ཤེར་ཕྱིན་གྱི་རིགས་ལས་འཕྲོས་པའི་རང་ལུགས་བརྗོད་པའི་བརྗེད་བྱང་།

ལོ་རིམ་དྲུག་པའི་སློབ་གཉེར་བ། ཕུར་བུ་ཚེ་རིང་།

བལྟ་བས་མི་ངོམས་འཛུམ་པའི་ཞལ་རས་ལ། །ཟུམ་མེད་སྤྱན་དཀྱུས་ཨུཏྤལ་ཡངས་པའི་འདབ།།
རྟག་ཏུ་མུ་མེད་འགྲོ་ཀུན་ལ་གཟིགས་པའི། །ཐུགས་བསྐྱེད་འདོར་བ་མེད་པ་གང་དེར་འདུད།།

ཅེས་མཆོད་པར་བརྗོད་པའི་མདུན་བསུས་ནས་གང་ཞིག་གླེང་བར་བྱ་བ་ནི། མངོན་རྟོགས་རྒྱན་ལས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་པ་ལས་འཕྲོས་ནས་སྤྱིར་གྲུབ་མཐའ་བཞིའི་རིགས་ལ་སྨྲ་བསམ་བརྗོད་དགོས་པ་མང་དུ་སྣང་ཡང་སྐབས་སུ་བབས་པའི་གླེང་བར་བྱ་བ་ནི་ཐལ་འགྱུར་བའི་ལུགས་ཀྱི་རིགས་ཀྱི་སྐོར་དེ་ཡིན། དེ་ལ་ཡང་རང་གཞན་གྱི་བཞེད་པ་མི་མཐུན་པ་མང་དུ་ཡོད་ན་ཡང་། ཁོ་བོར་རྣམ་དཔྱོད་དང་དུས་ཚོད་ཀྱིས་རྐྱེན་པས་དགག་གཞག་སྤང་གསུམ་གྱི་འབད་པ་དབེན། འོན་ཀྱང་རང་ལུགས་རིགས་ཀྱི་སྐོར་ལ་ས་བཅད་རྣམ་པ་བདུན་གྱི་སྒོ་ནས་ས་བོན་ཙམ་ཞིག་སྤྲོ་བར་བྱའོ།།

དང་པོ་རང་ལུགས་རིགས་ཀྱི་རྣམ་གཞག་བསྟན་པ།

ཁུངས་བཙན་པའི་ཆེད་དུ་མདོ་ཏིང་འཛིན་རྒྱལ་པོ་ལས།1དག་པ་དྭངས་པ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་ཚིག་རྐང་དང་པོས་ཁྱད་ཆོས་གསུམ་ལྡན་བསྟན་པར་སྣང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པ་ལས།2ཚེ་དང་ལྡན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་དང་། དེ་ཉིད་ལས།3འདི་ལྟར་སེམས་ལ་སེམས་མ་མཆིས་པ་སྟེ། ཞེས་སོགས་ཀྱིས་བསྟན། དེ་དག་གིས་ངོ་བོ་སྟོང་པ་དང་། རང་བཞིན་གསལ་བ་ཡང་བསྟན། ཐུགས་རྗེ་ཀུན་ཁྱབ་ནི་གཙོ་བོ་འཁོར་ལོ་ཐ་མར་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་བསྟན་པའི་སྐབས་སུ་བསྟན། དེ་ཡི་དགོངས་དོན་འཇམ་མགོན་མི་ཕམ་ཡབ་སྲས་རྣམས་ཀྱང་འདི་ལྟར་བཞེད་དེ། ལྟ་གྲུབ་ཤན་འབྱེད་ལས།4གནས་ལུགས་ཡེ་དག་སྙིང་པོའི་ཆོས། །ངོ་བོ་སྟོང་ལ་རང་བཞིན་གསལ། །ཐུགས་རྗེ་ཀུན་ཁྱབ་རང་བཞིན་ཏེ། །ཁྱད་ཆོས་གསུམ་གྱི་བདག་ཉིད་ཅན། །ཞེས་པ་ལྟར་ངོ་བོ་སྟོང་པ་འཁོར་ལོ་བར་བའི་དགོངས་དོན་དང་རང་བཞིན་གསལ་བ་འཁོར་ལོ་ཐ་མའི་དགོངས་དོན་གཉིས་ཟུང་འཇུག་ཡིན་པ་དང་། ཐུགས་རྗེ་ཀུན་ཁྱབ་བར་མཐའ་འགལ་མེད་དུ་བསྟན་པ་སོགས་འོག་ཏུ་འཆད་འགྱུར་དང་བཅས་སོ། །དེ་ལྟར་རིགས་ཀྱི་རྣམ་གཞག་བསྟན་པ་ལ་རིགས་ཀྱི་དོན་ནི། དྲི་མ་དང་བཅས་པའི་སེམས་ཀྱི་ཆོས་ཉིད་གང་ཞིག་ཆོས་སྐུ་དང་གཟུགས་སྐུ་མངོན་དུ་འགྱུར་རུང་གི་བྲལ་གཞི་ལ་རིགས་ཞེས་བྱ་སྟེེ། དེ་ཡང་གྲུབ་མཐའ་མཛོད་ལས།5དབྱིངས་རང་བཞིན་གྱི་རྣམ་པར་དག་པ་དོན་དམ་པའི་བདེན་པ་རང་བྱུང་གི་ཡེ་ཤེས་དེ་ནི། དྲི་མ་དང་བཅས་པའི་དུས་ན་རིགས་སམ་ཁམས་སམ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་ལ། དྲི་མ་དང་བྲལ་བའི་ཚེེ་ན་བྱང་ཆུབ་བམ་དེ་བཞིན་གཤེགས་པ་ཞེས་བྱ་བའི་རང་བཞིན་སྟེ། ཞེས་དང་། རྒྱུད་བླ་མ་ལས།6སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཞེས་དང་། སྡོང་པོ་བཀོད་པའི་མདོ་ལས།7ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་རིགས་ཞེས་བྱ་བ་འདི་ནི་ཆོས་ཀྱི་དབྱིངས་ལྷུར་ལེན་པ་ནམ་མཁའ་ལྟར་ཡངས་པ་རང་བཞིན་གྱིས་འོད་གསལ་བ་སྟེ། ཞེས་པ་དེ་དག་ནས་གསུངས་པ་ལྟར་རོ།།

