སློབ་དཔོན་པདྨ་རྡོ་རྗེ། རྣམ་གྲོལ་གླིང་།
བྱམས་བརྩེའི་འོད་ལ་ཕྱོགས་རིས་མེད།།
ཡངས་པའི་སྤྱན་ལ་དགྲ་གཉེན་མེད།།
ཕྲིན་ལས་འཇུག་པ་ནམ་མཁའ་བཞིན།།
པདྨའི་མཚན་ཅན་སྤྱི་གཙུག་གཉེན།།
ཞེས་དམ་པའི་སྤྱོད་པ་དང་མཐུན་པར་མཆོད་བརྗོད་སྔོན་དུ་བཏང་ནས། འདིར་གང་གླེང་བར་བྱ་བའི་བརྗོད་བྱའི་གནད་བསྡུས་ནི། ཆོས་ཀྱི་ཕུང་པོ་མཐའ་ཡས་པའི་གནད་གསང་གཅིག་ཏུ་བསྟན་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ལས་མཆོད་བརྗོད་ཀྱི་ཡུལ་དུ་གྱུར་པའི་མཁྱེན་པ་གསུམ་རྟེན་ངེས་མ་ངེས་སྐོར་དང་། ཉེར་ཞི་ཁྲིད་མཛད་ཅེས་པའི་མྱང་འདས་ལས་འཕྲོས་ནས་མྱང་འདས་ལ་ཐེག་པ་ཆེ་ཆུང་གི་མྱང་འདས་གཉིས་སུ་ངེས་མ་ངེས་དང་། བྱེ་སྨྲའི་ལུགས་ལ་ལྷག་མེད་དགྲ་བཅོམ་ཡོད་མེད་སོགས་ཀྱི་སྐོར་དང་། རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ་ཞེས་པའི་སྐབས་ནས་བསྟན་པའི་ཆོས་འཁོར་ལས་འཕྲོས་ནས་དྲང་ངེས་དང་། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པའི་སྐབས་ནས་བསྟན་པའི་སེམས་བསྐྱེད་ཀྱི་གནད་གསང་སངས་རྒྱས་ས་ལ་སེམས་བསྐྱེད་ཡོད་མེད་དང་། སེམས་བསྐྱེད་སེམས་སེམས་བྱུང་གང་དུ་བཞེད་པ། སེམས་བསྐྱེད་ཀྱི་སེམས་རྟེན་འཇོག་ཚུལ། རང་བཞེད་སྨོན་འཇུག་གཉིས་ཀྱི་ས་མཚམས། མདོ་ལས་སེམས་ཅན་རྣམས་རྣམ་པར་ཤེས་པ་རྒྱུན་རེ་རེ་བ་ཞེས་པའི་མདོའི་དགོངས་དོན་བཅས་ལ་རགས་རིམ་ཙམ་དཔྱད་པར་སྤྲོའོ།།
མཁྱེན་གསུམ།
སྤྱི་དོན་ལས། མཁྱེན་གསུམ་རྟེན་ངེས་པ་ཅན་ཡིན་ཏེ། ཞེས་པའི་མཁྱེན་གསུམ་རྟེན་ངེས་མ་ངེས་སྐོར་ལ་རྨོངས་པས་རྟོག་འཆར་འགའ་ཞིག་གླེང་ན། མཁྱེན་གསུམ་ལ་མདོའི་གླེང་གཞིའི་སྐབས་ནས་དངོས་སུ་བསྟན་པའི་མཁྱེན་གསུམ་དང་། མདོའི་བསྟན་བྱ་གཙོ་བོར་གྱུར་པའི་མཁྱེན་གསུམ་དང་། མཆོད་བརྗོད་སྐབས་ནས་དངོས་སུ་བསྟན་པའི་མཁྱེན་གསུམ་དང་། བསྟན་བཅོས་ཀྱི་བསྟན་བྱའི་གཙོ་བོར་གྱུར་པའི་མཁྱེན་གསུམ་དང་། བསྐྱེད་བྱ་དང་ཤེས་བྱའི་མཁྱེན་གསུམ་སོགས་དུ་མ་མཆིས། མཁྱེན་པ་གསུམ་རྟེན་ངེས་པ་དང་མ་ངེས་པར་གསུང་མཁན་དུ་མ་འདུག་ཀྱང་སྤྱིར་མཁྱེན་གསུམ་ནི་རྟེན་ངེས་པ་ཅན་མིན་ཏེ། གཞི་ཤེས་ལ་ཉན་རང་དང་ལམ་ཤེས་ལ་བྱང་སེམས་ཁོ་ནའི་མཁྱེན་པར་སྨྲ་བ་མི་འཐད་པའི་ཕྱིར། ཅིའི་ཕྱིར་ཞེ་ན། 1བསྟན་བཅོས་ཀྱི་དགོངས་འགྲེལ་དུ་བརྗོད་བྱའི་ཁྱད་པར་དང་ཉིང་དགོས་བསྟན་པའི་གཞུང་གིས་གཞན་སྡེ་ཕྱི་རོལ་པ་དང་རང་སྡེ་ཉན་རང་གི་མྱོང་མི་ཐུབ་པའི་མཁྱེན་གསུམ་གཅིག་དང་། མངོན་རྟོགས་བརྒྱད་ཀ་བྱང་སེམས་ཀྱི་ཐོས་སོགས་ཀྱིས་དྲན་པ་ལ་བཞག་ནས་མངོན་དུ་བྱེད་པར་བཤད་པ་དང་། 2དཔལ་སྤྲུལ་སྤྱི་དོན་དུ་ལམ་ཤེས་ཀྱི་ས་མཚམས་དང་། 3བོད་སྤྲུལ་གྱིས་འགྲེལ་པ་མ་ཕམ་ཞལ་ལུང་དུ་གཞི་ཤེས་དང་ལམ་ཤེས་ཀྱི་མཚན་ཉིད། 4མཁན་པོ་ཐུབ་བསྟན་བརྩོན་འགྲུས་ཀྱིས་དོན་བདུན་ཅུར་ལམ་ཤེས་ཀྱི་ས་མཚམས་ཐེག་ཆེན་གྱི་ལམ་ལྔ་ཀར་ན་ཡོད་པ་གསུངས་པའི་ཕྱིར། འོ་ན་མདོ་དང་བསྟན་བཅོས་སུ་མཁྱེན་གསུམ་རྟེན་ངེས་པ་གསུངས་པ་མིན་ནམ་ཞེ་ན། 5མདོ་དང་6བསྟན་བཅོས་ནས་གསུངས་པ་ནི་རྣམ་གཞག་རྟེན་ཙམ་གྱིས་དབང་དུ་བྱས་ནས་གསུངས་པ་ཡིན་པས་འགལ་བ་མེད་དོ། །གལ་ཏེ་དེ་ལྟར་མིན་ན་སྐབས་གསུམ་པའི་བསྟན་བྱ་གཙོ་བོར་ཡིན་ན། བྱང་སེམས་ཀྱི་རྒྱུད་ལ་མེད་པར་འདོད་དགོས་པས་ངོ་མཚར་ཆེའོ། །ཡང་ན་མཆོད་བརྗོད་སྐབས་ནས་དངོས་སུ་བསྟན་པའི་མཁྱེན་གསུམ་རྟེན་ངེས་པ་ཅན་དང་། མདོའི་བསྟན་བྱ་གཙོ་བོར་གྱུར་པའི་མཁྱེན་གསུམ་རྟེན་ངེས་པ་ཅན་མིན་ཞེས་སྨྲ་དགོས་སོ།།
མཆོད་བརྗོད་གླེང་གཞི་དང་སྦྱར་བའི་བཤད་པ་བོད་ན་ཨར་བྱང་ཆུབ་ཡེ་ཤེས་དང་ཕྱིས་ཀྱི་མཁས་པ་7བོད་སྤྲུལ་གྱིས་མཛད་ལ། འོན་ཀྱང་བོད་སྤྲུལ་གྱི་མཆོད་བརྗོད་གླེང་གཞི་དང་སྦྱོར་དུས་དགྲ་བཅོམ་པ་དེ་གཞི་ཤེས་ཀྱི་འབྲས་བུ་ལས་རྟེན་དུ་མ་བཤད་པས་གླེང་གཞིའི་སྐབས་ནས་དངོས་སུ་བསྟན་པའི་མཁྱེན་གསུམ་དང་། མཆོད་བརྗོད་ཀྱིས་དངོས་སུ་བསྟན་པའི་མཁྱེན་གསུམ་གྱི་རྟེན་མཚུངས་བར་བཤད། ཁོ་བོས་ནི་མཆོད་བརྗོད་གླེང་གཞི་དང་སྦྱར་བའི་བཤད་པ་འཕགས་སེང་གཉིས་ཀྱིས་མཛད་པ་མ་མཇལ། མཆོད་བརྗོད་དང་དགོས་འགྲེལ་ནི་མདོ་བཤད་པའི་སྔོན་འགྲོ་ལས་བཤད་པའི་གཞུང་དངོས་མིན་ནོ། །གླེང་གཞི་སྐབས་ནས་དངོས་སུ་བསྟན་པའི་གཞི་ཤེས་ཀྱི་རྟེན་གང་ཟག་ཡིན་ན། མཆོད་བརྗོད་སྐབས་ནས་དངོས་སུ་བསྟན་པའི་གཞི་ཤེས་ཀྱི་རྟེན་གང་ཟག་ཡིན་པས་མ་ཁྱབ་ཅེས་སྨྲ་བར་འདོད་དེ། སྔ་མའི་རྟེན་དུ་གྱུར་པ་དགྲ་བཅོམ་པ་ཟག་པ་ཟད་པ་ཞེས་དགྲ་བཅོམ་པ་ཡང་ཡོད་ལ། ཕྱི་མའི་རྟེན་ལ་ཉན་རང་སློབ་པ་ཡིན་དགོས་ཏེ། མཆོད་བརྗོད་སྐབས་ནས་དངོས་སུ་བསྟན་པའི་གཞི་ཤེས་ལ་འབྲས་བུ་ཉེར་ཞིར་ཁྲིད་བྱེད་དང་། ཐབས་དེ་ཁོ་ན་ལ་བརྟེན་ནས་ཉེར་ཞི་འཐོབ་པར་བྱེད་དགོས་པས་གཞི་ཤེས་འཐོབ་བྱེད་དང་ཉེར་ཞི་འཐོབ་བྱར་འགྲེལ་ཆུང་གིས་བཤད་དོ། །གཞི་ཤེས་དང་ལམ་ཤེས་ལ་འཕགས་པའི་རྟོགས་པར་ངེས་པ་རྒྱན་གྱི་འགྲེལ་པ་གང་དུའང་མི་སྣང་ཞིང་།8ཉི་སྣང་གི་ལུང་ལ་བརྟེན་ནས་ཁ་ཅིག་གིས་གཞི་ཤེས་དང་ལམ་ཤེས་ལ་འཕགས་པའི་རྟོགས་པ་ཁོ་ནར་འཆད་མཁན་འདུག་ཀྱང་། དེ་ནི་རྒྱ་བོད་མཁས་པའི་གཞུང་ལ་ངལ་བ་ཞིབ་ཏུ་མ་བྱས་པའི་འབྲས་རྟགས་ཙམ་ལས་ངོ་མཚར་བའི་བཤད་པ་གང་ཡང་མིན་ནོ།།
མྱང་འདས།
མྱང་འདས་དང་འབྲེལ་བའི་རྟོག་འཆར་འགའ་ཞིག་གླེང་ན། ཕལ་ཆེ་བས་མཐར་ཐུག་ཐེག་པ་གསུམ་དུ་འདོད་མཁན་དག་གི་ལུགས་ལ་ལྷག་མེད་དགྲ་བཅོམ་པ་ཡོད་པ་གཞིར་བཞག་དང་། 9མདོ་སྡེ་དགོངས་འགྲེལ་དང་10བསྡུ་བ་སོགས་ཤེས་བྱེད་དུ་འཁུར་ནས་ངལ་བ་ཆེན་པོས་སྒྲུབ་གནང་བར་མཐོང་། ཁོ་བོ་ནི་མཐར་ཐུག་ཐེག་གསུམ་སྨྲ་བའི་སེམས་ཙམ་པའི་ལུགས་ལ་ཉན་རང་ལྷག་མེད་དགྲ་བཅོམ་ཡོད་པ་བསྡུ་བ་ན་ཕུང་པོ་ལྷག་མ་མེད་པའི་མྱང་ངན་ལས་འདས་པའི་དབྱིངས་ལ་གནས་མཁན་ཞིག་ཡོད་པར་གསུངས་པ་དང་། དེ་ཡང་11བསྡུ་བར་རིགས་དྲུག་གང་ཡང་མིན་པ་ཞིག་བཞེད་པ་ཚིག་གིས་གསལ། ལྷག་མེད་དགྲ་བཅོམ་ཡོད་པའི་གཞུང་12བསྡུ་བ་སོགས་ཤིན་ཏུ་གསལ་བ་འདི་དག་ནི་མཐར་ཐུག་ཐེག་གསུམ་འདོད་པའི་སེམས་ཙམ་པའི་ལུགས་ཡིན་པ་ལས་བྱེ་སྨྲ་སོགས་ཉན་ཐོས་སྡེ་པ་དག་གི་ལུགས་ལ་ལྷག་མེད་དགྲ་བཅོམ་ཡོད་པའི་ཤེས་བྱེད་དུ་མི་རུང་ངོ་།།འོ་ན་བྱེ་བྲག་སྨྲ་བའི་ལུགས་ལ་ལྷག་མེད་དགྲ་བཅོམ་ཡོད་དང་མེད་ཅེ་ན། མཇིང་པ་གཟེངས་སུ་བསྟོད་ནས་མེད་ཅེས་སྨྲ་རིགས་ཏེ། བྱེ་སྨྲའི་ལུགས་ལ་ལྷག་མེད་དགྲ་བཅོམ་ཡོད་པའི་གཞུང་མི་སྣང་པའི་ཕྱིར། གལ་ཏེ་ལྷག་མེད་དགྲ་བཅོམ་ཡོད་ན་ཕུང་པོ་དང་བཅས་དགོས་ལ། ཕུང་པོ་ལ་ཟག་བཅས་མ་གཏོགས་དམིགས་སུ་མེད། དེ་ཡོད་ན་ཤིན་ཏུ་མི་རིགས་ཏེ། ཟག་བཅས་ལ་སྡུག་བདེན་ཡིན་དགོས་པ་བྱེ་སྨྲའི་ཐུན་མིན་གྱི་བཞེད་པ་ཡིན་པའི་ཕྱིར། གཟུགས་ཕུང་མེད་འདུ་བྱེད་ཀྱི་ཕུང་པོ་དང་བཅས་པར་འདོད་ནའང་ཉེས་པ་སྔར་དང་འདྲ་ལ། 13མཆིམས་མཛོད་དུ་གཟུགས་མེད་ཀྱི་རྟེན་ལ་འགོག་སྙོམས་མངོན་དུ་བྱེད་མི་སྲིད་པའི་རྒྱུ་མཚན་གྱི་གནད་ཀྱང་དྲན་དགོས། སྲོག་དང་བཅས་ན་ལྷག་བཅས་ལས་ལྷག་མེད་དུ་ཤིན་ཏུ་མི་རིགས་སོ།།
