ཤེར་ཕྱིན་གྱི་མཁྱེན་གསུམ་ལས་འཕྲོས་པའི་ཟིན་བྲིས་ཐན་ཐུན།

ལོ་རིམ་དྲུག་པའི་སློབ་གཉེར་བ།  ཕུར་བུ་ཚེ་རིང་།

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།

དེ་ལ་འདིར་རྒྱལ་བ་ཤཱཀྱ་ཐུབ་པའི་སེང་གེའི་གསུང་གི་སྒྲོན་མེ་ས་གསུམ་གྱི་མུན་པ་མཐའ་དག་བསལ་བར་བྱེད་པའི་བཀའ་འཁོར་ལོ་གསུམ་དུ་གྲགས་པ་ལས་གནས་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་ལ། འཁོར་བྱམས་པ་ལ་སོགས་པ་ཐེག་པ་ཆེན་པོའི་གང་ཟག་རྣམས་ལ། ཆོས་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་བཀའ་བར་པ་མཚན་ཉིད་མེད་པའི་འགྲེལ་ཚུལ་ལས། རྒྱ་ཆེན་སྤྱོད་པ་དང་། ཟམ་མོ་ལྟ་བ། ཟབ་རྒྱས་ཟུང་འཇུག་ཅེས་གྲགས་པ་དང་། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་བཞེད་པ་ལྟར་སྙིང་པོ་དོན་དམ་པའི་བདེན་པ་དང་། རྒྱ་ཆེ་བ་མངོན་རྟོགས་ཀྱི་རིམ་པ་གཉིས། ཡང་ན་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་རིགས་ཚོགས་ཞེས་ལུས་དང་ཡན་ལག་གི་བསྟན་བཅོས་དུ་མ་གསུངས། གདུལ་བྱའི་རྒྱུད་ལ་མངོན་རྟོགས་སྐྱེ་ཚུལ་གྱི་རིམ་པ་རྣམས་ནི་རྒྱལ་ཚབ་བྱམས་པ་མགོན་པོས་ཡུམ་སྲས་བཅུ་བདུན་ཁུངས་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་མཛད། སྐབས་སུ་བབས་པའི་གླེང་བར་བྱ་བ་ནི། ཀླུ་སྒྲུབ་ལུགས་དང་བྱམས་པའི་གཞུང། །ཕན་ཚུན་བུ་རམ་སྦྲང་རྩི་བཞིན། །ཞེས་པ་བཞིན་ཀླུ་སྒྲུབ་ཀྱི་རྩ་ཤེས་དང་བྱམས་པའི་མངོན་རྟོགས་རྒྱན་གཉིས་གཞུང་ཕྱི་མོའི་དབུ་མ་ཡིན་པས་རྒྱན་དེ་ཉིད་གསེར་ཕྲེང་ལྟར་རང་རྒྱུད་དུ་བཀྲལ་བ་དང་སྡུད་པ་རྒྱན་སྦྱར་ལྟར་ཐལ་འགྱུར་དུ་བཀྲལ་བའང་སྣང་། འོན་ཀྱང་སེམས་བསྐྱེད་ནི་ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་དང་སྦྱར་རྒྱུ་ཡོད་ན་ཡང་འགྲེལ་པ་དོན་གསལ་དང་སྦྱར་བའི་མགོ་ནས་མཇུག་ཡོངས་སུ་མ་རྫོགས་བར་རང་གཞུང་ཚད་གྲུབ་ཅིག་མེད་པས་མཆོད་བརྗོད་ནས་འཕྲོས་ཏེ་མཁྱེན་གསུམ་གྱི་སྐོར་ཅུང་ཙམ་གླེང་བར་བྱ་བ་ཡིན་ལ།

དང་པོ། མཁྱེན་པ་གསུམ་བསྟན་པའི་མདོ་མཚོན་ཙམ་ངོས་བཟུང་བ།

ཡུམ་བར་མ་ལས།1ཐམས་ཅད་ཤེས་པ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིེད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡིན་ནོ། །ཞེས་མཁྱེན་གསུམ་བསྟན་ཏོ། །བསྟན་བཅོས་ལས་ཀྱང་བསྟན་ཏེ། སློབ་དཔོན་སེང་གེ་བཟང་པོས་འགྲེལ་པ་དོན་གསལ་ལས།2དེ་ལ་ཐམས་ཅད་ཤེས་པ་ཉིད་ནི་གཟུགས་ལ་སོགས་པའི་ཆོས་ལ་མི་རྟག་པ་ལ་སོགས་པའི་རྟེན་ཅན་འབྲས་བུ་བདག་ཏུ་རྨོངས་པ་སྤངས་པ་ཅན་ཡིན་ནོ། །ལམ་ཤེས་པ་ཉིད་ནི་ཐེག་པ་ཐམས་ཅད་ཀྱིས་ངེས་པར་འབྱུང་བ་དང་། དེ་ཁོ་ན་ཉིད་མངོན་སུམ་དུ་མི་བྱེད་པའི་རྟེན་ཅན་འབྲས་བུ་སེམས་ཅན་མ་བསྡུས་པ་སྡུད་པ་ལ་སོགས་པར་བྱེད་པ་ཅན་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རྟེན་ཅན་འབྲས་བུ་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པར་སེམས་ཅན་གྱི་དོན་རྒྱུན་མི་ཆད་པ་དང་། ཡང་དག་པ་ཉིད་ཀྱི་མཐའ་རྟོགས་པ་དང་། བག་ཆགས་ཀྱི་མཚམས་སྦྱོར་བ་ཉིིད་སྤངས་པ་ཅན་ཡིན་ནོ། །ཞེས་མདོ་དང་བསྟན་བཅོས་ལས་མཁྱེན་གསུམ་བསྟན་ཚུལ་མཚོན་ཙམ་ཞུས་ནས་དེ་དག་གི་མཚན་ཉིད་བྲི་བར་བྱའོ། །དེ་ཡང་དང་པོ་སྤྱིར་མཁྱེན་གསུམ་གྱི་མཚན་ཉིད་ནི། བོད་སྤྲུལ་རིན་པོ་ཆེས་ཤེར་ཕྱིན་ཚིག་དོན་རྣམ་བཤད་མ་ཕམ་ཞལ་ལུང་ལས།3དང་པོ་ལ་རྣམ་པ་སྐྱེ་མེད་ཀྱི་མངོན་རྟོགས་རྣམ་མཁྱེན། ལམ་མཚན་མེད་ཀྱི་མངོན་རྟོགས་ལམ་ཤེས། གཞི་བདག་མེད་ཀྱི་མངོན་རྟོགས་གཞི་ཤེས་དང་གསུམ། ཞེས་སོ།།

གཉིས་པ་རྟེན་ངེས་པའི་དབང་དུ་བྱས་པའམ་མདོ་ཡི་ཤུགས་བསྟན་དུ་གྱུར་པའི་མཆོད་བརྗོད་སྐབས་ནས་བསྟན་པའི་མཁྱེན་གསུམ་གྱི་མཚན་ཉིད་ནི། དཔལ་སྤྲུལ་རིན་པོ་ཆེས་ཤེར་ཕྱིན་སྤྱི་དོན་ལས།4ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་མ་ལུས་པ་སྐད་ཅིག་མ་གཅིག་ལ་མངོན་གསུམ་མཁྱེན་པ་རྣམ་མཁྱེན་གྱི་མཚན་ཉིད། ལམ་གསུམ་རང་བཞིན་མེད་པར་རྟོགས་ཤིང་རྫོགས་སྨིན་སྦྱངས་ནས་ཡང་དག་མཐའ་མངོན་དུ་བྱེད་པའི་སློབ་ལམ་ལམ་ཤེས་ཀྱི་མཚན་ཉིད། གཞི་ཐམས་ཅད་གང་ཟག་གི་བདག་གིས་སྟོང་པར་རྟོགས་པའི་ཉི་ཚེ་བའི་མཁྱེན་པ་གཞི་ཤེས་ཀྱི་མཚན་ཉིད། ཅེས་སོ། །མདོ་ཡི་བསྟན་བྱ་གཙོ་བོར་གྱུར་པའམ་ལུས་རྣམ་གཞག་སྐབས་ནས་བསྟན་པའི་མཁྱེན་གསུམ་གྱི་མཚན་ཉིད་ནི། བོད་སྤྲུལ་རིན་པོ་ཆེས་ཤེར་ཕྱིན་ཚིག་དོན་རྣམ་བཤད་མ་ཕམ་ཞལ་ལུང་ལས།5 ཇི་ལྟར་ན་རྣམ་པ་སྨོན་མེད་ཀྱི་མཁྱེན་པ་ཐབས་ཤེས་ཁྱད་པར་ཅན་གྱི་མངོན་རྟོགས་རྣམ་མཁྱེན་ཉིད་དང་། ལམ་མཚན་མེད་ཀྱི་མཁྱེན་པ་ཐབས་ཤེས་ཁྱད་པར་ཅན་གྱི་མངོན་རྟོགས་ལམ་ཤེས་དང་། གཞི་བདག་མེད་ཀྱི་མཁྱེན་པ་ཐབས་ཤེས་ཁྱད་པར་ཅན་གྱི་མངོན་རྟོགས་གཞི་ཤེས་དང་། ཞེས་སོ།།