རིགས་དེ་ལ་དབྱེ་སྒོ་དུ་མ་ཞིག་ཡོད་པ་ལས་འདིར་རྟེན་དང་བརྟེན་པའི་སྒོ་ནས་དབྱེ་ན་རང་བཞིན་གནས་རིགས་དང་རྒྱས་འགྱུར་གྱི་རིགས་གཉིས་ཏེ། གྲུབ་མཐའ་མཛོོད་ལས།8སྔར་བཤད་པའི་ཀུན་ཁྱབ་འོད་གསལ་བ་དེ་ནི་སྣང་སྟོང་གི་དབྱེ་བས་གཉིས་སུ་བཤད་དེ། ཞེས་གསུངས་སོ། །དེ་གཉིས་ལས་ངོ་བོ་ཉིད་སྐུའི་བྲལ་གཞིའི་རྟེན་ནམ་བྲལ་རུང་གི་ཆ་ལ་རང་བཞིན་གནས་རིགས་ཏེ། དེ་ཉིད་ལས།9དབྱིངས་སྟོང་པ་ནི་ཆོས་སྐུ་ངོ་བོ་ཉིད་སྐུའི་བྲལ་རྒྱུ་རྟེན་ཡིན་ལ། ཞེས་སོ། །ཡེ་ཤེས་ཆོས་སྐུ་བྲལ་གཞིའི་རྟེན་ནམ་བྲལ་རུང་གི་ཆ་ལ་རྒྱས་འགྱུར་ཀྱི་རིགས་ཏེ། དེ་ལ་ཡང་དབྱེ་ན་གཞིའི་དབང་དུ་བྱས་པ་དང་ལམ་གྱི་དབང་དུ་བྱས་པའི་རྒྱས་འགྱུར་རིགས་རྣམ་པ་གཉིས་ཏེ། དེེ་ཉིད་ལས།10ཡང་དག་པར་བླང་བའི་རིགས་ལ་གཞི་དང་ལམ་གྱི་དབྱེ་བས་རྣམ་པ་གཉིས་སུ་དབྱེ་སྟེ། ཞེས་སོ། །དེ་ཡང་དང་པོ་ནི་ཐེག་ཆེན་ལམ་མ་ཞུགས་ཀྱི་དྲི་བཅས་སེམས་ཀྱི་གནས་ལུགས་གང་ཞིག་རང་བཞིན་གསལ་ཆ་ནས་ཡེ་ཤེས་ཆོས་སྐུའམ་གཟུགས་སྐུའི་རྟེན་དུ་གྱུར་པའི་ཆ་ནས་བཞག་པ་སྟེ། དེ་ཉིད་ལས།11ཡེ་ཤེས་སྣང་བ་རང་འོད་མཚན་དཔེ་དང་བཅས་པ་ནི་བརྟེན་པ་གཟུགས་སྐུ་གཉིས་ཀྱི་བྲལ་རྒྱུར་གནས་པ་སྟེ། ཞེས་སོ། །གཉིས་པ་ནི་ཐེག་ཆེན་ལམ་ཞུགས་རྒྱུད་ཀྱི་དྲི་བཅས་སེམས་ཀྱི་གནས་ལུགས་དེའི་རང་བཞིན་གསལ་ཆ་ནས་གཟུགས་སྐུའི་རྟེན་དུ་གྱུར་བ་སྟེ། དེ་ཉིད་ལས།12ཞར་ལ་ལམ་སློབ་དུས་ལྟར་བཤད་ན། དབྱིངས་ཀྱི་རིགས་དེ་གཉིས་ཀ་རང་བཞིན་ལྷུན་གྲུབ་ཏུ་ཡོད་པས་རང་བཞིན་གྱི་རིགས་ཟེར་ཏེ་རྟེན་དུ་གནས་ལ། དེའི་སྟེང་དུ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ས་བཅུ་རྒྱུན་མཐའི་བར་གྱི་དགེ་རྩ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱིས་བསྡུས་པ་ཐམས་ཅད་ཡང་དག་པར་བླངས་པའམ་རྒྱས་འགྱུར་གྱི་རིགས་ཞེེས་བྱ་སྟེ། ཞེས་གསུངས་སོ།།

