དམ་པ་རྣམས་ཀྱི་ཐུགས་རྒྱུད་ལ་བཞུགས་པའི་ས་དང་། ལམ་དང་། ཏིང་ངེ་འཛིན་དང་། རྟོགས་པ་ཁྱད་པར་ཅན་རྣམས་ཡིན་ནོ། །ཞེས་གསུངས་པ་བཞིན། ཐེག་པ་གསུམ་པོ་གང་རུང་གི་ལམ་གྱི་ངོ་བོར་གྱུར་པའི་མངོན་རྟོགས་རྟོགས་པའི་ཆོས་འཁོར་གྱི་མཚན་ཉིད་ཡིན། གཞུང་འདིའི་དབང་དུ་ན་དེ་དང་ཐེག་པ་གསུམ་པོ་གང་རུང་གི་ལམ་དོན་གཅིག་པའི་ཆོས་སུ་འཇོག་དགོས་པར་སྣང་ངོ་།།

གཉིས་པ་དབྱེ་བ་བསྟན་པ་ནི། རྟོགས་པའི་ཆོས་འཁོར་ལ་དབྱེ་རྣམ་པ་ལྔ་སྟེ། མཁས་འཇུག་སྡོམ་བྱང་ལས།55ལམ་བདེན་ཞེས་པ་ལམ་ལྔ་སྟེ། །ཞེས་གསུངས་པ་བཞིན། སྤྱི་ལྡོག་ནས་བཞག་ན་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་བཅས་ལམ་ལྔ་པོ་དེ་ཡིན་ལ། ཡང་ནང་གསེས་སུ་དབྱེ་ན། ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྤྱི་དོན་རབ་གསལ་འོད་སྣང་ལས།56དབྱེ་ན་ཐེག་པ་གསུམ་གྱི་ལམ་བཅོ་ལྔའོ། །ཞེས་གསུངས་པ་བཞིན། ཉན་ཐོས་འཕགས་པའི་ལམ་ལྔ། བྱང་སེམས་འཕགས་པའི་ལམ་ལྔ། སངས་རྒྱས་འཕགས་པའི་ལམ་ལྔ་བཅས་ལམ་བཅོ་ལྔ་པོ་ལ་བཞག་པར་མཛད་པའང་ཡོད་དོ། །དེ་བཞིན་ཐེག་པ་ཆེན་པོ་སྤྱིའི་ལུགས་ལ་ལམ་ལྔ་ཆར་ཡང་རྟོགས་པའི་ཆོས་འཁོར་དུ་འདོད་པ་ནི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ཀ་མཐུན་ནོ།།

གསུམ་པ་མི་འཐད་པ་དགག་པ་ནི། ཡང་ཁ་ཅིག་གིས། ཐེག་པ་གསུམ་པོ་གང་རུང་གི་ལམ་གྱི་ངོ་བོར་གྱུར་པའི་མངོན་རྟོགས་དེ་རྟོགས་པའི་ཆོས་འཁོར་གྱི་མཚན་ཉིད་དུ་བཞག་པ་ནི་གཞུང་འདིའི་འཇོག་ཚུལ་དང་མཐུན་མོད། འོན་ཀྱང་འདི་པས་མཁས་པ་འགའ་ཤས་ཀྱི་རྗེས་སུ་འབྲངས་ཤིང་། རྟོགས་པའི་ཆོས་འཁོར་དེ་དང་ཐེག་པ་གསུམ་པོ་གང་རུང་གི་ལམ་གཉིས་དོན་གཅིག་ཏུ་ཁས་བླངས་ནས་ཐེག་ཆེན་ཚོགས་ལམ་པའི་རྒྱུད་ཀྱི་སྙིང་རྗེ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དག་ཀྱང་རྟོགས་པའི་ཆོས་འཁོར་ཡིན་ནོ་ཞེས་དོན་ལ་མི་གནས་པའི་ཚིག་འགའ་དམ་དུ་བཅའ་བར་བྱེད་དོ། །དེ་ནི་ཤིན་ཏུ་ཡང་འཐད་པར་མི་འགྱུར་ཏེ། དེ་ལྟ་བུའི་ལམ་དེ་དག་ལ་གོང་དུ་ཇི་སྐད་ཞུས་པའི་རྟོགས་པའི་ཆོས་འཁོར་གྱི་མཚན་ཉིད་ཀྱི་ཟུར་དང་པོ་སྟེ་ཐེག་པ་གསུམ་པོ་གང་རུང་གི་ལམ་གྱི་ངོ་བོར་གྱུར་པ་ཞེས་པ་དེ་ལྡན་ན་ཡང་མཚན་ཉིད་ཀྱི་ཟུར་