གཉིས་པ། མཆོད་བརྗོད་སྐབས་ནས་བསྟན་པའི་མཁྱེན་གསུམ་ལ་འཕགས་རྒྱུད་ཀྱི་མཁྱེན་པ་དང་།
བདག་མེད་རྟོགས་པའི་བློས་མ་ཁྱབ་པར་བསྟན་པ།

དེ་ཡང་གསེར་ཕྲེང་ལྟར་ན། འཕགས་པས།6འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཉེ་བར་དགོད་པ་སྔོན་དུ་འགྲོ་བའི་སྒོ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །ཞེས་པས་འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཞེས་པ་དོན་དེས་མཁྱེན་གསུམ་ལ་འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་པའི་ཁྱབ་པར་བཞེད་པ་རྣམས་ལ་མི་འཐད་པར་བསྟན་ཏེ། རྗེ་ཙོང་ཁ་པ་ཆེན་པོས་ལེགས་བཤད་གསེར་ཕྲེང་ལས།7འཕགས་བཞིའི་ཡུམ་ཡིན་པའི་ཕྱིར་སྦྱོར་ལམ་མན་ཆད་ན་ཡུམ་འདི་ཡོད་པ་མི་རིགས་ཤེ་ན། འདིས་འཁྲུལ་གཞི་བྱས་ནས། གཞི་ཤེས་དང་ལམ་ཤེས་འཕགས་པའི་རྟོགས་པ་ཁོ་ནར་འཆད་པ་བྱུང་མོད་དེ་ནི་མི་འཐད་དེ། ཞེས་ལུགས་འདི་འཐད་ཕྱོགས་སུ་མ་བཟུང་བ་དང་། གཞན་ཡང་འཕགས་པས།8འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་རྣམ་པ་རྣམས་བསྡུས་པར་འགྱུར་བ་ཡིན་ཏེ། ཞེས་པའི་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་རྣམ་པ་རྣམས་བསྡུས་ཞེས་པའི་རྣམ་པ་དེ་བྱང་ཕྱོགས་སོ་བདུན་ལ་གོ་ནས་སྡུད་བྱེད་མཁྱེན་པ་གསུམ་པོས་བསྡུ་བྱ་བྱང་ཕྱོགས་སོ་བདུན་དུ་འདུས། དེས་ན་མཁྱེན་གསུམ་ལ་འཕགས་རྒྱུད་ཀྱི་མཁྱེན་པས་ཁྱབ་ན་བསྡུ་བྱ་བྱང་ཕྱོགས་སོ་བདུན་ལས་ཚོགས་སྦྱོར་གཉིས་ན་དྲན་པ་ཉེ་བར་བཞག་པ་བཞི་སོགས་དང་དབང་པོ་ལྔ་སོགས་ཉེར་གཉིས་འཕགས་རྒྱུད་ཀྱིས་བསྡུས་པ་ཡིན་དགོས་པ་ལས་དེ་ལྟར་ཡིན་ཐབས་བྲལ། དེས་ན་མཁྱེན་གསུམ་གྱིས་བསྡུ་བྱ་རྣམ་པ་ལ་འཕགས་རྒྱུད་ཀྱི་ཡིན་པས་མ་ཁྱབ་པས་སྡུད་བྱེད་མཁྱེན་གསུམ་ཡང་འཕགས་རྒྱུད་ཀྱི་མཁྱེན་པས་མ་ཁྱབ་པར་བཞེད་དེ། རྗེ་རིན་པོ་ཆེས་ལེགས་བཤད་གསེར་ཕྲེང་ལས།9ཞེས་འབྱུང་བས་སོ་བདུན་སོགས་ཐམས་ཅད་འཕགས་པའི་རྟོགས་པར་ཐལ་ལོ། །ཞེས་དེ་ལྟར་བཞེད།

འོ་ན་ཉི་སྣང་གི་ལུང་གཉིས་འདི་ལྟར་འགྲེལ་ཏེ། འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་གསུངས་པ་ཡང་སྲས་ཀྱི་གཙོ་བོ་བརྗོད་ཅིང་ཚོགས་སྦྱོར་སྲས་ཡིན་པ་དཔེ་དང་བཅས་པར་བཞེད་དེ། རྗེ་རིན་པོ་ཆེས་ལེགས་བཤད་གསེར་ཕྲེང་ལས།10དེས་ན་དེ་སྐད་གསུངས་པ་ནི་སྲས་ཀྱི་གཙོ་བོ་བརྗོད་པར་འདོད་ནས་ཡིན་གྱི་ཚོགས་སྦྱོར་བ་སྲས་མིན་ནས་མ་ཡིན་ཏེ། དཔེར་ན་རྒྱལ་པོ་འཁོར་དང་བཅས་པ་འགྲོ་བ་ན་རྒྱལ་པོ་གཤེགས་སོ་ཞེས་པ་དང་སྲས་བཞི་གའི་ཡུམ་ཡིན་ཡང་རྒྱལ་བའི་ཡུམ་ཞེས་པ་བཞིན་ནོ། །ཞེས་སོ། །ཡང་མཁྱེན་གསུམ་ལ་བདག་མེད་རྟོགས་པའི་བློས་ཀྱང་མ་ཁྱབ་པར་བསྟན་ཏེ། མཁྱེན་གསུམ་ལ་འཕགས་རྒྱུད་ཀྱི་མཁྱེན་པས་ཁྱབ་ན་ཚོགས་སྦྱོར་ན་བྱང་སེམས་སོགས་མེད་པར་ཐལ་བ་བསྟན་པའི་ཕྱིར། དེས་ན་ལྷག་པའི་བསམ་པ་ཁྱད་པར་ཅན་ཡང་མཁྱེན་གསུམ་གང་རུང་ཡིན་ཞིང་བདག་མེད་རྟོགས་པའི་བློ་མིན་པར་བཞེད་དེ། རྗེ་རིན་པོ་ཆེས་ལེགས་བཤད་གསེར་ཕྲེང་ལས།11ཉེར་ཞིར་ཁྲིད་པ་དང་ལྷག་བསམ་ཁྱད་པར་ཅན་གྱིས་འཇིག་རྟེན་གྱི་དོན་དངོས་སུ་སྒྲུབ་པའི་བྱང་སེམས་ཀྱི་སྤྱོད་པ་མེད་པར་ཐལ་ལོ། །ཞེས་སོ། །མདོར་ན་ཐེག་གསུམ་གྱི་ལམ་གང་རུང་ཡིན་ན་མཁྱེན་གསུམ་གང་རུང་ཡིན་པས་ཁྱབ་པ་དང་། མཁྱེན་གསུམ་ལ་འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་པས་མ་ཁྱབ་པ་དང་། མཁྱེན་གསུམ་ལ་བདག་མེད་རྟོགས་པའི་བློས་མ་ཁྱབ་པར་བཞེད་པ་དང་། གཞན་ཡང་ཉན་རང་ལམ་ལ་གཞི་ཤེས་དང་བྱང་སེམས་ལམ་ལ་ལམ་ཤེས་དང་སངས་རྒྱས་ལ་རྣམ་མཁྱེན་ཞེས་དེ་ལྟར་བཞེད་པར་སྣང་ངོ་། །དེ་ལྟར་བཞེད་དགོས་པ་དེ་ཡང་མཆོད་བརྗོད་སྐབས་ནས་བསྟན་པའི་མཁྱེན་གསུམ་གཞིར་བཞག་བྱས་ནས་མཁྱེན་གསུམ་གྱིས་དངོས་པོ་བརྒྱད་ཡིན་པའི་ཚུལ་གྱིེས་བསྡུས་པའི་གནད་ཀྱིས་ཡིན་པར་སྣང་ངོ་། །མཁྱེན་གསུམ་གྱིས་དངོས་པོ་བརྒྱད་ཡིན་པའི་ཚུལ་གྱིས་བསྡུ་བར་བཞེད་དེ། རྗེ་རིན་པོ་ཆེས་གསེར་ཕྲེང་ལས།12མཁྱེན་པ་གསུམ་པོ་དེས་ཀྱང་ཉན་རང་བྱང་སེམས་སངས་རྒྱས་ཀྱི་མངོན་རྟོགས་མཐའ་དག་ཡིན་པའི་ཚུལ་གྱིས་བསྡུས་པས་མངོན་རྟོགས་བརྒྱད་ཀ་བསྟོད་ཕྱག་གི་ཡུལ་གྱི་ཡུམ་ཡིན་ནོ། །ཞེས་གསུངས་སོ།།

གསུམ་པ། མདོའི་བསྟན་བྱ་གཙོ་བོར་གྱུར་པའི་མཁྱེན་གསུམ་ལ་བྱང་འཕགས་རྒྱུད་ཀྱི་མཁྱེན་པ་དང་བདག་མེད་རྟོགས་པའི་བློས་ཁྱབ་པར་བསྟན་པ།

མདོ་ཡི་བསྟན་བྱ་གཙོ་བོར་གྱུར་བའི་མཁྱེན་གསུམ་ལྟར་ན་མཁྱེན་གསུམ་གང་རུང་ཡིན་ན་འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་པས་ཁྱབ་དགོས་ཏེ། མ་ཕམ་ཞལ་ལུང་ལྟར་ན་རྣམ་མཁྱེན་རྟེན་ལ་སངས་འཕགས་དང་། ལམ་ཤེས་རྟེན་ལ་ས་བཅུ་བྱང་ཆུབ་སེམས་དཔའ་དང་། གཞི་ཤེས་རྟེན་ལ་ལམ་བདེན་མཚན་ཉིད་པ་ཡིན་ན་མཐོང་སྒོམ་གཉིས་གང་རུང་ཡིན་པས་ཁྱབ་པའི་དབང་དུ་བཏང་ནས་ཐེག་ཆེན་འཕགས་པ་ཡིན་དགོས་པར་བཞེད་པར་སྣང་ངོ་། །དེ་ལྟའི་མཁྱེན་པ་གསུམ་པོ་དེ་ཕྱི་རོལ་མུ་སྟེགས་པ་རྣམས་ཀྱིས་ལྟ་ཅི་སྨོས་ཉན་རང་དང་བྱང་སེམས་ཚོགས་སྦྱོར་བ་རྣམས་ཀྱིས་ཀྱང་མྱོང་བྱ་མ་ཡིན་ཏེ། སློབ་དཔོན་སེང་གེ་བཟང་པོས་འགྲེལ་པ་དོན་གསལ་ལས།13རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དག་ཐབས་དང་ཐབས་ཀྱིས་བསྒྲུབ་པར་བྱ་བའི་ཚུལ་གྱིས་འབྲེལ་བར་མཛད་པ་ཕྱི་རོལ་པ་དང་གཅིག་ཤོས་ཀྱི་འདོད་ཆགས་དང་བྲལ་བ་ལ་སོགས་པ་ཆོས་ཐམས་ཅད་བདག་མེད་པ་ལ་གོམས་པར་མ་བྱས་པ་རྣམས་ཀྱིས་ཐོས་པ་ལས་བྱུང་བ་ལ་སོགས་པའི་ཤེས་པ་སྐྱེ་བའི་རིམ་གྱིས་མ་མྱངས་པ་སྟེ། ཞེས་རྗོད་པར་བྱེད་པའི་གཞུང་མངོན་རྟོགས་རྒྱན་ནས་བསྟན་པའི་བརྗོད་པར་བྱ་བ་དངོས་པོ་བརྒྱད་པོ་དེ་དག་ཚོགས་སྦྱོར་བ་རྣམས་ཀྱིས་ཀྱང་མྱོང་བྱ་མ་ཡིན་པའི་ཕྱིར། དེས་ན་འཕགས་བཞི་ཁོ་ནའི་མྱོང་བྱ་ཡིན་པས་དེ་གསུམ་ཡིན་ན་འཕགས་རྒྱུད་ལ་ཡོད་དགོས་ཏེ། འཕགས་པས་ཀྱང་།14འཕགས་པའི་གང་ཟག་ཐམས་ཅད་ཀྱི་དབང་དུ་མཛད་ནས་ཐམས་ཅད་མཁྱེན་པ་ཉིད་གསུམ་གྱིས་མཐུན་མོང་མ་ཡིན་པའི་ཡོན་ཏན་ཉེ་བར་དགོད་པ་སྔོན་དུ་འགྲོ་བས། ཞེས་འཕགས་རྒྱུད་ཀྱི་མཁྱེན་གསུམ་དམིགས་སུ་བཀར་ནས་དེའི་ཐུན་མོང་མ་ཡིན་པའི་ཡོན་ཏན་བཀོད་པའི་སྒོ་ནས་བསྟོད་ཕྱག་ཕུལ་བའོ། །དེ་ལྟར་རྒྱལ་ཚབ་བྱམས་པས། གཞན་གྱི་མྱོང་བ་མ་ཡིན་ཏེ། །ཞེས་ཚོགས་སྦྱོར་བ་རྣམས་ཀྱིས་མྱང་བྱ་མ་ཡིན་པར་བསྟན་ཏེ། གཞན་ལམ་མ་ཞུགས་པ་དེ་དག་གིས་མྱོང་བ་མ་ཡིན་པ་ཙམ་ལ་གཞན་གྱིས་མྱོང་བ་མ་ཡིན་ཞེས་བརྗོད་དོན་ཆེར་མེད་པའི་ཕྱིར། ལམ་མ་ཞུགས་དང་ཕྱི་རོལ་པ་རྣམས་ཀྱིས་མྱང་བྱ་མ་ཡིན་པར་དོགས་པ་ཆེར་མི་སྐྱེ་བའི་ཕྱིར་རོ།།