དེ་ལྟར་འཇམ་མགོན་མི་ཕམ་པས་ཀྱང་བཞེད་དེ། རྒྱུད་བླའི་མཆན་འགྲེལ་ལས།13རྒྱས་འགྱུར་དེ་ཡང་དོན་གྱི་དབང་དུ་སྔར་མེད་གསར་དུ་ནི་མིན་ཏེ་ཁམས་ཀྱི་སྟེང་གི་དྲི་མ་ཅུང་ཟད་བསྲབ་པས་ཁམས་ཀྱི་བྱེད་པ་གསོ་ནུས་པའི་ལས་ཞིག་མངོན་སུམ་དུ་བྱུང་བ་ཡིན་ནོ། །ཞེས་སོ། །དེས་ན་མང་པོ་ཞིག་གིས་རྒྱས་འགྱུར་རིགས་དེ་ལམ་གྱི་ངོ་བོར་གྱུར་པའི་འདུས་བྱས་སུ་བཞེད་འདུག་སྟེ། ལུང་དེ་དག་ལ་གཞིགས་ན་རིགས་ཡིན་ནས་བཟུང་ཆོས་ཉིད་ཡིན་དགོས་པར་སྣང་ངོ་། །དེ་ལྟར་རིགས་ཀྱི་རྣམ་པར་གཞག་པ་དེ་ཡང་སྔ་འགྱུར་གྱི་ཐུན་མོང་མ་ཡིན་པ་ཡིན་པ་དང་། གཞུང་གཞན་དུ་དེ་ལྟར་འཆད་དུ་མེད་པ་ཡིན་ཏེ། དེ་ཉིད་ལས།14དེང་སང་ནི་གཞི་ལ་རིགས་དེ་གཉིས་མི་བརྩི་བར། གཞི་དེ་རང་བཞིན་དང་། ལམ་ནི་རྒྱས་འགྱུར་དུ་འཇོག་པ་ནི་དབྱིངས་མ་གོ་བའི་རྣམ་འགྱུར་དུ་སྣང་སྟེ། གཞི་ལ་སྣང་སྟོང་ལྷུན་གྲུབ་ཏུ་ཡོད་པ་དང་འགལ་བའི་ཕྱིར། ཞེས་གསུངས་སོ། །བཞེད་པ་དེ་དག་ཀྱང་བསྟན་བཅོས་ཀྱི་དགོངས་དོོན་ཡིན་ཏེ། རྒྱུད་བླ་མ་ལས།15གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླངས་པ་མཆོག་ཉིད་དོ། །རིགས་འདི་གཉིས་ལས་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །དང་པོའི་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ངོ་བོ་ཉིད་སྐུ་མཛེས་པ་དང་། །རིན་ཆེན་སྐུ་འདྲར་ཤེས་བྱ་སྟེ། །རང་བཞིན་གྱིིས་ནི་བྱས་མིན་དང། །ཡོན་ཏན་རིན་ཆེན་གཏེར་ཡིན་ཕྱིར། །ཆོས་ཆེན་རྒྱལ་སྲིད་ཆེ་ལྡན་ཕྱིར། །རྫོགས་ལོངས་འཁོར་ལོས་སྒྱུར་བཞིན་ནོ། །གཟུགས་བརྙན་གྱིས་ནི་རང་བཞིན་ཕྱིར། །སྤྲུལ་པ་གསེར་གྱི་གཟུགས་ལྟ་བུ། །ཞེས་གསུངས་པའི་དོན་དེ་དག་ཇི་བཞིན་ནོ།།

