ལོ་རིམ་བདུན་པའི་སློབ་གཉེར་བ། ཀུན་བཟང་ཉི་མ།
ཆོས་རྣམས་སེམས་ཀྱི་འཕྲུལ་དུ་སྣང་བ་ཡི།།
ཐ་སྙད་རྩེ་མོར་སོན་པའི་ཚུལ་གཅིག་དང་།།
དེ་ཡང་དཔྱད་པས་དབྱིངས་སུ་ཞི་བ་ཡི།།
ཚུལ་གཉིས་ཟུང་འཇུག་ཤིང་རྟའི་ལམ་པོ་ཆེ།།
གཞུང་བཟང་དབྱིག་གི་ནོར་ལ་ཤིན་ཏུ་གུས།།
ཞེས་སྔོན་བྱོན་དམ་པའི་ལུགས་དང་མཐུན་པར་གུས་ཕྱག་སྔོན་དུ་བཏང་ནས་ཆིངས་དྲུག་གི་སྒོ་ནས་རིམ་བཞིན་གླེང་བར་བྱ་སྟེ།
ཆིངས་དང་པོ། ཐོག་མའི་གླེང་སློང་།
འདིར་དེང་གི་འགྲོས་ལ་གོམ་པ་སྤོས་ཁུལ་གྱིས་ཞིབ་མོའི་ཁུངས་གཙོ་བོར་བྱེད་པ་དང་རང་གི་ཐོས་དོན་རྒྱ་བསྐྱེད་པ། ལྷག་ཏུ་རང་དང་བློ་མཉམ་པ་དག་ལ་གྲོས་འདེབས་ཀྱི་ཚུལ་དུ་མཁན་ཆེན་ཞི་བ་འཚོ་གང་ཉིད་ཀྱི་དབུ་མ་རྒྱན་རྩ་འགྲེལ་དཔང་པོར་བཞག་ནས་གཞུང་འདིའི་མཐར་ཐུག་གི་དགོངས་པའི་སྐོར་ནས་གླེང་བར་སྤྲོ་སྟེ། དེ་ཡང་མཁན་པོའི་གཞུང་འདི་ཐལ་འགྱུར་པ་དང་དགོངས་པ་གཅིག་དང་དབྱངས་གཅིག་གི་སེངྒེའི་སྒྲ་སྒྲོག་མཁན་ནི་སྨྲ་བའི་དབང་ཕྱུག་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་གཅིག་པུ་ལགས་ཤིང་། དེ་ལ་བསམ་ན་ཡང་དཔྱོད་པའི་འོས་བབ་ཅིག་མཐོང་ལ།
དེ་ཡང་ཨ་ཕའི་ཁ་ཕོར་གཙང་ཞེན་གྱི་བརྟུལ་ཞུགས་དང་དུ་ལེན་པ་མ་ཡིན་པར་འདི་ལ་ལྟ་གྲུབ་ཀྱི་གནད་ཅིག་ཡོད་ཕྱིར། ཉིད་ཀྱི་དགོངས་པ་ཉིད་ཀྱིས་བཀྲལ་གསུངས་པ་ལྟར་དབུ་མ་རྒྱན་རྩ་འགྲེལ་གཞུང་རང་དུ་ཇི་ལྟར་གསལ་བའི་དོན་ལ་རང་གི་སྙོབ་ཚོད་ཀྱི་དཔྱད་འབྲས་ཞིག་གི་ཀུན་སློང་སྔོན་དུ་བཏང་ཡོད་ཕྱིར། དབུ་མ་རྒྱན་རྩ་འགྲེལ་གྱི་མཐར་ཐུག་གི་དགོངས་པ་དང་ཐལ་འགྱུར་བའི་ཧེ་བག་ལ་གནམ་ས་ལྟར་འདོད་པའི་གནའ་དེང་གི་རིགས་པ་སྨྲ་བ་དག་ལ་ཡང་གཟིགས་རྟེན་ཞིག་གི་ཚུལ་དུ་ལགས་ན། དེ་དག་གིས་ཀྱང་དབུ་མ་རྒྱན་རྩ་འགྲེལ་དཔང་པོར་བཞག་སྟེ་ཞིབ་ཏུ་དཔྱད་ཅིང་ཞིིབ་ཏུ་བསམ་པར་ཞུ།
ཆིངས་གཉིས་པ། རྩ་བའི་རྟགས་སྒྲུབ་ཚུལ་ལ་བསམས་པ།
རྩ་འགྲེལ་གཉིས་ཆར་དུ་རྩ་བའི་རྟགས་ཀྱི་བསྟན་ཚོད་ལྟར་ན་ཡང་དག་པའི་སྒྲ་ཞིག་སྦྱར་ཡོད་མོད། རང་འགྲེལ་ལས།1དེ་བས་ན་རིགས་པ་དང་ལུང་གིས་ཆོས་ཐམས་ཅད་རང་བཞིན་མེད་པར་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རབ་ཏུ་འབད་ཏོ། །ཞེས་གསུངས་པ་བཞིན་འབད་ན་འདིར་ཡང་དག་པའི་སྒྲ་དེ་ནམ་རྒྱུན་ཡོངས་གྲགས་ཀྱི་བསམ་ཚོད་ལྟར་འབྱོར་དཀའ་བར་སེམས་ཏེ། སྤྱིར་གཞུང་རྩ་འགྲེལ་དཔང་པོར་བཞག་སྟེ་གཞིགས་ན་འོག་གི་དཔྱད་འབྲས་ལྟར་རྩ་འགྲེལ་འདིའི་མཐར་ཐུག་དགོངས་པ་ཐལ་འགྱུར་བ་དང་ཁྱད་མེད་པ་གཅིག་ཏུ་བབས་ཤིང་། དེ་ཡང་འདིར་གཞུང་རྩ་འགྲེལ་གྱི་དངོས་བསྟན་ལྟར་ཞིབ་ཏུ་ཉུལ་ན། རྒྱན་ལས།2རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་བསྒྲུབ་བྱའི་ཆོས་ལ་ཡང་དག་གི་སྒྲ་སྦྱོར་མེད་པ་དང་། རང་འགྲེལ་ལས།3 རང་བཞིན་མེད་པར་གསལ་བར་ཤེས་སོ།།
གཏན་ཚིགས་འདི་མ་གྲུབ་བོ་སྙམ་དུ་མ་སེམས་ཤིག ཅེས་གསུངས་པ་བཞིན་རྟགས་ལ་ཡང་དག་གི་སྒྲ་སྦྱར་མེད་པ་དང། རང་བཞིན་གྱི་ཚིག་དེར་ཡང་མཐའ་གཅིག་ཏུ་ཡང་དག་དང་བདེན་གྲུབ་ཀྱི་སླན་པ་གཞན་ཞིག་ངེས་པར་དུ་སྦྱོར་དགོས་མེད་པ་དེ་ནི། རྒྱན་ལས།4རྣམ་ཤེས་བེམ་པོའི་རང་བཞིན་ལས། །བཟློག་པ་རབ་ཏུ་སྐྱེ་བ་སྟེ། །བེམ་མིན་རང་བཞིན་གང་ཡིན་པ། །དེ་འདི་བདག་ཉིད་ཤེས་པ་ཡིན། །ཞེས་དང་། དབུས་གནས་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །ཞེས་པའི་རང་བཞིན་ངོས་འཛིན་གྱི་གཞུང་ཚིག་སོགས་སྒྲུབ་བྱེད་དུ་ཆོག་པས་མང་དུ་དྲངས་པའི་ངལ་བ་མ་བརྟེན་ལ། ཡང་དག་པའི་སྒྲ་ལ་ཡང་མཐའ་གཅིག་ཏུ་དགག་བྱ་གཞན་ཞིག་ཏུ་སྦྱོར་མི་དགོས་པ། གཞུང་འདི་དབུ་འཛུགས་སྐབས་ནས་རང་འགྲེལ་ལས།5དངོས་པོའི་རྣམ་པ་མ་བརྟགས་གཅིག་པུ་ན་ཉམས་དགའ་བ་མ་ལུས་པ་གཟུགས་བརྙན་ལ་སོགས་པ་ལྟ་བུར། ཡང་དག་པར་ན། ཞེས་མ་བརྟགས་ཉམས་དགའ་བ་ཞེས་པའི་ཚིག་གི་ཟླ་བོ་འདི་ལ་བསམས་ན་ཡང་གོ་ནུས་ཚུལ་འོག་ཏུ་བསྟན་པ་ལྟར་ལེགས་ཤིང་། དེ་མིན་གཙོ་བོ་རྩ་བའི་རྟགས་འདི་སྒྲུབ་ཚུལ་དང་སྦྱར་ནས་བསམས་ན། གཞུང་འདིའི་འགྲེལ་པ་ཁག་ཕུད་གཞུང་རང་དུ་ཐལ་རང་གང་གི་ཡང་གཏན་ཚིགས་སུ་ཞལ་བཞེས་མཛད་མེད་མོད། རང་འགྲེལ་ལས།6 གཏན་ཚིགས་འདི་མ་གྲུབ་བོ་སྙམ་དུ་མ་སེམས་ཤིག འབྲས་བུ་རིམ་ཅན་ཉེར་སྦྱོར་བས། །རྟག་རྣམས་གཅིག་པུའི་བདག་ཉིད་མིན། །འབྲས་བུ་རེ་རེ་ཐ་དད་ན། །དེ་དག་རྟག་ལས་ཉམས་པར་འགྱུར། །ཞེས་པ་ནས་མ་བརྟགས་ཉམས་དགའ་བའི་ཀུན་རྫོབ་དབུ་འཛུགས་པའི་མཚམས་ཏེ་རྩ་བའི་རྟགས་ཀྱི་ཁྱབ་པ་སྒྲུབ་པ་གང་གི་ཕྱིར་དེ་དེ་ལྟར་གྱུར་པ་ཞེས་པའི་བར་གྱི་རྩ་བའི་རྟགས་སྒྲུབ་པའི་ཚུལ་ཏེ། རང་འགྲེལ་ལས།7ཕ་རོལ་པོ་དང་བདག་གི་ལྟ་བའི་རྗེས་སུ་འབྲང་བ་དག་གིས་ཁས་བླངས་པ་རྟག་པ་དང་། མི་རྟག་པ་དང་། ཁྱབ་པ་དང་། ཅིག་ཤོས་དང་། རྡུལ་དང་། རགས་པ་དང་། ཤེས་བྱ་དང་། ཤེས་པ་ལ་སོགས་པ་སོ་སོར་ཐ་དད་པའི་དངོས་པོ་གང་གཅིག་པུར་བརྟགས་ན་དེ་ལ་དེ་ལྟར་བརྟགས་པ་དེའི་ཚེ། བརྟག་པའི་ཁུར་ལྕི་བ་བཟོད་པ་ཕྲ་རབ་ཙམ་ཡང་མེད་དོ། །ཞེས་གསུངས་པ་བཞིན་ཆོས་ཅན་བདུན་ནམ་འདིར་འཁོད་པའི་བརྒྱད་པོ་གང་གི་དབང་དུ་བཏང་ཡང་གཞུང་རྩ་འགྲེལ་དུ་ཇི་ལྟར་གསལ་བ་བཞིན་དང་པོ་འདོད་པ་དག་བཀོད་པའི་སྒོ་ནས་ཀུན་མཁྱེན་མི་ཕམ་པས་8འོས་མེད་པ་ཡིན་ཏེ་གསུངས་པ་བཞིན་རེ་རེ་ནས་འོས་མེད་ཀྱི་རིགས་པས་ཐལ་འགྱུར་གྱི་སྒོ་ནས་གཞུང་གི་ཚིག་ཟིན་ལྟར་བསྒྲུབས་ཤིང་དེ་ལྟར་དུ་གྲུབ་མོད། འདིར་རེ་རེ་ནས་བཀོད་ན་མང་བའམ་ཉོག་པར་དོགས་པས། ཤེས་བྱའི་ཆོས་གང་ཡིན་ཡང་ཕྱི་ནང་གཉིས་སམ་ཡུལ་ཡུལ་ཅན་གཉིས་སུ་འདུས་ཤིང། དེ་ཁེག་ན་རང་འགྲེལ་ལས།9ཤིང་ལ་སོགས་པ་མེད་ན་ནགས་ཚལ་ལ་སོགས་པ་མེད་པ་བཞིན་ནོ། །ཞེས་པ་བཞིན་དོན་དུ་གནས་ན། འདིར་ཡང་གཞུང་ལྟར་གཟུང་བ་རྡུལ་ཕྲན་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་གཉིས་འགོག་བྱེད་ཀྱི་རིགས་པ་ལ་མཉམ་དུ་གཞིག་པར་བྱ་སྟེ། དང་པོ། རྡུལ་ཕྲན་ཆ་མེད་འགོག་ཚུལ་ནི་རང་འགྲེལ་ལས།10 འོན་ཀྱང་གང་ཐོག་མར་དེ་རྩོམ་པའམ། རགས་པ་གདགས་པའི་རྒྱུ་རྡུལ་ཕྲ་རབ་དོན་དམ་པར་གཅིག་པུའི་རང་བཞིན་དུ་འགྱུར་རོ། །དེ་ཡང་དེ་ལྟར་འགྱུར་བ་མི་རིགས་ཏེ། དེ་ཡང་འབྱར་བར་འགྱུར་ན་ནི་ཇི་ལྟར་གཟེགས་ཟན་པ་དག་ན་རེ། ཕྲད་དེ་ཚོགས་ནས་དགོས་པ་རྩོམ་མོ་ཞེས་ཟེར་བ་ལྟ་བུའམ། ཡང་ན་ཕན་ཚུན་མཐུས་འཛིན་གྱིས་མ་འབྱར་བའི་རང་བཞིན་པར་ཡོད་ཅིང་བསྐོར་བ་སྟེ། ཅི་ལྟར་ཁ་ཅིག་ན་རེ། ཐ་དད་ཕྱོགས་ནས་མང་པོ་དག །འགའ་ལ་ཀུན་ནས་བསྐོར་ཙམ་དུ། །བརྗོད་པར་ཟད་ཀྱི་རྡུལ་དེ་ནི། །ཆ་ཤས་བཅས་པའི་བདག་ཉིད་མིན། །11ཞེས་ཟེར་བ་ལྟ་བུའམ། ཡང་ན་མང་པོ་དག་པར་མེད་དེ། ཇི་ལྟར་རྡུལ་ཕྲ་རབ་རྣམས་མི་རེག་ཀྱང་བར་མེད་པས་རེག་པར་འདུ་ཤེས་སོ་ཞེས་བྱ་བ་ལྟ་བུ་ཡང་མི་རུང་སྟེ། ཞེས་དང་། རྒྱན་ལས།12 འབྱར་བ་དང་ནི་བསྐོར་བ་འམ། །བར་མེད་རྣམ་པར་གནས་ཀྱང་རུང་། །ཞེས་པ་བཞིན་དང་པོ་གཟེགས་ཟན་པ་ལྟར་ཚོགས་པ་གཅིག་གི་རྡུལ་ཕྲན་ཆ་མེད་རྣམས་ཕན་ཚུན་འབྱར་བ་དང་། གཉིས་པ་བྱེ་བྲག་སྨྲ་བ་ཕལ་མོ་ཆེ་ལྟར་ཕན་ཚུན་བསྐོར་བའམ། གསུམ་པ་བཙུན་པ་དགེ་སྲུང་སོགས་མདོ་སྡེ་པ་ཕལ་མོ་ཆེ་ལྟར་ཕན་ཚུན་རེག་ལ་བར་མེད་པའི་རྣམ་པར་གནས་ཀྱང་རུང་བའི་དང་པོ་གཞན་གྱི་འདོད་པ་བཀོད་ནས།
