ལོ་རིམ་ལྔ་པའི་སློབ་གཉེར་བ། ལྷག་པ་འཆི་མེད།
བསླུ་མེད་དཀོན་མཆོག་གསུམ་གྱི་འོད་སྣང་ལས།།
རྨད་བྱུང་ཡེ་ཤེས་ཐུགས་ཀྱི་སྤྲིན་ཕུང་དེས།།
ངོ་མཚར་རླབས་ཆེན་ཐུགས་ཀྱི་མཁྱེན་པ་ཡིས།།
ཅི་བསམ་འདོད་དོན་མ་ལུས་སྐོང་བ་མཚར།།
གསུང་དབྱངས་སྙན་པའི་རོལ་མོའི་འགྱུར་ཁུག་ལས།།
བསྙོན་མེད་ཉམས་དགའི་ཆུ་འཛིན་ལང་འཚོ་ཅན།།
དེ་ཡི་ཆ་ལུགས་མཛེས་པོའི་རང་མདངས་ལས།།
གངས་དཀར་ཏི་སེའི་རྒྱན་རྣམས་འཛུམ་དམུལ་ལེ།།
བསིལ་རླུང་འཇམ་པའི་ཁ་བ་གངས་དཀར་དུ།།
སྒྱུ་མའི་ལྷ་མཛེས་དཀར་གསལ་ཟླ་བ་དེ།།
མ་བཅོས་གཉུག་མའི་འཛུམ་མདངས་ཤིག་ཤིག་ངང་།།
འདོད་ཡོན་དག་གིས་བསུ་བ་ཅིས་མི་མཛེས།།
རྨད་བྱུང་རྡོ་རྗེ་ལྷ་མོ་བཅུ་དྲུག་གིས།།
ཟག་མེད་ཡེ་ཤེས་ཕྱག་རྒྱ་སྤྲོས་པ་ལྟར།།
ཡིད་འཕྲོག་ཀ་ལ་པིང་ཀ་ཁྱེད་ཀྱིས་ཀྱང་།།
སྙན་པའི་གླུ་དབྱངས་ཆེན་པོ་སྤྲོ་སེང་ངེ་།།
རང་བཞིན་མ་བཅོས་ཉིད་ཀྱི་ཞིང་ཁམས་སུ།།
ལྟ་ན་སྡུག་པའི་སྣ་ཚོགས་གར་མཁན་མས།།
ཕྱི་ནང་གསང་བའི་མཆོད་སྤྲིན་རབ་སྤྲོ་བ།།
ཞིང་འདི་སྲིད་པ་གསུམ་ན་ཅིས་མི་མཛེས།།
དབྱངས་སྙན་ཀ་ལ་པིང་ཀའི་འགྱུར་ཁུག་དེས།།
བདག་བློ་སེམས་ཆུང་དཀར་པོའི་རང་གཤིས་ལ།།
བརྗོད་དུ་མེད་པའི་བསྟོད་དབྱངས་གྱེར་འོང་ཚེ།།
སུམ་རྩེན་ལྷ་ཡི་ཡུལ་དུ་བསླེབས་པ་འདྲ།།
འཛུམ་གྱིས་ཁེངས་པའི་ཞལ་རས་པདྨ་དེ།།
དཀར་གསལ་ཟླ་བ་ཡིན་ཞེས་འཕྱང་མོ་ཉུག།
ལྟོས་དང་དགའ་བའི་འཛུམ་གྱི་འོད་མདངས་དེ།།
གཞན་གྱིས་འགྲན་པར་ནུས་པ་ཡོད་མ་ཡིན།།
སྙན་པའི་དབྱངས་ཀྱི་ཚིག་གི་མེ་ཏོག་ཕྲེང་།།
རབ་མཛེས་མདངས་ཀྱིས་མཛེས་པའི་ཨུཏྤལ་ཉིད།།
ཁྱེད་ལ་མི་ལྡན་ཞེས་བྱ་གང་ཡང་མེད།།
འདི་ནི་བརྩེ་གདུང་རྒྱན་པའི་དགའ་ཚལ་ཉིད།།
སྲིད་པའི་གྲོང་ཁྱེར་ལྟ་ན་སྡུག་པ་རུ།།
མཛེས་ཤིང་སྙན་ཆ་དོད་པའི་སྲིད་པའི་རྒྱན།།
ཉ་གང་ཟླ་བའི་བཞིན་རས་འཛུམ་དམུལ་ལེ།།
གདུང་སེམས་དཀར་པོ་བཅངས་ནས་བདག་ལ་བརྩེ།།