ཡང་འདིར་དོགས་གནད་གཞན་ཞིག་ནི་བྱེ་སྨྲའི་ལུགས་ལ་ལྡན་མིན་འདུ་བྱེད་རྒྱུན་ཆད་རྒྱུ་ཡོད་མེད་ཀྱང་དཔྱད་དགོས་ཏེ། ཐོབ་པ་རྒྱུད་ཀྱིས་བསྡུས་དགོས་པ་བྱེ་སྨྲའི་ཐུན་མིན་གྱི་བཞེད་པ་ཡིན་པས། ལྷག་མེད་མྱང་འདས་ཀྱི་ཐོབ་པ་རྒྱུད་ལྡན་གྱི་གང་ཟག་མེད་པ་དང་། དེ་ལྷག་བཅས་དགྲ་བཅོམ་པའི་རྒྱུད་ལ་ཡོད་ན་དེའི་མྱང་འདས་གཉིས་ཅིག་ཅར་ཐོབ་པར་ཐལ་བ་སོགས་བྱེ་སྨྲ་དང་ཉན་ཐོས་སྡེ་གཉིས་ཀྱི་ལུགས་ལ་ལྷག་མེད་དགྲ་བཅོམ་ཡོད་པ་ལས་མེད་པའི་སྒྲུབ་བྱེད་ཁ་གསལ་བས་ཆོས་སྐྱོང་སྲུང་མས་བཀའ་ཆད་དྲག་པོ་འདྲ་མེད་ན་དེ་དེ་བཞིན་ཁས་ལེན་དགོས་སོ།།
ཐེག་པ་སོ་སོའི་འཐོབ་བྱ་མཐར་ཐུག་དབང་བཙན་དུ་བྱས་ན་མྱང་འདས་ལ་ཐེག་པ་ཆེ་ཆུང་གི་མྱང་འདས་གཉིས་སུ་ངེས་ཀྱང་། སྤྱིར་མྱང་འདས་ལ་དེ་གཉིས་སུ་མ་ངེས་ཏེ། དགྲ་བཅོམ་རྟོགས་པ་སྔོན་སོང་དང་རིགས་ངེས་དག་སའི་སེམས་དཔའི་རྒྱུད་ཀྱི་ཉོན་སྒྲིབ་ཟད་པའི་འགོག་བདེན་ལྟ་བུའོ། །ཐེག་ཆེན་གྱི་དབང་དུ་བྱས་ན་སངས་རྒྱས་ཀྱི་རྒྱུད་ཀྱི་མྱང་འདས་ལ་ལྷག་མེད་མྱང་འདས་སུ་ངེས་ལ། 14གསེར་འོད་དམ་པ་དང་15སྐུ་གསུམ་འགྲེལ་པར་གཟུགས་སྐུ་གཉིས་ལ་ལྷག་བཅས་མྱང་འདས་ཀྱི་སྒྲས་བསྟན་པ་ཙམ་ལས་ལྷག་བཅས་མྱང་འདས་དངོས་མིན་ནོ། །ལྷག་མེད་མྱང་འདས་ཡང་ངོ་བོ་ཉིད་སྐུ་ལས་ཡེ་ཤེས་ཆོས་སྐུར་འཁྲུལ་པར་མི་བྱའོ། །ལྷག་མེད་མྱང་འདས་ནི་ངོ་བོ་ཉིད་སྐུ་ཁོ་ནར་ངོས་འཛིན་དགོས་པ་16གསེར་འོད་དམ་པའི་མདོ་ཉིད་ལས་གསལ་ལོ།།
ཆོས་འཁོར།
ཆོས་འཁོར་སྐབས་འདིར་གླེང་དགོས་པ་ཞིག་ནི་དྲང་ངེས་སྐོར་དེ་ཡིན། ཁ་ཅིག་གིས་17བློ་གྲོས་མི་ཟད་པའི་མདོ་སོགས་སྣང་སྟོང་བདེན་གཉིས་ཀྱི་ལྡོག་པས་དྲང་ངེས་འབྱེད་པ་ལས་གཞན་པའི་དྲང་ངེས་འབྱེད་ཚུལ་མེད་ཟེར་བ་ནི་མི་འཐད་དེ། 18སྟོང་ཐུན་ལས་བཀའ་ཐ་མའི་ངེས་དོན་བསྟན་ཚུལ་བར་པ་ལས་ལྷག་པ་དང་། 19མདོ་སྡེ་དགོངས་འགྲེལ་ལས་འཁོར་ལོ་ཐ་མའི་དོན་ལ་བསྔགས་པའང་དེར་གཏོགས་ཚད་མ་ཡིན་པ་དང་ངེས་དོན་གྱི་ཕྱོགས་ནས་གསུངས་སོ། །སྤྱིར་དྲང་ངེས་རྣམ་གཞག་ནི་ཉན་ཐོས་ཐེག་པ་ནས་ཨ་ཏི་ཡོ་གའི་ཐེག་པའི་བར་ཐེག་པ་སོ་སོ་ལ་དྲང་ངེས་ཀྱི་རྣམ་བཞག་བྱེད་ཆོག
གསུང་རབ་སྤྱིའི་དྲང་ངེས་ནི་ཆོས་ཅན་སྣང་ཚོད་པ་སྐྱེ་འགག་དང་དག་མ་དག་སོགས་སྨྲ་བསམ་བརྗོད་པའི་རིམ་པས་གཞལ་ཞིང་སྒྲོ་བཏགས་ནས་བསྟན་པ་ཐམས་ཅད་དྲང་དོན་དང་། དེ་སྟོན་པའི་བཀའ་རྣམས་དྲང་དོན་གྱི་མདོ་དང་། ཆོས་ཉིད་དང་དེའི་སྣང་ཆ་འོད་གསལ་བདེ་གཤེགས་སྙིང་པོ་ངེས་དོན་དང་། དེ་སྟོན་པའི་བཀའ་ལ་ངེས་དོན་གྱི་མདོར་འདོད་དགོས་པར་20སེམས་ཉིད་ངལ་གསོ་ནས་གསུངས་སོ། །བྱེ་བྲག་བཀའ་བར་མཐའི་དྲང་ངེས་ནི་འཇམ་མགོན་བླ་མས་21དབུ་མ་རྒྱན་གྱི་སྤྱི་དོན་ལས་གཞི་བདེན་གཉིས་རྣམ་གཞག་ལ་སྣང་སྟོང་དང་གནས་སྣང་ཞེས་དོན་གྱི་དྲང་ངེས་འབྱེད་ཚུལ་གཉིས་དང་། སྣང་བ་ཀུན་རྫོབ་ལ་གནས་སྣང་གཉིས་སུ་དབྱེ་བ་བཞིན་སྟོང་པ་དོན་དམ་ལའང་དྲང་ངེས་གཉིས་སུ་འབྱེད་རྒྱུ་ཡོད། སྔ་མའི་དབང་དུ་བྱས་པའི་དྲང་ངེས་ནི་གཙོ་བོ་བློ་གྲོས་མི་ཟད་པའི་མདོ་ལ་བརྟེན་ནས་འཁོར་ལོ་བར་པའི་དྲང་ངེས་ཀྱི་རྣམ་གཞག་དང་། ཕྱི་མའི་དབང་དུ་བྱས་པའི་དྲང་ངེས་ནི་གཙོ་བོ་ངེས་དོན་གྱི་མདོ་སྡེ་དག་ལ་བརྟེན་ནས་22རྒྱུད་བླ་མར་རྣམ་དབྱེར་བཅས་མ་བཅས་ནི་འཁོར་ལོ་ཐ་མའི་དྲང་ངེས་འཇོག་ཚུལ་ལོ། །བཀའ་བར་མཐའི་དྲང་ངེས་སོ་སོར་འབྱེད་དགོས་པའི་རྒྱུ་མཚན་ནི་ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་ལ་ངལ་བ་ཞིབ་ཏུ་གནོངས་དང་རིམ་པས་རྟོགས་ངེས་པས་འདིར་ཡི་གེར་མང་དུ་དོགས་ནས་དེ་ཙམ་གྱི་ཆོག་ཤེས་པར་བྱས་སོ།།
སེམས་བསྐྱེད།
སེམས་བསྐྱེད་དང་འབྲེལ་བའི་གླེང་བྱ་མང་དུ་སྣང་། འོན་ཀྱང་འདིར་ཁོ་བོས་གླེང་འདོད་པ་ནི་འདིར་བཤད་པའི་ཐེག་ཆེན་ཀུན་རྫོབ་སེམས་བསྐྱེད་སངས་རྒྱས་ས་ལ་ཡོད་མེད་དང་། དེ་ཉིད་སེམས་སེམས་བྱུང་གང་དུ་འདོད་དགོས་མིན་སྐོར་སོགས་གནད་དོན་འགའ་རགས་ཙམ་གླེང་བར་སྤྲོ། སྤྱིར་བཏང་སངས་རྒྱས་ས་ལ་སེམས་བསྐྱེད་ཡོད་མེད་ལ་གངས་རི་ལྗོངས་སུ་རིས་མེད་མཁས་གྲུབ་དུ་མས་རྩོད་སྒྲུབ་དང་དགག་བཞག་སོགས་གླེང་སློང་མང་དུ་མཛད་པ་མཐོང་། རང་རེ་སྔ་འགྱུར་བའི་ཕྱོགས་ལའང་སངས་རྒྱས་ས་ལ་སེམས་བསྐྱེད་ཡོད་མེད་བཞེད་ཕྱོགས་གཉིས་སུ་སྣང་ཏེ། དེ་བཞིན་གཤེགས་པའི་བཀའ་དངོས་དང་ཁྱད་པར་མེད་པ་ཚད་མའི་ལམ་ནས་གྲུབ་པའི་བསྟན་བཅོས་ཆེན་པོ་ཚིག་དོན་གྱི་ཟུར་རེ་རེ་ནས་ཀྱང་འཁྲུལ་པའི་དྲི་མ་ཕྲ་མོས་ཀྱང་མ་གོས་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་གསུང་རབ་23གྲུབ་མཐའ་རིན་པོ་ཆེའི་མཛོད་དང་། 24འགྲེལ་ཆེན་པདྨ་དཀར་པོ་དང་། 25ངེས་དོན་ཤིང་རྟ་ཆེན་པོ་རྣམས་ལས་ལན་གཅིག་ཙམ་མིན་པ་ཡང་ནས་ཡང་དུ་སངས་རྒྱས་ཀྱི་ས་ལ་འདིར་བཤད་པའི་རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་མེད་པར་བཞེད་དོ། །དེའི་རིང་ལུགས་ཆེན་པོ་རིག་འཛིན་འཇིགས་མེད་གླིང་པས་ཀྱང་26བདེན་གཉིས་ཤིང་རྟར་27ཀུན་མཁྱེན་ཆེན་པོའི་བཞེད་པ་ལྟར་བཞེད། དཔལ་སྤྲུལ་སེམས་པ་ཆེན་པོས་28ཤེར་ཕྱིན་སྤྱི་དོན་སོགས་ནས་སངས་རྒྱས་ཀྱི་ས་ལ་སེམས་བསྐྱེད་ཡོད་པ་བཞེད་པའི་ཕྱོགས་དང་། འཇམ་མགོན་བླ་མ་མི་ཕམ་མཆོག་གིས་ཀྱང་ཉིད་ཀྱི་གསུང་རབ་29དབུ་མ་རྒྱན་གྱི་རྣམ་བཤད་དང་། 30མདོ་དང་བསྟན་བཅོས་སྦྱར་ཚུལ་མ་ཕམ་ཞལ་ལུང་དང་། 31མངོན་རྟོགས་རྒྱན་གྱི་མཆན་འགྲེལ་པུནྜ་རི་ཀའི་དོ་ཤལ་བཅས་ནས་སངས་རྒྱས་ས་ལ་སེམས་བསྐྱེད་ཡོད་པར་བཞེད་པའི་ཕྱོགས་སོ།།