གཉིས་པ་དེར་བརྟག་ཚུལ་ནི། རང་འགྲེལ་ལས།13རྣམ་པར་གཞག་པ་འདི་དག་ཐམས་ཅད་ནི་བརྟགས་པ་ཙམ་ཁོ་ནའི་སྙིང་པོར་ཟད་དོ། །ཞེས་པ་ལྟར་རྒྱན་ལས14དབུས་ནས་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་ལྟ་བ་ཡང་། །དེ་ཉིད་གལ་ཏེ་ཡིན་བརྗོད་ན། །དེ་ལྟ་ཡིན་ན་ས་ཆུ་སོགས། །ཇི་ལྟར་རྒྱས་འགྱུར་མ་ཡིན་ནམ། །ཞེས་དྲི་བའི་ཚུལ་གྱིས་ཁས་ལེན་འགལ་བའི་ཐལ་འགྱུར་གྱི་སྒོ་ནས་དཔྱད་པ་སྟེ་དེའི་ཐད་རང་འགྲེལ་ལས།15ཕྱོགས་གསུམ་ཆར་ཡང་ཕྱོགས་བཅུ་ན་རྣམ་པར་གནས་པའི་རྡུལ་ཕྲ་མོ་རྣམས་ཀྱི་དབུས་ན་གནས་པའི་རྡུལ་ཕྲ་རབ་གང་ཡིན་པ་དེ། ཞེས་པ་ནས་དེ་ལྟ་བས་ན་ཤར་དང་ནུབ་ལ་སོགས་པའི་ཆ་ཅན་མི་གནས་པས་སའི་དཀྱིལ་འཁོར་ལ་སོགས་པ་གནས་པར་མི་འགྱུར་རོ། །ཞེས་པ་བཞིན་མང་དུ་དོགས་ནས་རྡུུལ་ཕྲན་འགོག་པའི་རིགས་པ་ཚིག་སྣ་ཤིན་ཏུ་བསྟུངས་ཏེ་གཞུང་གི་ཚིག་ཟིན་ལྟར་སྦྱོར་བ་བཀོད་ན། རགས་པའི་རྩོམ་གཞིར་འགྱུར་བའི་རྡུལ་ཕྲན་རྣམས་ཆོས་ཅན། ཁྱོད་ཀྱིས་ཇི་ལྟར་བརྩམས་པའི་སའི་དཀྱིལ་འཁོར་སོགས་རགས་པ་རྣམས་རྒྱས་པར་མི་འགྱུར་བར་ཐལ། ཆ་མེད་གཅིག་བདེན་གྱི་ངོ་བོར་འདོད་པའི་ཕྱིར། གྲུབ་སྟེ། དབུས་ན་གནས་པའི་རྡུལ་ཕྲན་གཅིག་ལ་བལྟས་པའི་ཕྱོགས་གཞན་པ་དག་ཀྱང་དེ་ཉིད་དེ་གཅིག་པ་ཆ་མེད་དུ་འདོད་པའི་ཕྱིར། དེ་ལྟ་མིན་ན། རང་འགྲེལ་ལས།16ཅི་སྟེ་ཉེས་པ་འདིར་འགྱུར་དུ་འོང་ཞེས་ཏེ། རྡུུལ་ཕྲན་གཞན་ལ་ལྟ་བའི་ངོས། །གལ་ཏེ་གཞན་དུ་འདོད་ན་ནི། །རབ་ཏུ་ཕྲ་རྡུལ་ཇི་ལྟ་བུ། །གཅིག་པུ་ཆ་ཤས་མེད་པར་འགྱུར། །ཕྱོགས་བཅུ་ན་རྣམ་པར་གནས་པའི་རྡུལ་ཕྲ་རབ་ཏུ་གྱུར་པའི་གྲངས་ཀྱི་རང་བཞིན་དང་ལྡན་པའི་ཕྱིར། ཞེས་པ་ནས་རྡུལ་ཕྲ་རབ་དེ་དག་ཀྱང་དེ་སྙེད་དུ་འགྱུར་རོ་ཞེས་གསུངས་པ་ལྟར་གོང་བཞིན་གཞུང་གི་ཚིག་ཟིན་ལྟར་སྦྱོར་བ་བཀོད་ན། ཇི་ལྟར་འདོད་པའི་ཕྲ་རྡུལ་རྣམས་ཆོས་ཅན། གཅིག་པུའི་ཆ་ཤས་སུ་མེད་པར་འགྱུར་བར་ཐལ། རྡུལ་ཕྲན་གཞན་ལ་ལྟ་བའི་ངོས་རྣམས་གཞན་དུ་འདོད་པའི་ཕྱིར། གྲུབ་སྟེ། ཕྱོགས་བཅུ་ན་གནས་པའི་རྡུལ་ཕྲ་རབ་ཀྱི་གྲངས་ཀྱི་རང་བཞིན་དང་ལྡན་པས་རྡུལ་ཕྲ་རབ་དག་ཀྱང་དེ་སྙེད་དུ་འགྱུར་བའི་ཕྱིར་རོ།།
དེ་བཞིན་ལྷག་ཏུ་རྡུལ་ཕྲན་ཁེགས་པས་དངོས་པོ་དུ་མ་ཁེགས་པར་སྒྲུབ་པ་ལ། རྒྱན་ལས།17རྡུལ་ཕྲན་རང་བཞིན་མེད་གྲུབ་པ། །དེ་ཕྱིར་མིག་དང་རྫས་ལ་སོགས། །བདག་དང་གཞན་སྨྲས་མང་པོ་དག །རང་བཞིན་མེད་པར་མངོན་པ་ཡིན། །ཞེས་དང་དེའི་ཐད་ཀྱི་རང་འགྲེལ་ལས།18རྡུལ་ཕྲ་རབ་ཉིད་མེད་པ་ཉིད་དུ་ངེས་ན་རང་གི་སྡེ་པ་དག་མིག་དང་གཟུགས་དང་དེའི་རྣམ་པར་ཤེས་པ་ལ་སོགས་དེ་ཁོ་ན་ཉིད་དུ་འདོད་པ་དང་། གཟེགས་ཟན་པ་ལ་སོགས་པས་སྨྲས་པའི་རྫས་དང་ཡོན་ཏན་ལ་སོགས་པ་བསྒྲིམ་མི་དགོས་པར་རང་བཞིན་གྱིས་སྟོང་པར་ངེས་སོ། །ཞེས་གསུངས་པ་བཞིན་གཞུང་ཚིག་ཟིན་ལྟར་སྦྱོར་བ་བཀོད་ན། རང་གཞན་གྱི་སྡེ་པས་འདོད་པའི་མིག་དང་གཟུགས་རྣམ་པར་ཤེས་པ་རྫས་དང་ཡོན་ཏན་སོགས་ཆོས་ཅན། རང་བཞིན་མེད་པར་མངོན་པར་གྲུབ་པར་ཐལ། དེའི་རྩོམ་གཞིའི་རྡུལ་ཕྲན་རྣམས་རང་བཞིན་མ་གྲུབ་པ་བསྒྲུབས་ཟིན་པ་ལྟར་གྲུབ་པའི་ཕྱིར། དེ་ལྟར་རྩ་བའི་རྟགས་སྒྲུབ་ཚུལ་གྱི་རིགས་པ་ཆ་ཚང་གཏན་ཚིགས་ཐལ་འགྱུར་དུ་བཀོད་ཅིང་འགོད་ཆོག་པ་མ་ཟད། རང་འགྲེལ་ལས།19དེ་ལྟར་རིགས་པ་དང་ལུང་དང་ལྡན་པའི་ཤེས་རབ་ཀྱིས་བརྟགས་ན། དངོས་པོ་མ་ལུས་པ་བརྒྱ་ཚལ་དུ་གཞིགས་ཏེ་གཅིག་པ་དང་དུ་མའི་རང་བཞིན་དང་བྲལ་བའི་གཏན་ཚིགས་ཀྱིས་གྲུབ་བོ། །ཞེས་པ་ལྟར་དེ་དེ་བཞིན་ལེགས་ཤིང་། གཞན་དུ་རྡུལ་ཕྲན་འགོག་པའི་རིགས་པ་དེ་ཆོས་གཞན་ཐམས་ཅད་ལ་ཡང་སྦྱོར་ཆོག་པ། རང་འགྲེལ་ལས།20 གཟུགས་ཀྱི་ཕུང་པོ་དཔྱད་པའི་ཞར་ལ་རྣམ་པར་ཤེས་པའི་ཕུང་པོ་མཚུངས་པར་ལྡན་པ་དང་བཅས་པ་ཡང་རང་བཞིན་མེད་པར་བསྟན་ཏོ། །ཞེས་དང་ནམ་མཁའ་ལ་སོགས་པ་འདུས་མ་བྱས་མཐའ་དག་ཀྱང་སྔར་བསྟན་ཟིན་ཏེ། ཁམས་བཅོ་བརྒྱད་པོ་དེ་དག་ནི་རང་བཞིན་མེད་པ་ཉིད་དུ་གསལ་ལོ། །ཞེས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཁམས་བཅོ་བརྒྱད་པོ་ཐམས་ཅད་དེ་ལྟར་རིགས་པ་བརྒྱ་ཚལ་གྱིས་འོས་མེད་ཀྱི་རིགས་པའི་གཏན་ཚིགས་དག་གི་དཔྱོད་སྟངས་དང་། རྡུལ་ཕྲན་འགོག་བྱེད་ཀྱི་གཏན་ཚིགས་དང་དེས་འགོག་པའི་ཚུལ་དེར་བསམ་ན་དབུ་མ་ཐལ་འགྱུར་པ་ལ་ཡང་དེ་ལས་ལྷག་གཞི་མེད་དུ་གཏན་ལ་འབེབས་སྟངས་ཤིག་མེད་ལ། ལྷག་ཏུ་ཀུན་མཁྱེན་མི་ཕམ་པས21དབུ་མ་སྣང་བ་སོགས་ལས་བཤད་པ་ལྟར་ཁྱད་པར་ཕྱེ་མི་དགོས་པར་ཐལ་རང་གང་ལྟར་བཀོད་ཀྱང་རུང་ངོ་ཞེས་བསྲེག་བཅད་བརྡར་བའི་གསུང་གི་དབུགས་དབྱུང་བ་བཞིན་ཇི་ལྟར་དབུ་མ་རྒྱན་རྩ་འགྲེལ་གྱི་གཞུང་འདི་ཞིབ་མཇལ་བྱས་ན་དེ་ལྟར་དུ་མོས་གུས་ལྷག་པར་འཕེལ་ཞིང་། དེ་བཞིན་ནང་ཤེས་པའི་འདོད་ཚུལ་དང་འབྲེལ་བའི་རྩ་བའི་རྟགས་ཀྱི་ཚུལ་སྒྲུབ་སྟངས་ལ་བསམས་ཀྱང་། ཕྱི་དོན་འདོད་པ་དང་མི་འདོད་པའི་ལུགས། ཕྱི་རོལ་བ་དང་ནང་པ། རྣམ་བདེན་པ་དང་རྣམ་རྫུན་པ། ལྷག་ཏུ་མདོ་སྡེ་པ་དང་སེམས་ཙམ་པའི་འདོད་པའི་མུ་གསུམ་སོགས་གཞུང་རྩ་འགྲེལ་དཔང་དུ་བཞག་ནས་གཞུང་གི་རིགས་པ་གང་གི་དབང་དུ་བྱས་ཀྱང་གོང་གི་རྡུལ་ཕྲན་འགོག་པའི་གོ་རིམ་ལྟར། དང་པོ་འདོད་པ་བཀོད་པ་ནས་འོས་མེད་ཀྱི་རིགས་པས་རེ་རེ་བཞིན་ནང་འགལ་གྱི་སྒོ་ནས་ཐལ་འགྱུར་དུ་བསྒྲུབས་པ་གཞུང་གི་དངོས་བསྟན་ལ་ཡང་ཟུར་བལྟས་ལེབ་མཐོང་གིས་དམན་པ་བདག་ལྟ་བུ་ལ་ཡང་སྤོབས་པ་མི་དམན་ཙམ་ཐོབ་མོད། འདིར་རྩ་འགྲེལ་རེ་རེ་བཞིན་བཀོད་ན་མང་བར་དོགས་ནས་གོང་བཞིན་ཚིག་སྣ་ཤིན་ཏུ་བསྟུངས་ནས་ས་བཅད་མ་སྟོང་ཙམ་གྱི་ཁུར་ལེན་པར་བྱས་ན། འདིར་ནང་ཡུལ་ཅན་གྱི་ཤེས་པའི་སྐོར་གནད་བསྡུས་ཏེ་བརྗོད་བྱའི་རྩ་བའམ་ཕལ་ཆེ་བའི་དབང་དུ་བཏང་ན། གཙོ་བོ་མདོ་སེམས་གཉིས་ཀྱི་ཐ་སྙད་མུ་གསུམ་གྱི་སྐོར་ཡིན་ཞིང་།
དེ་ཡང་ཀུན་མཁྱེན་མི་ཕམ་པས།22གཟུང་འཛིན་གྲངས་མཉམ་འགོག་པའི་རིགས་པ་ནི་དོན་དམ་པར་འཇུག་གི་ཐ་སྙད་ཙམ་ལ་མི་འཇུག་པ་གསུངས་པ་བཞིན། དེའི་ཤུགས་ལ་སྣ་ཚོགས་གཉིས་མེད་པ་དང་སྒོ་ང་ཕྱེད་ཚལ་པ་གཉིས་ནི་ཐ་སྙད་ཚད་མས་ཀྱང་རྩ་འགྲེལ་གྱི་གཞུང་རང་དུ་བཀག་པ་ལྟར་འགོག་ནུས་ཤིང། གཟུང་འཛིན་གྲངས་མཉམ་པ་ནི་མདོ་སེམས་གཉིས་ཀར་དོན་དཔྱོད་ཀྱིས་བཀག་དགོས་ཐུག་ཅིང་། དེ་ཡང་གོ་རིམ་བཞིན་དང་པོ་མདོ་སྡེ་པའི་སྐབས་འདོད་པ་བཀོད་པ་སོགས་ཤོ་ལོ་ཀ་བཞི་དང་། སེམས་ཙམ་པའི་སྐབས་ཤོ་ལོ་ཀ་གཅིག་ལས་མེད་ཅིང་། དེས་གོང་གི་གནད་ཀྱང་བརྟོལ་ཐུབ་ཕྱིར་ཚིག་ཉུང་དུ་གཏོང་ཐུབ་པ་དང་གཅིག་ཤེས་ཀུན་གྲོལ་དགེ་མཚན་དུ་མ་ཞིག་ཡོད་པས་དེའི་འཐུས་པར་བྱེད་པ་སྟེ། རྒྱན་ལས།23ཇི་སྟེ་རྣམ་པའི་གྲངས་བཞིན་དུ། །རྣམ་པར་ཤེས་པ་ཁས་ལེན་ན། །དེ་ཚེ་རྡུལ་ཕྲན་འདྲར་འགྱུར་བ། །དཔྱད་པ་འདི་ལས་བཟློག་པར་དཀའ། །ཞེས་དང་། དེའི་ཐད་ཀྱི་རང་འགྲེལ་ལས།24གལ་ཏེ་བར་མེད་པར་གནས་པའི་རྡུལ་ཕྲ་རབ་ཀྱི་ངོ་བོ་རྣམས་ལྟར་རིགས་མཐུན་རྣམ་པར་ཤེས་པ་མང་པོ་འདི་དག་ཀྱང་འབྱུང་ན། དེའི་ཚེ་རྡུལ་ཕྲ་རབ་ལ་དཔྱད་པ་ཅི་འདྲ་བ་ཉིད་རྣམ་པར་ཤེས་པ་རྣམས་ལ་ཡང་བཟློག་པར་དཀའ་བར་འགྱུར་ཏེ། ཞེས་པ་བཞིན་གཞུང་ལྟར་སྦྱོར་བ་བཀོད་ན། ཇི་སྟེ་རྣམ་པའི་གྲངས་བཞིན་དུ་ཡུལ་ཡུལ་ཅན་མཉམ་པར་འདོོད་པའི་ལུགས་ལ་ཆོས་ཅན། རྣམ་པར་ཤེས་པ་སྐད་ཅིག་ཆ་མེད་འདོད་པ་མི་འཐད་པར་ཐལ། རྡུལ་ཕྲན་ལ་དཔྱད་པའི་རིགས་པ་བཞིན་བཟློག་ཏུ་མེད་པའི་ཐལ་བ་འབབ་པའི་ཕྱིར། གྲུབ་སྟེ། དབུས་ན་གནས་པའི་རྡུལ་ཕྲན་ལ་ཕྱོགས་བཅུའི་རྡུལ་གྱིས་སྐོར་མ་བསྐོར་གཉིས་ཆ་ལ་རིགས་པས་གནོད་པ་བཞིན་དེ་འཛིན་གྱི་རྣམ་པར་ཤེས་པ་ལ་ཡང་ངོ་།།