གཉིས་པ་སྟེ་མངོན་རྟོགས་ཞེས་པ་དེ་མི་ལྡན་པར་སྣང་། ཅིའི་ཕྱིར་ཞེ་ན། མངོན་རྟོགས་ཡིན་ན་བདག་མེད་པར་རྟོགས་པའི་བློ་ཡིན་དགོས་ཏེ། དཔལ་སྤྲུལ་སྤྱི་དོན་ལས།57རྒྱལ་བའི་ཡུམ་གྱི་དོན་ཟབ་མོ་རྣམས་ལ་བློ་མངོན་དུ་ཕྱོགས་པས་དོན་མ་ནོར་བར་རྟོགས་པ་སྟེ། ཞེས་གསུངས་སོ། །དེས་ན་དེ་ལྟ་བུའི་སྙིང་རྗེ་སོགས་གཉིས་པོ་ནི་ལམ་ཙམ་ཡིན་གྱི་ཡུལ་རྟོགས་པའི་བློའམ་ཟབ་མོ་ཡུམ་གྱི་དོན་ལ་བློ་མངོན་དུ་ཕྱོགས་པ་ནི་མ་ཡིན་ནོ།།

ཡང་གཞན་དག་ན་རེ། ཐེག་ཆེན་ཚོགས་ལམ་པ་དེའི་རྒྱུད་ཀྱི་སྙིང་རྗེ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོགས་ནི་ལམ་ཙམ་ཡང་མ་ཡིན་ནོ། །རྒྱུ་མཚན་ཅི་སྟེ་ཞེ་ན། ལམ་དང་མངོན་རྟོགས་གཉིས་ནི་དོན་གཅིག་པའི་ཆོས་ལྟ་བུར་སྣང་བས་ལམ་གྱི་ངོ་བོར་གྱུར་པ་ལ་ཡང་ཡུལ་རྟོགས་པའི་བློས་ཁྱབ་དགོས་ཏེ། དེ་ཡིན་ན་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པའི་མཁྱེན་པ་ཡིན་དགོས་པའི་ཕྱིར་དེ་ལྟ་བུའི་ཐབས་སྙིང་རྗེ་སོགས་གཉིས་པོ་ནི་མཁྱེན་པ་མིན་ནོ་ཞེས་མཁྱེན་པ་ཡིན་ན་ཡང་ཡུལ་རྟོགས་པའི་བློ་ཡིན་དགོས་པར་སེམས་པར་བྱེད། དེ་ལྟར་དུ་འདོད་ན་ཡང་ཧ་ཅང་ཐལ་ཆེ་གྲགས་པར་འགྱུར་འགྲོ་ཞིང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་གཉིས་པོ་ནི་ལམ་མ་ཡིན་པའི་རྒྱུ་མཚན་གང་ཡང་མེད་དེ་ཚོགས་ལམ་པ་ལ་སོགས་པའི་རྒྱུད་ཀྱི་བསྡུས་པའི་དགེ་བ་ཡིན་པའི་ཕྱིར་རོ། །ཡང་ན་ཚོགས་ལམ་པ་དེའི་རྒྱུད་ཀྱིས་བསྡུས་པའི་ཐབས་སྙིང་རྗེ་སོགས་གཉིས་པོ་ཚོགས་ལམ་ཡིན་ཏེ། སངས་རྒྱས་འཐོབ་བྱེད་ཀྱི་དགེ་བ་ལས་དང་པོ་པས་བསྡུས་པ་གང་ཞིག ཐེག་ཆེན་གྱི་དྲོད་སོགས་ངེས་འབྱེད་ཆ་མཐུན་གྱི་སྐད་ཅིག་དང་པོ་ཤེས་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་པ་ཡིན་པའི་ཕྱིར་རོ། །གཞན་ཡང་མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས།58དང་པོ་ཚོགས་ལམ་ནི། རང་འབྲས་བྱང་ཆུབ་གསུམ་ལས་གང་འདོད་པ་ལ་དམིགས་ནས་དེའི་རྒྱུར་གྱུར་པའི་དགེ་བ་གཞན་དང་། འབྲས་བུ་དེ་འཐོབ་བྱེད་ཀྱི་ཐོས་བསམ་སྒོམ་པའི་ཤེས་རབ་དང་། སོ་སོའི་སྐྱེ་བོའི་ཚུལ་ཁྲིམས་དང་ལྡན་པས། དབང་པོའི་སྒོ་སྡོམ་ཞིང་ཟས་ཀྱི་ཚོད་ཤེས་པ་དང་། ནམ་གྱི་ཆ་སྟོད་སྨད་ལ་མི་ཉལ་བ་སོགས་ཀྱིས། དྲན་པ་ཉེ་བར་བཞག་པ་བཞི་སྒོམ་པའི་རྣལ་འབྱོར་ལ་བརྩོན་ཞིང་ཤེས་བཞིན་དུ་གནས་པར་མངོན་པར་དགའ་བའོ། །རྒྱུ་དེ་དག་གིས་མངོན་པར་རྟོགས་པ་དང་རྣམ་པར་ཐར་པའི་གནས་ཀྱི་སྣོད་ཉིད་དུ་འགྱུར་ཏེ། ཚོགས་ལམ་ཆུང་ངུར་དྲན་པ་ཉེ་བར་བཞག་པ་བཞི་སྒོམ་པ་མངོན་པར་གོང་དུ་འཕགས་ཏེ། འབྲིང་པོར་ཡང་དག་སྤོང་བ་བཞིའི་རང་བཞིན་ཅན་གྱི་བརྩོན་འགྲུས་འབྱུང་བ་དང་། ཆེན་པོར་རྫུ་འཕྲུལ་གྱི་རྐང་པ་བཞིའི་རང་བཞིན་ཅན་གྱི་ཏིང་ངེ་འཛིན་འབྱུང་ངོ་། །ཞེས་གསུངས་སོ། །དེ་ལྟ་བས་ན་ལམ་ཞུགས་པ་དེ་དང་དེའི་རྒྱུད་ཀྱི་བསྡུས་པའི་དགེ་བ་དང་། བསྒོམ་བྱར་གྱུར་པའི་དྲན་པ་ཉེར་བཞག་དང་ཡང་དག་སྤོང་སོགས་ཡིན་ན་དེའི་རྒྱུད་ཀྱི་ལམ་ཡིན་དགོས་པ་དང་། མཁྱེན་པ་ཡིན་ན་ཡུལ་རྟོགས་པའི་བློ་ཡིན་མི་དགོས་པ་སོགས་འདི་ཙམ་གྱིས་ཀྱང་གསལ་པོར་བསྒྲུབ་ཐུབ་བོ།།

བཞི་པ། གྲུབ་དོན་བསྟན་པའི་སྒོ་ནས་བསྔོ་བས་མཇུག་བསྡུ་བ་ལ།

སྐབས་བབ་ཀྱི་དཔྱད་པ་བྱས་པ་ལ་གྲུབ་དོན་མདོ་ཙམ་རྙེད་པ་བསྟན་པ་དང་། བསྔོ་བས་མཇུག་བསྡུ་བ་བཅས་གཉིས་ལས། དང་པོ་ནི། ད་ལམ་ཁོ་བོས་འདིར་སངས་རྒྱས་ཀྱིས་ཞལ་དངོས་ནས་གསུངས་པའི་མདོ་དང་། དེ་བཞིན་རྒྱ་བོད་མཁས་པ་དག་གིས་མཛད་པའི་བསྟན་བཅོས། ཁྱད་པར་དུ་རང་ཅག་སྔ་འགྱུར་རྙིང་མ་ཡོངས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོ། གཞན་ཡང་དཔལ་སྤྲུལ་སེམས་དཔའ་ཆེན་པོ་ལ་སོགས་པས་མཛད་པའི་རང་གཞུང་ཁག་ལ་ཞིབ་བལྟས་ཀྱིས་ཆོས་འཁོར་ལ་མཐའ་དཔྱད་པ་བློ་གསར་དགའ་བའི་མཛེས་རྒྱན་ཞེས་པའི་བརྗོད་གཞི་འདི་ལ་དཔྱད་པ་བྱེད་པའི་སྐབས་འདིར་ཁོ་བོས་ཆོས་འཁོར་གྱི་ཚད། ཆོས་ཕུང་གི་ཚད། དེའི་དབྱེ་བ་ལ་དཔྱད་པ། གཞན་ཡང་དགག་བཞག་སྤོང་གསུམ་བྱས་པ་ལ་སོགས་པའི་དཔྱད་པ་ཐན་ཐུན་རེ་བྱས་པའི་གྲུབ་དོན་དང་། དེ་བཞིན་རྒྱལ་བའི་བཀའ་དང་བསྟན་བཅོས་མ་ཚད་རང་གཞུང་ཁག་ཏུ་བསྟན་པའི་ཆོས་འཁོར་གྱི་དོན་ལ་གོ་བ་ཇི་ཙམ་རག་པ་རྣམས་ཁོག་དབུབས་ཤིང་གྲུབ་དོན་འགའ་ཞིག་བསྡུས་ནས་འདིར་བཤད་པར་བྱ་སྟེ། བརྗོད་བྱ་དང་རྗོད་བྱེད་གཉིས་ལས་རྗོད་བྱེད་ཀྱི་ལྡོག་ཆ་ནས་ཆོས་འཁོར་ཡིན་ན་སངས་རྒྱས་ཀྱིས་བསྐོར་བར་ཁྱབ་པས་རྣམ་མཁྱེན་གྱི་འབྲས་བུ་ཁོ་ན་ཡིན་དགོས་པ་དང་། སངས་རྒྱས་ཀྱིས་བསྐོར་བའི་ཆོས་འཁོར་ཡིན་ན་དུས་དང་བརྗོད་བྱའི་དབང་དུ་བཀའ་འཁོར་ལོ་གསུམ་པོ་གང་རུང་ཡིན་དགོས་པ་དང་། ཆོས་འཁོར་ཐམས་ཅད་སངས་རྒྱས་ཀྱི་ཐུགས་ཀྱི་བདག་རྐྱེན་ལས་བྱུང་བ་གསུང་སྐབས་བདག་པོའི་རྐྱེན་ཞེས་པ་དེ་རྒྱུ་མཚན་ཉིད་པ་རང་ལ་གོ་དགོས་པ་ལས་རྣམ་པར་བཞག་འཇོག་གི་བྱེད་རྒྱུ་ཙམ་ལ་བཞག་ན་གཏན་དུ་མི་འཐད་པ་དང་། རང་ལུགས་ལ་ཆོས་འཁོར་ཡིན་ན་ལུང་རྟོགས་གང་རུང་དུ་བསྡུས་པ་ཁྱབ་པས་དེ་གཉིས་མིན་པའི་ཆོས་འཁོར་ཞིག་ཤེས་བྱར་མི་སྲིད་པའི་ཕྱིར་དང་། ཆོས་འཁོར་མ་ལུས་པའི་སྐོར་བ་པོ་ཉིད་ནི་རྣམ་མཁྱེན་རྒྱུད་ལྡན་གྱི་གང་ཟག་ཡིན་དགོས་ཤིང་། དེ་མེད་ན་དེ་ཡིས་གདུལ་བྱའི་ཁམས་དང་། བསམ་པ་བག་ལ་ཉལ་བ་རྣམས་དང་རྗེས་སུ་མཐུན་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་པ་དང་། ཆོས་འཁོར་དེ་ངོ་བོ་མཐར་ཐུག་ལ་མཐའ་ཐམས་ཅད་དང་བྲལ་བ་ཡིན་པས་དེ་ཉིད་འབྲས་བུ་ཆོས་སྐུའི་ངོ་བོ་ལས་ལོགས་སུ་མ་མཆིས་པ་དང་། ཐ་སྙད་ཀྱི་རང་བཞིན་ནི་བེམ་ཤེས་ལྡན་མིན་འདུ་བྱེད་གསུམ་ལས་ཤེས་པའི་རང་བཞིན་ལས་མ་འདས་པ་ལ་སོགས་པ་ལྟ་བུར་སྣང་བ་ནི་བློ་དམན་པ་བདག་གི་མཐོང་ཚུལ་ཙམ་ལགས། དེ་དག་གི་སྒྲུབ་བྱེད་ལུང་དང་རིགས་པ་འགའ་ཤས་གོང་དུ་བཀོད་ཟིན་རུང་དེ་རྣམས་རྒྱུ་མཚན་ཡང་དག་ཡིན་པའི་ངེས་པ་མེད་པས་སླར་ཡང་བློ་ལྡན་ཚོགས་ཀྱིས་ཞིབ་མོར་དཔྱད་པར་འཚལ་ལོ།།

བསྔོ་བས་མཇུག་བསྡུ་བ་ནི།

སྔོན་བྱུང་སྐྱེས་སྟོབས་ཡོན་ཏན་མ་མཆིས་རུང་།།
རྒྱུད་ལ་བག་ཆགས་ཕྲ་མོ་འཇོག་པ་དང་།།
བཤེས་གཉེན་དག་གི་བཀའ་དྲིན་དྲན་པའི་སླད།།
དཔྱད་པ་བགྱིས་འདིའི་དགེ་བ་ཀུན་ལ་བསྔོ།།


  1. སྡེ་དགེ་པར་མ། ཤོག་ངོས་ ༡༤༠-༢༥a པར་གསལ།
  2. སྡེ་དགེ་པར་མ། ཤོག་ངོས་ ༡༤༠-༢༠b པར་གསལ།
  3. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༢ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༣ པར་གསལ།
  4. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༤༡༡ པར་གསལ།
  5. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༤༡༡ པར་གསལ།
  6. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༢ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༣ པར་གསལ།