སེམས་བསྐྱེད་ཀྱི་ངོ་བོ་སེམས་སེམས་བྱུང་གང་དུ་བཞེད་མིན་ནི། 32དཔལ་སྤྲུལ་སྤྱི་དོན་ལས་སེམས་བསྐྱེད་སེམས་པར་འདོད་པ་མདོ་རྒྱན་དབྱིག་འགྲེལ་གྱི་དགོངས་པ་དང་། སྨོན་ལམ་འདོད་པ་ཐོགས་མེད་ཀྱི་བྱང་སའི་དགོངས་པ་དང་། སེམས་པ་དང་སྨོན་ལམ་གཉིས་ཀར་བྱམས་པའི་མདོ་རྒྱན་གྱི་དགོངས་པ་བྱས་ཏེ་སློབ་དཔོན་སྐུ་མཆེད་གཉིས་ཀྱིས་སེམས་བསྐྱེད་འདོད་ཚུལ་འཕགས་སེང་གཉིས་དང་མི་འདྲ་བར་སེམས་བྱུང་དུ་བཞེད་ལ། ཁ་ཅིག་གིས་33ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ནི་གཙོ་སེམས་བསྐྱེད་པས་སེམས་བྱུང་དང་། སེམས་བྱུང་བསྐྱེད་པས་གཙོ་སེམས་ཀྱང་བསྐྱེད་པར་འགྱུར་བས་དེ་དག་དགོངས་པ་འགལ་མེད་དུ་བཞེད་ཅེས་སྨྲ་མཁན་འདུག་ཀྱང་དེ་ནི་མཉམ་པར་མ་བཞག་པའི་ངག་འཆལ་ཙམ་ལས་སྒྲུབ་བྱེད་སྣ་གཅིག་མ་མཐོང་ངོ་།།
སེམས་བསྐྱེད་ལ་འདོད་པའི་སྒྲས་བསྟན་པ་ནི་དེའི་མིང་གིས་བཏགས་པ་ཙམ་ལས་དངོས་མིན་པས་སེམས་བསྐྱེད་སེམས་བྱུང་དང་། དེ་གཉིས་གཞི་མཐུན་ཐལ་པའི་སྐྱོན་རུས་སྦལ་གྱི་སྤུ་ཙམ་དུ་ཟད་ལ། གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པའི་འདོད་པ་དེ་གཞན་དོན་དང་བྱང་ཆུབ་ཐོབ་ཕྱིར་དེ་འདོད་པ་གཉིས་ཀར་སྦྱོར་དགོས་པའི་མཐའི་གསལ་བྱེད་ཀྱི་ཚིག་ཡིན་ལ། གལ་ཏེ་བྱང་ཆུབ་འདོད་པ་གཅིག་པུ་ལ་སྦྱར་ན་ཡུམ་བར་མ་ལས་འདི་འདོད་པ་དང་། དེ་འདོད་པ་གཉིས་ཀར་ངོས་འཛིན་གནང་བ་དང་འགལ་བ་དང་། 34འགྲེལ་ཆུང་དུ་རྒྱུ་མིང་འབྲས་བུ་དང་གྲོགས་མིང་གྲོགས་ཅན་ལ་བཏགས་ཚུལ་ལས་སེམས་བསྐྱེད་འདུན་པ་གཉིས་ལྡན་གྱི་སེམས་སུ་གསུངས་པ་དང་འགལ་བའི་ཕྱིར་རོ། །35དཔལ་སྤྲུལ་སེམས་པ་ཆེན་པོ་དང་36འཇམ་མགོན་བླ་མ་མི་ཕམ་རྣམ་གཉིས་ཀྱིས་ཀྱང་ཤེར་ཕྱིན་གྱི་འགྲེལ་བ་དག་ལས་འཕགས་སེང་གཉིས་ཀྱི་བཞེད་ཕྱོགས་དང་མཐུན་པར་སེམས་བསྐྱེད་གཙོ་སེམས་ལ་བཞེད་དོ།།
སེམས་བསྐྱེད་ཀྱི་སེམས་རྟེན་ལ་37དཔལ་སྤྲུལ་སྤྱི་དོན་དུ་སེམས་བསྐྱེད་ཀྱི་སེམས་རྟེན་ནི་དད་པ་དང་། སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ཐོས་པ་ཞེས་སོགས་རྟེན་བརྟེན་པ་དོན་གཞན་དང་། 38མཆིམས་ལེགས་པར་བཤད་པའི་རྒྱ་མཚོ་དང་39མཆིམས་མངོན་པའི་རྒྱན་ལས་འཁར་གཞོང་ལ་རྒྱ་ཤུག་བརྟེན་པ་དང་། ཤིང་པ་ལ་ཤ་དག་ལ་ཀུན་དགའ་ར་བ་བརྟེན་པ་ལྟར་མིན་པར་གསུངས། འོན་ཀྱང་དེ་གཉིས་འགལ་བར་སེམས་པར་མི་བྱ་སྟེ། སྤྱིར་རྟེན་བརྟེན་པ་ལ་དོན་གཞན་གྱི་རྟེན་དང་། ངོ་བོ་གཅིག་པའི་རྟེན་གཉིས་ཡོད་པ་ལྟར། སེམས་བསྐྱེད་ཀྱི་སེམས་རྟེན་ལའང་སེམས་བསྐྱེད་རང་ཉིད་གང་ལ་བརྟེན་ནས་སྐྱེས་པའི་རྒྱུའི་སེམས་རྟེན་དང་། སེམས་བསྐྱེད་རང་ཉིད་ས་གང་ལ་བརྟེན་ནས་སྐྱེས་པ་ལ་ས་དེར་བརྟེན་པ་འཇོག་པའི་ངོ་བོ་གཅིག་པའི་སེམས་རྟེན་དང་གཉིས་སུ་ཡོད་ཅིང་། སྔ་མའི་དབང་དུ་བྱས་ནས་ཤིང་པ་ལ་ཤ་དག་ལ་ཀུན་དགའ་ར་བ་བརྟེན་པ་ལྟར་གྱི་དཔལ་སྤྲུལ་སྤྱི་དོན་དུ་སེམས་བསྐྱེད་ཀྱི་སེམས་རྟེན་ལ་རྒྱལ་བ་ལ་དམིགས་པའི་དད་པ་དང་། སེམས་ཅན་ལ་དམིགས་པའི་སྙིང་རྗེ་སོགས་དེའི་སེམས་རྟེན་དུ་གསུངས། འོ་ན་40དཔལ་སྤྲུལ་སྤྱི་དོན་སྤྱན་ལྔ་མངོན་ཤེས་ཀྱི་ཐད་དུ་རྟེན་དང་བརྟེན་པར་འགྱུར་ཚུལ་ཇི་འདྲ་བ་ཞེ་ན་ཞེས་སོགས་ཀྱིས་ལམ་དེ་སེམས་དེ་ལ་བརྟེན་ཚུལ་ནི་འཁར་གཞོང་ལ་རྒྱ་ཤུག་བརྟེན་པ་དང་ས་བོན་ལས་མྱུ་གུ་སྐྱེ་བ་དེ་ལ་བརྟེན་ཞེས་པ་ལྟ་བུ་མིན་ཚུལ་གསུངས་པ་དང་མི་འགལ་ལམ་ཞེ་ན། སྐྱོན་མེད་དེ། གོང་དུ་ཁོ་བོས་ལམ་དེའི་སེམས་རྟེན་ལ་གཉིས་ཡོད་པར་བཤད་པའི་ཕྱི་མའི་དབང་དུ་བྱས་པ་ཡིན་ཏེ། 41དཔལ་སྤྲུལ་སྤྱི་དོན་ལས་དེ་ལྟར་གསུངས་པ་དེ། སྤྱན་དང་མངོན་ཤེས་སོགས་བརྟེན་པ་ལམ་རྣམས་བསམ་གཏན་དང་གཟུགས་མེད་ཀྱི་ས་གང་ལ་བརྟེན་མངོན་པ་ཀུན་བཏུས་ཀྱི་ལུང་དང་སྦྱར་ནས་འཆད་པའི་སྐབས་ཡིན་པས། རྟེན་བརྟེན་པར་འགྱུར་ཚུལ་དྲིས་པ་ནི། བརྟེན་པ་ལམ་རྣམས་ས་གང་ལ་བརྟེན་ཚུལ་དྲིས་པ་ཡིན་གྱི། ལམ་གྱི་སེམས་རྟེན་ཐམས་ཅད་དྲིས་པ་མིན་ཏེ། ལམ་གྱིས་རྟེན་ས་ལ་བརྟེན་ཚུལ་དམིགས་ཀྱིས་བཀར་ནས་བཤད་པའི་ཕྱིར་རོ། །ཕྱི་མའི་དབང་དུ་བྱས་ནས་མཆིམས་ཆེ་ཆུང་གི་དགོངས་པ་ལྟར་ལམ་དེ་ས་དེའི་ངོ་བོར་སྐྱེས་པ་ལ་བྱ་སྟེ་ཞེས་བརྟེན་པ་ལམ་དང་རྟེན་ས་གཉིས་ངོ་བོ་གཅིག་དགོས་པ་ཆེས་གསལ་བས་དཔལ་སྤྲུལ་སྤྱི་དོན་དང་འགལ་བར་དོགས་མི་དགོས་སོ། །བརྟེན་པ་རང་ཉིད་ཁམས་གསུམ་ས་དགུ་གང་གི་ངོ་བོར་སྐྱེས་པའི་ཆ་ལ་ལམ་དེའི་སེམས་རྟེན་ཞེས་པའི་བརྡའམ་ཐ་སྙད་ནི་ཆོས་མངོན་པའི་སློབ་དཔོན་རྣམས་ཀྱིས་ཐོག་མར་བཏགས་པའི་བརྡའོ། །དེ་ཡང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱི་ཕྱེ་བ་སྟེ། དཔེར་ན་ཚད་གཞུང་ནས་ཀྱང་བརྩེ་བ་དང་ཤེས་རབ་ཡིན་པའི་ཆ་བརྟེན་པ་དང་། རང་ཉིད་གསལ་རིག་ཡིན་པའི་ཆ་རྟེན་དུ་བྱས་ནས་རྟེན་བརྟེན་པ་སྒྲུབ་པའི་སྐབས་ཀྱི་དེ་དང་། ལམ་གྱིས་སེམས་རྟེན་ས་ལ་བརྟེན་ཚུལ་གཉིས་གོ་དོན་དང་གནད་གཅིག་གོ །ཐེག་ཆེན་སེམས་བསྐྱེད་ཀྱི་སེམས་རྟེན་དུ་གྱུར་པའི་འདོད་པའི་སེམས་ཡོད་མེད་ཀྱང་དཔྱད་དགོས་ཏེ། སེམས་བསྐྱེད་ཡིན་ན་བྱང་ཆུབ་སེམས་སྦྱོང་གི་ཐབས་རྣམས་སྒོམ་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་སྦྱོར་བ་གཉིས་ལྡན་གྱིས་བསྒོམ་པའི་སྟོབས་ལས་རྩོལ་མེད་ཀྱི་མྱོང་བ་ཐོན་པའི་ལམ་ཡིན་དགོས་པས་ཐོས་བསམ་གྱི་ངོ་བོར་གྱུར་པའི་ལམ་སོགས་དང་མི་འདྲ་བའི་ཕྱིར་རོ།།
མདོར་ན་ལམ་དེའི་སེམས་རྟེན་ལ་ལམ་དེ་དང་ངོ་བོ་གཅིག་ཏུ་མ་ངེས་ཀྱང་ལམ་དེའི་སེམས་རྟེན་ས་ལ་བརྟེན་པ་ལམ་དང་ངོ་བོ་གཅིག་དུ་ངེས་ཤིང་། ཀུན་མཁྱེན་ཡབ་སྲས་དང་དཔལ་སྤྲུལ་རིན་པོ་ཆེ་རྣམས་ཀྱི་གསུང་རབ་མང་པོས་ལམ་རང་ཉིད་སེམས་གང་ལ་བརྟེན་ནས་སྐྱེས་པའི་རྒྱུ་ལའང་སེམས་རྟེན་དུ་གསུངས་པས། ལམ་དེའི་སེམས་རྟེན་ལ་སྐྱེད་བྱེད་རྒྱུའི་སེམས་རྟེན་དང་། ལམ་དེ་ས་གང་ལ་བརྟེན་པའི་སེམས་རྟེན་གཉིས་སུ་ཕྱེ་དགོས་སོ།།