འདིར་གོང་དུ་བརྗོད་པ་བཞིན་ཆོས་ཅན་བདུན་ནམ་བརྒྱད་པོ་གང་གི་དབང་དུ་བཏང་ཡང་འདི་ལྟར་དབུ་མ་རྒྱན་གྱི་གཞུང་རྩ་འགྲེལ་བདེན་དཔང་དུ་བཞག་ནས་ཐལ་འགྱུར་གྱི་སྒོ་ནས་བསྒྲུབ་ཐུབ་པ། ཀུན་མཁྱེན་མི་ཕམ་པའི་ཁུངས་བཙུན་ཞིང་བསྲེག་བཅད་བརྡར་བའི་བྱིན་རླབས་ཀྱིས་བློ་མི་ཞུམ་པ་ཙམ་སྤོབས་པ་དགེེ་ཞིང་། གཞུང་དཔྱད་བསྡུར་བྱས་ན་དབུ་མ་ཐལ་འགྱུར་བ་ལ་ཡང་རྩ་འཇུག་བཞི་གསུམ་སོགས་སུ་དེ་ལས་ལྷག་པའི་གཏིང་ཟབ་མོའི་གཞི་མེད་རྩ་བྲལ་ཞིག་གཏན་ལ་འབེབས་ཚུལ་དང་སྒྲུབ་བྱེད་མ་མཐོང་མོད། གཞུང་མཐར་ཆགས་སུ་རེ་རེ་བཞིན་བཀོད་ན་ཤིན་ཏུ་མང་བས་གཟུང་བ་དང་འཛིན་པ་གཉིས་སུ་མ་འདུས་པའི་རང་གི་ངོ་བོ་འཛིན་པ་ཞིག་མེད་ཕྱིར། དེ་གཉིས་གཞི་མེད་དུ་ཕབ་པའི་གནད་དེའི་འཐུས་པར་བྱས་དགོས་ཐུག་ཀྱང་དགོས་པ་དང་འོས་བབ་མཐོང་ན་རེ་རེ་གཞུང་དཔང་དུ་བཙུགས་ཏེ་གཞན་ལས་ཅིས་ཀྱང་སྤྲོ་ཆོག་ལ། མ་ཟད་དྲུག་གི་ཅིག་ཆར་སྦྱོར་བའི་རིགས་པ་ལྟ་བུའི་ཆ་མེད་འགོག་བྱེད་ཀྱི་རིགས་པ་འདི་ནི་ནུས་པ་བཙན་ཞིང་ཆོད་ཆེེ་བ་ཙམ་དུ་མ་ཟད་བློ་ཁ་ཕྱོགས་བདེ་ལ། སྤྱིར་སྙིང་པོའི་དབང་དུ་རྡུལ་ཕྲན་འགོག་པའི་རིགས་པ་དང་དེ་གཞན་ལ་སྦྱོར་བའི་གཞུང་རྩ་འགྲེལ་གྱི་ཚིག་གཅིག་པུས་མ་འཐུས་པ་མེད་པར་སེམས་མོད། གོང་དུ་ཕྱི་དང་ནང་ངམ་ཡུལ་དང་ཡུལ་ཅན་གཉིས་ཀྱི་སྒོ་ནས་འབད་བརྩོན་བྱེད་པའི་རྒྱུ་མཚན་བཀོད་པ་བཞིན་དེ་ལྟར་དུ་འཛིན་པར་བྱ་ཞིང་། གོང་དུ་གཞུང་གི་ཚིག་ཟིན་གྱི་སྦྱོར་བ་བཀོད་པ་ལྟར་གཏན་ཚིགས་ཐལ་འགྱུར་གྱི་སྒོ་ནས་རྩ་བའི་རྟགས་སྒྲུབ་ཚུལ་ལ་བསམས་ན། མཁན་པོའི་གཞུང་འདིའི་མཐར་ཐུག་གི་དགོངས་པ་དབུ་མ་ཐལ་འགྱུར་བ་དང་མཐོ་དམན་མེད་པ་ནི། གཞུང་རང་གི་དངོས་བསྟན་དུ་གསལ་བ་བཞིན་ཞིབ་མཇལ་ཐེངས་གཅིག་བྱས་ན་རྩ་འགྲེལ་གྱི་བདེན་དཔང་རང་གིས་ཁ་གྲགས་ཡོད་པར་སེམས་སོ།།
ཆིངས་གསུམ་པ། མཐུན་པའི་དོན་དམ་དོན་དམ་དུ་ཞལ་གྱིས་མི་བཞེས་པ་ལ་བསམས་པ།
འདི་ནི་ཤིན་ཏུ་གལ་ཆེ་སྟེ་སྤྱོད་འཇུག་ལས་བློ་ནི་ཀུན་རྫོབ་ཡིན་པར་འདོད་ཅེས་པ་དང་གནད་གཅིག་ཏུ་འབབ་ཅིང་། སྤྱོད་འཇུག་ལས་སྒྲུབ་པའི་སྒོ་ནས་དང་འདིར་ཡང་རྒྱན་ལས།25དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ། །ཞེས་དང། རྣམ་པར་རྟོག་ལ་རྟེན་ན་ཡང་། །ཀུན་རྫོབ་པར་འགྱུར་ཡང་དག་མིན། །ཞེས་ཚིག་རྐང་དང་པོའི་མཐུན་པའི་དོན་དམ་མམ་རྣམ་གྲངས་པའི་དོན་དམ་ལ་དོན་དམ་ཞེས་འདོགས་པའི་རྒྱུ་མཚན་དང་། ཚིག་རྐང་གཉིས་པས་དོན་དམ་མ་ཡིན་པར་ཀུན་རྫོབ་ཡིན་པའི་རྒྱུ་མཚན་བསྟན་པ་སྟེ། གནད་འདིས་སྒྲུབ་ཕྱོགས་ནས་སྐྱེ་བ་བཀག་པའི་མཐའ་དང་པོ་སྐྱེ་མེད་རྣམ་གྲངས་པའི་དོན་དམ་བདེན་པ་དེ་ཀུན་རྫོབ་ཏུ་བསྟན་ཞིང་། དགག་ཕྱོགས་ནས་དེ་དོན་དམ་ཡིན་པ་དགག་ཕྱིར། དེའི་ཤུགས་ལ་འདི་པའི་ལུགས་ཀྱི་དོན་དམ་ནི་འོག་གི་ཆིངས་བཞི་པའི་སྐབས་བགྲོ་བ་ལྟར་སྤྲོས་པའི་དྲྭ་བ་མཐའ་དག་སྤངས་པའི་མཐའ་ཀུན་དང་བྲལ་བ་ལ་གོ་དགོས་སྟབས། འཇམ་མགོན་ས་པཎ་གྱིས། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་དང་། ཀུན་མཁྱེན་མི་ཕམ་པས། མཐའ་བཞི་ལས་འདས་འཛིན་སྟངས་ཤིག །མེད་པས་འཛིན་སྟངས་མེད་པར་འདོད། །ཅེས་གསུངས་པ་བཞིན་དེ་ལས་ལྷག་པའི་སྤྲོས་པ་ཞིག་གྲུབ་མཐའི་རྩེ་མོ་ཐལ་འགྱུར་པ་ལ་ཡང་གཅད་རྒྱུ་མེད་ཕྱིར་དེ་དང་དགོངས་པ་གཅིག་ཏུ་འབབ་ཐུབ་པ་རྟོགས་རྒྱུར་སླ་མོད། དེར་ངེས་ཤེས་འདྲེན་པ་བྱེད་པར་གཞུང་རྩ་འགྲེལ་ལ་ཤིན་ཏུ་གསལ་བའི་མཐུན་པའི་དོན་དམ་དུ་ཞལ་གྱིས་མི་བཞེས་ཚུལ་ལ་གོ་རྟོགས་རྙེད་པར་གལ་ཆེ་ཕྱིར་རྩ་བ་ནི་གོང་དུ་དྲངས་ཟིན་ལྟར་དང་། འདིར་འགྲེལ་པ་ལྟར་བྱུང་རིམ་དང་སྦྱར་ན་རྒྱན་ལས།26 དེ་ཕྱིར་ཡང་དག་ཉིད་དུ་ན། །དངོས་པོ་གང་ཡང་གྲུབ་པ་མེད། །དེ་ཕྱིར་དེ་བཞིན་གཤེགས་རྣམས་ཀྱིས། །ཆོས་རྣམས་ཐམས་ཅད་མ་སྐྱེས་གསུངས། །ཞེས་པ་ལས་འཕྲོས་པ་སྟེ། ད་རུང་ཞིབ་ཏུ་བཏང་ན་ཀླན་ཀ་མེད་པའི་ཚུལ་གྱི་བདེན་གཉིས་རྩོད་སྤོང་ནས་ཞིབ་མོར་འཐག་ཏུ་ཡོད་མོད་ཀླན་ཀ་མེད་ཚུལ་གྱི་སྐོར་ནས་འོག་ཏུ་ཡོང་ཕྱིར། རང་འགྲེལ་དུ་དྲངས་མ་ཐག་པའི་ཆོས་རྣམས་ཐམས་ཅད་མ་སྐྱེས་གསུངས་པའི་དེ་བཞིན་གཤེགས་པའི་བཀའ་ལ་བློ་གྲོས་རྒྱ་མཚོས་བསྟན་པ་དང་། གླང་པོའི་རྩལ་གྱི་མདོ། དཀོན་མཆོག་འབྱུང་གནས་ཀྱི་མདོ། ཡབ་སྲས་མཇལ་བའི་མདོ། དཀོན་མཆོག་སྤྲིན་གྱི་མདོ་སོགས་དྲངས་ནས་ལྷག་ཏུ། དེ་ཉིད་ལས 27ཡབ་དང་སྲས་མཇལ་བའི་མདོ་ལས་ཀྱང་། ཆོས་གང་དོན་དམ་པར་དམིགས་སུ་མ་མཆིས་པ་དེ་ནི་གདགས་སུ་མ་མཆིས་པ་ཐ་སྙད་དུ་བགྱིར་མ་མཆིས་པ་བརྗོད་དུ་མ་མཆིས་པ་སྟེ་བཅོམ་ལྡན་འདས་གང་མིང་ཙམ་ཞེས་བགྱི་བ་ནས་གདགས་པ་ཙམ་གྱི་བར་དེ་དག་ཀྱང་ཡང་དག་པར་མ་ལགས་པ་ཞེས་རྒྱ་ཆེར་འབྱུང་ངོ་། །ཞེས་དང་། དེ་བཞིན། ཇི་སྐད་དུ་ཆོས་འདི་དག་ཐམས་ཅད་ནི་དུས་གསུམ་དུ་མཉམ་པ་ཉིད་ཀྱིས་མཉམ་པ་སྟེ། འདས་པའི་དུས་ན་ཡང་ཆོས་ཐམས་ཅད་རང་བཞིན་དང་བྲལ་བའོ། །མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་ན་ཡང་ཆོས་ཐམས་ཅད་རང་བཞིན་དང་བྲལ་བའོ་ཞེས་གསུངས་པ་ལྟ་བུའོ། །ཞེས་སོགས་ཀྱི་ལུང་ལ་བརྟེན་ནས་དོན་དམ་དུ་ཆོས་ཐམས་ཅད་དམིགས་སུ་མ་མཆིས་པ་དང་བརྗོད་དུ་མ་མཆིས་པ་དེ་བཞིན་མིང་ཙམ་ཞེས་བགྱི་བ་ནས་གདགས་པ་ཙམ་ཡང་མ་ལགས་པ་དེ་བཞིན་བསྟན་པ་མ་ཟད། གོང་གི་དཀོན་མཆོག་སྤྲིན་གྱི་མདོ་དྲངས་པའི་ཐད་རང་འགྲེལ་ལས།28འདིའི་ནི་ཆོས་ཐམས་ཅད་དུས་གསུམ་མཉམ་པ་ཉིད་དུ་ཡོངས་སུ་བསྟན་ཏོ།།
ཞེས་གསུངས་པ་བཞིན་དོན་དམ་ལ་ནི་ཆོས་ཐམས་ཅད་དུས་གསུམ་མཉམ་པ་ཉིད་དུ་སྡོམ་དུ་བསྟན་ཕྱིར། སྐྱེ་བ་མེད་པའི་དོན་དམ་ནི་མཐའ་དང་པོ་ཙམ་བཀག་པའི་མཐུན་པའི་དོན་དམ་སྟེ་བརྗོད་དུ་ཡོད་པ་དང་དམིགས་སུ་ཡོད་ཕྱིར་དོན་དམ་དུ་ཞལ་བཞེས་དཀའ་བས། གོང་གི་ལུང་རྣམས་ཀྱི་མཇུག་དེ་མ་ཐག་ཏུ་མཚམས་སྦྱོར་བའི་ཚུལ་གྱིས་དེ་ཉིད་ལས།29སྐྱེ་བ་མེད་པ་ལ་སོགས་པ་ཡང་། ཡང་དག་པའི་ཀུན་རྫོབ་ཏུ་གཏོགས་སུ་ཟིན་ཀྱང་། ཞེས་དང་། སྐྱེ་བ་མེད་པ་ལ་སོགས་པ་ནི་དེ་ལ་འཇུག་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཞེས་ཉེ་བར་འདོགས་སོ། །ཞེས་དང་། ཡང་དག་ཀུན་རྫོབ་ཡིན་པ་དང་དོན་དམ་གྱི་མིང་བཏགས་པ་ཙམ་དུ་བསྟན་པ་མ་ཟད། ལྷག་ཏུ་དེའི་སྒྲུབ་བྱེད་ལ་དབུ་མ་སྙིང་པོའི་ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས་ཞེས་པའི་ལུང་དེ་དྲངས་ཤིང་། དེར་མཚམས་སྦྱོར་བའི་ཚུལ་གྱིས་སྒྲུབ་བྱེད་ལ། དེ་ཉིད་ལས།30 ཅིའི་ཕྱིར་དངོས་སུ་དོན་དམ་མ་ཡིན་པ་བསྟན་པ། ཞེས་རྣམ་པར་རྟོག་ལ་བརྟེན་ན་ཡང་ཀུན་རྫོབ་པར་འགྱུར་ཞེས་སོགས་ཀྱི་རྩ་བ་དྲངས་ཏེ། རང་འགྲེལ་ལས།31ཇི་ལྟར་རང་གི་མཚན་ཉིད་ནི་སྒྲ་འདི་དག་གི་ཡུལ་མ་ཡིན་མོད་ཀྱི། འོན་ཀྱང་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པ་ལ་སྣང་བའི་ངང་ཅན་གྱི་དོན་ཡུལ་ཉིད་དུ་བདག་གིར་བྱས་ཏེ། ཆོས་ཅན་འདི་ཉིད་ལ་བརྟེན་ནས་སྐྱེ་བ་ལ་སོགས་པ་རྣམ་པར་རྟོག་པ་ལ་སྣང་བའི་དོན་འདི་ཅི་གཞན་དག་འདོད་པའི་དོན་ལ་བརྟེན་ནམ། འོན་ཏེ་མ་ཡིན་གྱི་ཞེས་ཡོད་དམ་མེད་པ་སེམས་པར་བྱེད་ཀྱི། སྐྱེ་བ་ལ་སོགས་པ་རྣམ་པར་རྟོག་པ་ལ་སྣང་བའི་དོན་ནི་སྤོང་བར་མི་བྱེད་དེ། དེ་ཉིད་བློ་ལ་བསྐྱེད་པར་བྱ་བའི་ཕྱིར་སྒྲ་སྦྱོར་བའི་ཕྱིར་རོ་ཞེ་ན། ཞེས་པའི་ལན་ལ། དེ་ཉིད་ལས།32 རྣམ་པར་རྟོག་པ་ཡང་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་པས་དེ་དཔྱད་པ་ཉིད་ཀྱིས་བསལ་ཟིན་པ་མ་ཡིན་ནམ། གཞན་ཡང་དེ་ལྟ་ན་ཀུན་རྫོབ་ཅེས་བྱ་བའི་རྣམ་པར་རྟོག་པའི་བློ་ལ་བརྟེན་པའི་ཕྱིར་མ་སྐྱེས་པ་ལ་སོགས་པ་ནི་ཀུན་རྫོབ་པར་འགྱུར་གྱི། དོན་དམ་པར་མ་ཡིན་ཏེ། ཤིང་ལ་སོགས་པའི་སྒྲའི་དོན་བཞིན་ནོ། །ཞེས་རང་གི་དྲི་བ་ལ་རང་གིས་ལན་བཏབ་སྟེ་འདི་དག་ཀུན་རྫོབ་ཏུ་བཤད་ཅིང་ཡང་དག་པའི་ཀུན་རྫོབ་ཏུ་གཏོགས་པའི་སྐྱེ་བ་མེད་པ་ལས་ལྷག་པའི་དོན་དམ་གཞན་ཞིག་ཡོད་པ་གཞུང་རྩ་འགྲེལ་གྱི་རྡོ་རྗེའི་ཚིག་རྣམས་ལྗིད་ཆེ་བའི་ཕྱིར། མཐུན་པའི་དོན་དམ་དེ་དོན་དམ་དུ་ཞལ་གྱིས་མི་བཞེས་པ་འདི་ལ་བསམས་ན་ཡང་དབུ་མ་རྒྱན་རྩ་འགྲེལ་གྱི་མཐར་ཐུག་གི་དགོངས་པ་ཐལ་འགྱུར་པ་དང་གཅིག་ཏུ་འབབ་པ་ནི་རི་བལྟས་ཐང་གསལ་གྱི་ངང་ཚུལ་ལས་མ་འདས་པར་སེམས་སོ།།