  7. སྡེ་དགེ་པར་མ། ཤོག་ངོས་ ༡༤༠-༢༦b པར་གསལ།
  8. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༣-༡༤ པར་གསལ།
  9. ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ་ཡུམ་དོན་རབ་གསལ། རྫོང་གསར་བཤད་གྲྭ་ཆོས་ཀྱི་བློ་གྲོས། དེབ་གཟུགས། ཐཱའི་ཝན་པར་མ། པོད། ཆ་པ།
  10. སྡེ་དགེ་པར་མ། ཤོག་ངོས་ ༡༤༠-༢༦b པར་གསལ།
  11. ཐཱའི་ཝན་པར་མ། དེབ་ཕྲེང་། ༡༥ དེབ་གཟུགས། ཤོག་ངོས་ ༢༤ པར་གསལ།
  12. ཐཱའི་ཝན་པར་མ། དེབ་ཕྲེང་། ༡༥ དེབ་གཟུགས། ཤོག་ངོས་ ༢༤ པར་གསལ།
  13. ཐཱའི་ཝན་པར་མ།  དེབ་ཕྲེང་། ༡༥ དེབ་གཟུགས། ཤོག་ངོས་ ༢༩-༣༠ པར་གསལ།
  14. སྡེ་དགེ་པར་མ། ཤོག་ངོས་ ༡༤༠-༣a པར་གསལ།
  15. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༢ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༥ པར་གསལ།
  16. ཐཱའི་ཝན་པར་མ། དེབ་ཕྲེང་། ༡༥ དེབ་གཟུགས། ཤོག་ངོས་ ༣༡ པར་གསལ།
  17. ཐཱའི་ཝན་པར་མ། དེབ་ཕྲེང་། ༡༥ དེབ་གཟུགས། ཤོག་ངོས་ ༢༩ པར་གསལ།
  18. སྡེ་དགེ་པར་མ། ཤོག་ངོས་ ༡༤༠-༣b པར་གསལ།
  19. སྡེ་དགེ་པར་མ། ཤོག་ངོས་ ༨༥-༢༣a པར་གསལ།
  20. སྡེ་དགེ་པར་མ། ཤོག་ངོས་ ༢༢-༢ -༢༥b པར་གསལ།
  21. སྡེ་དགེ་པར་མ། ཤོག་ངོས་ ༤༩-༢༤b – ༤༩-༢༥a པར་གསལ།
  22. གསལ་བཤད། ཨ་དརྴའི་ནང་ཇི་ལྟར་གསལ་བ་རང་སོར་བཞག
  23. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༣༠ པར་གསལ།
  24. ཐཱའི་ཝན་པར་མ། དེབ་ཕྲེང་། ༡༥ དེབ་གཟུགས། ཤོག་ངོས་ ༢༦ པར་གསལ།
  25. ཐཱའི་ཝན་པར་མ། དེབ་ཕྲེང་། ༡༥ དེབ་གཟུགས། ཤོག་ངོས་ ༢༦ པར་གསལ།
  26. ཐཱའི་ཝན་པར་མ། དེབ་ཕྲེང་། ༡༥ དེབ་གཟུགས། ཤོག་ངོས་ ༢༦ པར་གསལ།
  27. སྡེ་དགེ་པར་མ། ཤོག་ངོས་ ༤༩-༢༤b – ༤༩-༢༥a པར་གསལ།
  28. གསལ་བཤད། ཨ་དརྴའི་ནང་ཇི་ལྟར་གསལ་བ་རང་སོར་བཞག
  29. ཐཱའི་ཝན་པར་མ། དེབ་གཟུགས། དེབ་ཕྲེང་། ༢༡ ཤོག་ངོས་ ༡༣༨ པར་གསལ།
  30. ཐཱ་ཝན་པར་མ། དེབ་གཟུགས། དེབ་ཕྲེང་། ༡༥ ཤོག་ངོས་ ༢༦ པར་གསལ།
  31. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༣༨ པར་གསལ།