སྨོན་འཇུག་གཉིས་ཀྱི་ས་མཚམས་ལ་42དཔལ་ཡེ་ཤེས་གྲགས་པས་སེམས་བསྐྱེད་ཉེར་གཉིས་ལས་དང་པོ་གསུམ་སྨོན་སེམས་དང་། ལྷག་མ་བཅུ་དགུ་འཇུག་སེམས་སུ་བཞེད་ཀྱང་། དཔལ་སྤྲུལ་སྤྱི་དོན་ལྟར་ན་ལེགས་བཤད་གསེར་ཕྲེང་དང་མཐུན་པ་སྨོན་སེམས་ཚོགས་ལམ་ཁོ་ནར་དང་། འཇུག་སེམས་འཇུག་སྡོམ་ཐོབ་པའི་ཚོགས་ལམ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་པར་འདོད་དགོས་ལ། དཔལ་སྤྲུལ་རིན་པོ་ཆེའི་དགོངས་པ་དངོས་ནི་དེ་མིན་པ་ཉིད་ཀྱིས་མཛད་པའི་43ཤེར་ཕྱིན་འབྲུ་འགྲེལ་དང་། 44ཡོན་ཏན་མཛོད་ཀྱི་དཀའ་འགྲེལ་གཉིས་ཀ་ན་ཀུན་མཁྱེན་ཆེན་པོའི་དགོངས་པ་དང་མཐུན་པར་བཞེད་པའི་ཕྱིར་རོ། །45ཀུན་མཁྱེན་ཆོས་རྗེས་ངེས་དོན་ཤིང་རྟ་ཆེན་པོར་སེམས་བསྐྱེད་ཉེར་གཉིས་པོ་རེ་རེའི་སྐབས་སུ་འགྲོ་བའི་ཚེ་ཡང་འགྲོ་འདོད་ཀྱིས་མི་འདོར་བ་བཞིན་དུ་འཇུག་སེམས་དུས་ནའང་སྨོན་སེམས་ཡོད་དགོས་བས་ན་དེ་དག་ལ་སྨོན་འཇུག་གཉིས་རེ་ཡོད་པར་འདོད་དགོས་ཏེ། བྱང་ཆུབ་དོན་གཉེར་དང་སྦྱོར་བས་ལག་ལེན་གཉིས་ཀ་ཚང་དགོས་པའི་ཕྱིར་དང་། སེམས་བསྐྱེད་གཉིས་དང་བྱང་ཆུབ་སེམས་པའི་སྡོམ་པ་ནི་ངོ་བོ་གཅིག་ལ་ལྡོག་པས་དབྱེ་བ་སྟེ། དཔེར་ན། ནོར་བུ་རིན་པོ་ཆེ་ལ་རིམ་ནད་སེལ་བ་དང་། དགོས་འདོད་འབྱུང་བ་དང་། མུན་པ་སེལ་བའི་ཆ་གསུམ་ཡོད་པ་ལྟར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་དབྱེ་བ་ལྟ་བུའོ། །དེས་ན་སྨོན་འཇུག་གཉིས་ཀ་ལས་དང་པོའི་ས་ནས་དག་སའི་བར་དུ་ཡོད་པར་བཞེད་དོ།།
སེམས་བསྐྱེད་ཀྱི་ཐད་དུ་མདོ་ལས་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ནི་རྒྱུན་རེ་རེ་བའོ། །ཞེས་པའི་གཞུང་དོན་ལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་46གྲུབ་མཐའ་མཛོད་དང་། འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེའི་གསུང་རབ་47དབུ་མ་རྒྱན་གྱི་རྣམ་བཤད་དང་། 48ཤེས་རབ་ལེའུའི་རྣམ་བཤད་ནོར་བུ་ཀེ་ཏ་ཀ་དང་། 49ཚད་མ་རྣམ་འགྲེལ་གྱི་གཞུང་གསལ་པོ་བཤད་པ་ལེགས་བཤད་སྣང་བའི་གཏེར་དག་ལས་50སེམས་ཅན་གཅིག་གི་རྒྱུད་ལ་དུས་ཅིག་ལ་ཡུལ་བུམ་པ་ལྟ་བུ་འཛིན་པའི་རྣམ་ཤེས་རིགས་རེ་རེ་ལས་རིགས་མཐུན་པའི་ཤེས་པ་རྫས་ཐ་དད་པ་རྟོག་པ་དང་རྟོག་མེད་གང་ཡིན་ནའང་དུ་མ་ཅིག་ཆར་ཏུ་སྐྱེ་རྒྱུ་མེད་པར་གསུངས། རང་ལུགས་འཛིན་པ་ཁ་ཅིག་གིས་51རྣམ་འགྲེལ་ལས་རྟོག་གཉིས་ཅིག་ཅར་མཐོང་བ་མེད་ཅེས་པ་དང་། 52དབུ་མ་རྒྱན་གྱི་རྣམ་བཤད་དུ་འདི་ནི་བུམ་པའོ་སྙམ་དུ་རྟོག་པའི་ཚེ། བུམ་མིན་ཐམས་ཅད་རྣམ་པར་མ་བཅད་ན་དེ་མི་འགྲུབ་པས་དེ་ག་རང་གཅིག་པུ་ལས་རྟོག་པ་གཞན་དང་དུས་མཉམ་འགྲོགས་པ་མི་སྲིད་ཅེས་པའི་གཞུང་དག་ལ་བརྟེན་ནས་རིགས་མཐུན་པའི་ཤེས་པ་རྫས་ཐ་དད་པའི་རྟོག་པ་དང་རྟོག་མེད་དུ་མ་དུས་གཅིག་ལ་སེམས་ཅན་ཅིག་གི་རྒྱུད་ལ་མི་འབྱུང་བ་བཞིན་དུ། རྟོག་པ་རིགས་མི་མཐུན་པ་རྫས་ཐ་དད་པ་དུ་མའང་གང་ཟག་ཅིག་གི་རྒྱུད་ལ་མི་འབྱུང་ཞིང་རྟོག་མེད་རིགས་མི་མཐུན་པ་རྫས་ཐ་དད་པ་དུ་མ་ཅིག་ཅར་བྱུང་བར་འདོད་ཀྱང་དེ་ནི་གཞུང་གི་དོན་ལེགས་པར་མ་གོ་བའི་རྣམ་འགྱུར་ངོམ་པ་ཙམ་དུ་ཟད་དེ། རྣམ་འགྲེལ་གྱི་གཞུང་དེའི་ནང་དོན་ནི། རིགས་མི་མཐུན་པའི་རྟོག་པ་ལ་རྩོལ་བས་གློ་བུར་དུ་གསར་བྱུང་དུ་མ་ཅིག་ཅར་མི་འབྱུང་ཞེས་པའི་དོན་དང་། ཡང་ན་ཕྱི་རོལ་རིགས་པ་ཅན་པ་འགོག་པའི་སྐབས་ཡིན་པས་ཉེས་པ་མེད་དེ། རིགས་པ་ཅན་པས་རྣམ་ཤེས་གཅིག་ལས་ཁས་མི་ལེན་པའི་ཕྱིར་དང་།
53ལེགས་བཤད་སྣང་བའི་གཏེར་དུ་རྟོག་བཞིན་མཐོང་ལ་རྟོག་པ་མེད་ཅེས་སོགས་ཀྱིས་གཟུགས་འཛིན་རྟོག་པ་རང་དང་དུས་མཚུངས་པའི་རྟོག་པ་གཞན་གྱི་དེ་མྱོང་བ་མེད་པ་དང་གསར་འབྱུང་གི་རྟོག་པ་གཉིས་དུས་མཉམ་དུ་མི་འབྱུང་གི་དོན་ལས་རྟོག་པ་རྫས་ཐ་དད་དུ་མ་མི་འབྱུང་བའི་དོན་དུ་མ་གསུངས་པའི་ཕྱིར་རོ། །རྒྱན་གྱི་རྣམ་བཤད་ཀྱི་དགོངས་དོན་ལ་དཔེ་དང་དཔེ་ཅན་བྱེད་པ་ཤན་འབྱེད་མ་ནུས་པ་དང་། གཞུང་ཚིག་གཅོད་མཚམས་ལ་མཉམ་པར་མ་བཞག་པའི་རྟགས་སུ་ཁུམས། 54ལེགས་བཤད་སྣང་བའི་གཏེར་དུ་རིགས་མི་མཐུན་པའི་བློ་དུ་མ་རྐྱེན་ཚང་ན་ཅིག་ཆར་དུ་སྐྱེ་བ་དང་། དེ་སྐྱེ་བ་དཔེའི་སྒོ་ནས་གསུངས་པ་རྣམས་འདིར་དྲན་པ་མཛད་དགོས་ལ། རྫས་རིགས་མཐུན་པའི་ཤེས་པ་དང་། དམིགས་པ་གཅིག་ལ་འཛིན་སྟངས་དངོས་འགལ་ཅན་གྱི་བློ་ལ་འདིར་རིགས་མཐུན་བློའི་དོན་དུ་གོ་མི་རིགས་སོ།།
མདོར་ན་མདོ་དང་བསྟན་བཅོས་དག་ལས་རིགས་མཐུན་མི་མཐུན་ཅིག་ཅར་དུ་འབྱུང་བ་ཡོད་མེད་སྣ་ཚོགས་པ་བཤད་པའི་དོན་དྲིལ་ན་འགྲོ་བ་གཅིག་གི་རྒྱུད་ལ་ཅིག་ཅར་དུ་སྐྱེ་རུང་བ་དང་མི་རུང་བའི་ཤེས་པ་ནི། རྟོག་པ་དང་རྟོག་མེད་རིགས་མཐུན་གྱི་ཤེས་པ་དུ་མ་དུས་མཉམ་དུ་སྐྱེ་མི་རུང་བ་དང་། རིགས་མི་མཐུན་པའི་ཤེས་པ་ལའང་སྤང་གཉེན་ལྟ་བུ་དང་། གསར་བྱུང་གི་རྟོག་པ་གཉིས་ཅིག་ཅར་དུ་མི་འབྱུང་ཞིང་སྐྱེ་མི་རུང་ལ། དེ་ལས་གཞན་པའི་རིགས་མི་མཐུན་པའི་ཤེས་པ་དུ་མ་དུས་མཉམ་དུ་སྐྱེ་རུང་བའི་རྣམ་གཞག་བྱས་ན་ཤིན་ཏུ་ནས་ལེགས་པའི་བཤད་པའོ།།
མཇུག་མཐའི་གཏམ།
དོགས་གཞི་ཆེ་ཞིང་གཞུང་དོན་ཤིན་ཏུ་དཀའ་བའི་གནད་དག་གཞན་དུ་མ་སྐྱུར་བར་ཕྱོགས་གཅིག་ཏུ་བསྡུས་ནས་རགས་ཙམ་དཔྱད་ཁུལ་བྱས་མོད། རྒྱལ་སྲས་གྲགས་པའི་བཤེས་གཉེན་གྱིས། དོན་དཀའ་བ་ལ་བདག་འདྲའི་བློ། །འཁྲུལ་མི་སྲིད་པ་མ་ཡིན་པས། །གལ་ཏེ་རིགས་པར་ལྟ་ན་བླངས། །ཅི་སྟེ་མིན་ན་གཞན་དུ་གྱིས། །ཞེས་གསུངས་པ་ལྟར་བློ་རྒྱ་རྟ་རྔ་ཙམ་ལས་ཀྱང་ཕྲ་བ་ཞིག་གིས་གཞུང་ཆེན་རི་བོའི་རྒྱ་ཁྱོན་བསྡོམས་པར་རློམ་པ་ནི། གནས་ཚུལ་དང་མི་མཐུན་པར་སྨོས་མེད་ལགས་ན། ཐོས་བསམ་དམན་པས་འདིར་ཡང་དག་པར་མ་བཤད་པ་དང་། མ་བྲིས་པ། ལོག་པར་བྲིས་པ་ཇི་སྙེད་ཅིག་མཆིས་པ་ཀུན་ཀྱང་གཞུང་འདིའི་མཛད་པ་པོ་མཆོག་ལ་སྙིང་ནས་བཤགས་པ་དང་ལྷན། འདི་ལ་འབད་པས་ཐོབ་པའི་ལེགས་ཆ་ཕྲ་མོ་ཙམ་ཡོད་ན་ལུས་ཅན་ཀུན་གནས་ལུགས་འབྱེད་པའི་ཤེས་རབ་དང་། སྙིང་བརྩེ་གཉིས་ལ་སྐད་ཅིག་ཏུའང་མི་འབྲལ་བའི་རྒྱུ་རུ་བསྔོའོ།།
སླར་སྨྲས་པ།
གཞུང་གི་གནད་ལ་ཅུང་ཙམ་དཔྱད་པ་འདིར།།
ཉེས་བཤད་ལོག་འགྲེལ་སྤྱན་ལྡན་མདུན་དུ་བཤགས།།
འབད་པས་ཐོབ་པའི་ལེགས་ཆ་ཅུང་མཆིས་ན།།
ཀུན་ཀྱང་ཤེས་རབ་གསལ་བའི་རྒྱུར་གྱུར་ཅིག།
- འབྲས་སྤུངས་བློ་གསལ་གླིང་དཔེ་མཛོད་ཁང་གི་པར་མ། ཤོག་ངོས་ ༩ པ་ལས། གཞན་གྱིས་མྱོང་བ་མ་ཡིན་ཡིན་ཏེ། །ཆོས་སྤྱོད་བཅུ་ཡི་བདག་ཉིད་ཀྱི། །མདོ་དོན་དྲན་པ་ལ་བཞག་ནས། །བློ་དང་ལྡན་པས་མཐོང་འགྱུར་ཕྱིར།།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། ཤོག་ངོས་ ༢༦ པ་ལས། དེ་ཡང་གཞི་ཤེས་ལམ་ཤེས་གཉིས་ནི་ཚོགས་ལམ་ནས་མི་སློབ་པའི་བར་ན་ཡོད་དོ།།
- སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། བོད་སྤྲུལ་གསུང་འབུམ་པོད་ ༢ པ། ཤོག་ངོས་ ༢༥ པ་ལས། དང་པོ་ལ་རྣམ་པ་སྐྱེ་མེད་ཀྱི་མངོན་རྟོགས་རྣམ་མཁྱེན། ལམ་མཚན་མེད་ཀྱི་མངོན་རྟོགས་ལམ་ཤེས། གཞི་བདག་མེད་ཀྱི་མངོན་རྟོགས་གཞི་ཤེས།
- མོན་རྡི་རང་ཐུབ་གསུང་དར་རྒྱས་གླིང་གི་སློབ་གཉེར་ཁང་གི་ཕྱི་ལོ་ ༢༠༡༧ ལོའི་པར་མ། ཤོག་ངོས་ ༢༩ པ་ལས། ས་མཚམས། ཐེག་ཆེན་གྱི་ལམ་ལྔ་ཀ་ན་ཡོད།
- སྡེ་དགེ་བཀའ་འགྱུར་པོད་ ༨༤ པ། ཤོག་ངོས་ ༢༨༨ པ་ལས། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡིན་ནོ།།
- འབྲས་སྤུངས་བློ་གསལ་གླིང་གི་དཔེ་མཛོད་ཁང་གི་པར་མ། ཤོག་ངོས་ ༡༡ པ་ལས། ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་དང་། བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་དང་། ཉན་ཐོས་ལ་སོགས་མཐོང་བའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད།།
- སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། བོད་སྤྲུལ་གསུང་འབུམ་པོད་ ༢ པ། ཤོག་ངོས་ ༥ པ་ལས། མཆོད་བརྗོད་ཀྱི་ཚིགས་སུ་བཅད་པའི་དོན་མདོའི་གླེང་གཞི་དང་སྦྱར་ཏེ་དེའི་སྦས་དོན་དུ་གྱུར་པ་མཁྱེན་པ་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་སྲས་འཕགས་བཞིའི་ཡུམ་དུ་གྱུར་པའི་ཤེར་ཕྱིན་ལ་ཕྱག་མཛད་པ་སྟེ། ཞེས་སོགས་གསུངས།
- སྡེ་དགེ་བསྟན་གྱུར། ཤེར་ཕྱིན་པོད་ཀ་པ། ཤོག་ངོས་ ༡ པོ་ལས། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་རྣམ་པ་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉེ་བར་དགོད་པ་སྔོན་དུ་འགྲོ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཤེར་ཕྱིན་པོད་ཀ་པ། ཤོག་ངོས་ ༢༨༨ པ་ལས། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་རྣམ་པ་རྣམས་བསྡུས་པར་འགྱུར་བ་ཡིན་ཏེ།
- སྡེ་དགེ་བཀའ་འགྱུར། པོད་ ༢༠༥ པ། ཤོག་ངོས་ ༢༢༢ པ་ལས། དོན་དམ་ཡང་དག་འཕགས་པ་ཉན་ཐོས་རིགས་ཅན་གང་ཟག་ཞི་བའི་བགྲོད་པ་གཅིག་པུ་པ་ནི་སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་སྙིང་པོ་ལ་བཞག་སྟེ། བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་སྙིང་རྗེ་ཤིན་ཏུ་ཆུང་བ་དང་། སྡུག་བསྔལ་གྱིས་ཤིན་ཏུ་འཇིགས་པའི་ཕྱིར་རང་བཞིན་གྱིས་རིགས་དམན་པ་ཁོ་ན་ཡིན་པའི་ཕྱིར་རོ། །ཉན་ཐོས་བྱང་ཆུབ་ཡོངས་སུ་གྱུར་བ་གང་ཡིན་པ་དེ་ནི་ངས་རྣམ་གྲངས་ཀྱིས་བྱང་ཆུབ་སེམས་དཔའ་ཡིན་པར་བསྟན་ཏེ། འདི་ལྟར་དེ་ནི་ཉོན་མོངས་པའི་སྒྲིབ་པ་ལས་རྣམ་པར་གྲོལ་ནས། དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐུལ་ན། ཤེས་བྱའི་སྒྲིབ་པ་ལས་རྣམ་པར་གྲོལ་བར་བྱེད་པའི་ཕྱིར་རོ།།
- སྡེ་དགེ་བསྟན་འགྱུར། པོད་ ༡༣༡ པ། ཤོག་ངོས་ ༢༤༩ པ་ལས། ཉན་ཐོས་བྱང་ཆུབ་ཡོངས་སུ་འགྱུར་བ། ཅི་ཕུང་པོ་ལྷག་མ་མེད་པའི་མྱང་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སྒྲུབ་པར་བྱེད་དམ། འོན་ཏེ་ཕུང་པོའི་ལྷག་མ་དང་བཅས་པའི་མྱང་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བྱེད་ཅེ་ན། སྨྲས་པ། ཕུང་པོའི་ལྷག་མ་དང་བཅས་པའི་མྱང་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བྱེད་དེ། འདི་ལྟར་ཕུང་པོའི་ལྷག་མ་མེད་པའི་མྱང་ངན་ལས་འདས་པའི་དབྱིངས་ལ་གནས་པ་ནི་རྩོམ་པ་ཐམས་ཅད་དང་བྲལ་ཞིང་། འབད་པ་ཐམས་ཅད་རྒྱུན་བཅད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ཕུང་པོ་ལྷག་མ་དང་བཅས་པའི་མྱང་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་། བླ་ན་མེད་པའི་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སྒྲུབ་པར་བྱེད་ཅེ་ན། ཇི་ལྟར་སྐྱེ་བ་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སྒྲུབ་ཏུ་རུང་སྟེ། དགྲ་བཅོམ་པ་ལ་ནི་རེ་ཞིག་སྐྱེ་བ་གཅིག་ཀྱང་མེད་ན། སྐྱེ་བའི་རྒྱུན་ལྟ་སྨོས་ཀྱང་ཅི་དགོས་ཤེ་ན། སྨྲས་པ། ཚེའི་འདུ་བྱེད་བསྲིངས་ནས་མངོན་པར་སྒྲུབ་པར་བྱེད་དོ།།
- སྡེ་དགེ་བསྟན་འགྱུར། པོད་ ༡༣༡ པ། ཤོག་ངོས་ ༢༤༥ པ་ལས། དབྱིངས་དེར་ཡོངས་སུ་མྱང་ངན་ལས་འདས་པ་ནི་ལྷ་ཉིད་ཀྱི་གྲངས་སུ་མི་འགྲོ་ལ། དྲི་ཟ་ཉིད་དུ་ཡང་མ་ཡིན། ཀླུ་ཉིད་དུ་ཡང་མ་ཡིན། མིའམ་ཅི་ཉིད་དུ་ཡང་མ་ཡིན། ལྷ་མ་ཡིན་ཉིད་དུ་ཡང་མ་ཡིན། གནོད་སྦྱིན་ཉིད་དུ་ཡང་མ་ཡིན། མི་ཉིད་ཀྱི་གྲངས་སུ་ཡང་མི་འགྲོ་སྟེ།
- སྡེ་དགེ་བསྟན་འགྱུར། པོད་ ༡༣༡ པ། ཤོག་ངོས་ ༢༤༩ པ་ལས། ཉན་ཐོས་བྱང་ཆུབ་ཡོངས་སུ་འགྱུར་བ། ཅི་ཕུང་པོ་ལྷག་མ་མེད་པའི་མྱང་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་སྒྲུབ་པར་བྱེད་དམ། འོན་ཏེ་ཕུང་པོའི་ལྷག་མ་དང་བཅས་པའི་མྱང་ངན་ལས་འདས་པའི་དབྱིངས་ལ་གནས་ཤིང་བྱེད་ཅེ་ན། ཞེས་སོགས་ལུང་ཆ་ཚང་གོང་དུ་བཀོད་ཡོད་པས་དེར་གཟིགས་མཛོད།
- བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་པར་མ། བོད་ཀྱི་གཙུག་ལག་གཅེས་བཏུས་པོད་ཕྲེང་། ༢༣ པ། ཤོག་ངོས་ ༡༥༠ པ་ལས། སྙོམས་འཇུག་གཉིས་ཀ་འདོད་པ་དང་གཟུགས་ཀྱི་ཁམས་པའི་རྟེན་ཅན་ཡིན་གྱི་གཟུགས་མེད་པའི་ནི་མ་ཡིན་ཏེ། དགག་གཞི་མེད་པའི་ཕྱིར་དང་། འདུ་ཤེས་མེད་པའི་སྙོམས་འཇུག་བསམ་གཏན་བཞི་པས་བསྡུས་པའི་ཕྱིར་དང་། འགོག་པ་ནི་འདུ་ཤེས་དང་ཚོར་བ་རགས་པས་སྐྱོ་བས་ཡིན་ན་གཟུགས་མེད་པ་ནི་ཞི་བར་གནས་པས་དེ་དག་གིས་སྐྱོ་བ་མེད་པའི་ཕྱིར་རོ།།
- སྡེ་དགེ་བཀའ་འགྱུར། པོད་ ༨༩ པ། ཤོག་ངོས་ ༣༥ པ་ལས། རིགས་ཀྱི་བུ། སྐུ་གཉིས་པོ་དེ་དག་ལ་བརྟེན་ནས་ནི་སངས་རྒྱས་ཐམས་ཅད་ཀྱི་ལྷག་མ་དང་བཅས་པའི་མྱང་ངན་འདས་པ་བསྟན་ཏོ། །ཆོས་ཀྱི་སྐུ་དེ་ལ་བརྟེན་ནས་ནི་ལྷག་མ་མེད་པའི་མྱང་ངན་ལས་འདས་པ་བསྟན་ཏོ།།
- སྡེ་དགེ་བསྟན་འགྱུར། པོད་ ༡༠༨ པ། ཤོག་ངོས་ ༣༢ པ་ལས། དེ་ལྟར་ཉན་ཐོས་དང་ཐུན་མོང་བའི་མྱང་ངན་ལས་འདས་པ་བརྗོད་པ་ཁས་བླངས་ཏེ་བསྟན་ཏོ།།