ཆིངས་བཞི་པ། གཞུང་རྩ་འགྲེལ་གྱི་དོན་དམ་བདེན་པའི་དོན་ལ་བསམས་པ།
ཞིབ་མོའི་བློ་ཡིས་མ་དཔྱད་ན་གོང་གི་མཐུན་པའིི་དོན་དམ་དང་འདི་གཉིས་ལ་གོ་ནོར་ཐེབས་སྲིད་དེ། མཐུན་པའི་དོན་དམ་རྩལ་འདོན་གྱི་སྐབས་ནས་ཀྱང་གཞི་མེད་རྩ་བྲལ་གྱི་སྐྱེ་བ་མེད་བའི་བར་གཏན་ལ་ཕབ་ཡོད་པ་གོང་གི་ཆིངས་གཉིས་པའི་སྐབས་བརྗོད་པ་བཞིན་ཡིན་པའི་ཕྱིར་ཏེ། དེའི་ཚུལ་ཡང་རྡུལ་ཕྲན་འགོོག་པའི་ཐད་རང་འགྲེལ་ལས།33རང་གི་སྡེ་བ་དག་ནི་གཟུགས་ཅན་གྱི་ཁམས་བཅུ་པོ་དེ་དག་རྡུལ་ཕྲ་རབ་ལ་སོགས་པ་ཡིན་པར་བརྗོད་དེ། དེ་དག་དེ་མེད་ན་མི་རུང་ངོ་། །ཞེས་རྡུལ་ཕྲན་ཁེགས་པས་དེ་མེད་ན་གཟུགས་ཅན་གྱི་ཁམས་བཅུ་མི་རུང་བ་དང་། དེ་མེད་ན་རྣམ་པར་ཤེས་པའི་ཁམས་ལྔ་མི་རུང་བ་དང་། དེ་མེད་ན་དེས་དེ་མ་ཐག་རྐྱེན་བྱས་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ་ཚོགས་དྲུག་མི་རུང་བ་ཙམ་དུ་མ་ཟད་དེའི་མཐའ་སྡོམ་དུ། དེ་ཉིད་ལས།34ནམ་མཁའ་ལ་སོགས་པ་འདུས་མ་བྱས་མཐའ་དག་ཀྱང་སྔར་བསྟན་ཟིན་ཏེ། ཁམས་བཅོ་བརྒྱད་པོ་དེ་དག་ནི་རང་བཞིན་མེད་པ་ཉིད་དུ་གསལ་ལོ། །ཞེས་དང་། དེ་བཞིན་མཚུངས་ལྡན་སོགས་ལ་ཡང་སྦྱོར་དགོས་ཚུལ། དེ་ཉིད་ལས།35གཟུགས་ཀྱི་ཕུང་པོ་དཔྱད་པའི་ཞར་ལ་རྣམ་པར་ཤེས་པའི་ཕུང་པོ་མཚུངས་པར་ལྡན་པ་དང་བཅས་པ་ཡང་རང་བཞིན་མེད་པར་བསྟན་ཏོ། །ཞེས་པར་ལྷག་ཏུ་དེའི་སྒྲུབ་བྱེད་ལྟ་བུ་ལ། དེ་ཉིད་ལས།36དེའི་ཕྱིར་ཆོས་ཐམས་ཅད་རང་བཞིན་མེད་པར་སྨྲ་བ་འདི་ནི་སྟོང་པ་ཉིད་ཀྱི་དོན་ལོག་པར་མཐོང་བ་མ་ཡིན་ནོ། །ཞེས་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་དུ་མཐོང་བ་ནི་ཡང་དག་པ་མཐོང་བ་ཉིད་དུ་ཞལ་བཞེས་མཛད་ཅིང་། སྟོང་ཚུལ་ཡང་། དེ་ཉིད་ལས།37དེའི་ཕྱིེར་ཡབ་སྲས་མཇལ་བའི་མདོ་ལས་ཀྱང་། བཅོམ་ལྡན་འདས་མ་རིག་པ་ནི་མ་རིག་ཉིད་ཀྱིས་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་མ་རིག་པ་ནི་རང་བཞིན་དང་བྲལ་བ་སྟེ། ཆོས་གང་ལ་ཡང་རང་བཞིན་མ་མཆིས་པ་དེ་ནི་དངོས་པོ་མ་མཆིས་པའོ། །ཞེས་དང་། ཡང་རྒྱལ་བ་བསྐྱེད་པ་ལས་ཀྱང་།38རྒྱལ་བ་ཇི་སྐད་དུ། མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་རྣམ་པར་ཤེས་པའི་བར་རྣམ་པར་ཤེས་པའི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་གསུངས་པ་ལྟ་བུའོ། །ཞེས་དང་། ཡང་གླང་པོ་རྩལ་གྱི་མདོ་ལས་ཀྱང་།39 ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། གང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཤེས་པ་དེ་ཡོད་པ་ཡིན་ནམ། འོན་ཏེ་མེད་པ་ཡིན། གསོལ་བ། བཅོམ་ལྡན་འདས་གང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་འཚལ་བ་དེ་ནི་སྒྱུ་མའི་ངོ་བོ་ཉིད་འཚལ་བ་སྟེ། བཅོམ་ལྡན་འདས་དེ་ནི་མ་མཆིས་ཤིང་། མཆིས་པ་མ་ལགས་སོ། དེ་ཅི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ནི་སྒྱུ་མའི་ངོ་བོ་ཉིད་དོ་ཞེས་བསྟན་པའི་སླད་དུ་སྟེ། སྒྱུ་མ་ལྟ་བུ་གང་ལགས་པ་དེ་ནི་མ་མཆིས་པའོ། །ཞེས་མདོ་ལུང་དག་ཁུངས་སུ་བྱེད་པ་མ་ཟད། གོང་དུ་ཆིངས་གཉིས་པ་སོགས་ཀྱི་སྐབས་སུ་ཞུས་ཟིན་པ་ལྟར་བརྟགས་པ་དེའི་ཚེ་བརྟག་པའི་ཁུར་ལྕི་བ་བཟོད་པ་ཕྲ་རབ་ཙམ་ཡང་མེད་པ་རྡུལ་ཕྲན་བཞིན་རང་སྟོང་གིས་གཞི་མེད་རྩ་བྲལ་དུ་བཤིག་ཐུབ་ཕྱིར་ཞིབ་མོར་མ་འཐག་ན་དེ་དོན་དམ་དུ་ནོར་ཉེན་ཆེ་བས་གཞི་མེད་རྩ་བྲལ་གྱི་སྐྱེ་བ་མེད་པ་དེ་ཡང་མཐུན་པའི་དོན་དམ་མམ་ཀུན་རྫོབ་ཡིན་ནོ།།
དེ་ཀུན་རྫོབ་ཡིན་ན་འོ་ན་དོན་དམ་བདེན་པ་དངོས་གང་ཞེ་ན། རང་འགྲེལ་ལས།40དོན་དམ་པ་ནི་དངོས་པོ་དང་དངོས་པོ་མེད་པ་དང་། སྐྱེ་བ་དང་མི་སྐྱེ་བ་དང་། སྟོང་པ་དང་མི་སྟོང་པ་ལ་སོགས་པ་སྤྲོས་པའི་དྲྭ་བ་མཐའ་དག་སྤངས་པའོ། །ཞེས་པ་ལྟར་དོན་དམ་བདེན་པ་ནི་མཐའ་དང་པོ་ཙམ་བཀག་པའི་གཞི་མེད་རྩ་བྲལ་གྱི་སྐྱེ་མེད་སྟོང་པ་ཙམ་ལ་ངོས་འཛིན་བྱེད་པ་མ་ཡིན་པར་སྐྱེ་མེད་དང་སྟོང་པའི་སྤྲོས་མཐའ་ཐམས་ཅད་སྤངས་པའི་སེམས་ཀྱི་རྒྱུ་བ་ཙམ་ཡང་མེད་པ་སྟེ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལུང་དྲངས་བ་རང་འགྲེལ་ལས།41 དོན་དམ་པའི་བདེན་པ་ནིི་གང་ལ་སེམས་ཀྱི་རྒྱུ་བ་མེད་ན་ཡི་གེ་རྣམས་ལྟ་ཅི་སྨོས་ཞེས་གང་གསུངས་པ་དེ་ལ་དོན་ནི་འདི་ཡིན་ཏེ། ཞེས་དང་། ཡང་དེ་ཉིད་ལས།42དེ་བས་ན་སྤྲོས་པའི་ཚོགས་ཐམས་ཅད་དང་བྲལ་བའི་དོན་དམ་པའི་བདེན་པ་ལ་ནི་སེམས་ཀྱི་རྒྱུ་བ་ཡང་མེད་པར་བསྟན་ཏོ། །ཞེས་སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན་ཞེས་པ་དང་། དེ་བཞིན་རྩ་བ་ཤེས་རབ་ལས།43གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཡི་མཚན་ཉིད་དོ། །ཞེས་དང་། དབུ་མ་འཇུག་པ་ལས།44དངོས་ཀུན་ཡང་དག་རྫུན་པར་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ། །ཞེས་དོན་དམ་ངོས་བཟུང་བ་མ་ཟད་དེ་འདྲའི་དོན་དམ་དེ་རྟོགས་པའི་ཚུལ་བཤད་པ་ན། སྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པ་རབ་ཏུ་ཞི། །ཞེས་པ་ལྟར་རྒྱན་ལས།45ཡང་དག་ཏུ་ན་སྤྲོས་པ་ཡི། །ཚོགས་རྣམས་ཀུན་ལས་དེ་གྲོལ་ཡིན། །སྐྱེ་ལ་སོགས་པ་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །དེ་ཡི་ངོ་བོ་བཀག་པའི་ཕྱིར། །དེ་ཡི་ཚིག་གི་སྒྲ་མི་སྲིད། །ཡུལ་མེད་པ་ལ་དགག་པ་ཡི། །སྦྱོར་བ་ལེགས་པ་ཡོད་མ་ཡིན། །རྣམ་པར་རྟོག་ལ་རྟེན་ན་ཡང་། །ཀུན་རྫོབ་པར་འགྱུར་ཡང་དག་མིན། །ཞེས་དབུ་མ་རྩ་འཇུག་སོགས་ནས་བསྟན་པ་དང་གནད་གཅིག་ཏུ་འབབ་ཅིང་ཐལ་འགྱུར་པ་ལ་ཡང་དེ་ལས་ལྷག་པའི་སྤྲོས་པ་ཞིག་གཅོད་དུ་མེད་ཕྱིར་གཟུ་བོར་གནས་ཏེ་གཞིགས་ན་མཐར་ཐུག་གི་དགོངས་པ་གཅིག་པར་གཞུང་རྩ་འགྲེལ་གྱི་དཔང་པོ་དེ་ལས་ཆེ་བ་ཞིག་མི་དགོས་པར་འདོད་དོ།།
གཞན་གཞུང་འདིར་ཡང་དག་ཅེས་པའི་རྒྱན་རྩ་འགྲེལ་གྱི་ཚིག་ལ་ཁ་གཡར་ཏེ་རང་གི་ཞེ་འདོད་དུ་འཁྲིད་མཁན་སྔོན་ནས་ད་ལྟ་བར་རྒྱུན་ཆད་མ་མྱོང་ཞིང་མ་འོངས་པར་ཡང་དེ་བཞིན་ལགས་མོད། ཞེ་འདོད་རྩ་བར་བཟུང་བའི་ཚིག་དེ་གཉིས་གཅིག་པོར་རོ་འཐམ་བྱེད་ནས་རང་འདོད་སྲུང་སྐྱོབ་ཁོ་ནའི་ཆེད་ཡིན་ན་དེར་ཟད་མོད། གཞན་དེ་ལྟར་མི་སྡོད་པར་གཞུང་རྩ་འགྲེལ་བདེན་དཔང་དུ་བཞག་སྟེ་གོང་བསྒྲིགས་ན། མདོོ་ཁུངས་སུ་བྱེད་པའི་ཚིག་ཡན་ཆོད་ནས་ཞིབ་མོར་འཐག་ཏུ་ཡོད་པས་ས་བཅད་ཀྱི་ཆིངས་གཉིས་པ་ནས་དྲུག་པའི་བར་གང་ལ་བསམས་ཀྱང་ཐལ་འགྱུར་པ་དང་འབབ་ས་གཅིག་ལས་འགྲོ་ས་མེད་པ་ཆུ་བརྒྱ་ཟམ་གཅིག་ལགས་ན། དེ་བས་གོང་དུ་བཤད་པ་བཞིན་ཡང་དག་ཅེས་པའི་ཚིག་ཀྱང་གང་གི་ཟླར་ཡོང་བ་ལ་སེམས་པ་ཡང་གནད་ཏུ་མཐོང་ཞིང་། ལྷག་ཏུ་ཕྱོགས་གཅིག་ནས་ཐལ་འགྱུར་པའི་སློབ་དཔོན་རྣམས་ཐུན་མོང་ལ་འཕྲད་པའི་དཀའ་ངལ་ཞིག་དང་ཕྱོགས་གཅིག་ནས་དངོས་ཡོད་ལ་དེར་མཐུན་གྱི་ལན་སྐྱོན་སྟངས་གཞན་ཞིག་སྟེ་འདིར་ཡང་དེ་དང་མཚུངས་པར། རང་འགྲེལ་ལས།46 ཆོས་ཐམས་ཅད་རང་བཞིན་མེད་པ་ཡིན་དུ་ཟིན་ན། འཇིག་རྟེན་མཐའ་དག་ནམ་མཁའི་མེ་ཏོག་བཞིན་དུ་འགྱུར་ཏེ། དེའི་ཕྱིར་མཐོང་བ་དང། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་ལ་སོགས་པ་མེད་པས་འཕགས་པ་མ་ཡིན་པའི་ཐ་སྙད་ལ་སོགས་རྣམ་པར་གཞག་པ་གྲུབ་པའི་མཐའ་དང་མི་འགལ་ཚུལ་ཇི་ལྟར་སྦྱར་ཞེ་ན། ཀླན་ཀ་འདི་སྙིང་པོ་ཡོད་པ་ཡིན་ཏེ།