གཉིས་པ་དེ་ལ་དོགས་པ་སྤོང་བ།

ཡང་ཁ་ཅིག་གིས་སྟོང་ཐུན་ལས།16འོ་ན་ཁྱོད་ཀྱི་སྔར་གཞན་ལ་བརྗོད་པ་ལྟར་དེ་བཞིན་ཉིད་དུ་དབྱེར་མེེད་པ་ཙམ་གྱིས་རིགས་ཡོད་པར་འགྲུབ་ན། ས་རྡོ་སོགས་ལའང་རིགས་ཡོད་པར་ཐལ་ལོ་སྙམ་ན། རིགས་ཞེས་བྱ་བ་ནི་འཁྲུལ་བའི་སེམས་ཀྱིས་དབང་གིས་བྱུང་བའི་སྒྲིབ་གཉིས་ཟད་པར་སྤངས་ནས་ཤེས་བྱའི་རང་བཞིན་ལ་མ་འཁྲུལ་བའི་བློ་རྒྱས་པའི་སངས་རྒྱས་ཀྱི་རྒྱུ་སྐྱོན་མེད་ལ་འཇོག་དགོས་ན། དེ་སེམས་མ་ཡིན་པས་ས་རྡོ་སོགས་བེམ་པོ་ལ་ལམ་སྒྲུབ་པ་མེད་པས་ཐ་སྙད་དུ་དེ་བཞིན་ཉིད་དང་དབྱེར་མེད་ན་ཡང་དེ་ལ་རིགས་ཡོད་པར་འཇོག་མི་དགོས་ཏེ། ཞེས་པའི་ལུང་དེ་རྒྱུ་མཚན་དུ་བྱས་ནས་རིགས་ནི་རྒྱུད་ཀྱིས་བསྡུས་པའི་སེེམས་ཀྱི་སྟེང་གི་ཆོས་ཉིད་ཡིན་དགོས་པ་དང་། རྒྱུད་ཀྱིས་མ་བསྡུས་པའི་ཆོས་ཅན་སྟེང་གི་ཆོས་ཉིད་ལ་རིགས་སུ་མི་འདོད་མཁན་དུ་མ་ཞིག་སྣང་ཡང་། ཁོ་བོས་བསམས་ན་ཆོས་ཉིད་ཡིན་ནས་བཟུང་རིགས་ཡིན་པའི་ཁྱབ་སྟེ། སེམས་ཀྱི་སྟེང་གི་ཆོས་ཉིད་དེ་ཁྱད་ཆོས་གསུམ་ལྡན་གྱི་ཆོས་ཉིད་ཡིན་པ་གང་དེ་དང་རི་ར་བ་ཁང་ཁྱིམ་ལ་སོགས་པའི་ཆོས་ཅན་དེ་དག་གི་སྟེང་གི་ཆོས་ཉིད་གཉིས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ཕྱིར། གཞན་དུ་སེམས་ཀྱི་སྟེང་གི་ཆོས་ཉིད་དེ་ལ་ཁྱད་ཆོས་གསུམ་པོ་དེ་ལྡན་པ་དང་། རི་ར་བ་ལ་སོགས་པའི་ཆོས་ཅན་དེ་དག་གི་སྟེང་གི་ཆོས་ཉིད་ལ་ཁྱད་ཆོས་དེ་མི་ལྡན་ན་ཆོས་ཉིད་དེ་གཉིས་ཀྱི་ངོ་བོའི་ཆ་ནས་རྒྱ་གང་དུ་ཆད་པ་དང་ཕྱོགས་གང་དུ་ལྷུང་བས་སེམས་ཀྱི་ཆོས་ཉིད་དེ་རྒྱ་ཆད་ཕྱོགས་ལྷུང་བྲལ་བ་མིན་པར་ཐལ་བའི་ཕྱིར། དེས་ན་ཆོས་ཉིད་ལ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ཡིན་དགོས་པ་དེ་ཡང་མི་ཕམ་པས། ངེས་ཤེས་སྒྲོན་མེ་ལས།17རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཡི། །ཟུང་འཇུག་ཁོ་ནའི་གྲུབ་མཐའ་སྐྱོང་། །ཞེས་སྣང་སྟོང་ཡ་བྲལ་མ་ཡིན་པ་དང་སྟོང་པ་དེ་ཡང་སྟོང་པ་གཞན་ཞིག་དང་དོན་ལ་དབྱེར་མེད་པས་ཆོས་ཉིད་ལ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ཡིན་པས་ཁྱབ་པར་བཞེད་འདུག་གོ།

འོ་ན་སྟོང་ཐུན་ལས་དེ་ལ་རིགས་ཡོད་པར་འཇོག་མི་དགོས་ཏེ་ཞེས་རིགས་སུ་མི་འཇོག་ཅེས་པའི་དོན་ནི། རི་ར་བ་ལ་སོགས་པ་དེ་དག་གི་སྟེང་གི་ཆོས་ཉིད་དེ་རིགས་ཡིན་ཡང་རྟེན་སྟོང་གཞི་ཆོས་ཅན་དེ་དག་ལ་བརྟེན་ནས་རིགས་སུ་མི་འཇོག་ཞེས་པའི་དོན་ནོ། །རྟེན་སྟོང་གཞི་ཆོས་ཅན་དེ་དག་ལ་བརྟེན་ནས་རིགས་སུ་མི་འཇོག་པའི་རྒྱུ་མཚན་ཡང་གོང་དུ་དྲངས་པའི་སྟོང་ཐུན་གྱི་ལུང་ལས་དེ་དག་ལ་ལམ་སྒྲུབ་པ་མེད་པ་དང་། དྲི་མ་གློ་བུར་བ་བྲལ་རུང་དང་། འཚང་རྒྱ་རུང་དང་རྒྱ་ངེས་གང་ཡང་མ་ཡིན་པའི་རྒྱུ་མཚན་ཡིན་པར་བཞེད་པར་སྣང་ངོ་། །དེེས་ན་འཇམ་མགོན་མི་ཕམ་པས་རིགས་སུ་མི་འཇོག་གསུངས་པ་ལས་རིགས་མིན་ཞེས་མ་གསུངས་པ་དེ་ཡང་གོ་རྒྱུ་རྣལ་མ་ཞིག་ཡོད་པར་དཔོག་ཐུབ་བོ། །དེས་ན་ཆོས་ཉིད་ལ་རིགས་ཀྱིས་ཁྱབ་པར་སྐད་གསང་མཐོན་པོས་སྒྲོག་གོ།

གསུམ་པ་བཀའ་བར་མཐའ་འགལ་མེད་གནད་ཀྱིས་ཆོས་ཉིད་ལ་རིགས་ཀྱིས་ཁྱབ་པར་བསྟན་པ།

བཀའ་བར་བའི་བསྟན་བྱ་གཙོོ་བོར་དངོས་བསྟན་སྟོང་པ་ཉིད་དང་ཐ་མའི་བསྟན་བྱ་གཙོ་བོར་རང་བཞིན་གསལ་ཆ་དེ་གཉིས་ཟུང་དུ་འཇུག་དགོས་ཏེ། འཁོར་ལོ་བར་པའི་བསྟན་བྱ་དེའི་མཐར་སྟོོང་གཞི་ཆོས་ཅན་དྲི་བཅས་སེམས་ཙམ་མ་བཞག་ནས་ཆོས་ཅན་ཐམས་ཅད་ཀྱི་སྟེང་གི་སྟོང་པ་ཉིད་གཏན་ལ་ཕབ། སྟོང་གཞི་ཆོས་ཅན་དེ་དག་གི་སྟེང་གི་སྟོང་ཉིད་དང་ཐ་མ་ནས་བསྟན་པའི་སྣང་ཆ་འོད་གསལ་བ་དེ་གཉིས་ཟུང་འཇུག་དབྱེར་མེད་ཡིན་པས་ཆོས་ཉིད་ལ་རིགས་ཀྱིས་ཁྱབ་པ་དང་འོད་གསལ་བས་ཁྱབ་པར་འདོད་དགོས་སོ། །དེ་ལྟར་བཀའ་བར་མཐའི་བསྟན་བྱ་དེ་གཉིས་ཟུང་དུ་འཇུག་དགོས་པ་དེ་ཡང་། སྟོང་ཐུན་ལས།18 དེས་ན་འཁོར་ལོ་བར་པ་ནས་བསྟན་པའི་སྟོང་པ་ཉིད་དང་ཐ་མར་བསྟན་པའི་སྐུ་དང་ཡེ་ཤེས་དག་སྣང་སྟོང་ཟུང་དུ་ཆུད་པར་བྱ་དགོས་པས། འཁོར་ལོ་བར་པ་དང་ཐ་མའི་ངེས་དོན་ཀྱི་སྐོར་རྣམས་དབྱེ་གསལ་མེད་པར་གཉིས་ཀ་ངེས་དོན་དུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་བཞེད་པ་འདི་ཁོ་ན་ལྟར་གཟུང་བར་བྱ་སྟེ། ཞེས་དང་།