ཡང་མཁྱེན་གསུམ་གང་རུང་ཡིན་ན་བདག་མེད་རྟོགས་པའི་བློ་ཡིན་དགོས་པ་མ་ཟད་ཐེག་པ་ཆེ་ཆུང་གཉིས་ཀའི་རང་རང་གི་ཚོགས་སྦྱོར་སྐབས་ན་བདག་མེད་དོན་སྤྱིའི་ཚུལ་དུ་རྟོགས་པ་དང་བཅད་ཤེས་ཚུལ་དུ་རྟོགས་པ་དེ་དག་བདག་མེད་རྟོགས་པའི་བློ་ཡིན་ཏེ། ཀུན་མཁྱེན་ཀློང་ཆེན་རྗེས་འབྲང་དང་བཅས་པས་ཡུམ་ལ་ཁུངས་གཏུགས་ནས་ཉན་རང་གི་བདག་མེད་རྟོགས་པའམ་དེ་དག་གི་རྒྱུད་ལ་བདག་མེད་རྟོགས་པའི་བློ་ཡོད་པར་སྒྲུབ་པའི་ཕྱིར། དེ་ཡང་འཇམ་མགོན་མི་ཕམ་རིན་པོ་ཆེས་ངེས་ཤེས་སྒྲོན་མེ་ལས།15 དཔེར་ན་རྒྱ་མཚོ་ཆེན་པོའི་ཆུ། །ཧུབ་གང་བཏུང་ཡང་རྒྱ་མཚོ་ནི། །མ་བཏུང་ཞེས་སུ་མི་རུང་ལྟར། །ཆོས་ཀྱི་བྱེ་བྲག་ང་ཙམ་པོ། །བདག་མེད་མཐོང་ཕྱིར་སྟོང་མཐོང་འདོད། །ཅེས་དང་། ཀུན་མཁྱེན་ཀློང་ཆེན་གྱིས་ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ་ལས།16 དེ་ཡང་དབང་པོ་རྣོ་བས་ནི། གཟུགས་ཀྱི་ཆོས་ལས་དཔགས་ནས་ཀུན་མཐུན་པར་རྟོགས་ལ། རྟུལ་བས་གང་བསྟན་པ་དེ་ལས་གཞན་མི་ཤེས་སོ། །རང་བཞིན་དུ་བདག་མེད་ཙམ་དུ་རྟོགས་པར་མཐུན་པས་གཉིས་ཀས་ཀྱང་ཕུང་པོའི་འཛིན་པ་སྟོང་པར་རྟོགས་དགོས་ཏེ། ཞེས་དང་། དབུ་མ་ལ་འཇུག་པ་ལས་ཀྱང་ལུང་བདུན་དང་རིགས་པ་གསུམ་གྱིས་བསྒྲུབས་པ་དང་། གཞན་ཡང་ཡུམ་བར་མ་ལས། རབ་སྦྱོར་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་སོགས་གསུངས་པའི་ཕྱིར། དེས་ན་ཉན་རང་གིས་བདག་མེད་ཆུང་ངུར་རྟོགས་པ་ལ་ཡང་བདག་མེད་རྟོགས་ཞེས་དོན་དང་མཐུན་པ་དང་། ཆུང་ངུ་ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནམ་མཁའ་བཞིན་དུ་ཉན་རང་གི་བདག་མེད་རྟོགས་པའི་སྟོང་པ་ཉིད་ནི་ཆུང་ངུར་མདོ་ལས་གསུངས་པ་སྟེ། འོད་སྲུངས་ཀྱིས་ཞུས་པའི་མདོ་ལས།17དེ་དག་གིས་རྟོགས་པའི་སྟོང་པ་ཉིད་ནི་ཡུངས་འབྲུ་སྲིན་གྱིས་ཟོས་པའི་ནང་གི་ནམ་མཁའ་ལྟར་ཆུང་ངོ་། །ཞེས་སོ།།

གཞན་ཡང་ཐེག་པ་ཆེ་ཆུང་གི་རིགས་ཅན་རྣམས་བདག་མེད་རྟོགས་པར་མཐུན་པ་དེ་ཙམ་དུ་མ་ཟད་མཁྱེན་གསུམ་མམ་རིགས་ཅན་གསུམ་གྱི་རྟོགས་བྱ་གཅིག་ཡིན་པར་གྲུབ་སྟེ། མི་ཕམ་རིན་པོ་ཆེས་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་ལས།18 གཞལ་བྱ་ཆོས་དབྱིངས་སྤྲོས་བྲལ་དུ་གཏན་ལ་འབེབས་པ་ཙམ་ལས་ཁྱད་མེད་ཀྱང་། ཆོས་དབྱིངས་མཐོང་ཚུལ་གྱི་ཡུལ་ཅན་ལ་ཁྱད་ཡོད་ལ། ལྟ་བ་ནི་ཡུལ་ཅན་གྱི་ངོས་ནས་འཇོག་པས་ན་ཁྱད་ཤིན་ཏུ་ཆེའོ། །དེ་ལ་ལྟ་བས་གཏན་ལ་དབབ་བྱའི་ཡུལ་ཆོས་དབྱིངས་དེ་བཞིན་ཉིད་གཅིག་མིན་ན། ཆོས་རྣམས་ཀྱི་དེ་བཞིན་ཉིད་ལ་རིགས་མི་འདྲ་བར་ཡོད་པར་ཐལ་བ་དང་། མདོ་ཡི་མཐོང་ལམ་གྱིས་དེ་བཞིན་ཉིད་མ་མཐོང་བར་ཐལ་བ་དང་། མཐའ་བཞིའི་སྤྲོས་པ་ལས་ལྷག་པའི་སྤྲོས་པ་གཅད་རྒྱུ་རིགས་པས་བསྒྲུབ་དགོས་པས་ན། མདོ་སྔགས་ཀྱི་མཐོང་ལམ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་གནད་གཅིག་པར་མཁས་གྲུབ་ཐམས་ཅད་བཞེད་པ་མཐུན་ནོ། །འོ་ན་ལྟ་བའི་ཡུལ་གཅིག་པས་ན་ལྟ་བ་འཕགས་པར་མི་གྲུབ་སྙམ་ན་ཤིན་ཏུ་ཡང་གྲུབ་སྟེ། ཞེས་ཡུལ་ལ་ཁྱད་མེད་ཀྱང་ཡུལ་ཅན་ལྟ་བའི་ངོས་ནས་ཁྱད་པར་ཤིན་ཏུ་གསལ་བར་བསྟན་པའི་ཕྱིར་རོ། །གཉིས་ནས་གཞུང་བཤད་པའི་སྐབས་སུ་མིང་མི་འདྲ་བ་བཏགས་པ་ཙམ་ལས་རྟོགས་བྱའི་ཡུལ་གཅིག་པ་ཡིན་པས་སེམས་ཀྱི་ཆོས་ཉིད་དེ་ལ་འཁོར་ལོ་བར་བའི་གནས་སྐབས་ན་གཞི་ཤེར་ཕྱིན་དང་འཁོར་ལོ་ཐ་མའི་གནས་སྐབས་བདེ་གཤེགས་སྙིང་པོ་དང་སྔགས་ལ་མཉམ་པ་ཆེན་པོ་དང་རྫོགས་པ་ཆེན་པོར་རྫོགས་ཆེན་ཞེས་མིང་མི་འདྲ་བ་བཏགས་པ་ལས་དོན་ལ་ཐ་དད་དམ་སོ་སོར་མེད་པར་བསྟན་ཏོ། །འོན་ཀྱང་བློ་དེ་ལ་གང་ཟག་གི་བསམ་པ་དང་སྟོབས་དང་ཐབས་དང་མོས་པ་མི་འདྲ་བའི་དབང་གིས་རྟོགས་ཚུལ་ཁྱད་ཡོད་དེ། དེ་ཡང་གང་ཟག་བདག་མེད་ཙམ་དང་། དེའི་སྟེང་གཟུང་བ་རང་བཞིན་མེད་པར་རྟོགས་པས་བདག་མེད་ཕྱེད་དང་གཉིས་རྟོགས་པ་དང་། བདག་མེད་རྫོགས་པར་རྟོགས་པ་དང་། དེ་ཡང་ཆོས་ཉིད་ཇི་ལྟ་བ་བཞིན་རྟོགས་པ་མིན་པས་ཆོས་ཉིད་མཐར་ཐུག་པའམ་ཇི་ལྟ་བ་བཞིན་རྡོ་རྗེ་ཐེག་པར་རྟོགས་པའོ། །དེ་ལྟར་རྟོགས་བྱ་གཅིག་ཡིིན་པར་ཡུམ་བར་མར་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པ་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་སོགས་ཀྱི་ལུང་དེ་ཤེས་བྱེད་དུ་བྱེད་དོ། །དེ་ལྟར་མཁྱེན་གསུམ་ལ་འཕགས་རྒྱུད་ཀྱིས་བསྡུས་པའི་ཁྱབ་མིན་དང་བདག་མེད་རྟོགས་པའི་བློ་ཡིན་མིན་གྱི་རྣམ་རྟོག་སྤྲོས་ཟིན་ཏོ།།

