བརྗེད་ཐབས་མེད་པའི་བརྩེ་བའི་ཨ་མ།

ལོ་རིམ་གཉིས་པའི་སློབ་གཉེར་བ། ཨ་མའི་གཅེས་ཕྲུག

ལ་ལུང་སྟོང་ཕྲག་བརྒལ་བའི་ཡུལ་ལྗོངས་སུ།།
ཉིན་མཚན་དུས་དྲུག་ཕྲུ་གུར་དམིགས་གཏད་པའི།།
གཞལ་མེད་དྲིན་ཆེན་མ་ལོ་ཁྱེད་ཉིད་དྲིན།།
མ་བརྗེད་རྒྱང་ནས་ཝ་ལེར་དྲན་མུས་གདའ།།

ནངས་ནུབ་ཟུང་གཉིས་སྐུ་ངལ་ཁྱད་དུ་བསད།།
འཛེམ་བག་མེད་པར་ནད་དང་སྡུག་བསྔལ་མྱོང་།།
སུན་མེད་བཟོད་སྲན་ཆེས་ཆེར་མངའ་བ་ཁྱེད།།
མ་བརྗེད་རྒྱང་ནས་ཝ་ལེར་དྲན་མུས་གདའ།།

གསེར་དངུལ་རྒྱན་ཆ་ལུས་ལ་མ་སྤྲས་ཀྱང་།།
འཕོ་འགྱུར་མེད་པའི་བྱམས་དང་སྙིང་རྗེ་སོགས།།
མ་བཅོས་ལྷད་མེད་བརྩེ་གདུང་མཛེས་རྒྱན་ཁྱེད།།
མ་བརྗེད་རྒྱང་ནས་ཝ་ལེར་དྲན་མུས་གདའ།།

ཉེ་དུས་མིག་དང་རིང་དུས་སེམས་ཀྱིས་སྐྱོང་།།
ཚ་དུས་བསིལ་དང་གྲངས་དུས་དྲོད་ཀྱིས་བསྐྱངས།།
དབྱར་དགུན་དབྱེར་མེད་སྐྱོང་བའི་དྲིན་ཆེན་ཁྱེད།།
མ་བརྗེད་རྒྱང་ནས་ཝ་ལེར་དྲན་མུས་གདའ།།

རྒྱུ་ནོར་ལོངས་སྤྱོད་དངོས་གཙང་མི་མངའ་ཡང་།།
དུས་ཀུན་སྡུག་བསྔལ་ཟེགས་ཙམ་མ་མྱོང་བར།
དྲིན་ལ་ཕྱོགས་མེད་སྐྱོང་བའི་མཛེས་ལྡན་ཁྱེད།།
མ་བརྗེད་རྒྱང་ནས་ཝ་ལེར་དྲན་མུས་གདའ།།

མ་ཤེས་ཁ་རོག་འདུག་པའི་བུ་ཆུང་བདག།།
དང་ཐོག་ཉན་འཇོག་མེད་ཀྱང་གོམ་འགྲོས་སོགས།།
ཞལ་ཏ་འགོ་མ་སྩོལ་བའི་བཤེས་གཉེན་ཁྱེད།།
མ་བརྗེད་རྒྱང་ནས་ཝ་ལེར་དྲན་མུས་གདའ།།

ངལ་བས་ཞེ་བློ་བདེ་བ་མེད་ན་ཡང་།།
དཀའ་ཚེགས་ཆེ་ཐག་མ་འཛེམ་སེམས་སྙི་མོའི།།
རྒྱུན་གཏན་དམུལ་དམུལ་བརྩེ་བའི་གོས་བསྐྱོན་པ།།
མ་བརྗེད་རྒྱང་ནས་ཝ་ལེར་དྲན་མུས་གདའ།།

བརྩེ་བ་ལྷད་མེད་གནང་མཁན་ཁྱེད་ཉིད་ནི།།
ནམ་ཞིག་འགྲོགས་པའི་དུས་ཡུན་ཉམས་རེ་དགའ།།
ཡུད་ཙམ་གྱེས་ཀྱང་དུས་ཚིགས་ཡུན་རིང་འདྲ།།
མ་བརྗེད་རྒྱང་ནས་ཝ་ལེར་དྲན་མུས་གདའ།།

སྔ་མའི་ལས་འཕྲོས་ཚེ་འདིར་གླིང་འདིར་མཇལ།།
ཕྱི་མ་གར་སྐྱེ་བསླུ་མེད་དཀོན་མཆོག་ལ།།
ཇི་སྲིད་ཐར་པའི་གོ་འཕང་མ་ཐོབ་པར།།
གླིང་འདིར་ཡང་ཡང་མཇལ་བར་སྙིང་ནས་སྨོན།།

མཚན་གུང་ཨ་སྔོན་ཟླ་བ་སྣང་བའི་ཚེ།།
གཅེས་པའི་ཨ་མའི་ཞལ་རས་ལྷང་ངེར་དྲན།།
དུས་དེར་ཨ་མཆོད་དཀྱུས་མ་ཁོ་བོས་ཀྱང་།།
དྲན་གྱིན་སྙིང་གཏམ་ཚིག་གསུམ་ངག་ནས་ཐལ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།