བཀའ་འཁོར་ལོ་བར་མཐའ་གཉིས་ནས་བསྟན་པའི་བརྗོད་བྱ་ངོ་བོ་སྟོང་པ་དང་རང་བཞིན་གསལ་བ་གཉིས་ཟུང་འཇུག་ཡིན་པའི་གནད་ཀྱིས་བཀའ་བར་མཐའི་དགོངས་འགྲེལ་བསྟན་བཅོས་རྣམས་ཀྱང་འགལ་མེད་ཡིན་ཏེ། ལྟ་གྲུབ་ཤན་འབྱེད་ལས།19ཐལ་འགྱུུར་གཞུང་དུ་བདེན་གཉིས་ཀྱི། །རབ་དབྱེ་གཉིས་ཀ་འགལ་མེད་བཞེད། །དེ་ཕྱིར་ཟླ་བའི་གཞུང་དང་ནི། །རྒྱལ་ཚབ་མཆོག་གི་རྒྱུད་བླའི་གཞུང་། །གཉིས་ཀ་ཐེག་ཆེན་ཐལ་འགྱུར་པའི། །གཞུང་དུ་འགལ་མེད་གནད་གཅིག་ལགས། །ཞེས་དང་། ངེས་ཤེས་སྒྲོན་མེ་ལས།20 དེས་ན་ཚུལ་འདི་ལེགས་རྟོགས་ན། །ཀླུུ་སྒྲུབ་ལུགས་དང་བྱམས་པའི་གཞུང་། །ཕན་ཚུན་བུ་རམ་སྦྲང་རྩི་བཞིན། །ལྷན་ཅིག་ཡིིད་གས་བདེར་འཇུ་ཡིས། །གཞན་དུ་མི་འཕྲོད་ཟས་བཞིན་དུ། །ཞེས་གསུངས་སོ། །དེས་ན་བཀའ་འཁོར་ལོ་བར་མཐའ་གཉིས་ཀ་ཡང་འགལ་མེད་ཡིན་ཏེ། ལྟ་གྲུབ་ཤན་འབྱེད་ལས།21འཁོར་ལོ་བར་མཐའ་འགལ་མེད་མཆོག། །སྣང་སྟོང་ཟུང་འཇུག་སྙིང་པོའི་ཁམས། །སེམས་ཉིད་དག་དང་མ་དག་ལས། །ཐུགས་རྗེ་རྟེན་འབྱུང་ཆེན་པོར་གནས། །ཞེེས་སོགས་སྐབས་དུ་མར་གསུངས་པ་དང་། གཞན་ཡང་སྟོང་ཐུན་ལས།22 དེ་གཉིས་གཅིག་ངེས་དོན་དུ་བྱས་ན་གཅིག་དྲང་དོན་བྱ་དགོས་པའི་འགལ་བ་མེད་པ་མ་ཟད། ཟུང་དུ་ཚོགས་པར་བྱས་ནས་བདེ་གཤེགས་སྙིང་པོ་དེ་ལྟ་བུ་ལ། ཞེས་སོགས་གསུངས་པ་དང་། དེས་ན་བཀའ་བར་བ་ནས་བསྟན་པའི་སྟོང་གཞི་ཆོན་ཅན་སེམས་དང་རི་ར་བ་ལ་སོགས་པའི་སྟོང་ཉིད་དེ་ཐ་མའི་རང་བཞིན་གསལ་ཆ་གཉིས་ཟུང་འཇུག་ཡིན་པའི་ཕྱིར། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་སྟོང་ཉིད་ཡིན་པའི་ཕྱིར། སྟོང་གཞི་ཆོས་ཅན་རི་ར་བ་ལ་སོགས་པ་དབྱེ་བ་ཙམ་ལས་དོན་ལ་དེ་དག་གི་སྟེང་གི་སྟོང་ཉིད་ལ་དབྱེར་མེད་ཡིན་པའི་ཕྱིར་ཏེ། སྟོང་ཐུན་ལས།23དེ་ལྟར་ཡིན་པར་རྒྱལ་ཚབ་སེམས་དཔའ་ཆེན་པོས་རྒྱུད་བླ་མ་ལས་གསུངས་པ་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་ཆོས་དབྱིངས་བསྟོད་པར་གསལ་པོར་གསུངས་པའི་ཕྱིར་གཞུང་དེ་དག་གི་རྗེས་སུ་འབྲངས་ནས་རང་ལུགས་ཆོས་དབྱིངས་འདུས་མ་བྱས་པ་རིགས་སུ་འདོད་ཅིང་། དབྱིངས་དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་ལ་དེའི་ངོ་བོ་སྐྱེ་འགག་མེད་པ་དང་། སྣང་སྟོང་དབྱེར་མེད་ཡིན་པའི་བདག་ཉིད་དུ་གནས་ཀྱི་ཕྱོགས་སུ་ལྷུང་བ་མེད་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་དབུ་མ་བཞི་བརྒྱ་པ་ལས།24གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་པ་ཉིད། །ཅེས་དང་། མངོན་རྟོགས་རྒྱན་ལས།25ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་ཡོད་མ་ཡིན། །ཞེས་པ་རྣམས་ཀྱིས་སེམས་ཀྱི་ཆོས་ཉིད་དང་རི་ར་བ་ལ་སོགས་པའི་ཆོས་ཉིད་དེ་དག་རྟེན་སྟོང་གཞིའི་སྒོ་ནས་དབྱེ་བ་བཞག་པ་ཙམ་ལས་ཆོས་ཉིད་ལ་དབྱེ་བ་མེད་པས་ན་ཆོས་ཉིད་ལ་རིགས་ཀྱིས་ཁྱབ་པར་ཤིན་ཏུ་ནས་ཀྱང་འཐད་པ་ཉིད་དོ།།