བཞི་པ། མཆོད་བརྗོད་སྐབས་ནས་བསྟན་པའི་མཁྱེན་གསུམ་ལ་རྟེན་ངེས་པར་བསྟན་པ།

གོང་དུ་མཚན་ཉིད་བཞག་པ་ལྟར་མཆོད་བརྗོད་སྐབས་ནས་བསྟན་པའི་མཁྱེན་གསུམ་ཡིན་ན་རྟེན་ངེས་པ་ཡིན་དགོས་ཏེ། དཔལ་སྤྲུལ་རིན་པོ་ཆེས་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྤྱི་དོན་ལས།19མཁྱེན་གསུམ་ནི་རྟེན་ངེས་པ་ཅན་ཡིན་པས། སངས་རྒྱས་བྱང་སེམས་ཉན་རང་རྣམས་ལ་སོ་སོར་ཡོད།  ཅེས་གསུངས་པ་བཞིན། གསེར་ཕྲེང་ལྟར་ན་ཡང་ལུས་མདོར་བསྟན་སྐབས་སུ་མཁྱེན་གསུམ་རྟེན་ངེས་པ་ཡིན་པར་བསྟན་ཏེ། རྗེ་རིན་པོ་ཆེས་ལེགས་བཤད་གསེར་ཕྲེང་ལས།20ཐུབ་པའི་རྣམ་ཀུན་མཁྱེན་པ་ཉིད། །ཅེས་དང་། བྱང་ཆུབ་སེམས་དཔའ་མཁས་རྣམས་ཀྱི། །ལམ་ཤེས་ཉིད་ནི་དེ་འདྲར་བཤད། །ཅེས་དང་། ཉན་ཐོས་ལ་སོགས་མཐོང་པའི་ལམ། །དེ་འདྲ་ཀུན་ཤེས་ཉིད་དུ་འདོད། །ཅེས་རྟེན་ངེས་པ་ཅན་དུ་མཛད་པ་དང་། ཞེས་དང་། དེའི་ཕྱིར་རྟེན་ངེས་ལ་ཞེས་སོགས་གསུངས་པའི་ཕྱིར། རབ་འབྱོར་གྱིས་བཅོམ་ལྡན་འདས་ཅི་ཡི་སླད་དུ་ན་ཐམས་ཅད་འཚལ་བ་ཉིད་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལགས། ཞེས་སོགས་ཀྱི་དྲི་བ་རྣམ་པ་གསུམ་གྱི་ལན་དུ་སྟོན་པས་དེ་ལྟར་གསུངས་པའི་ཕྱིར། དེ་ཡང་ཡུམ་བར་མ་ལས།21རབ་འབྱོར་ཐམས་ཅད་ནི་ཕྱི་དང་ནང་གི་ཆོས་རྣམས་ཇི་སྙེད་པ་དེ་ཙམ་ཡིན་ལ། དེ་དག་ཀྱང་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཤེས་ཀྱི་ལམ་ཐམས་ཅད་ཀྱིས་ཀྱང་མ་ཡིན་ལ་རྣམ་པ་ཐམས་ཅད་དུ་ཡང་མ་ཡིན་པས་དེའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ནི་ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ། །ཞེས་པ་ནས་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །ཞེས་པའི་བར་དུ་དེ་ལྟར་མཆོད་བརྗོད་སྐབས་ནས་བསྟན་པའི་མཁྱེན་གསུམ་རྟེན་ངེས་པ་ཅན་དུ་གསུངས་སོ།།

གསལ་བཤད།22ཡང་བོད་སྤྲུལ་དང་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་མཆོད་བརྗོད་གླེང་གཞི་དང་སྦྱར་ཏེ། བོད་སྤྲུལ་རིན་པོ་ཆེས་མ་ཕམ་ཞལ་ལུང་ལས།23ཞེས་དེ་ལྟར་མཆོད་བརྗོད་ཀྱི་ཚིགས་སུ་བཅད་པའི་དོན་མདོའི་གླེང་གཞི་དང་སྦྱར་ཏེ་དེའི་སྦས་དོན་དུ་གྱུར་པ་མཁྱེན་པ་གསུམ་གྱི་ཡོན་ཏན་བརྗོད་པའི་སྒོ་ནས་སྲས་འཕགས་པ་བཞིའི་ཡུལ་དུ་གྱུར་པའི་ཤེར་ཕྱིན་ལ་ཕྱག་མཛད་པ་སྟེ། ཞེས་དང་། ཨར་བྱང་ཆུབ་ཡེ་ཤེས་ཀྱིས་མངོན་རྟོགས་རྒྱན་གྱི་འགྲེལ་བ་རྣམ་འབྱེད་ལས།24དེ་ན་ཚིགས་སུ་བཅད་པ་དེ་ནི་གླེང་གཞིའི་ལེའུའི་འགྲེལ་བ་ཡིན་ནོ། །དེ་སྐད་དུ་ཡང་། གླེང་གཞི་རྒྱས་པ་བསྡུས་པ་ཕྱག་འཚལ་ཚིགས་བཅད་ཡིན་ཞེས་བཤད་དོ། །ཞེས་དང་། དེ་ལྟར་མཆོད་བརྗོད་གླེང་གཞི་དང་སྦྱར་བའི་འགྲེལ་པ་ཡིན་ན་འགྲེལ་པ་འཕགས་སེང་གཉིས་ཀྱི་རྗེས་སུ་འབྲངས་པ་གང་ཞིག་དེ་གཉིས་ཀྱིས་དེ་ལྟར་མ་མཛད་པའི་ཕྱིར་ཟེར་ན་དེ་ཙམ་དུ་མ་ངེས། འོན་ཀྱང་མཆོད་བརྗོད་གླེང་གཞིའི་འགྲེལ་པ་ཡིན་ན་གླེང་གཞི་སྐབས་ནས་བསྟན་པའི་མཁྱེན་གསུམ་གྱི་རྟེན་དང་མཆོད་བརྗོད་སྐབས་ནས་བསྟན་པའི་མཁྱེན་གསུམ་གྱི་རྟེན་ཁྱད་མེད་དགོས་པར་སྣང་ཡང་དེ་ལྟར་མིན་ཏེ། གླེང་གཞི་སྐབས་ནས་བསྟན་པའི་གཞི་ཤེས་ཀྱི་རྟེན་ལ་དགྲ་བཅོམ་པ་ཟག་པ་ཟད་པ་ཉོན་མོངས་པ་མེད་པ་ཞེས་འགའ་ཞིག་གིས་ཟག་པ་ཟད་པ་དང་ཉོན་མོངས་པ་མེད་པ་འབྲས་བུ་ལ་སྦྱར་ན་ཡང་དགྲ་བཅོམ་པ་ཞེས་རྟེན་གྱི་གང་ཟག་ལ་དགྲ་བཅོམ་པ་ཡང་ཡོད་པའི་ཕྱིར། དེ་ཡང་གླེང་གཞི་བསྟན་པའི་མདོ་ལས།25བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོ་ལ། དགེ་སློང་ལྔ་སྟོང་ཙམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་སྟེ། ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། ཞེས་དང་། དགེ་བསྙེན་དང་། དགེ་བསྙན་མ་ཤིན་ཏུ་མང་བ་ཀུན་ཀྱང་ཆོས་མཐོང་བ་ཤ་སྟག་དང་། ཞེས་པས་རྟེན་གྱི་གང་ཟག་ལ་མི་སློབ་པ་བསྟན་པ་དང་། གཞན་ཡང་ལམ་ཤེས་དང་རྣམ་མཁྱེན་གཉིས་ཀྱི་རྟེན་ཡང་ངོས་བཟུང་འདུག་པས་འདིར་ལུང་ཚིག་གིས་མ་སྤྲོས་སོ། །དེས་ན་སྐབས་འདིར་རྟེན་མ་ངེས་པར་བསྟན་པ་ཡིན་ནོ། །གསལ་བཤད།26ཡང་མཆོད་བརྗོད་སྐབས་ནས་བསྟན་པའི་གཞི་ཤེས་རྟེན་ལ་སློབ་པ་ཡིན་དགོས་ཏེ། གང་ཟག་བདག་མེད་རྟོགས་པའི་ཉི་ཚེ་བའི་མཁྱེན་པ་རྒྱུད་ལྡན་གྱི་གང་ཟག་ཡིན་དགོས་པའི་ཕྱིར། དེ་ཇི་ལྟར་ན་མཚན་ཉིད་ཀྱི་ཟུར་དུ་ཉི་ཚེ་བའི་མཁྱེན་པ་ཞེས་ཐབས་ཤེས་གཉིས་ཀྱིས་རྩིས་ཟིན་པ་ཡིན་དགོས་པས་ཐབས་ཞེས་པ་དེ་ཉེར་ཞི་ཁྲིད་མཛད་གང་ཡིན་དང་། །ཞེས་པའི་ཉེར་ཞིར་ཁྲིད་པར་བྱེད་པ་དང་མ་ཐོབ་པ་འཐོབ་པར་བྱ་དགོས་པས་དེ་ཉན་རང་སློབ་པའི་ལམ་ལས་དགྲ་བཅོམ་པར་མེད་པའི་ཕྱིར། དེས་ན་མཆོད་བརྗོད་དང་གླེང་གཞི་སྦྱར་བ་ན་ཅུང་མི་བདེ་བར་སྣང་། མདོ་དོན་མཆོད་བརྗོད་སྐབས་ནས་བསྟན་པའི་གཞི་ཤེས་རྟེན་ལ་ཉན་རང་སློབ་པ་དང་གླེང་གཞི་སྐབས་ནས་བསྟན་པའི་གཞི་ཤེས་རྟེན་ལ་དགྲ་བཅོམ་བསྟན་འདུག་པས་གཞི་ཤེས་རྟེན་ལ་ཁྱད་ཡོད་དོ།།