ཞེས་པ་ལ་ལན་དུ་དེ་མ་ཐག དངོས་པོ་ཀུན་གྱི་རང་བཞིན་ནི། །རིག་པའི་ལམ་གྱི་རྗེས་འབྲང་བར། །གཞན་དག་འདོད་པ་སེལ་བར་བྱེད། །དེ་ཕྱིར་རྒོལ་ངན་གནས་མེད་དོ། །ཡོད་དང་མེད་དང་ཡོད་མེད་ཅེས། །ཁས་མི་ལེན་པ་གང་ཡིན་དང་། །དེ་ལ་ནན་ཏན་ལྡན་པས་ཀྱང་། །ཅིར་ཡང་ཀླན་ཀ་བྱ་མི་ནུས། །ཞེས་འདུས་བྱས་དང་འདུས་མ་བྱས་པའི་ཆོས་ཐམས་ཅད་གཞི་མེད་རྩ་བྲལ་ལམ་སྤྲོས་པ་ཐམས་ཅད་སྤངས་པའི་མཐའ་བྲལ་དུ་གཏན་ལ་ཕབ་པར་སྟོང་དང་ཡོད་པ་འགལ་བའི་སོ་སྐྱེས་ཀྱི་མཐོང་ཐོས་དག་དང་འགལ་ཕྱིར། ཐལ་འགྱུར་བའི་སློབ་དཔོན་རྣམས་དང་མཐུན་པར་དོན་དངོས་ཀྱི་རིགས་པའི་ལམ་གྱི་རྗེས་སུ་འབྲང་ནས་རང་འགྲེལ་དུ་སློབ་དཔོན་འཕགས་པ་ལྷ་རྒྱབ་རྟེན་ལ་བཀོད་ནས་ལན་བསྐྱོན་པས། ལན་དེ་ཐལ་འགྱུར་བའི་སློབ་དཔོན་རྣམས་དང་མཐུན་ཚུལ་ཡང། རྩོད་བཟློག་ལས།47གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། །ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་བཟློག་པར་མི་ནུས་སོ། །ཞེས་དང་། འོན་ཏེ་ཚིག་དེ་རང་བཞིན་བཅས། །ཁྱོད་ཀྱི་དམ་བཅའ་སྔ་མ་ཉམས། །ཞེས་རྩ་ཤེས་རབ་བྱེད་དང་པོ་རྐྱེན་བརྟག་པ་ལས་འཕྲོས་ཏེ་རང་སྡེ་དངོས་སྨྲ་བ་དག་གིས་གལ་ཏེ་དངོས་པོ་ཐམས་ཅད་རང་བཞིན་གྱིས་མ་གྲུབ་ན་ཁྱོད་ཀྱི་ཚིག་ཀྱང་རང་བཞིན་གྱིས་མ་གྲུབ་པས་དེ་བཟློག་པར་མི་ནུས་པ་དང་། དེ་ལྟ་མ་ཡིན་ན་རང་བཞིན་དང་བཅས་པས་ཁྱོད་ཀྱི་དམ་བཅའ་སྔ་མ་ཉམས་པའི་ལན་ལ། རྩོད་བཟློག་ལས།48གལ་ཏེ་ངས་དམ་བཅའ་འགའ་ཡོད། །དེས་ན་ང་ལ་སྐྱོན་དུ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་ཡོད་མིན་མེད་མིན་ལ་ཀླན་ཀ་མི་འཇུག་པའི་ཚུལ་བསྟན་པ་དང་། དེ་བཞིན་སློབ་དཔོན་ཟླ་གྲགས་ཀྱིས་ཚིགས་གསལ་ཐལ་བཟློག་ཏུ་ཡང་།49གཞན་ཡང་རྟོག་གེ་བ་འདིས་བདག་ཉིད་རྟོག་གེའི་བསྟན་བཅོས་ལ་ཤིན་ཏུ་མཁས་པར་འདོད་པ་ཙམ་ཞིག་བསྟན་པར་འདོད་པས། དབུ་མའི་ལྟ་བ་ཁས་ལེན་བཞིན་དུ་ཡང་རང་རྒྱུད་ཀྱི་སྦྱོར་བའི་ངག་བརྗོད་པ་གང་ཡིན་པ་དེ་ནི་ཆེས་ཉེས་པ་དུ་མའི་ཚོགས་སུ་གནས་པ་རྟོགས་ཏེ། ཞེས་པའི་དོན་སོགས་ལ་ལན་གྱི་ཚུལ་དུ། དེ་ཉིད་ལས།50དབུ་མ་པ་ཡིན་ན་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བ་རིགས་པ་ཡང་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་རྒྱབ་རྟེན་ལ་གོང་གི་རྩོད་བཟློག་དང་བཞི་བརྒྱ་པའི་ལུང་དྲངས་འདུག་པ་བཞིན་རང་འགྲེལ་དུ་ཀླན་ཀ་བརྗོད་མི་ནུས་པའི་སྐབས་ཀྱི་བཞི་བརྒྱ་པ་རྒྱབ་རྟེན་དུ་བཀོད་པའི་ཚུལ་དེ་གཉིས་ཀྱི། ཡོད་མིན་མེད་མིན་ལ་ཁས་ལེན་ནམ་ཀླན་ཀ་མི་འཇུག་པའི་སྐབས་དང་མི་འཇུག་པའི་ཚུལ་སོགས་གཞུང་གཉིས་བསྡུར་ནས་བལྟས་ན་ཡང་དོན་དམ་སྤྲོས་བྲལ་ལ་གོ་བའི་གཏིང་གཞན་ཞིག་རྙེད་ཐུབ་ཅིང་། དེ་བས་རྒྱན་རྩ་འགྲེལ་དཔང་པོར་བཟུང་ནས་དོན་དམ་བདེན་པའམ་རྣམ་གྲངས་མ་ཡིན་པའི་དོན་ལ་བསམས་ཀྱང་མཐར་ཐུག་ཐལ་འགྱུར་པ་དང་གཉིས་སུ་མེད་པ་ར་འཕྲོད་ཐུབ་པ་ནི་སླ་བའི་ལས་སུ་སེམས་སོ།།
ཆིངས་ལྔ་པ། མ་བརྟགས་ཉམས་དགའ་བའི་ཀུན་རྫོབ་ཞལ་བཞེས་ཀྱི་སྐབས་ལ་བསམས་པ།
གོང་དུ་ཇི་སྐད་བརྗོད་པ་བཞིན་འདུས་བྱས་དང་འདུས་མ་བྱས་ཀྱི་བསྡུས་པའི་ཆོས་ཐམས་ཅད་གཞུང་རྩ་འགྲེལ་རང་དུ་གཞི་མེད་རྩ་བྲལ་ལམ་དོན་ལ་སྤྲོས་པའི་མཚན་མས་ཡོངས་སུ་ཞི་བ་རྩ་བའི་རྟགས་སྒྲུབ་ཚུལ་དང་དོན་དམ་གཏན་འབེབས་ཀྱི་སྐབས་སུ་བསྟན་པ་བཞིན་སངས་རྒྱས་རྣམས་བྱོན་ཡང་རུང་མ་བྱོན་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་ནི་ཡེ་ནས་དེ་ལྟར་དུ་གནས་པ་དང། ངེས་སྒྲོན་དུ་བསྟན་པ་ལྟར་སྟོང་དང་ཡོད་པ་སོ་སྐྱེས་བློར་འགལ་བའི་སྣང་བ་དབང་བཙན་པ་ཞིག་ཡོད་ཕྱིར། དེ་ལ་ལྟོས་པའི་སྣང་བ་ཀུན་རྫོབ་ཅིག་འཇོག་དགོས་ཐུག་པ་དབུ་མའི་སློབ་དཔོན་རྣམས་ཐུན་མོང་གི་ལུགས་ཡིན་པས། འདིར་ཡང་མ་བརྟགས་ཉམས་དགའ་བའི་ཀུན་རྫོབ་ཀྱི་ཐ་སྙད་ཞལ་བཞེས་གནང་བ་གང་མདོ་ཁུངས་སུ་དྲངས་ཏེ་བྱུང་བའི་རིམ་པ་ནི། རང་འགྲེལ་ལས།51 འདི་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་ཏེ།
ཡབ་དང་སྲས་མཇལ་བའི་མདོ་ལས་ཀྱང་། མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་འདི་ཤེས་པར་གྱིས། །ང་ཡིས་རང་བཞིན་སྟོང་པ་ཞེས། །གང་བཤད་སྟོང་པ་ལྟ་བར་གྱིས། །བྱིས་པ་ལོག་པའི་བློ་ཅན་རྣམས། །རང་བཞིན་སྟོང་པར་མི་ཤེས་པ། །དེ་དག་རྣམས་ལ་བསྟན་པའི་ཕྱིར། །ཞེས་སོགས་ནས་ལང་ཀར་གཤེགས་པའི་མདོ་ལས་ཀྱང་། གཅིག་དང་གཞན་ཉིད་སྤངས་པ་ཡི། །གཟུགས་ནི་ཇི་ལྟར་མེ་ལོང་ལ། །སྣང་ཡང་དེ་ན་ཡོད་མ་ཡིན། །དེ་བཞིན་དངོས་པོའི་ངོ་བོ་ཉིད། །ཅེས་བསྟན་ཏོ། །གང་གི་ཕྱིར་དེ་དེ་ལྟར་གྱུར་པ། དེ་ཕྱིར་དངོས་པོ་འདི་དག་ནི། །ཀུན་རྫོབ་ཁོ་ནའི་མཚན་ཉིད་འཛིན། །གལ་ཏེ་འདི་དག་དོན་འདོད་ན། །དེ་ལ་ཁོ་བོ་ཅི་ཞིག་བྱ། །ཞེས་བའི་བར་ཕྱི་ནང་དངོས་པོ་ཀུན་གཅིག་དང་དུ་མ་གང་དུ་ཡང་མ་གྲུབ་པའི་རྩ་བའི་རྟགས་ཀྱི་ཁྱབ་པ་བསྒྲུབ་པའི་ཐད། བཅོམ་ལྡན་འདས་ཀྱིས་ཀྱང་ཞེས་རང་འགྲེལ་དུ་མདོ་ལུང་འདི་གཉིས་དྲངས་ཤིང་། སྒྲུབ་བྱེད་ལ་གང་གི་དེ་དེ་ལྟར་གྱུར་པ་དེ་ཕྱིར་ཞེས་ཀུན་རྫོབ་སྟོན་པའི་མཚམས་སྦྱོར་ཞིང་། མཚམས་སྦྱར་ཏེ་ཀུན་རྫོབ་སྟོན་པའི་རྩ་བ་ནི་དྲངས་མ་ཐག་པ་དེ་དང་དེའི་དོན། རང་འགྲེལ་ལས།52ཇི་སྐད་བཤད་པའི་རིགས་པ་དག་གིས། དངོས་པོ་ཐམས་ཅད་ནི་བརྟག་མི་བཟོད་པའི་ཕྱིར་མ་བརྟགས་ན་ཉམས་དགའ་བ་ཁོ་ནའི་བདག་ཉིད་ཀྱི་ངོ་བོ་འཛིན་ཏེ། སྒྱུ་མའི་གླང་པོ་ཆེ་དང་རྟ་དང་མི་ལ་སོགས་པ་བཞིན་ནོ། །གལ་ཏེ་རྣམ་པ་དེ་ལྟར་གཞན་གྱིས་མ་བཅོས་པའི་དངོས་པོ་ཐམས་ཅད་ངོ་བོ་ངེས་པར་འཛིན་པར་འདོད་ན་དེ་ལ་ཁོ་བོས་དགག་ཏུ་ཅི་ཡོད། ཅེས་རྩ་བའི་རྟགས་སྒྲུབ་བྱེད་ཀྱི་རིགས་པ་དག་གིས་དངོས་པོ་ཐམས་ཅད་བརྟགས་མ་བཟོད་ཕྱིར། མ་བརྟགས་ཉམས་དགའ་བའི་ཀུན་རྫོབ་གཞག་དགོས་ཐུག་ཅིང་། དེ་ཡང་དོན་ལ་དེ་ལྟར་དུ་གནས་པ་ལས་གལ་ཏེ་དེ་ལྟར་མ་ཡིན་ན་ཁོ་བོ་སྟེ་མཁན་ཆེན་ཞི་བ་འཚོས་ཅིའི་ཕྱིར་དགག་སྟེ་མི་དགག་གོ་ཞེས་པའོ། །དེ་བཞིན་འདིར་དངོས་པོ་རྣམས་བརྟག་མི་བཟོད་པར་སྒྱུ་མའི་དཔེ་བཀོད་པ་ཡང་གནད་ཆེ་སྟེ། གོང་འོག་གཉིས་ཆར་བཀོད་ཟིན་པ་བཞིན་རང་འགྲེལ་དུ་མདོ་ལུང་དྲངས་པར། བཅོམ་ལྡན་འདས་ཆོས་ཐམས་ཅད་སྒྱུ་མའི་ངོ་བོ་ཉིད་དོ་ཞེས་བསྟན་པའི་སླད་དུ་སྟེ། སྒྱུ་མ་ལྟ་བུ་གང་ལགས་པ་དེ་མ་མཆིས་པའོ་ཞེས་དཔེ་བཀོད་ན་དཔེ་དང་དཔེ་ཅན་མཐུན་དགོས་ཕྱིར་དཔེ་རུ་གང་བཀོད་པའི་དཔེ་ཅན་དག་ཀྱང་གཞི་མེད་དུ་གོ་དགོས་ཏེ། གོང་བཞིན་རང་འགྲེལ་དུ་མདོ་ལུང་བཀོད་པར།53 དེའི་ཕྱིེར་ཡབ་སྲས་མཇལ་བའི་མདོ་ལས་ཀྱང་། བཅོམ་ལྡན་འདས་མ་རིག་པ་ནི་མ་རིག་ཉིད་ཀྱིས་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་མ་རིག་པ་ནི་རང་བཞིན་དང་བྲལ་བ་སྟེ། ཆོས་གང་ལ་ཡང་རང་བཞིན་མ་མཆིས་པ་དེ་ནི་དངོས་པོ་མ་མཆིས་པའོ། །ཞེས་ཆོས་ཐམས་ཅད་རང་རང་གིས་སྟོང་པའི་གཞི་མེད་ཀྱི་འབྲས་ཕྱིེར་འདི་དག་མེད་ཀྱང་ཡོད་དོ་ཞེས་འཇིག་རྟེན་ངོར་བྱས་སློབ་དཔོན་ཟླ་བས་ཁས་ལེན་དགོས་ཐུག་པ་ལྟ་བུའི་ཀུན་རྫོབ་ཁོ་ནའི་མཚན་ཉིད་འཛིན་པའི་རྣམ་གཞག་འཇོག་དགོས་ཐུག་ཅིང་། ལྷག་ཏུ་དེ་འདྲ་བའི་མ་བརྟགས་ཉམས་དགའ་བའི་ཀུན་རྫོབ་ཀྱི་མཚན་ཉིད་བཞག་པ་ན། རང་འགྲེལ་ལས།54 གླང་པོ་ཆེའི་རྩལ་གྱི་མདོ་ལས་ཀྱང་། ཤཱ་རིའི་བུ་འདི་ཇི་སྙམ་དུ་སེམས། གང་ཆོས་རྣམས་ཀྱི་ངོ་བོ་ཉིད་ཤེས་པ་དེ་ཡོད་པ་ཡིན་ནམ། འོན་ཏེ་མེད་པ་ཡིན། གསོལ་བ། བཅོམ་ལྡན་འདས་གང་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་འཚལ་བ་དེ་ནི་སྒྱུ་མའི་ངོ་བོ་ཉིད་འཚལ་བ་སྟེ། བཅོམ་ལྡན་འདས་དེ་ནི་མ་མཆིས་ཤིང་། མཆིས་པ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ནི་སྒྱུ་མའི་ངོ་བོ་ཉིད་དོ་ཞེས་བསྟན་པའི་སླད་དུ་སྟེ། སྒྱུ་མ་ལྟ་བུ་གང་ལགས་པ་དེ་ནི་མ་མཆིས་པའོ། །འདི་ལྟ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་འཚལ་བ་དེ་ནི་འཚལ་བ་མ་མཆིས་པའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལ་གང་ཡང་དག་པར་ཆོས་གང་ཡང་མི་དམིགས་པའི་སླད་དུའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།།