  32. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༤ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༩༧ པར་གསལ།
  33. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༢ པར་གསལ།
  34. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ།  དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་། དེབ་གཟུགས། ཤོག་ངོས་ ༣༣ པར་གསལ། རྒྱ་ཆེར་རོལ་པའི་མདོ་ལུང་འདི་དྲངས་ཡོད།
  35. སྡེ་དགེ་པར་མ། ཤོག་ངོས་ ༧༧-༧b པར་གསལ།
  36. ཐཱའི་ཝན་པར་མ། དེབ་ཕྲེང་། ༡༥ དེབ་གཟུགས། ཤོག་ངོས་ ༢༦ པར་གསལ།
  37. ཐཱའི་ཝན་པར་མ། དེབ་ཕྲེང་། ༡༥ དེབ་གཟུགས། ཤོག་ངོས་ ༢༧-༢༩ པར་གསལ།
  38. ཐཱའི་ཝན་པར་མ། དེབ་ཕྲེང་། ༡༥ དེབ་གཟུགས། ཤོག་ངོས་ ༢༡ པར་གསལ།
  39. སྡེ་དགེ་པར་མ། ཤོག་ངོས་ ༡༤༠-༦a པར་གསལ།
  40. སྡེ་དགེ་པར་མ། ཤོག་ངོས ༡༤༠-༦b པར་གསལ།
  41. སྡེ་དགེ་པར་མ།  ཤོག་ངོས་ ༤-༦-༢b པར་གསལ།
  42. སྔ་འགྱུར་རིག་མཛོད་རྩིས་ཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ལོའི་པར་མ། དེབ་གཟུགས། ཚད་མ་རྣམ་འགྲེལ་ལེའུ་དང་པོའི་འགྲེལ་བ་ལེགས་བཤད་སྣང་བའི་གཏེར། ཤོག་ངོས་ ༡༦༥ པར་གསལ།
  43. སྡེ་དགེ་པར་མ། ཤོག་ངོས ༡༤༠-༦a པར་གསལ།
  44. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༢ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༥-༡༦ པར་གསལ།
  45. སྡེ་དགེ་པར་མ། ཤོག་ངོས་ ༩༦-༧a – ༩༦-༧b པར་གསལ།
  46. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༠ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༨༥ པར་གསལ།
  47. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༠ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༨༦ པར་གསལ།