ལྔ་པ། མདོ་ཡི་བསྟན་བྱ་གཙོ་བོར་གྱུར་པའི་མཁྱེན་གསུམ་ལ་རྟེན་ངེས་པ་མེད་པར་བསྟན་པ།

དེ་ཡང་མདོ་ཡི་བསྟན་བྱ་གཙོ་བོར་གྱུར་པའི་རྣམ་མཁྱེན་ལ་རྣམ་མཁྱེན་ཡིན་པས་མ་ཁྱབ་སྟེ། རྣམ་མཁྱེན་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་འཐོབ་བྱེད་རྒྱུ་ཡི་རྣམ་མཁྱེན་དང་འཐོབ་བྱ་འབྲས་བུའི་རྣམ་མཁྱེན་གཉིས་སུ་དབྱེ་བ་ལས་འཐོབ་བྱེད་རྒྱུ་ཡི་རྣམ་མཁྱེན་དེ་རྣམ་མཁྱེན་བཏགས་པ་ཙམ་དང་། འཐོབ་བྱ་འབྲས་བུའི་རྣམ་མཁྱེན་ནི་རྣམ་མཁྱེན་མཚན་ཉིད་པ་ཡིན་ལ། ལམ་ཤེས་ལ་ཡང་བྱང་སེམས་འཕགས་པའི་རྒྱུད་ཀྱི་རྣམ་མཁྱེན་ཡིན་པས་མ་ཁྱབ་སྟེ། སངས་རྒྱས་འཕགས་པའི་རྒྱུད་ཀྱི་རྣམ་མཁྱེན་དང་ལམ་ཤེས་གཞི་མཐུན་ཡོད་པས་སངས་རྒྱས་ས་ན་ཡང་ལམ་ཤེས་ཡོད་པས་དེ་ཡི་རྟེན་ལ་སངས་རྒྱས་འཕགས་པ་ཡོད་པའི་ཕྱིར། མདོ་ཡི་བསྟན་བྱ་གཙོ་བོར་གྱུར་པའི་གཞི་ཤེས་དེ་འབྲས་ཡུམ་ལ་ཉེ་བའི་གཞི་ཤེས་ཡིན་དགོས་ཤིང་དེ་འདྲའི་གཞི་ཤེས་རྟེན་ལ་ཐེག་ཆེན་འཕགས་པ་ཡིན་པས་ཁྱབ་སྟེ། གཞི་ཤེས་དེ་ཐབས་ཤེས་ཁྱད་པར་ཅན་གྱི་མངོན་རྟོགས་ཡིན་དགོས་པའི་ཕྱིར། འདིར་འབྲས་ཡུམ་ལ་ཉེ་རིང་གི་དོན་ནི་ཐབས་ཤེས་ཁྱད་པར་ཅན་དང་ལྡན་མིན་དང་། དེ་ཡང་ཐབས་བརྩེ་བ་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བློ་ཞིག་ཡིན་དགོས་པས་ཉན་རང་རྒྱུད་ལ་ཡོད་པའི་གཞི་ཤེས་དེ་ཐབས་ཤེས་ཁྱད་པར་ཅན་དང་ལྡན་པ་མ་ཡིན་པས་དེ་དག་གི་རྒྱུད་ལ་འདིར་བསྟན་གྱི་གཞི་ཤེས་དེ་མེད་པས་ཁྱབ་བོ།།

དེས་ན་གཞི་བདག་མེད་རྟོགས་པའི་མཁྱེན་པ་ཐབས་ཤེས་ཁྱད་པར་ཅན་གྱི་མངོན་རྟོགས་དེ་བྱང་འཕགས་རྒྱུད་ལས་གཞན་ལ་མེད་པའི་ཕྱིིར་རོ། །ཡང་གླེང་གཞི་བསྟན་པའི་སྐབས་མཁྱེན་གསུམ་རྟེན་ངེས་པ་ཅན་ཡིན་ཏེ། ཡུམ་བར་མ་ལས། རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ནི་རང་སངས་རྒྱས་རྣམས་ཀྱི་ཡིན་ནོ། །ལམ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤིགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡིན་ནོ། །ཞེས་གསུངས་སོ་ཞེ་ན། དེ་ཡི་དོན་ནི་དེ་ལྟར་མ་ཡིན་ཏེ། འོ་ན་གང་ཞེ་ན་དེ་ནི་ཤེས་བྱའི་ལམ་དང་བསྐྱེད་བྱའི་ལམ་གཉིས་ལས་བསྐྱེད་བྱའི་ལམ་ཡིན་ན་བྱང་སེམས་ཀྱི་མངོན་རྟོགས་ཡིན་དགོས་པ་དང་། ཤེས་བྱའི་ལམ་མཁྱེན་གསུམ་དེ་ལ་ཉན་རང་བྱང་སེམས་སོ་སོ་ལ་ཡོད་ཅེས་པའི་དོན་ནོ། །མདོར་ན་བསྐྱེད་བྱའི་ལམ་ལ་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པའི་ཁྱབ་པ་དང་ཤེས་བྱའི་ལམ་ལ་མ་ཁྱབ་པར་རང་རང་སོ་སོར་ཡོད་པར་བསྟན་པའོ།།