འོ་ན་ཅི་སྟེ་ཀུན་རྫོབ་ཀྱི་ངོ་བོ་འདི་གལ་ཏེ་ཅི་དངོས་པོ་མེད་པ་ཡིན་ནམ། འདི་དངོས་པོ་མེད་པ་ཡིན་ན་ནི་མཐོང་བ་དང་འདོད་པའི་དོན་བྱེད་པ་དང་འགལ་ལོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་པར་བསྟན་པ། ཞེས་མཚན་ཉིད་གསུམ་ལྡན་ནམ་མ་བརྟགས་ཉམས་དགའ་བའི་ཀུན་རྫོབ་བསྟན་པའི་རྒྱུ་མཚན་གླང་པོ་ཆེའི་རྩལ་གྱི་མདོའི་ཚིག་ལས་འཕྲོས་དྲི་བའི་སྒོ་ནས་མཚམས་སྦྱོར་བའི་ཚུལ་འདི་ལ་བལྟས་ན་ཀུན་རྫོབ་ཞལ་བཞེས་ཀྱིས་གནད་གང་ལ་ཐུག་གོ་ཐུབ་ཅིང་། གནད་དེས་གཞུང་རྩ་འགྲེལ་འདིའི་མཐར་ཐུག་གི་དགོངས་པ་འཚོལ་བ་ལ་ཡང་རམ་འདེགས་བྱས་ཡོད་ཕྱིར། དེ་ལྟ་བུའི་ཀུན་རྫོབ་ནི། རང་འགྲེལ་ལས།55དེ་ལ་ཀུན་རྫོབ་ཀྱི་བདེན་པ་གང་ཞེ་ན། འཇིག་རྟེན་གྱི་ཐ་སྙད་ཇི་སྙེད་པ་དང་། ཡི་གེ་དང་སྐད་དང་བརྡ་བསྟན་པ་དག་གོ །ཞེས་འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལུང་ཁུངས་སུ་བྱས་པ་ལྟར་གྱི་མཚན་ཉིད་ནི། རྒྱན་ལས།56མ་བརྟགས་གཅིག་པུ་ཉམས་དགའ་ཞིང་། །སྐྱེ་དང་འཇིག་པའི་ཆོས་ཅན་པ། །དོན་བྱེད་པ་དག་ནུས་རྣམས་ཀྱི། །རང་བཞིན་ཀུན་རྫོབ་པ་ཡིན་རྟོགས། །ཞེས་མཚན་ཉིད་གསུམ་ལྡན་གྱི་ཀུན་རྫོབ་དངོས་སུ་བསྟན་ཞིང་། མཚན་ཉིད་དེ་ལྡན་གྱི་ཀུན་རྫོབ་དེ་ཡང་དགོངས་པ་ཅན་དུ་ཞལ་བཞེས་མཛད་པ་ནི། གཞུང་ཚིག་དེའི་ཐད་རང་འགྲེལ་ལས།57དེ་ལ་དོན་ནི་འདི་ཡིན་ཏེ། སེམས་ཅན་དང་སྣོད་ཀྱི་བདག་ཉིད་འཇིག་རྟེན་མྱོང་བར་བྱ་བ་དང་། མྱོང་བའི་ངོ་བོའི་ཚུལ་འདིར་འཇིག་རྟེན་གྱི་ཐ་སྙད་དུ་དགོངས་པ་སྟེ། ཞེས་པས་གསལ་བཤད་བྱས་ཤིང་། ཀུུན་རྫོབ་དེ་དབུ་མ་འཇུག་པ་ལས།58དེ་ནི་དེ་ཉིད་དུའམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་གྲུབ་འགྱུར་མིན་མོད་ཀྱི། །རྣམ་དཔྱད་མེད་པས་འཇིག་རྟེན་ཉིད་ལས་འདི། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །ཞེས་སོགས་ཐལ་འགྱུར་བའི་གཞུང་དག་ཏུ་བརྟེན་ནས་བཏགས་ཙམ་ཞལ་གྱི་བཞེས་པ་བཞིན་འདིར་ཡང་། རང་འགྲེལ་ལས།59 དེ་བས་ན་སྤྲོས་པའི་ཚོགས་ཐམས་ཅད་དང་བྲལ་བའི་དོན་དམ་བདེན་པ་ལ་ནི་སེམས་ཀྱི་རྒྱུ་བ་ཡང་མེད་པར་བསྟན་ཏོ། །ཀུན་རྫོབ་ནི་རྒྱུ་མེད་པར་མི་རུང་སྟེ། ཤིང་རྟ་དང་སེམས་ཅན་ལ་སོགས་པ་བཏགས་པ་བཞིན་མ་ཡིན་ནམ། སྐྱོབ་པས་ཀྱང་། དཔེར་ན་ཡན་ལག་ཚོགས་རྣམས་ལ། །ཤིང་རྟ་ཞེས་ནི་བྱ་བར་འདོད། །དེ་བཞིན་ཕུང་པོ་རྒྱུར་བྱས་ནས། །ཀུན་རྫོབ་ཏུ་ནི་སེམས་ཅན་བརྗོད། །ཅེས་གསུངས་སོ།།
ཞེས་བརྟེན་ནས་བཏགས་པའམ་མ་བརྟགས་ཉམས་དགའ་བ། ཡང་ན་རང་དབང་མ་ཡིན་པར་སེམས་ཅན་རྣམས་གཟུད་པའི་དོན་དུ་སྟེ། དེ་ལྟར་ཡིན་པ་དེ་ཡང། རང་འགྲེལ་ལས།60 གང་དུས་གསུམ་དུ་མི་དམིགས་པ་དེ་ནི་མིང་མ་མཆིས་པ། མཚན་ཉིད་མ་མཆིས་པ་མཚན་མ་མ་མཆིས་པ། གདགས་སུ་མ་མཆིས་པ་སྟེ། གཞན་དུ་མ་ལེགས་ཀྱི་མིང་ཙམ་དང་། བརྡ་ཙམ་དང་། ཐ་སྙད་ཙམ་དང་། ཀུན་རྫོབ་ཙམ་དང་། གདགས་པ་ཙམ་དུ་སེམས་ཅན་རྣམས་གཟུད་པའི་དོན་དུ་བགྱི་བ་མ་གཏོགས་པར་མ་རིག་པ་དེ་ནི་དོོན་དམ་པར་དམིགས་སུ་མ་མཆིས་སོ། །ཞེས་བརྡ་ཙམ་དང་ཐ་སྙད་ཙམ་དང་ཀུན་རྫོབ་ཙམ་དང་གདགས་པ་ཙམ་པོ་འདི་དག་ནི་མིང་གི་རྣམས་གྲངས་དང་། ཙམ་ཞེས་པའི་སྒྲའི་གཅད་བྱ་ནི་ཉིད་ཀྱི་དགོངས་པ་ཉིད་ཀྱིས་གསལ་བར་གཞིགས་ན་སེམས་ཅན་གཟུད་པའི་དོན་དུ་བགྱི་བ་སྟེ། ཐལ་འགྱུར་བའི་ལུགས་ཀྱི་གཞན་ངོར་ཁས་ལེན་དང་འཇིག་རྟེན་གྲགས་སྡེ་དང་མཐུན་པ། བརྟེན་ནས་བཏགས་པའམ་རྐྱེན་ཉིད་འདི་པ་ཙམ་གྱི་དོན་རྣམས་གཅིག་ཏུ་བབས་ཤིང་དེ་ཡང་ཡེ་ནས་གནས་པའི་དངོས་པོའི་ཡིན་ལུགས་དོན་དམ་གཏན་འབེབས་ཀྱི་ལག་རྗེས་ལས་བྱུང་བ་སྟེ། དབུ་མ་འཇུག་པར་61གང་གི་ཕྱིར་འཇིག་རྟེན་གྱི་ཀུན་རྫོབ་འདི་དེ་ལྟར་རྣམ་པར་དཔྱད་པ་ན་ཡོད་པར་མི་འགྱུར་ཞིང་། མ་བརྟགས་གྲགས་པས་ཡོད་པ་དེ་ཉིད་ཀྱི་ཕྱིར། ཞེས་དང་། ཡང་།62ཡོད་པ་མ་ཡིན་ཡང་འཇིག་རྟེན་ཁོ་ན་ལ་གྲགས་པར་གྱུར་པས་ཡོད་དོ་ཞེས་འཇིག་རྟེན་གྱི་ངོ་ཁོ་ནར་བརྗོད་པ་ཡིན་ཏེ། དེའི་ཕྱིར་གཞན་ལ་རག་ལས་པ་ཉིད་ཀྱི་སྒོ་ནས་བདག་གིས་ཀུན་རྫོབ་ཁས་བླངས་ཀྱི་རང་དབང་དུ་ནི་མ་ཡིན་ནོ། །63ཞེས་ཀུན་རྫོབ་ཀྱི་རྣམ་གཞག་ཞལ་བཞེས་མཛད་དགོས་ཐུག་པའི་ཚུལ་དང་འདི་གཉིས་ནི་ཤིན་ཏུ་འདྲ་སྟེ། ཚིག་གི་ངོས་ཟིན་ལྟར་བྱས་ན་མ་བརྟགས་གྲགས་པའམ་གཞན་དབང་གི་ཀུན་རྫོབ་དེ་ཡང་། འཇུག་པ་རང་འགྲེལ་ལས།64 དེ་ལ་འདིས་སེམས་ཅན་རྣམས་ཇི་ལྟར་གནས་པའི་དངོས་པོ་ལྟ་བ་ལ་རྨོངས་པར་བྱེད་པས་ན་གཏི་མུག་སྟེ། མ་རིག་པ་དངོས་པོའི་རང་གི་ངོོ་བོ་ཡོད་པ་མ་ཡིན་པ་སྒྲོ་འདོགས་པར་བྱེད་པ་དང་རང་བཞིན་ལ་སྒྲིབ་པའི་བདག་ཉིད་ནི་ཀུན་རྫོབ་བོ། །ཞེས་དང་། དེའི་ཕྱིར་དེ་ལྟར་འཇིག་རྟེན་གྱིས་དབང་པོ་ལ་གནོད་པའི་རྐྱེན་ཇི་སྐད་དུ་བཤད་པ་མེད་པར་དབང་པོ་དྲུག་ཀས་གཟུང་བར་བྱ་བའི་དོན་རྟོགས་པ་དེ་ནི་འཇིག་རྟེན་ཉིད་ལས་བདེན་པ་ཡིན་གྱི་འཕགས་པ་ལ་ལྟོས་ནས་ནི་མ་ཡིན་ནོ། །ཞེས་འཇིག་རྟེན་གྱི་བདེན་པ་ལ་ལྟོས་པའམ་ཡང་ན་རྨོངས་པ་མ་རིག་པ་གཏི་མུག་གམ་འཇིག་རྟེན་མཐུན་འཇུག་གི་སྣང་བ་དབང་བཙན་དུ་གཏང་དགོས་ཐུག་པ། དེ་བཞིན་འདིར་ཡང་རྩ་བའི་རྟགས་སྒྲུབ་ཚུལ་གྱི་རིགས་པ་དག་གིས་གོང་བཤད་བཞིན་ཆོས་རྣམས་གཞི་མེད་དུ་གཏན་ལ་ཕབ་ཅིང་། གང་གཏན་ལ་ཕབ་པའི་ཡིན་ལུགས་དོན་དམ་བདེན་པ་ནི་གཞི་མེད་རྩ་བྲལ་གྱི་སྟོང་པ་ཙམ་ལ་ངོས་འཛིན་པ་མ་ཡིན་པར་གཞུང་རྩ་འགྲེལ་གཉིས་སུ་བཤད་པ་བཞིན་སྤྲོས་པའི་མཚན་མ་གང་གིས་ཀྱང་མ་གོས་པ་གཏན་ལ་ཕབ་པ་ལྟར་དོན་ལ་གནས་ཀྱང། རང་འགྲེལ་ལས།65གང་དག་ཐོག་མ་མེད་པའི་འཁོར་བ་ནས་ཕྱིན་ཅི་ལོག་གཅིག་ནས་གཅིག་ཏུ་བརྒྱུད་དེ། དངོས་པོ་ལ་མངོན་པར་ཞེན་པས་ཡོངས་སུ་འཕེལ་བ་སྤང་བར་དཀའ་བ་དང་། ཚུལ་བཞིན་ཡིད་ལ་བྱེད་པས་གོམས་པར་བྱེད་པའི་ཕྱིར་སྤང་དཀའ་བས་ཞེས་པ་ནས། གཞན་དག་ལ་ཡང་ངེས་པར་བསྐྱེད་པར་འདོད་པས་ཐ་སྙད་འདོགས་པར་མི་བྱེད་པ་འདི་དེ་ལྟར་ཤེས་པ་དང་སྒྲ་དང་ཐ་སྙད་ཉིད་དུ་བསྒྲུབ་སྟེ། ཞེས་དང་། ཡང་།66ཐོག་མ་མེད་པའི་སྲིད་པར་སྐྱེས་པ་དངོས་པོ་ལ་མངོན་པར་ཞེན་པའི་དུག་གིས་དཀྲུགས་པའི་བློ་ཅན་དག་གིས་མངོན་སུམ་ཙམ་དུ་རྟོགས་པས་རྣམ་པ་ཁོང་དུ་ཆུད་པར་མི་ནུས་ཏེ། འདྲ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་དམིགས་པས་བློ་སྣོད་པ་དག་གིས་སྐད་ཅིག་མ་ཉིད་མི་རྟོགས་པ་བཞིན་ནོ།།
ཞེས་གསུངས་པ་བཞིིན་དོན་དུ་མེད་ཀྱང་ཐོགས་མེད་ཀྱི་ཕྱིན་ཅི་ལོག་པའི་བློ་གོམས་པའི་ཤུགས་སྟོབས་ཆེ་ཕྱིར་གཞན་དབང་སྟབས་བསྟུན་གྱིས་དེ་དག་གི་སྣང་བ་དབང་བཙན་དུ་བྱ་དགོས་ཐུག་པས། བརྟགས་པས་མ་བྱས་ཉམས་དགའ་བའང། །བདག་རྒྱུ་སྔ་མ་སྔ་མ་ལ། །བརྟེན་ནས་ཕྱི་མ་ཕྱི་མ་ཡི། །འབྲས་བུ་དེ་འདྲ་འབྱུང་བ་ཡིན། །ཞེས་པ་ལྟ་བུ་རང་འགྲེལ་དུ་རྒྱུ་དང་འབྲས་བུ་དངོས་པོ་ནི། ཀུན་རྫོབ་ཏུ་ནི་མ་བཟློག་པས། །ཞེས་པའི་ཐད་རིགས་པ་དྲུག་ཅུ་པའི་67སྒྲུབ་བྱེད་དུ་དྲངས་པ་བཞིན། འཇིག་རྟེན་དབང་དུ་རྒྱལ་བ་རྣམས། །ང་དང་ང་ཡི་ཞེས་གསུངས་ལྟར། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་བཞིན་དགོངས་པའི་དབང་གིས་གསུངས། །ཞེས་ཀུན་རྫོབ་ཀྱི་རྣམ་གཞག་དེ་དགོངས་པའི་དབང་གིས་སམ་ཡང་ན་གོང་དུ་སོང་བ་བཞིན་སེམས་ཅན་གཟུད་པའི་དོན་དུའམ་བརྟེན་ནས་བཏགས་པ་ཙམ་མམ། ཡང་ན་མཁས་པ་དང་བྱིས་པའི་བར་ལ་གྲགས་པའི་དབུ་མ་འཇུག་པའི་ཚིག་གཡར་ན་འཇིག་རྟེན་གྲགས་སྡེ་དང་མཐུན་པ་དང། ཡང་ན་སྣང་བའི་དངོས་པོ་མི་དགག་པའི་སྒོ་ལྔའི་ཡུལ་སོགས་འཇུག་པའི་ཚིག་གཡར་ན་གནོད་པ་མེད་པའི་དབང་པོ་དྲུག་གི་ཡུལ་གྱི་ཀུན་རྫོབ་སྟེ་མ་བརྟགས་ཉམས་དགའ་བ་ཞིག་ཞལ་གྱིས་བཞེས་དགོས་ཐུག་པའི་སྐབས་འདི་ལ་བསམས་ན་ཡང་མཐར་ཐུག་གི་དགོངས་པ་དབུ་མ་ཐལ་འགྱུར་བ་དང་ཁྱད་པར་མེད་པ་ནི་གཞུང་རང་ལ་མཐོང་ཆོས་མངོན་གྱུར་ཉིད་དུ་གྲུབ་ཡོད་པར་སེམས་སོ།།
ཆིངས་དྲུག་པ། ཆོས་ཅན་མཐུན་སྣང་ཞལ་བཞེས་ཀྱི་དགོངས་དོན་ལ་བསམས་པ།
སྤྱིར་དབུ་མ་ཐལ་རང་གཉིས་ཀྱི་རྩ་བའི་ལུང་རིགས་ཀྱི་གྱེས་མཚམས་ཀྱང་རྒོལ་བའི་ལོག་རྟོག་བཟློག་པར་ཐལ་རང་གི་གཏན་ཚིགས་གང་འགོད་དང་། དེས་ཕ་རོལ་པོ་སུན་འབྱིན་ཐུབ་མིན་ལས་བྱུང་བས། ཆོས་ཅན་མཐུན་སྣང་གི་ཞལ་བཞེས་མཛད་པ་ཙམ་གྱིས་རང་རྒྱུད་ཀྱི་གཏན་ཚིགས་ཡིན་ཤག་དང་དེ་ཁས་ལེན་དང་བཅས་པས་ཁྱབ་པ་འདོད་པ་ནི། ཨ་མ་ཡིན་ཤག་ནུ་མ་ནུ་ཤག་ལྟ་བུའི་གནས་ལུགས་འཚོལ་ཚུལ་གྱི་ལམ་བུ་ཡང་དག་ཅིག་ཏུ་འདོད་མོད། དེ་ནི་མ་དག་རྒྱུན་འབྱམས་ཀྱི་དཔྱད་པ་གནད་དུ་མ་སོང་བ་ཞིག་སྟེ། ཆོས་ཅན་མཐུན་སྣང་གི་ཞལ་བཞེས་ཡོད་པ་ཙམ་གྱིས་ཁས་ལེན་དང་བཅས་པའམ་གཏན་ཚིགས་རང་རྒྱུད་དུ་བཀོད་པས་ཁྱབ་ན། ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དུ་གྲགས་པའི་སློབ་དཔོན་ཟླ་བ་གྲགས་པ་དང་ཞི་བ་ལྷ་གཉིས་ཀ་དེ་ལྟར་དུ་ཐལ་ཏེ། སྤྱོད་འཇུག་ལས།68ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པ། །བདེན་པར་རྟོག་པ་བཟློག་བྱ་ཡིན། །ཞེས་མཐུན་སྣང་གི་དངོས་པོ་དགག་བྱ་མིན་པ་ཤིན་ཏུ་གསལ་ཞིང་དེའི་དོན་ཡང་གཏན་ཚིགས་རང་རྒྱུད་ལྟར་རང་དབང་དུ་ཁས་ལེན་པའི་དོན་མིན་པར་སྐབས་ཤེས་དགོས་པ་གནད་ཆེ་ཞིང་། དེ་ཡང་ཤེར་འབྱུང་གི་དཀའ་འགྲེལ་དུ་སྐབས་ངོས་འཛིན་དང་བཅས་དབྱེ་མཚམས་ཤིན་ཏུ་གསལ་བ་སྟེ། དེ་ཉིད་ལས།69འོན་ཏེ་འཇིག་རྟེན་གྱི་གྲགས་པས་ཡིན་ན་དེའི་ཚེ། ཇི་ལྟར་མཐོང་ཐོས་ཤེས་པ་ཀུན། །འདིར་ནི་དགག་པ་བྱ་མིན་ཏེ། །ཞེས་སོ།།
ཇི་ལྟར་མཐོང་བ་ཞེས་མིག་ལ་སོགས་པའི་ཤེས་པས་མངོན་སུམ་དུ་མཐོང་བ་ཡིན་ལ། ཐོས་པ་ཞེས་པ་ནི་གང་ཟག་གཞན་ལས་དང་ལུང་ལས་སོ། །ཤེས་པ་ཞེས་པ་ནི་ཚུལ་གསུམ་པའི་རྟགས་ལས་སྐྱེས་པའི་རྗེས་སུ་དཔག་པར་ངེས་པའོ། །དེ་ཉིད་འདིར་ཐ་སྙད་ཐམས་ཅད་ལ་བརྟེན་ཏེ་དགག་པར་བྱ་མིན་ཞེས་པ་མི་བཟློག་པའོ། །ཞེས་མཐོང་བ་དང་ཐོས་པ་ཤེས་པ་རེ་རེ་ལ་འགྲེལ་བཤད་དང་བཅས་གསལ་ཁ་བཏོན་པ་མ་ཟད། དེ་ཡང་འོ་ན་འཇིག་རྟེན་གྱི་གྲགས་པ་ཡིན་ན་དེའི་ཚེ་ཞེས་སྐབས་ཀྱི་མཚམས་སྦྱོར་གྱི་གནད་ཀྱང་ཟིན་པ་དང་། དེ་བཞིན་དཔལ་ལྡན་ཟླ་བས་ཀྱང་། དབུ་མ་འཇུག་པར། འཇིག་རྟེན་པ་ཡི་དེ་ཉིད་ལ་གནས་ལ། །ཕུང་པོ་འཇིག་རྟེན་གྲགས་ཏེ་ལྔ་ཆར་ཡོད། །ཅེས་དང་། ཡང་བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང་། །འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཇི་བཞིན་། །ཞེས་དང་། འཇུག་འགྲེལ་ལས།70ཇི་ལྟར་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོའི་རྣམ་པར་གཞག་པ་འདི་འཇིག་རྟེན་གྱི་ཐ་སྙད་དུ་རྣམ་པར་གཞག་པ་དེ་བཞིན་དུ་འདིའི་ལས་དང་བྱེད་པ་པོའི་རྣམ་པར་གཞག་པ་ཡང་ཤིང་རྟ་ལྟར་ཁས་བླང་བར་བྱའོ་ཞེས་བཤད་པ་ཞེས་ཇི་ལྟར་ཞལ་བཞེས་མཛད་པ་བཞིན་གཞུང་རྩ་འགྲེལ་འདི་ཡང་ལགས་ཏེ། དབུ་མ་རྒྱན་ལས།71གཞུང་གིས་བསྐྱེད་པའི་བྱེ་བྲག་གི །ཆོས་ཅན་སྤངས་ནས་མཁས་པ་དང་། །བུད་མེད་བྱིས་པའི་བར་དག་ལ། །གྲགས་པར་གྱུར་པའི་དངོས་རྣམས་ལ། །བསྒྲུབ་དང་སྒྲུབ་པའི་དངོས་པོ་འདི། །མ་ལུས་ཡང་དག་འཇུག་པར་འགྱུར། །ཞེས་དང་། བདག་ནི་སྣང་བའི་ངང་ཅན་གྱི། །དངོས་པོ་དགག་པར་མི་བྱེད་དེ། །དེ་ལྟ་བས་ན་སྒྲུབ་པ་དང་། །བསྒྲུབ་བྱ་བཞག་པ་འཁྲུགས་པ་མེད། །ཅེས་ཆོས་ཅན་མཐུན་སྣང་གི་དམ་བཅའ་བསྟན་ཞིང་། དེ་ཡང་ཚིག་ཟིན་ལ་ཤིན་ཏུ་གསལ་བ་ལྟར་གང་ཞལ་བཞེས་ཀྱི་ཆོས་ཅན་དེ་མཁས་པ་བུད་མེད། བྱིས་པའི་བར་ལ་གྲགས་པར་གྱུར་པའི་ཐལ་འགྱུར་པའི་ཐ་སྙད་ཅིག་གཡར་བའི་དབང་དུ་བཏང་ན་འཇིག་རྟེན་གྲགས་སྡེ་སྟེ།
འཇུག་པ་ལས། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན། ཞེས་གསུངས་པ་བཞིན་དེ་ཡང་ཇི་ལྟར་ཤེས་ཤེ་ན་གཞུང་གིས་བསྐྱེད་པའི་བྱེ་བྲག་གི་ཆོས་ཅན་སྤངས་པའི་མཐུན་སྣང་གི་ཆོས་ཅན་ནི། རང་འགྲེལ་ལས།72རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ཐམས་ཅད་ནི་ཕན་ཚུན་མི་མཐུན་པས་གྲུབ་པའི་མཐས་བསྐྱེད་པ་ཆོས་ཅན་ཐ་དད་པ་ཡོངས་སུ་བཏང་སྟེ། མཁས་པ་དང་བུད་མེད་དང་བྱིས་པའི་བར་གྱི་མིག་རྣ་བའི་ཤེས་པ་ལ་སྣང་བའི་ངང་ཅན་གྱི་ཕྱོགས་སྒྲ་ལ་སོགས་པའི་ཆོས་ཅན་ལ་བརྟེན་ནས་འཇུག་གོ །ཞེས་འཇུག་པ་རྩ་འགྲེལ་ལྟར་གནོད་པ་མེད་པའི་མིག་རྣ་སོགས་དབང་པོ་དྲུག་གི་སྤྱོད་ཡུལ་གྱི་དེ་ཡིན་པ་གཞུང་རང་གིས་ཁ་གྲགས་པ་དང་། འདི་ལྟར་འཇོག་དགོས་པའི་གལ་འགག་ཀྱང་ཆིངས་བཞི་པའི་སྐབས་ཀྱི་མ་བརྟགས་ཉམས་དགའ་བའི་ཀུན་རྫོབ་འཇོག་ཚུལ་དང་གཅིག་ཏུ་སོང་ཞིང་། དེ་ཡང་གོང་དུ་བཤད་པ་བཞིན་ཆོས་ཀུན་གཞི་མེད་དམ་སྤྲོས་བྲལ་དུ་གཏན་ལ་ཕབ་པ་ན་བྱིས་པའི་བློ་དག་གིས་དེར་མི་སྙོབས་པས། མ་ཡིན་ཐོག་མེད་རྒྱུད་ལྕི་བའི། །དངོས་པོ་སྒྲོ་བཏགས་དབང་དུ་བྱས་པའམ་ཡང་ན། རྒྱུ་དང་འབྲས་བུའི་དངོས་པོ་ཀུན་རྫོབ་ཏུ་མ་བཟློག་པའི་སྒྲུབ་བྱེད་ལ་རང་འགྲེལ་དུ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུང་དྲངས་པ་བཞིན། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་བཞིན་དགོངས་པའི་དབང་གིས་གསུངས། །ཞེས་ཆོས་ཅན་མཐུན་སྣང་འཇོག་དགོས་ཐུག་པ་སྟེ། དེ་ཡང་འཇུག་འགྲེལ་ལས།73དེ་ཕྱིར་གཞན་ལ་རག་ལས་པ་ཉིད་ཀྱི་སྒོ་ནས་བདག་གིས་ཀུན་རྫོབ་ཁས་བླངས་ཀྱི་རང་དབང་དུ་ནི་མ་ཡིན་ནོ། །ཞེས་དང་། ཡོད་མ་ཡིན་ཡང་འཇིག་རྟེན་ཁོ་ན་ལ་གྲགས་པར་གྱུར་པས་ཡོད་དོ་ཞེས་འཇིག་རྟེན་གྱི་ངོ་བོར་ཁོ་ནར་བརྗོད་པ་ཡིན་ཏེ། དེ་རྗེས་སུ་བརྗོད་པ་ནི་དེ་ལྡོག་པའི་ཐབས་ཡིན་པའི་ཕྱིར་རོ། །ཞེས་དེ་དང་ཤིན་ཏུ་མཐུན་པ་དང་དེ་རྗེས་སུ་བརྗོད་པ་ནི་དེ་ལྡོག་པའི་ཐབས་དེ་ཡང་རྒྱན་ལས།74དེ་ཕྱིར་ལོག་པར་བསྟན་པ་ཡི། །གྲུབ་མཐར་འཆེལ་བའི་བློ་ཅན་ལ། །དེ་ལུགས་རྗེས་འཇུག་བློ་ཅན་རྣམས། །སྙིང་རྗེ་ཉིད་ནི་རབ་ཏུ་སྐྱེ། །ཞེས་སོ།།
གཞན་འདིར་དོགས་པ་ཆེ་ཤོས་ཤིག བདག་ནི་སྣང་བའི་ངང་ཅན་གྱི་དངོས་པོ་མི་དགག་པའི་ཚུལ་ཏེ། རང་འགྲེལ་ལས།75ཁོ་བོ་ཡང་མིག་ལ་སོགས་པའི་ཤེས་པ་ལ་སྣང་བའི་ངང་ཅན་གྱི་དངོས་པོ་ནི་མི་སེལ་མོད་ཀྱི། ཤེས་རབ་དང་ཡེ་ཤེས་ཀྱིས་དཔྱད་ན་ཆུ་ཤིང་གི་སྡོང་པོ་བཞིན་དུ་སྙིང་པོ་བག་ཙམ་མི་སྣང་བས་དོན་དམ་པར་མི་འདོད་དོ། །དེ་ལྟ་བས་ན་སྣང་བའི་དོན་མ་བཀག་པ་ཉིད་ཀྱིས་མངོན་པར་ཞེན་པ་མེད་པའི་བསྒྲུབ་པ་དང་། སྒྲུབ་པའི་ཐ་སྙད་འཇུག་པས་ཆོས་ཐམས་ཅད་རང་བཞིན་མེད་པར་སྨྲ་བ་ལ་གནོད་པ་ཅི་ཡང་མེད་དོ། །ཞེས་པའི་མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱིས་བདག་ནི་སྣང་བའི་དངོས་པོ་མི་སེལ་མོད་ཅེས་དང་སྣང་བའི་དོན་མ་བཀག་ཀྱང་དེར་ཞེན་པ་མེད་པར་བསྒྲུབ་པ་དང་སྒྲུབ་པའི་ཐ་སྙད་འཇུག་ཆོག་པའི་ཚིག་གསལ་ཁ་ཅན་རྣམས་དེ། འདི་དག་ལ་དོགས་པ་ཆེ་ཤོས་ཞེས་བརྗོད་པ་དེ་ཡང་སྤྱིར་གོང་གི་སྤྱོད་འཇུག་གི་ཚིག་དང་འདི་གཉིས་ནི་ལྷུག་མ་དང་བཅད་མའི་ཁྱད་ཙམ་ལས་ལྷག་ཏུ་ཤེར་འབྱུང་གི་འགྲེལ་པ་དང་སྦྱར་ན་འདི་གཉིས་བར་ལ་མཐུད་མི་ཐུབ་པའི་ཧེ་བག་ཅིག་མེད་པར་མ་ཟད་གཏིང་ནས་ཡིད་ཆེས་པའི་གནས་སུ་སྐྱེལ་སྲིད་མོད། ཞེ་འདོད་ལ་འཐིམ་ཞིང་རིང་ལུགས་ཁོ་ན་གཙུག་ཏུ་བཀུར་བའི་རིང་ལུགས་པ་དག་ལ་མཚོན་ན་ཚིག་འདི་འཐམ་བདེ་ཞིང་འཇུ་སླ་བའི་ཕྱིར།