བཞི་པ་དེ་དག་གི་འཐད་པ་མདོ་ཙམ་འགོད་པ།

དེ་ལྟར་སྙིང་པོ་བསྟན་པའི་མདོ་བཅུ་ནས་བསྟན་པའི་སེམས་ཅན་གྱི་རྒྱུད་ཀྱི་རིགས་ལ་སངས་རྒྱས་ཀྱི་ཡོན་ཏན་ཡེ་ནས་རང་ཆས་སུ་ཡོད་པར་གསུངས་པ་སོགས་དེ་དག་ཁ་ཅིག་གིས་དྲང་དོན་དུ་འདོད་པ་ལ་བརྟེན་ནས་སེམས་ཅན་གྱི་རྒྱུད་ལ་རིགས་ཡོད་པ་དེ་ཡང་དྲང་དོན་ལས་ངེེས་དོན་མིན་པར་བཞེད་དེ། དེ་ཡང་སེམས་ཅན་གྱི་རྒྱུད་ན་རིགས་མེད་ན་ཡང་ལམ་བསྒོམས་པས་སྒྲིབ་པ་སྤོང་བའི་གཉེན་པོོ་བསྟེན་ནས་མ་འོངས་པར་སངས་རྒྱས་པ་དེ་ཡི་ཚེ་མཚན་བཟང་སོ་གཉིས་སོགས་ཡོན་ཏན་ལྡན་པར་བཞེད་ཀྱང་། ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པ་དང་བྱམས་པས་རྒྱུད་བླ་ནས་གསུངས་པ་བཞིན་དུ་རང་ལུགས་མདོ་དེ་དག་ངེས་དོན་མཐར་ཐུག་པར་འདོད་པ་དང་། སེམས་ཅན་གྱི་སྐབས་ན་རིགས་ཁམས་དེ་བར་གཤེགས་པའི་སྙིང་པོོར་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་ཡེ་ནས་འདུ་བྲལ་མེད་པར་རང་ཆས་ལྷུན་གྲུབ་ཏུ་ཡོད་པར་བཞེད་དེ། གོང་དུ་དྲངས་པའི་སྟོང་ཐུན་གྱི་ལུང་ལས་འཁོར་ལོ་བར་པ་དང་ཐ་མའི་ངེས་དོན་གྱི་སྐོར་རྣམས་དབྱེ་གསལ་མེད་པར་གཉིས་ཀ་ངེས་དོན་དུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་བཞེད་པ་འདི་ཁོ་ན་ལྟར་བཟུང་བར་བྱ་སྟེ། ཞེས་གསུངས་པ་ལྟར་དང་། ཆོས་དབྱིངས་བསྟོད་པ་ལས། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་སྟེ། །དེ་དག་ཀུན་གྱི་ཉོན་མོངས་ལྡོག། །ཁམས་དེ་ཉམས་པར་བྱས་མ་ཡིན། །ཞེས་གསུངས་པ་ལྟར་རོ།།