དྲུག་པ། བསམ་ཚུལ་བཤད་པའི་སྒོ་ནས་གྲུབ་དོན་བསྡུ་བ།

རྩོམ་འདི་ཅི་ཞིག་ཅེ་ན། ཇི་ཙམ་དཔྱད་ཀྱང་གནས་ལུགས་ལ་མཐའ་མེད་པས་དེ་ཙམ་གྱི་ཀུན་རྟོག་གི་སྤྲོས་པ་ལའང་མཐའ་མེད་པས་དཔྱད་རྩོམ་ཞེས་པ་རང་རང་སོ་སོའི་འཐད་ཕྱོགས་རེ་ལ་སྒྲུབ་བྱེད་ལུང་དང་རིགས་པ་རེ་དགོས། འོན་ཀྱང་ཉམས་མྱོང་དང་ལྡན་པའི་ཞིབ་འཇུག་པ་ཚོས་རང་ཉིད་ཀྱིས་བཀླགས་ཚར་བའི་གནས་ཚུལ་རྣམས་དྲན་ཐོར་འགོད་པ་བཞིན་ཡིད་ལ་དྲན་པའི་ཆེད་དང་། གནད་དོན་གསར་པ་རྙེད་པ་དེ་དག་སེམས་སུ་འཛིན་ཐུབ་ན་ཡང་སྒྲུབ་བྱེད་གང་སར་འཐོར་འགྲོ་ཡི་ཡོད་སྟབས་དེ་ལྟར་མི་ཡོང་བ་དང་ཤེས་རྟོགས་རྒྱ་བསྐྱེད་ཡོང་བའི་ཆེད་དང་། རང་ཉིད་ཀྱི་སེམས་ནང་ཉར་བའི་བསམ་གཞིག་རྣམས་ཤོག་ངོས་སུ་བཀོད་ཅིང་། ཤོག་ངོས་སུ་བཀོད་པ་ཡིན་ན་རང་ཉིད་ཀྱིས་བསམ་བློ་ཅི་ཞིག་གཏོང་ཐུབ་པ་དངོས་སུ་མཐོང་གི་ཡོད་པས་རང་ཉིད་ཀྱི་བསམ་ཚུལ་ལ་ཚོད་ལྟའི་ཆེད་དུ་འབྲི་བ་བཅས་གསུམ་དུ་ཡོད། དེ་དག་ལས་འདིར་ཁོ་བོའི་ཟིན་བྲིས་ཐན་ཐུན་དེ་ཡིད་ལ་དྲན་པའི་ཆེད་དུ་བྲིས་པ་ལས་དགག་བཞག་སྤོང་གསུམ་གྱི་རྣམ་པས་དབུལ་བ་ཞིག་ཡིན་ནོ། །ལུགས་གཉིས་མི་འགལ་བར་བསྟན་པ་ན། དཔལ་སྤྲུལ་སྤྱི་དོན་དང་ལེགས་བཤད་གསེར་ཕྲེང་གཉིས་ལྟར་ན་མཁྱེན་གསུམ་གང་རུང་ཡིན་ན་འཕགས་རྒྱུད་ཀྱི་ཡིན་པས་མ་ཁྱབ་པ་སོགས་གསུངས་དོན་ནི། མཆོད་བརྗོད་སྐབས་ནས་བསྟན་པའི་མཁྱེན་གསུམ་གཞིར་བཞག་ནས་དེ་ལྟར་བཞེད་པ་དང་། མ་ཟད་ལུས་དངོས་བསྟན་བཤད་པའི་སྐབས་སུ་ཡང་མཆོད་བརྗོད་སྐབས་ན་བསྟན་པའི་མཁྱེན་གསུམ་དང་མདོ་ཡི་བསྟན་བྱ་གཙོ་བོར་གྱུར་བའི་མཁྱེན་གསུམ་མ་ཕྱེ་ནས་མཆོད་བརྗོད་སྐབས་ཀྱི་མཁྱེན་གསུམ་གཞིར་བཞག་གསུངས་འདུག་པར་སྣང་ངོ་།།

སྤྱི་དོན་དང་གསེར་ཕྲེང་ལྟར་ན་མཁྱེན་གསུམ་འཕགས་རྒྱུད་ཀྱི་ཡིན་པས་ཁྱབ་པ་དང་། རྟེན་ངེས་པར་བཞེད་པ་དེ་དག་ནི་མཆོད་བརྗོད་སྐབས་ན་བསྟན་པའི་མཁྱེན་གསུམ་དབང་དུ་བྱས་པ་དང་། གཞན་དུ་ཉི་སྣང་དང་བསྟན་བཅོས་མངོན་རྟོགས་རྒྱན་དང་། ཤེར་ཕྱིན་ཚིག་དོན་རྣམ་བཤད་མ་ཕམ་ཞལ་ལུང་དང་། ཤེར་ཕྱིན་རྒྱན་གྱི་སྤྱི་དོན་བསྒོམ་རིམ་ཉུང་ངུ་གཞུང་ལུགས་ལེགས་བཤད་རྣམས་སུ་འཕགས་རྒྱུད་ཀྱི་མཁྱེན་པས་མ་ཁྱབ་པ་དང་རྟེན་མ་ངེས་པ་བཞེད་པ་དེ་དག་ནི་མདོ་ཡི་བསྟན་བྱ་གཙོ་བོར་གྱུར་པའི་མཁྱེན་གསུམ་གྱི་དབང་དུ་བྱས་པས་ལུགས་དེ་གཉིས་འགལ་ལོ་སྙམ་ན་མི་འགལ་བར་སེམས་སོ། །མཆོད་བརྗོད་སྐབས་ནས་བསྟན་པའི་མཁྱེན་གསུམ་ནི་མདོ་ཡི་ཤུགས་བསྟན་ཡིན་པ་དང་མདོ་ཡི་བསྟན་བྱ་གཙོ་བོར་གྱུར་པའི་མཁྱེན་གསུམ་དེ་ལས་གཞན་དུ་ཡོད་པར་མཚོན་ཙམ་ཞུས་ན། དཔལ་སྤྲུལ་རིན་པོ་ཆེས་ཤེར་ཕྱིན་བསྒོམ་རིམ་ལས།27འདི་དག་གི་སྐབས་སུ་གཞི་ཤེས་ནི་མདོ་རང་གཞུང་དུ་མཐའ་གཉིས་ལ་མི་གནས་པའི་གཉེན་པོ་གཞི་ཤེས་དངོས་སུ་བསྟན་པས་མཐའ་གང་རུང་དུ་ལྷུང་བའི་མི་མཐུན་ཕྱོགས་ཀྱི་གཞི་ཤེས་ཤུགས་ཀྱིས་རྟོགས་པར་བྱ་བ་ལས་ཉན་རང་གི་རྟོགས་རིགས་དངོས་སུ་བཤད་པ་མེད་པས་ན། གཞན་གྱིས་མྱོང་བ་མ་ཡིན་པ། ཞེས་བཤད་དོ། །དེས་ན་སྐབས་འདིར་གཞི་ཤེས་ཉིད་གོལ་སར་བཤད་པ་དང་། ཞེས་ཐོག་མའི་འདི་སྒྲ་དེ་མཆོད་བརྗོད་སྐབས་ནས་བསྟན་པའི་མཁྱེན་གསུམ་གྱི་གོ་རིམ་དང་བཅས་པ་གོང་དུ་སྨོས་མ་ཐག་པ་ཡིན་པས་ཐ་སྙད་འདས་མ་ཐག་པ་དེ་ལ་འཇུག་པ་ཡིན་ནོ། །དེས་ན་ལུགས་གཉིས་མི་འགལ་བར་བསྟན་ཏོ། །ཡོངས་གྲགས་སུ་དཔལ་སྤྲུལ་སྤྱི་དོན་ནམ་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་སྤྱི་དོན་ནི་ཕལ་ཆེ་བ་ལེགས་བཤད་གསེར་ཕྲེང་གི་བཞེད་པ་བརྗོད་འདུག་པས་གསེར་ཕྲེང་རྗེས་སུ་འབྲང་དགོས་པ་ཞིག་ལོས་ཡིན།