འཇུག་འགྲེལ་དང་དཔྱད་བསྡུར་དུ་བྱས་པ་དེས་ཀྱང་འཐེན་འཁྱེར་རྩལ་དུ་འདོན་མཁན་དག་ལ་གནད་སློང་མི་ཐུབ་ཕྱིར། མཁན་ཆེན་ཉིད་ཀྱི་དགོངས་པ་སྟེ་རང་འགྲེལ་ལས།76 བྱིས་པའི་གནས་སྐབས་ནས་བཟུང་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བར་དུ་མྱོང་བ་གང་མ་བརྟགས་གཅིག་པུ་ན་ཡིད་དུ་འོང་བའི་རང་བཞིན་ལ་ནི་ཁོ་བོས་བཀག་པ་མེད་དེ།
ཞེས་ཉིད་ཀྱི་དགོངས་པ་ཉིད་ཀྱིས་བཀྲལ་བའི་མཚམས་སམ་ལྟད་མོ་ཐེངས་གཅིག་བཤམ་པར་བྱ་སྟེ། འདིས་ཆོས་ཅན་མཐུན་སྣང་ཞལ་བཞེས་ཀྱི་དགོངས་དོན་ལ་དོགས་པ་རང་གྲོལ་དུ་འགྱུར་བ་མ་ཟད། འདིར་བསམས་ན་ཡང་མཐར་ཐུག་གི་དགོངས་པ་ཐལ་འགྱུར་བ་དང་དབྱེ་བསྲི་མེད་པ་ནི་ཉིད་ཀྱི་དགོངས་པ་ཉིད་ཀྱིས་བཀྲལ་བའི་ཚུལ་དེས་ཀྱང་ངོ་།།
སླར་སྨོན་པ།
ཚུལ་གཉིས་ལྟ་བ་རིན་པོ་ཆེ།།
མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག།།
སྐྱེས་པ་ཉམས་པ་མེད་པ་ཡང་།།
གོང་ནས་གོང་དུ་འཕེལ་བར་ཤོག།།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༤༣ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་དེབ། ཤོག་ངོས་ ༡༨༧ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༤༣-༤༤ བར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་དེབ། ཤོག་ངོས་ ༡༨༩ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༤༣ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༤༣-༤༤ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༧༡ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༧༩ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ ཤོག་ངོས་ ༧༡ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ ཤོག་ངོས་ ༤༨ པར་གསལ།
- སློབ་དཔོན་དགེ་སྲུང་། ཕྱི་རོལ་གྱི་དོན་གྲུབ་པ་ཞེས་བྱ་བའི་ཚིག་ལེའུར་བྱས་པ། སྡེ་དགེ་བསྟན་འགྱུར། པོད། ཞེ། ཤོག་ངོས་ ༡༩༡ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་དེབ། ཤོག་ངོས་ ༡༨༨ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༤༩ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་དེབ། ཤོག་ངོས་ ༡༨༨ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༤༩ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༥༠ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་དེབ། ཤོག་ངོས་ ༡༨༩ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ ཤོག་ངོས་ ༥༠ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ ཤོག་ངོས་ ༧༢ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ ཤོག་ངོས་ ༥༢ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ཤོག་ངོས་ ༧༩ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༧ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༢༦ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་དེབ། ཤོག་ངོས་ ༡༩༣ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༦༦ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་དེབ། ཤོག་ངོས་ ༡༩༥-༡༩༦ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་དེབ། ཤོག་ངོས་ ༡༩༥ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༨༢ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༨༢ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༨༢-༨༣ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༨༣ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༨༣ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༨༣ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༥༠ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༥༡ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༥༢ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༨༠ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༨༡ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༧༦ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༧༧ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༨༣ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༧༨ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༧༨ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་དེབ། ཤོག་ངོས་ ༩༣ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་དེབ། ཤོག་ངོས་ ༡༣ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་དེབ། ཤོག་ངོས་ ༡༩༦ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༨༠ པར་གསལ།
- TI030 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༠༠ དེབ་གཟུགས། ཤོག་ངོས་ ༤༦ པར་གསལ།
- TI030 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ ༢༠༠༠ དེབ་གཟུགས། ཤོག་ངོས་ ༤༩ པར་གསལ།
- TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༩ དེབ་གཟུགས། ཤོག་ངོས་ ༣༩༩ པར་གསལ།
- TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༩ དེབ་གཟུགས། ཤོག་ངོས་ ༣༩༣ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༧༥ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༧༥-༧༦ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༨༡ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ དེབ་གཟུགས། ཤོག་ངོས་ ༧༧ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ ཤོག་ངོས་ ༧༨ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་དེབ། ཤོག་ངོས་ ༡༩༥ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ ཤོག་ངོས་ ༧༨ པར་གསལ།
- TI1713 ཐཱའི་ཝན་བསྐྱར་དཔར་མ། ཤོས་ངོས་ ༢༦༨ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ ཤོག་ངོས་ ༧༨-༧༩ བར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ ཤོག་ངོས་ ༨༡ པར་གསལ།
- TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༩ ཤོས་ངོས་ ༢༦༩ པར་གསལ།
- TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༩ ཤོས་ངོས་ ༡༧༣ པར་གསལ།
- TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༩ ཤོས་ངོས་ ༡༧༤ པར་གསལ།
- TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༩ ཤོས་ངོས་ ༡༠༤-༡༠༦ བར་གསལ།
- སེར་སྨད་པར་མ། ཤོག་ངོས་ ༧༤-༧༥ པར་གསལ།
- TI1713 ཐཱའི་ཝན་བསྐྱར་དཔར་མ། ཤོས་ངོས་ ༢༦༩ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ ཤོག་ངོས་ ༩༢ པར་གསལ།
- ཨ་དརྴ། ༡a༠༥ -༣a༢a
- ཨ་དརྴ། ༡༠༥-༢༠༨b
- TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༩ ཤོས་ངོས་ ༢༧༢ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་དེབ། ཤོག་ངོས་ ༡༩༦ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ ཤོག་ངོས་ ༨༧ པར་གསལ།
- TI1713 ཐཱའི་ཝན་བསྐྱར་དཔར་མ། ཕྱི་ལོ་ ༢༠༡༩ ཤོས་ངོས་ ༡༧༤ པར་གསལ།
- སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༠༩ ལོའི་པར་མ། རྩ་དེབ། ཤོག་ངོས་ ༡༩༩ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ ཤོག་ངོས་ ༨༨ པར་གསལ།
- སེར་སྨད་པར་མ། ཕྱི་ལོ་ ༢༠༡༨ ཤོག་ངོས་ ༨༠ པར་གསལ།
