ཨ་མའི་བཀའ་དྲིན་དྲན་པའི་ཀ་རྩོམ།

ནམ་ཁྱུང་བཤད་སྒྲུབ་བདེ་ཆེན་ཆོས་གླིང་། ཤེས་རབ་བཟང་མོ།

ཀ་ཡེ་གསོན་དང་བདག་གི་ཨ་མ་ལགས།།
ཁ་ཞེ་མེད་པའི་བྱམས་སྐྱོང་རྟག་ཏུ་གནང་།།
ག་པར་ཕྱིན་ཀྱང་ཁྱེད་ཀྱི་བཀའ་དྲིན་དྲན།།
ང་ཡི་སེམས་ནང་ཁྱེད་ལས་ལྷག་པ་མེད།།

ཅ་ཅོ་མེད་པར་ཞི་བདེ་ངང་དུ་གནས།།
ཆ་རྒྱུས་ཡོད་པའི་ཡོན་ཏན་ཁྱད་པར་ཅན།།
ཇ་ཡུན་རིང་ལའང་གནང་བ་བཀའ་དྲིན་མ།།
ཉ་གང་ཟླ་ལྟར་བྱམས་དང་བརྩེ་བས་བསྐྱངས།།

ཏ་ལེར་ཡིད་ལ་དྲན་པའི་ཁྱེད་ཀྱི་ཞལ།།
ཐ་ན་རང་ཉིད་སྲོག་ལས་བུ་ཕྲུག་གཅེས།།
ད་དུང་རང་ལས་བུ་ཕྲུག་དོན་ལ་བརྩོན།།
ན་སོ་རྒས་ཀྱང་བྱམས་སྐྱོང་སྔོན་དང་འདྲ།།

པ་སངས་བཞིན་དུ་ཁྱེད་ཀྱི་ཀུན་སློང་དཀར།།
ཕ་རོལ་དཀྲུགས་ཀྱང་བུ་ཕྲུག་ཡིད་ལ་བཅངས།།
བ་གྲུས་འོ་ལྟར་དཀར་བའི་བརྩེ་སེམས་ཀྱིས།།
མ་བཟོད་སྙིང་གི་དཀྱིལ་ནས་ཐལ་སོང་ངོ་།།

ཙ་ལང་ལྗོངས་དེ་ཨ་མའི་དྲན་རྟེན་ཡུལ།།
ཚ་གདུང་མནར་ཀྱང་དཀའ་བཟོད་དང་དུ་བླངས།།
ཛ་ལང་མེད་པར་ཀུན་སྤྱོད་ཚུལ་བཞིན་བསླབས།།
ཝ་ལེར་ཁྱེད་ཀྱི་ཞལ་རས་སེམས་ལ་ཤར།།

ཞ་བོ་དང་འདྲ་བུ་ཕྲུག་ཐམས་ཅད་ལ།།
ཟ་བཏུང་གོས་སོགས་རིན་མེད་དྲིན་གྱིས་གནང་།།
འ་ཆད་འུ་ཐུག་མེད་པར་བྱམས་སྐྱོང་གནང་།།
ཡ་མཚན་ཨ་མའི་བཀའ་དྲིན་སྙིང་ལ་འཆང་།།

ར་བ་གངས་རིས་བསྐོར་བའི་འོམ་ལྷོ་རོང་།།
ལ་ལུང་ཁྱེད་དང་བྲལ་ནས་རྒྱ་གར་སླེབས།།
ཤ་ཚ་སྙིང་ནས་བྱམས་པའི་བརྩེ་བའི་མ།།
ས་སྟེང་འདི་རུ་ཁྱེད་ལས་བརྩེ་བ་མེད།།

ཧ་ཅང་བཟང་བའི་བཙུན་མའི་ལུས་རྟེན་འདིར།།
ཨ་མའི་ཆེད་དུ་དམ་ཆོས་ཟབ་མོ་བསྒྲུབས།།
ཧ་ལམ་ངས་ནི་ཆོས་ཀྱིས་དྲིན་ལན་འཇལ།།
ཨ་ཁ་སྡུག་སྐད་མེད་པར་ཆོས་ལ་བརྩོན།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།