འོ་ན་གསེར་འཕྲེང་རྗེས་སུ་འབྲངས་ན་སྤྱི་དོན་གྱི་བཞེད་སྟངས་དེ་རང་ལུགས་མིན་ནམ་སྙམ་ན། དེ་ལྟར་མ་ཡིན་སྟེ། འཕགས་སེང་གཉིས་ནི་དབུ་མ་རང་རྒྱུད་ཀྱི་སློབ་དཔོན་ཡིན་ཞིང་དེ་གཉིས་ཀྱི་མཛད་པའི་འགྲེལ་བ་དོན་གསལ་དང་ཉི་སྣང་གཉིས་ཀྱང་རང་རྒྱུད་ཀྱི་གཞུང་ཡིན་པས་གསེར་ཕྲེང་དེ་ཡི་དགོངས་འགྲེལ་དུ་གྱུར་པའི་དབུ་མ་རང་རྒྱུད་ཀྱི་གཞུང་ཞིག་ཡིན་ལ། དེས་ན་ལུང་རིགས་ཀྱི་གནོད་པ་མེད་ཅིང་གྲུབ་མཐའ་དེ་དང་མཐུན་པའི་གཞུང་ཞིག་ཡིན་ན་གཞུང་དེའི་ལེགས་ཕྱོགས་ཀྱི་བཞེད་པ་དེ་དག་རང་ལུགས་སུ་མ་བཞག་ན་གཞན་རང་ལུགས་ཞེས་པ་གཞན་དང་ཐུན་མོང་མ་ཡིན་པ་ཞིག་ཅི་ལ་དགོས། དེ་ལྟར་མིན་ན་མངོན་པ་མཛོད་ཀྱི་མཆན་འགྲེལ་རིན་པོ་ཆེའི་དོ་ཤལ་བློ་གསལ་དགྱེས་པའི་མགུལ་རྒྱན་ཞེས་བྱ་བ་དེ་ཡང་མཆིམས་ཆེ་བའི་མཆན་འགྲེལ་ཞིག་ཡིན་པས་དེ་ཡང་རང་ལུགས་མིན་པར་སྨྲ་དགོས་པས་དེ་འདྲ་སུ་ཞིག་གིས་སྨྲ། མ་ཟད་གསེར་ཕྲེང་རྗེས་སུ་འབྲངས་པའི་སྤྱི་དོན་དེ་རང་ལུགས་མིན་ན་ཁྱེད་ཀྱི་རང་ལུགས་ཞེས་པ་མགོ་ནས་མཇུག་ཡོངས་རྫོགས་བར་གང་གི་རྗེས་སུ་འབྲང་། ཡང་འགས་མཁྱེན་གསུམ་མ་ཕྱེ་བའི་གནད་ཀྱིས་སྤྱི་དོན་དང་བསྒོམ་རིམ་སོགས་སུ་བཤད་སྟངས་གཉིས་ཡོད་པ་དེ་གཉིས་མི་མཐུན་ན་ཡང་གཉིས་ཀ་རང་ལུགས་ཡིན་ཟེར་བ་དེ་འདྲའི་བཤད་སྟངས་མང་པོ་ཞིག་ཀྱང་ཡོད་པར་སྣང་ངོ་།།

སླར་སྨོན་པ།

བདག་འདྲ་སྐྱེས་སྦྱངས་ཤེས་རབ་དམན་ན་ཡང་།།
བཤེས་གཉེན་དམ་པའི་བཀའ་དྲིན་ཉག་གཅིག་ལས།།
བརྗེད་བྱང་ཙམ་དུ་བྲིས་འདིས་བསྟན་འགྲོ་ལ།།
ཕན་པར་གྱུར་ཅིག་སྙམ་དུ་སྤེལ་བ་ལགས།།

  1. སྡེ་དགེ་བཀའ་འགྱུར། ཉི་ཁྲི། པོད། ༣༡ ཤོག་ངོས་ ༡༨ པར་གསལ།
  2. སྔ་འགྱུར་རིིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༣ ལོའི་པར་མ། ཤོག་ངོས་ ༧ པར་གསལ།
  3. སི་ཁྲོན་མི་རིགས་དཔེ་སྐྲུུན་ཁང་གི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༥ པར་གསལ།
  4. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༣ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༢༧ པར་གསལ།
  5. སི་ཁྲོན་མི་རིགས་དཔེ་སྐྲུུན་ཁང་གི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༢ པར་གསལ།
  6. སྡེ་དགེ་བསྟན་འགྱུར། ཤེར་ཕྱིན། ཀ ཤོག་ངོས་ ༡ པར་གསལ།
  7. སེར་བྱེས་དཔེ་མཛོད་ཁང་གི་ཕྱི་ལོ་ ༢༠༢༢ ལོའི་པར་མ། ཤོག་ངོས་ ༤༩ པར་གསལ།
  8. སྡེ་དགེ་བསྟན་འགྱུར།  ཤེར་ཕྱིན། ཀ ཤོག་ངོས་ ༢༨༨ པར་གསལ།
  9. སེར་བྱེས་དཔེ་མཛོད་ཁང་གི་ཕྱི་ལོ་ ༢༠༢༢ ལོའི་པར་མ། ཤོག་ངོས་ ༤༩ པར་གསལ།
  10. སེར་བྱེས་དཔེ་མཛོད་ཁང་གི་ཕྱི་ལོ་ ༢༠༢༢ ལོའི་པར་མ། ཤོག་ངོས་ ༤༩ པར་གསལ།
  11. སེར་བྱེས་དཔེ་མཛོད་ཁང་གི་ཕྱི་ལོ་ ༢༠༢༢ ལོའི་པར་མ། ཤོག་ངོས་ ༤༩ པར་གསལ།
  12. སེར་བྱེས་དཔེ་མཛོད་ཁང་གི་ཕྱི་ལོ་ ༢༠༢༢ ལོའི་པར་མ། ཤོག་ངོས་ ༤༨ པར་གསལ།
  13. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༣ ལོའི་པར་མ། ཤོག་ངོས་ ༨ པར་གསལ།
  14. སྡེ་དགེ་བསྟན་འགྱུར། ཤེར་ཕྱིན། ཀ ཤོག་ངོས་ ༡ པོར་གསལ།
  15. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༠ ལོའི་པར་མ། ཤོག་ངོས་ ༣༩ པར་གསལ།
  16. ཐཱའི་ཝན་པར་མ། སྨད་ཆ། ཤོག་ངོས་ ༢༧ པར་གསལ།
  17. ཐཱའི་ཝན་པར་མ། སྨད་ཆ། ཤོག་ངོས་ ༢༩ པར་མདོ་ལུང་འདི་དྲངས་ཡོད།
  18. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༢ ལོའི་པར་མ། ཤོག་ངོས་ ༤༩ པར་གསལ།
  19. སྡེ་དགེ་བཀའ་འགྱུར། ཉི་ཁྲི། པོད། ༢༣ ཤོག་ངོས་ ༡༨ པར་གསལ།
  20. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༢ ལོའི་པར་མ། ཤོག་ངོས་ ༣༠ པར་གསལ།
  21. སེར་བྱེས་དཔེ་མཛོད་ཁང་གི་ཕྱི་ལོ་ ༢༠༢༢ ལོའི་པར་མ། ཤོག་ངོས ༢༥༥ པར་གསལ།
  22. རབ་འབྱོར་གྱི་དྲི་བ་རྣམ་པ་གསུམ་དང་དེའི་ལན་རྣམ་པ་གསུམ་འགྲེལ་བ་དོན་གསལ་ལས་ཐར་ཆགས་སུ་བཀོད་ནའང་ཡུམ་བར་མར་དེ་ལྟར་མི་གསལ།
  23. སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་ཕྱི་ལོ་ ༢༠༡༡ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༥ པར་གསལ།
  24. འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐོར་ཞེས་པ། ཤོག་ངོས་ ༡༢༦ པར་གསལ།
  25. ཤེས་རབ་དཔེ་དེབ་རྩོམ་སྒྲིག་ཁང་གི་པར་མ། ཉི་ཁྲི། འཕྲུལ་དེབ། ཀ ཤོག་ངོས་ ༡ པར་གསལ།
  26. མཁས་པ་འགས་གླེང་གཞི་ནས་མཁྱེན་གསུམ་གྱི་རྟེན་ངོས་བཟུང་པའི་ལུང་ཚིག་འགའ་ཤེས་བྱེད་དུ་དྲངས་འདུག་ཀྱང་དེ་དག་གླེང་གཞིའི་མདོར་ཐར་ཆགས་སུ་མི་གསལ་བར་སེམས།
  27. སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཤོག་ངོས་ ༤༥༨ པར་གསལ།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།