- སྡེ་དགེ་བཀའ་འགྱུར། པོད་ ༨༩ པ། ཤོག་ངོས་ ༣༣༡ པ་ལས། སྐུ་གཉིས་ལ་ནི་མྱང་ངན་ལས་འདས་པ་ཞེས་མི་གསུང་སྟེ། ཆོས་ཀྱི་སྐུ་ལས་གཞན་པའི་སངས་རྒྱས་མེད་པའི་ཕྱིར་རོ། །ཅིའི་ཕྱིར་སྐུ་གཉིས་པོ་ལ་མྱང་ངན་ལས་འདས་པ་ཞེས་མི་བྱ་ཞེ་ན། སྐུ་དེ་གཉིས་ནི་ཡང་དག་པ་མ་ཡིན་པ་བཏགས་པ་ཙམ་ལས། སྐད་ཅིག་ཏུ་སྐྱེ་ཞིང་འགག་པ་རྟག་པར་མི་གནས་པ་དང་། ཡང་དང་ཡང་དུ་འབྱུང་བས་མ་ངེས་པ་ལྟར་ཆོས་ཀྱི་སྐུ་ནི་དེ་ལྟ་མ་ཡིན་ནོ།།
- སྡེ་དགེ་བཀའ་འགྱུར། པོད་ ༦༠ པ། ཤོག་ངོས་ ༢༩༩ པ་ལས། ངེས་པའི་དོན་གྱི་མདོ་སྡེ་ནི་གང་། དྲང་པའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ཀུན་རྫོབ་བསྒྲུབ་པ་བསྟན་པ་དེ་དག་ནི་དྲང་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་དོན་དམ་པ་བསྒྲུབ་པ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ།།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༤ ལོའི་པར་མ། ཤོག་ངོས་ ༢༡༥ པ་ལས། དེས་ན་འཁོར་ལོ་བར་པའི་བསྟན་དོན་ཀུན་བྱང་གི་ཆོས་ཐམས་ཅད་སྟོང་པར་བསྟན་པ་ནི་དེ་དེ་བཞིན་དུ་གྲུབ་སྟེ་བདེ་གཤེགས་སྙིང་པོའང་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཀྱང་སྟོང་པའི་རང་བཞིན་ཅན་གྱི་སྐུ་དང་། ཡེ་ཤེས་ཀྱི་སྣང་བ་དང་འདུ་འབྲལ་མེད་པའི་ཁྱད་པར་དུ་བྱས་པའི་སྙིང་པོ་བསྟན་པ་འདི་འཁོར་ལོ་ཐ་མའི་ངེས་དོན་གྱི་མདོ་སྡེ་རྣམས་ཀྱི་དགོངས་པ་ཡིན་པས་ཚུལ་དེ་ཙམ་གྱི་ཆ་ནས་འཁོར་ལོ་བར་པ་ལས་ལྷག་པའི་ཕྱིར། མདོ་སྡེ་དགོངས་འགྲེལ་ལས་འཁོར་ལོ་ཐ་མའི་དོན་ལ་མཆོག་ཏུ་བསྔགས་པའང་དེར་གཏོགས་ཚད་མ་ཡིན་གྱི་སྙིང་པོ་བསྟན་པའི་ངེས་དོན་གྱི་ཕྱོགས་ནས་དེ་ལྟར་གསུངས། དེས་ན་འཁོར་ལོར་བར་པར་བསྟན་པའི་སྟོང་ཉིད་དང་། ཐ་མར་བསྟན་པའི་སྐུ་དང་ཡེ་ཤེས་དག་སྣང་སྟོང་ཟུང་དུ་ཆུད་པར་བྱ་དགོས་པས། བར་པ་དང་ཐ་མའི་ངེས་དོན་གྱི་སྐོར་རྣམས་དབྱེ་བསལ་མེད་པར་གཉིས་ཀ་ངེས་དོན་དུ་ཀུན་མཁྱེན་ཀློང་ཆེན་པས་བཞེད་པ་འདི་ཁོ་ན་ལྟར་བཟུང་པར་བྱ་སྟེ། དེ་གཉིས་གཅིག་ངེས་དོན་དུ་བྱས་ན་གཅིག་དྲང་དོན་དུ་བྱ་དགོས་པའི་འགལ་བ་མེད་པར་མ་ཟད། ཟུང་དུ་ཚོགས་པར་བྱས་ན་བདེ་གཤེགས་སྙིང་པོ་དེ་ལྟ་བུ་ལ་རྒྱུ་རྒྱུད་ཀྱི་དོན་དུ་བྱས་ནས་རྡོ་རྗེ་ཐེག་པའི་མན་ངག་གི་གནད་འབྱུང་བས་སངས་རྒྱས་ཀྱི་བསྟན་པ་དེ་དག་གནད་གཅིག་ཏུ་འབབ་པར་ཤེས་དགོས་ཤིང་། མཐར་ཐུག་གི་དོན་འདི་ལ་ཀླུ་ཐོགས་གཉིས་སོགས་འཕགས་པ་རྣམས་དགོངས་པ་གཅིག་སྟེ་ཆོས་དབྱིངས་བསྟོད་པ་དང་སེམས་འགྲེལ་ལ་སོགས་པ་དང་། རྒྱུད་བླའི་འགྲེལ་པ་སོགས་ཀྱིས་གསལ་བར་རྟོགས་པའི་ཕྱིར་རོ།།
- སྡེ་དགེ་བཀའ་འགྱུར། པོད་ ༤༩ པ། ཤོག་ངོས་ ༤༩ པ་ལས། ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཀྱི། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ།།
- དཔལ་བརྩེགས་བསྐྱར་དཔར་མ། ཀུན་མཁྱེན་ཀློང་ཆེན་པའི་གསུང་འབུམ། དེབ་ཕྲེང་། ༢༡ པ། ཤོག་ངོས་ ༡༣༧ པ་ལས། དྲང་དོན་དང་ངེས་དོན་གྱི་རྣམ་པར་གཞག་པ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་དབྱིངས་རང་བཞིན་གྱིས་དག་པ་སེམས་ཉིད་འོད་གསལ་བའི་དགོངས་པ་ནི་རང་བཞིན་གྱིས་དག་ཅིང་འཕོ་འགྱུར་མེད་པ་སྐྱེ་འགག་གནས་གསུམ་ལས་འདས་པ་ནམ་མཁའི་ངོ་བོ་ནི་ངེས་པའི་དོན་ཡིན་ལ། དེ་སྟོན་པའི་བཀའ་དང་བསྟན་བཅོས་མ་ལུས་པ་ངེས་པའི་དོན་གྱི་ཁོངས་སུ་བསྡུའོ། །ཆོས་ཅན་སྣང་ཚོད་པ་སྐྱེ་བ་དང་། འགག་པ་དང་། འོང་བ་དང་། འགྲོ་བ་དང་། དག་པ་དང་། མ་དག་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའི་རིམ་པ་རྣམ་པ་སྣ་ཚོགས་པར་སྣང་བ་རྨི་ལམ་ལྟ་བུ་སྨྲ་བསམ་བརྗོད་པའི་རིམ་པས་གཞལ་ཞིང་སྒྲོ་བཏགས་ནས་བསྟན་པ་ཐམས་ཅད་དྲང་བའི་དོན་ཞེས་བྱའོ། །དེ་སྟོན་པའི་བཀའ་དང་བསྟན་བཅོས་ཐམས་ཅད་ཀུན་རྫོབ་པའི་ནང་དུ་བསྡུའོ།།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ལོའི་པར་མ། ཤོག་ངོས་ ༢༦ པ་ལས། དེའང་བཀའ་དང་བསྟན་བཅོས་རྣམས་ན་བདེན་གཉིས་འཇོག་ཚུལ་གཉིས་སུ་གནས་ཏེ། གནས་ལུགས་དོན་དམ་ལ་དཔྱོད་པའི་ཚད་མའི་དབང་དུ་བྱས་ཏེ། སྟོང་པ་ལ་དོན་དམ་དང་། སྣང་བ་ལ་ཀུན་རྫོབ་ཅེས་བཞག་པ་དང་། སྣང་ཚུལ་ལ་དཔྱོད་པ་ཀུན་ཏུ་ཐ་སྙད་པའི་ཚད་མའི་དབང་དུ་བྱས་ཏེ། གནས་སྣང་མཐུན་པ་མི་བསླུ་བའི་ཡུལ་དང་ཡུལ་ཅན་ལ་དོན་དམ་དང་། ལྡོག་ཕྱོགས་ལ་ཀུན་རྫོབ་ཏུ་འཇོག་པའི་ཚུལ་གཉིས་ལས།
- ༢༠༡༤ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༤ ལོའི་པར་མ། དེ་བཞིན་གཤེགས་པའི་སྙིང་པོའི་སྐབས་དེ་དང་པོ། ཤོག་ངོས་ ༧༦ པ་ལས། རྣམ་དབྱེར་བཅས་པའི་མཚན་ཉིད་ཅན། །གློ་བུར་དག་གི་ཁམས་སྟོང་གི །རྣམ་དབྱེ་མེད་པའི་མཚན་ཉིད་ཅན། །བླ་མེད་ཆོས་ཀྱིས་སྟོང་མ་ཡིན།།
- དཔལ་བརྩེགས་བསྐྱར་དཔར་མ། ཀུན་མཁྱེན་ཀློང་ཆེན་གྱི་གསུང་འབུམ། དེབ་ཕྲེང་། ༡༥ པ། ཤོག་ངོས་ ༡༥༩ པ་ལས། དེའང་ཁས་བླངས་པའི་ཆོ་གས་ཐོབ་པའི་སེམས་བསྐྱེད་ནི་སློབ་ལམ་ན་ཡོད་ཀྱི་སངས་རྒྱས་ཀྱི་ས་ལ་མེད་དོ།།
- དཔལ་བརྩེགས་བསྐྱར་དཔར་མ། ཀུན་མཁྱེན་ཀློང་ཆེན་གྱི་གསུང་འབུམ། དེབ་ཕྲེང་། ༡༤ པ། ཤོག་ངོས་ ༢༥༨ པ་ལས། དེའང་སངས་རྒྱས་ན་ཆོ་ག་ལས་བྱུང་བ་དང་། ད་གཟོད་འཐོབ་བྱའི་སེམས་བསྐྱེད་དུ་མེད་ཀྱང་། ཐུགས་རྗེ་ཆེན་པོས་དོན་མཛད་པ་དུས་ལས་མི་ཡོལ་བའི་སེམས་བསྐྱེད་པ་དང་། དོན་དམ་སེམས་བསྐྱེད་ཡོད་དེ། དོར་པ་མེད་པའི་སྟོང་པ་ཉིད་ཡོད་པའི་ཕྱིར་དང་། དོན་དམ་སེམས་བསྐྱེད་ཐོབ་ལ་ཉམས་བྱེད་ཀྱི་རྒྱུ་མེད་པའི་ཕྱིར་རོ། །དེས་ན་སངས་རྒྱས་ཀྱི་ས་ན་སེམས་བསྐྱེད་ཡོད་མེད་ནི་ཚུལ་འདིས་ཤེས་པར་བྱའོ།།