  48. གསལ་བཤད། ཡོངས་གྲགས་སུ་འགའ་ཞིག་གིས་ཤོ་ལོོོོ་ཀ་འདི་ནི་མདོ་ཚིག་ཡིན་པ་དང་། ཡང་འགའ་ཞིག་གིས་ནི་མདོ་ཚིག་ཡིན་པ་མ་ཟད་མདོ་ལང་ཀར་གཤེགས་པའི་ཚིག་ཡིན་ཟེར་མོད། འོན་ཏེ་ད་ལྟའི་བར་མདོ་གང་དང་གང་གི་སྐབས་སུ་གསུངས་ཡོད་མེད་དང་མདོ་གང་གི་ལུང་ཚིག་ཡིན་མིན་གསལ་ཁ་བསྟན་རྒྱུ་མེད་པ་ཞིག་རེད། ད་ལམ་ཁོ་བོས་ནི་ལུང་འདི་དྲྭ་རྒྱ་ནས་འབྱོར་བ་དེ་བཏུས་ནས་སྔ་འགྱུར་རྙིང་མ་ཞིབ་འཇུག་ལྟེ་གནས་ཁང་(Ngagyur Nyingma Research Centre.)གི་མཁས་དབང་དཔྱད་ཞིབ་པ་འགའ་ལ་མདོ་གང་གི་སྐབས་སུ་གསུངས་ཡོད་མེད་བཀའ་འདྲི་ཞུ་དུས། མདོ་གང་ནའང་གསལ་ཁ་མེད་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་དང་ཆེས་ཐག་ཉེ་བ་དང་། ལུང་ཚིག་དེ་དང་དོན་གཅིག་ཏུ་གྱུར་ལྟ་བུར་སྣང་བ་དགྲ་བཅོམ་པ་ཆོས་མཆོག་གིས་བསྡུས་མཛད་པའི་ཆེད་དུ་བྱ་བའི་ཚོམས་ལས། སྐྱེ་བོ་ཕལ་ཆེར་འདིར་འཁྲུ་བ། །ཆུ་ཡིས་དག་པར་མི་འགྱུར་ཏེ། །གང་ཞིག་སྡིག་པ་ཆེ་ཆུང་རྣམས། །ཐམས་ཅད་སྤོང་བར་བྱེད་པ་དག །ཅེས་དང་། སྡུག་བསྔལ་ཐམས་ཅད་སྤང་བའི་ཕྱིར། །སངས་རྒྱས་ཀྱིས་ནི་གསུངས་ཚིག་གང་། །བདེན་པ་མྱ་ངན་འདས་འགྲོ་བའི། །ཚིག་དེ་བླ་ན་མེད་པ་ཡིན། །ཞེས་འདི་ལྟར་གསུངས་ཡོད་པ་གསུངས་སོང་། མ་ཚད་ལུང་ཚིག་འདི་ནི་བཀའ་བསྟན་གཉིས་ཀའི་ནང་དུ་མཇལ་རྒྱུ་འདུག
  49. སྡེ་དགེ་པར་མ། ཤོག་ངོས་ ༡༤༠-༣a པར་གསལ།
  50. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༥༡ པར་གསལ།
  51. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༢ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༡ པར་གསལ།
  52. དགའ་ལྡན་བྱང་རྩེ་དཔེ་མཛོད་ཁང་གི་ཕྱི་ལོ་ ༢༠༢༣ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༢༤ པར་གསལ།
  53. དགའ་ལྡན་བྱང་རྩེ་དཔེ་མཛོད་ཁང་གི་ཕྱི་ལོ་ ༢༠༢༣ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༨༢-༨༣ པར་གསལ།
  54. ཐཱའི་ཝན་པར་མ། དེབ་ཕྲེང་། ༡༥ དེབ་གཟུགས། ཤོག་ངོས་ ༢༦ པར་གསལ།
  55. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༥ པར་གསལ།
  56. ཐཱའི་ཝན་པར་མ། དེབ་གཟུགས། ཤོག་ངོས་ ༢༩ པར་གསལ།
  57. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༢ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༠༤ པར་གསལ།
  58. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༡༧ པར་གསལ།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།