ད་གསར་རྙིང་གསུམ་གྱི་མུ་ཅོར།

ལོ་རིམ་ལྔ་པའི་སློབ་གཉེར་བ། སྤྲུལ་ཨྱོན་དྲི་མེད།

༡༽ འདས།
འདས་པའི་ལོ་ཟླ་སྤུངས་པ་ཡི།།
ཡིག་ཉོག་རྙིང་པའི་བྲིས་ཤོག་བཞིན།།
རོ་བཅུད་ལྡན་པའི་མི་ཚེ་འདིའི།།
འགྲམ་ཆུ་ལྡང་བའི་ཆ་ལག་འགའ།།

ཀྱལ་གཏམ་དགོད་པའི་བྲག་ཅ་དང་།།
གནོང་འགྱོད་ཆོ་ངེ་སྒྲོག་པ་སོགས།།
ས་མཐའ་བསྐོར་བའི་རྐང་པའི་རྗེས།།
དེ་འདྲ་ལྟད་མོ་ཆེ་བ་ལ།།
༢༽ མ་འོངས།
མ་འོངས་གསང་བའི་ཀློང་ཆེན་པོའི།།
མཁའ་རུ་བྱ་ཡི་རྐང་རྗེས་བཞིན།།
བསྟན་རུང་མ་ཡིན་མེད་མ་ཡིན།།
བརྟག་མིན་འགོག་གི་གཅུང་པོ་འོ།།

ཁྱོད་ལ་རྟོགས་པའི་མ་ཁྱབ་མུ།།
ཤཱ་རིའི་བུས་ཀྱང་ཚུལ་མཛད་ན།།
བདག་ཡིད་དེ་ལ་ཅིས་མི་ཞུམ།།
དེ་འདྲ་དངངས་སྐྲག་ཚ་བ་ལ།།
༣༽ ད་ལྟ།
ཛ་ཧུའི་བུ་མོའི་གཉེར་མ་བཞིན།།
ད་ལྟ་བ་ལ་གནས་སྐབས་མེད།།
རིན་ཆེན་གསེར་རམ་མི་གཙང་བ།།
མཛོད་ཁང་འདི་ནས་བླང་བར་འཚལ།།

རྒྱབ་ཀྱི་གྲོང་ཁྱེར་རྙིང་པ་དང་།།
གཡང་གཟར་གསར་པ་མདུན་དེ་ན།།
དྲན་པའི་རྟ་ལྗང་ལ་བཞོན་ནས།།
ཇི་ལྟ་ཇི་སྙེད་ཁྱུགས་སེ་ཁྱུག།།

རླུང་སྐྱོད་དབང་མེད་འདབ་མ་ལྟར།།
སེམས་པ་རྒྱ་ཡན་གང་ཕྱོགས་སར།།
ད་ལྟ་བ་ཡི་ཁོར་མོ་ཡུག།།
ར་བ་དེ་ལས་འདའ་ཐབས་བྲལ།།

སྐད་ཅིག་སྔ་ཕྱི་ད་གསུམ་གྱི།།
མུ་མེད་ངོ་མཚར་རྨད་ཀྱི་རྒྱུན།།
སྒྱུ་མ་མཁན་གྱི་རི་མོ་འོ།།
གཟུང་དུ་མེད་པའི་སྣེ་མོ་འོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།