- དཔལ་བརྩེགས་བསྐྱར་དཔར་མ། ཀུན་མཁྱེན་ཀློང་ཆེན་གྱི་གསུང་འབུམ། དེབ་ཕྲེང་། ༢༡ པ། ཤོག་ངོས་ ༡༧ པ་ལས། ཁ་ཅིག་སྐབས་འདིའི་ཐ་མ་གསུམ་ཀུན་ཏུ་འོད་ཀྱི་ས་ལ་སྦྱོར་བའི་ལུང་དུ་འཆད་པ་མི་རིགས་ཏེ། སངས་རྒྱས་ཀྱིས་དེ་ལ་འཇུག་མི་རིགས་པའི་ཕྱིར་ཏེ། ཟད་པའམ་མཐའ་མི་དམིགས་པའི་ཕྱིར་རོ། །སངས་རྒྱས་ཀྱིས་ཞེས་པ་ཐེག་ཆེན་གྱི་དགྲ་བཅོམ་ཞུགས་པའི་ས་སྟེ་བཅུ་པའི་སྦྱོར་དངོས་རྗེས་གསུམ་དུ་བཤད་ཅིང་། མདོ་སྡེ་རྒྱན་ལས། རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ། །སྤྲིན་དང་འདྲ་བར་བསྟན་པ་ཡིན། །ཞེས་པས་ཉི་ཤུ་རྩ་གཉིས་པོ་འདི་ཚོགས་ལམ་ནས་ས་བཅུ་པའི་བར་དུ་གསུངས་པ་ཡིན་ནོ། །འདིར་སངས་རྒྱས་ཀྱི་ས་ལ་སེམས་བསྐྱེད་ཡོད་མེད་ཅེ་ན། སློབ་ལམ་པའི་སེམས་བསྐྱེད་ལྟར་ད་གཟོད་ཐོབ་པར་འདོད་པ་མེད་དེ་ཐོབ་ཟིན་པའི་ཕྱིར་དང་། ཁས་བླངས་པའི་དུས་ལས་འདས་པའི་ཕྱིར་ཆོ་གས་བླངས་པའི་སེམས་བསྐྱེད་མེད་པ་ཡིན་ནོ།།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། མདོ་སྐོར། སྨད་ཆ། ཤོག་ངོས་ ༣༨ པ་ལས། དེའང་སངས་རྒྱས་ཀྱི་ས་ན་ཆོ་ག་ལས་བྱུང་བ་དང་འཁོར་བའི་ཤེས་པ་ཅན་མེད་ཀྱང་ཁམས་དེའི་ཡོན་ཏན་ཅི་ཡོད་པ་ཐམས་ཅད་མངོན་དུ་གྱུར་ནས་ཐུགས་རྗེ་ཆེན་པོའི་མཛད་པ་དུས་ལས་མི་ཡོལ་བ་དོན་དམ་པའི་ཡེ་ཤེས་དང་རོ་གཅིག་ཏུ་གྱུར་པ་དེ་ལ་བྱའོ།།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། མདོ་སྐོར། སྨད་ཆ། ཤོག་ངོས་ ༤༢ པ་ལས། འདིར་ཀུན་མཁྱེན་ཆེན་པོའི་བཞེད་པ་ལྟར་ན་དེ་ལ་སོགས་པའི་བྱང་ཆུབ་སེམས་པའི་ཐུགས་རྒྱུད་ཀྱི་དཀར་ཆོས་ཀྱི་ཡོན་ཏན་ཐམས་ཅད་ལ་བསམ་པས་སྨོན་པའི་ཆ་དང་འཇུག་པས་ལག་ལེན་ལ་ཁྱབ་པར་བྱེད་པའི་ཆ་གཉིས་ཡོད་པས་དེ་གཉིས་པོ་རེ་རེ་ལ་ཐམས་ཅད་འདུ་བ་ཡིན་ནོ།།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། ཤོག་ངོས་ ༤༠ པ་ལས། རྒྱལ་སྲས་ལ་ཡོད་པས་སངས་རྒྱས་ལ་ཡོད་པ་མི་ཁེགས་ལ། རྒྱལ་སྲས་རྣམས་ཀྱིས་འཐོབ་པར་བྱ་བའི་སེམས་བསྐྱེད་ཅེས་ཀྱང་དགོངས་པ་བརྟགས་ནུས་ཏེ། དེ་ལྟ་མིན་ན་སྔར་གྱི་ས་མཚམས་དང་འགལ་ཞིང་དོན་དམ་སེམས་བསྐྱེད་ཀྱང་མེད་པར་ཐལ་ལོ།།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ལོའི་པར་མ། ཤོག་ངོས་ ༢༥༡ པ་ལས། དེ་ལྟ་བུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད་ནི། དོན་དམ་བྱང་ཆུབ་ཀྱི་སེམས་མཚན་ཉིད་པ་རྟོགས་པའི་གང་ཟག་ལ་ནམ་ཡང་འབྲལ་མི་ཤེས་སུ་འབྱུང་སྟེ།
- ཡེ་ཤེས་སྡེ་ཆོས་པར་ཁང་། འཇམ་མགོན་མི་ཕམ་རིན་པོ་ཆེའི་བཀའ་འབུམ། ཤེར་ཕྱིན་སྐོར། དེབ་ ༩ པ། ཤོག་ངོས་ ༡༩༣ པ་ལས། སེམས་བསྐྱེད་དེ་སྐྱེ་བའི་གེགས་སྒྲིབ་པ་དང་ཉོན་མོངས་བསལ་ནས་ཞེས་པའི་ཚོགས་ལམ་ཆུང་ངུ་ནས་སངས་རྒྱས་ཀྱི་སའི་བར་དུ་དེའི་གེགས་དང་བྲལ་ཞིང་གྲོགས་འདུན་པ་སོགས་དང་མཚུངས་པ་ལྡན་པའི་སྒོ་ནས་ས་ལྟ་བུའི་སེམས་བསྐྱེད་ལ་སོགས་པར་འཇོག་པ་ཡིན་པས་གཞན་ཀུན་ཀྱང་དོན་གྱིས་འདིར་འདུ་བ་ཡིན་ནོ།།
- ཡེ་ཤེས་སྡེ་ཆོས་པར་ཁང་། འཇམ་མགོན་མི་ཕམ་རིན་པོ་ཆེའི་བཀའ་འབུམ། ཤེར་ཕྱིན་སྐོར། དེབ་ ༩ པ། ཤོག་ངོས་ ༣༧༠ པ་ལས། མདོར་ན་དེ་དག་ཚོགས་ལམ་ཆུང་ངུ་ནས་སངས་རྒྱས་ཀྱི་སའི་བར་དུ་དེའི་གེགས་དང་བྲལ་ཞིང་གྲོགས་འདུན་པ་སོགས་དང་མཚུངས་པར་ལྡན་པའི་སྒོ་ནས་ས་ལྟ་བུའི་སེམས་བསྐྱེད་ལ་སོགས་པར་ཇེ་བཟང་དུ་སོང་ནས་འཇོག་པ་ཡིན་ནོ། །ས་མཚམས་འདི་ནི་སློབ་དཔོན་སེང་བཟང་གི་ལུགས་ཡིན་ལ། ས་བཅུ་རྒྱུན་མཐའི་སྦྱོར་དངོས་མཇུག་ན་ཡོད་པར་བཞེད་པའང་ཡོད་དོ།།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། ཤོག་ངོས་ ༣༥ པ་ལས། དང་པོ་མཚན་གཞི་ལ་བཞེད་ཚུལ་ལྔ་སྟེ། ཞེས་སོགས་གསུངས།
- དཔལ་བརྩེགས་བསྐྱར་དཔར་མ། ཀུན་མཁྱེན་ཀློང་ཆེན་པའི་གསུང་འབུམ། དེབ་ཕྲེང་། ༡༤ པ། ཤོག་ངོས་ ༢༥༦ པ་ལས། འདིར་སེམས་དང་སེམས་བྱུང་གི་ཁྱད་པར་བསྟན་པ་ནི། སེམས་བསྐྱེད་པས་ནི་སེམས་བྱུང་ཞར་ལ་བསྐྱེད། །སེམས་ནི་དོན་གྱི་ངོ་བོ་རང་སྟོབས་རིག །སེམས་བྱུང་དོན་གྱི་ཁྱད་པར་རང་སྟོབས་རིག།།
- འབྲས་སྤུངས་བློ་གསལ་གླིང་གི་པར་མ། ཤོག་ངོས་ ༡༥ པ་ལས། ཇི་ལྟར་ན་སེམས་བསྐྱེད་པ་ཡིན་པར་འགྱུར་ཞེ་ན། བདེན་མོད་ཀྱི།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། ཤོག་ངོས་ ༣༧ པ་ལས། གཞན་དོན་དུ་རྫོགས་པའི་བྱང་ཆུབ་འདོད་པ་དང་མཚུངས་ལྡན་དུ་འབྱུང་བའི་སེམས་སོ།།
- ཡེ་ཤེས་སྡེ་ཆོས་པར་ཁང་། འཇམ་མགོན་མི་ཕམ་རིན་པོ་ཆེའི་བཀའ་འབུམ། ཤེར་ཕྱིན་སྐོར། དེབ་ ༩ པ། ཤོག་ངོས་ ༣༦༦ པ་ལས། གཞན་འགྲོ་བ་མཐའ་ཡས་པ་སེམས་ཅན་ཐམས་ཅད་ཀྱི་དོན་ཁུར་དུ་ཁྱེར་བའི་ཕྱིར་ཞུགས་པ་སྙིང་རྗེའི་ཆེད་དུ་བྱ་བ་གཞན་དོན་ལ་དམིགས་པ་དང་། དོན་དུ་གཉེར་བྱ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འདོད་པ་དང་མཚུངས་ལྡན་གྱི་སེམས་ཁྱད་པར་ཅན་ཡིན་ནོ།།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། ཤོག་ངོས་ ༣༥ པ་ལས། སེམས་རྟེན་ནི། རྒྱལ་བ་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་སེམས་ཀྱི་ཕན་ཡོན་ཐོས་པ་དང་གསུམ་ཡིན་ཏེ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། ཤོག་ངོས་ ༡༤ པ་ལས། རྟེན་དང་བརྟེན་པའི་དོན་ནི། ལམ་དེ་ས་དེའི་ངོ་བོ་སྐྱེས་བ་ལ་བྱ་སྟེ། དཔེར་ན། ཤིང་པ་ལ་ཤ་དག་ལ་ཀུན་དགའ་ར་བར་བརྟེན་ཏོ་ཞེས་པ་ལྟ་བུའོ། །རྟེན་དང་བརྟེན་པ་མཚན་ཉིད་པ་རྫས་དོན་གཞན་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ།།
- བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་གི་པར་མ། བོད་ཀྱི་གཙུག་ལག་གཅེས་བཏུས་པོད་ཕྲེང་། ༢༣ པ། ཤོག་ངོས་ ༨ པ་ལས། བརྟེན་པའི་དོན་ཡང་ལམ་དེ་དག་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་གྱི་རང་བཞིན་དུ་སྐྱེས་པ་ལ་བརྗོད་ཀྱི་འཁར་གཞོང་ལ་རྒྱ་ཤུག་བརྟེན་པ་ལྟར་ནི་མ་ཡིན་ནོ།།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། ཤོག་ངོས་ ༥༦ པ་ལས། འོ་ན་རྟེན་དང་བརྟེན་པར་འགྱུར་ཚུལ་ཇི་ལྟ་བུ་ཞེ་ན། འདི་ནི་འཁར་གཞོང་ལ་རྒྱ་ཤུག་བརྟེན་པ་དང་། ས་བོན་ལས་མྱུ་གུ་སྐྱེ་བ་ལ་དེ་ལ་བརྟེན་ཞེས་པ་ལྟ་བུ་ཡང་མིན་ནོ། །འོ་ན་ཅི་ཞེ་ན། བརྟེན་པར་བཤད་པ་དེ་རྣམས་ས་གང་དང་གང་གི་ངོ་བོར་སྐྱེས་པ་ལ་བརྟེན་པའི་ཐ་སྙད་བྱས་པ་སྟེ། ཚུལ་འདི་ནི་ལམ་གྱི་སེམས་རྟེན་ཐམས་ཅད་ལ་རིག་པར་བྱ་སྟེ་ཆོས་མངོན་པ་བའི་ཐུན་མོང་མ་ཡིན་པའི་བརྡའོ།།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༥ ལོའི་པར་མ། ཤོག་ངོས་ ༥༥ པ་ལས། དེ་ཡང་ཀུན་བཏུས་ཀྱི་ལུགས་ཀྱི་བསམ་གཟུགས་བརྒྱད་ཀའི་དངོས་གཞི་ལས་ཡོན་ཏན་ཁྱད་པར་ཅན་གྱི་རྟེན་དུ་རུང་བ་ཐམས་ཅད་ལ་རབ་མཐའི་བསམ་གཏན་དང་གཟུགས་མེད་དུ་འདོད་དོ།།
- དཔལ་བརྩེགས་བསྐྱར་དཔར་མ། ཀུན་མཁྱེན་ཀློང་ཆེན་པའི་གསུང་འབུམ། དེབ་ཕྲེང་། ༢༡ པ། ཤོག་ངོས་ ༡༨ པ་ལས། སློབ་དཔོན་དཔལ་ཡེ་ཤེས་གྲགས་པ་ནི། དང་པོ་གསུམ་སྨོན་པ། ཕྱི་མ་བཅུ་དགུ་འཇུག་པར་འདོད་དེ། འདུན་སོགས་གསུམ་གྱི་དབྱེ་བ་ཡིས། །སྨོན་པའི་སེམས་ནི་རྣམ་པ་གསུམ། །འཇུག་པའི་སེམས་ཞེས་བྱ་བ་ནི། །རྣམ་པ་བཅུ་དགུ་དག་ཏུ་བཞེད།།
- སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དཔལ་སྤྲུལ་གསུང་འབུམ། པོད་ཅ་པ། ཤོག་ངོས་ ༢༥༧ པ་ལས། དེ་དག་ཀྱང་བསམ་པ་སོགས་གྲོགས་དང་། ས་སོགས་དཔེ་དང་། ཆོས་གཞིར་གྱུར་སོགས་ཆོས་མཐུན་ཏེ། ཐམས་ཅད་ལ་སྦྱར་ཤེས་པར་བྱ་ཞིང་། ལམ་དེ་དང་དེར། དེ་དག་ལྷག་པར་སྤྱོད་པ་ཙམ་ལས་ཕལ་ཆེར་ཐམས་ཅད་དུ་ཡོད་པ་ཡང་ཤེས་པར་བྱའོ།།
- སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དཔལ་སྤྲུལ་གསུང་འབུམ། པོད་ང་པ། ཤོག་ངོས་ ༡༡༡ པ་ལས། ཀུན་མཁྱེན་ཆེན་པོས་ནི་ཐམས་ཅད་ལའང་བསམ་པས་སྨོན་པའི་ཆ་དང་། འཇུག་པས་ལག་ལེན་ལ་ཁྱབ་པར་བྱེད་པའི་ཆ་གཉིས་རེ་ཡོད་དོ་ཞེས་གསུངས་སོ། །དེའང་ཡིན་ཏེ་དཔེར་ན་འདུན་པ་ལྟ་བུ་ལའང་བློས་བྱང་ཆུབ་ལ་འདུན་པ་ཙམ་ནི་སྨོན་པའི་སེམས་ཡིན་ལ། འདུན་པ་དེའི་དྲངས་ནས་བྱང་ཆུབ་སེམས་པའི་སྤྱོད་པ་གཞན་ལ་སློབ་པའི་ཆ་ནས་འཇུག་སེམས་ཡིན་ནོ།།
- དཔལ་བརྩེགས་བསྐྱར་དཔར་མ། ཀུན་མཁྱེན་ཀློང་ཆེན་པའི་གསུང་འབུམ། དེབ་ཕྲེང་། ༢༡ པ། ཤོག་ངོས་ ༡༨ པ་ལས། དེ་རེ་རེ་སྐབས་སུ་སྨོན་འཇུག་གཉིས་གཉིས་ཡོད་པར་འདོད་དགོས་ཏེ། སྨོན་པ་ནི་བྱང་ཆུབ་དོན་གཉེར་ཆ་དེ་ཡིན་ལ། འཇུག་པ་སྦྱོར་པས་ལག་ལེན་ལ་ཁྱབ་པར་བྱེད་པའི་ཆ་གཉིས་པོ་ཚང་དགོས་པའི་ཕྱིར་རོ།།
- དཔལ་བརྩེགས་བསྐྱར་དཔར་མ། ཀུན་མཁྱེན་ཀློང་ཆེན་པའི་གསུང་འབུམ། དེབ་ཕྲེང་། ༡༥ པ། ཤོག་ངོས་ ༧༧ པ་ལས། ཁ་དོག་དུ་མ་སྣང་ཡང་མིག་གི་རྣམ་ཤེས་གཅིག་གི་བདག་ཉིད་ཡིན་པས། གང་ཟག་རེ་རེ་ལ་མིག་གི་ཤེས་པ་དུ་མ་མི་འབྱུང་ལ། དེ་བཞིན་དུ་རྣ་བའི་ཤེས་པ་ལ་སོགས་པ་ཡང་རིགས་མཐུན་དུ་མ་མི་འབྱུང་བས་རིགས་མཐུན་པ་རེ་རེ་ཡིན་ལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ལོའི་པར་མ། ཤོག་ངོས་ ༡༢༦ པ་ལས། རིགས་མཐུན་གྱི་ཤེས་པ་གཉིས་ནམ་ཡང་དུས་གཅིག་ཏུ་སྐྱེ་བ་མེད་དེ། གལ་ཏེ་ཡུལ་བུམ་པ་ལྟ་བུ་གཅིག་ལ་དམིགས་པའི་ཚེ་བུམ་འཛིན་གྱི་ཤེས་པ་རྟོག་མེད་རིགས་མཐུན་ནམ་རྟོག་བཅས་དུས་སྔ་ཕྱི་མེད་པར་སྐྱེ་ན། ཡུལ་ཅན་གཉིས་སུ་སོང་བས་རྒྱུད་ཐ་དད་པར་འགྱུར་དགོས་པ་ཡིན་ལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། ཤོག་ངོས་ ༤༩ པ་ལས། གཞན་དུ་ཤེས་པའི་རྒྱུད་གཅིག་ལ་སྒྲ་ཤེས་ན་གཟུགས་མི་ཤེས་ཞེས་བསམ་པར་མི་བྱ་སྟེ། རྟོག་མེད་ཀྱི་ཤེས་པ་རིགས་མི་མཐུན་དུ་མ་དུས་གཅིག་ཏུ་འབྱུང་རུང་བའི་ཕྱིར། དེ་ལྟར་ནའང་རིགས་མི་མཐུན་པའི་ཤེས་པ་དག་ནང་ཕན་ཚུན་གཅིག་མིན་ལ། ཡིན་ན་ཁ་དོག་ལྔ་ལྡན་གྱི་ཁྲ་འཛིན་དང་སྔོ་འཛིན་ལ་ཁྱད་མེད་པར་ཐལ་ལོ།།
- ཝཱ་ཎ་རྙིང་མའི་བདེ་དོན་ལྷན་ཁང་གི་ཕྱི་ལོ་ ༢༠༠༩ ལོའི་པར་མ། སྨད་ཆ། ཤོག་ངོས་ ༡༡༨ པ་ལས། མེ་ལོང་གཅིག་ལས་མེད་པ་ལ་གཟུགས་གཅིག་གི་གཟུགས་བརྙན་གཅིག་ལས་གཉིས་སུ་མི་འཆར་བ་བཞིན་རྒྱུད་གཅིག་གི་བློ་ལ་བློ་རིགས་མཐུན་པ་གཉིས་དུས་གཅིག་མི་སྲིད་དོ། །དོན་གཉིས་སུ་མེད་པ་ལ་གཉིས་སུ་ཤར་བ་ག་ལ་སྲིད། གལ་ཏེ་ཟླ་བ་གཉིས་བཞིན་ཏུ་འཁྲུལ་ནས་ཤར་ན་ཡང་རིགས་མཐུན་པ་མ་ཡིན་ཏེ། ཤེས་པ་དེའི་ངོར་ཕ་རོལ་ཚུ་རོལ་གྱི་ཟླ་བ་གཉིས་སུ་ངེས་པའི་ཕྱིར་རོ། །དེས་ན་ཅིག་ཅར་ཤར་བའི་སྣང་བ་ཐམས་ཅད་ཡུལ་གྱི་གོ་ས་དང་རྣམ་པས་ཐ་དད་པར་འགྱུར་གྱི་ནང་རིགས་མཐུན་པ་མེད་དོ། །གལ་ཏེ་ཤེལ་ལ་ལར་མར་མེ་གཅིག་ལའང་གཟུགས་བརྙན་གཉིས་སོགས་འཆར་བ་བཞིན་དུ་རིགས་མཐུན་པ་གཉིས་ཤར་ཡང་ཅི་འགལ་སྙམ་ན། རྟོག་མེད་རྣམས་ནི་སྣང་བ་སྣ་ཚོགས་ཀྱི་རྐྱེན་ལས་དུ་མ་ཅིག་ཅར་དུ་འབྱུང་ཤེས་ཀྱང་། རྟོག་པ་ནི་གཟུང་དོན་གྱི་དབང་ལས་མ་ཡིན་པར་ཤེས་པ་སྔ་མའི་རྒྱུ་ལས་ཡུལ་གང་ལ་གཞན་ཀུན་བཅད་ནས་དེར་རྟོག་པ་ཙམ་སྐྱེ་བ་ཡིན་པས་རྟོག་གཉིས་ཅིག་ཅར་འཇུག་པ་མེད་དེ་རིམ་བཞིན་འབྱུང་བ་ཁོ་ནའོ།།
- ཝཱ་ཎ་རྙིང་མའི་བདེ་དོན་ལྷན་ཁང་གི་ཕྱི་ལོ་ ༢༠༠༩ ལོའི་པར་མ། སྨད་ཆ། ཤོག་ངོས་ ༤༢༢ པ་ལས། དེ་ནི་རང་རྒྱུད་ཀྱི་བློ་དེ་རྣམས་སྔོ་འཛིན་མིག་ཤེས་ལྟ་བུ་སྔ་མ་རང་དང་རིགས་མཐུན་པ་རེ་རེ་ཉིད་ལ་ནུས་པ་ངེས་པར་གྱུར་པ་ཡི་དོན་ཡིན་གྱི་རིགས་མི་མཐུན་པ་དུ་མ་ཅིག་ཅར་མི་སྐྱེ་བའི་དོན་མིན་ཏེ། ཉེར་ལེན་ཅན་གཅིག་ལ་ཉེ་བར་ལེན་པ་ཐ་དད་པ་དུ་མ་མི་རུང་བས། འདི་ལྟར་རྣམ་པར་རྟོག་པ་རིགས་མཐུན་པ་རྣམས་ནི་རང་གི་རྒྱུད་ལ་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རིམ་གྱིས་འབྱུང་བར་ཡང་དག་པར་རྟོགས་ཏེ་ཅིག་ཅར་འབྱུང་བ་མི་སྲིད་དོ།།
- ཝཱ་ཎ་རྙིང་མའི་བདེ་དོན་ལྷན་ཁང་གི་ཕྱི་ལོ་ ༢༠༠༩ ལོའི་པར་མ། སྨད་ཆ། ཤོག་ངོས་ ༡༥༢ པ་ལས། དེ་ཉིད་ཀྱིས་མྱོང་ཡིན་ན་ནི། །རྟོག་གཉིས་ཅིག་ཅར་མཐོང་བ་མེད།།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ལོའི་པར་མ། ཤོག་ངོས་ ༡༢༧ པ་ལས། དེས་ན་བུམ་པའོ་སྙམ་དུ་རྟོགས་པའི་ཚེ། བུམ་མིན་ཐམས་ཅད་རྣམ་པར་མ་བཅད་ན་དེ་མི་འགྲུབ་པས་དེ་ག་རང་གཅིག་པུ་ལས་རྟོག་པ་གཞན་དང་དུས་མཉམ་འགྲོགས་པ་མི་སྲིད།
- ཝཱ་ཎ་རྙིང་མའི་བདེ་དོན་ལྷན་ཁང་གི་ཕྱི་ལོ་ ༢༠༠༩ ལོའི་པར་མ། སྨད་ཆ། ཤོག་ངོས་ ༡༥༢ པ་ལས། རྟོག་གཉིས་ཅིག་ཅར་མི་སྲིད་པ་བསྟན་པ་དེས་ནི་གཟུགས་འཛིན་ཤེས་པ་རང་དང་དུས་མཚུངས་པའི་རྣམ་པར་ཤེས་པ་གཞན་གྱིས་དེ་མྱོང་བ་མེད་པར་ཡང་བསྟན་པ་ཡིན་ཏེ། སྐྱེ་བུ་གཅིག་གི་རྒྱུད་ཀྱི་ཤེས་པ་ལ་རྟོག་གཉིས་ཅིག་ཅར་སྐྱེ་མི་སྲིད་པས་སོ།།
- ཝཱ་ཎ་རྙིང་མའི་བདེ་དོན་ལྷན་ཁང་གི་ཕྱི་ལོ་ ༢༠༠༩ ལོའི་པར་མ། སྨད་ཆ། ཤོག་ངོས་ ༡༡༨ ལས། དུ་མ་ཅིག་ཅར་མི་སྐྱེ་བ་ལ་གནོད་པ་ཡོད་པ་དེ་ཕྱིར་རིགས་མི་མཐུན་པའི་བློ་དུ་མ་ནི་རྐྱེན་ཚང་ན་ཅིག་ཅར་སྐྱེ་བར་འགྱུར་ཏེ། མིག་ཤེས་གཅིག་པུ་ལའང་སྔོ་སེར་སོགས་དུ་མ་ཅིག་ཅར་དམིགས་པ་ཡོད་པ་ཡིན་ནོ།།