ལྔ་པ་དེ་ཡི་གནད་ཀྱིས་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་པ།

དེ་ལྟར་བདེེ་གཤེགས་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཡོད་པར་སྒྲུབ་པའི་རིགས་པ་འདིས་ཐར་པ་དང་ཐེག་པ་གཅིག་ཏུ་བསྒྲུབ་སྟེ། སྒྲིབ་པ་གཉིས་ཀ་སྤོང་བའི་གཉེན་པོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་རང་བཞིན་གནས་རིགས་སམ་ཆོས་ཉིད་ཚུལ་བཞིན་རྟོགས་པའི་བློ་དེ་ཉིད་ཐར་པ་འཐོབ་བྱེད་ཀྱི་ལམ་ཡང་དག་ཡིན་པའི་ཕྱིར། དེ་ལས་གཞན་དུ་ཐེག་པ་དམན་པ་རང་ལམ་ལ་བརྟེན་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་བྱེད་ཀྱི་ལམ་མེད་པས་སོ། །གལ་ཏེ་དེ་ལྟར་མ་ཡིན་ན་ཉན་རང་རྣམས་རང་ལམ་ཁོ་ན་ལ་བརྟེན་ནས་རྣམ་མཁྱེན་འཐོབ་རྒྱུ་ཡོད་པར་ཐལ་བ་དང་། དེ་དག་ལ་སྒྲིབ་པ་གཉིས་ཀ་སྤོང་བའི་གཉེན་པོ་ཡོད་པར་ཐལ་བས་དེས་ན་མཐར་ཐུག་ཐེག་པ་གཅིག་ཏུ་སྒྲུབ་ཀྱི་གཞན་ཉན་རང་རྣམས་དེ་ལས་ལྡོག་པའོ། །དེ་སྒྲུབ་པ་ལ་ལུང་རིགས་གཉིས་ལས་དང་པོ་རིགས་པ་ནི་རྣམ་པ་ལྔ་སྟེ། འཚང་རྒྱ་རུང་ཙམ་ལས་རྒྱ་ངེས་སུ་བསྒྲུབ་པ་དེ་ཙམ་གསལ་པོོར་མི་སྣང་བས་འདིར་བསྒྲུབ་པར་བྱ་སྟེ། དེ་ཡང་སེམས་ཅན་གྱི་རྒྱུད་ན་བདེ་གཤེགས་སྙིང་པོ་ཡོད་པའི་ཕྱིར། གློ་བུར་གྱི་དྲི་མ་གནས་ལུགས་ཀྱི་གཤིས་ལ་མ་ཞུགས་པས་སྣང་ཚུལ་འདུ་འབྲལ་རུང་བ་ཡིན་པས་ཡོན་ཏན་ཡེ་ལྡན་གྱི་ཆོས་སྐུ་ཀུན་ལ་ཁྱད་མེད་པའི་ཕྱིར། སེམས་གསལ་རིག་གི་ཆ་ལ་ཕྱི་མཐར་ཐུག་པ་མེད་པའི་ཕྱིར། རིགས་ཀྱི་ནུས་པ་ཆུད་མི་ཟ་བ་ཡིན་པས་དེ་ལ་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པ་རྒྱུན་ཆད་མེད་པའི་ཕྱིར། སྒྲིབ་པ་གཉིས་ཀ་སྤོང་བའི་གཉེན་པོ་མཐའ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་རྟོགས་པའི་ཤེས་རབ་དེ་གཅིག་པུ་ཡིན་པའི་ཕྱིར། འདི་ལ་དང་པོ་གཉིས་ཀྱི་འཚང་རྒྱ་རུང་ཙམ་དང་བར་བ་གཉིས་ཀྱིས་སེམས་ཅན་རྣམས་འཚང་རྒྱ་ངེས་སུ་བསྒྲུབ་པ་དང་། ཐ་མས་མཐར་ཐུག་ཐེག་པ་གཅིག་ཏུ་བསྒྲུབ་པ་ཡིན་ནོ།།

རིགས་པ་དེ་དག་བསྟན་པའི་ཁུངས་ནི། རིགས་པ་དང་པོ་གཉིས་ནི་རྒྱུད་བླའི་རིགས་བསྟན་པའི་རྩ་ཚིག་བར་མཐའ་གཉིས་ཀྱིས་བསྟན། གསུམ་པ་ནི། ཚད་མ་རྣམ་འགྲེལ་ལས།26 གང་ཕྱིར་རིགས་མཐུན་སྔ་མ་ཡི། །ས་བོན་ལས་ནི་འཕེལ་བ་ཅན། །བརྩེ་བ་ལ་སོགས་བློ་དེ་དག། །གོམས་པར་གྱུར་ན་གང་ན་གནས། །ཞེས་པས་བརྩེ་བ་ཐུགས་རྗེ་ཆེན་པོ་ཡང་ནས་ཡང་དུ་གོམས་པས་གསལ་རིག་གི་ཆ་དེ་ཇེ་བས་ཇེ་ཆེར་འཕེལ་ནས་ཚད་མེད་པའམ་ཕྱི་མཐའ་ཐུག་མེད་དུ་བསྟན། གཞན་ཡང་དེ་ཉིད་ལས།27སྒྲུབ་བྱེད་ཐུགས་རྗེས་གོམས་ལས་དེ། །ཞེས་སོགས་སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པ་སོགས་ཀྱིས་གསལ་རིག་གི་ཆ་དེ་ཉིད་ཡ་མཐའ་དང་མ་མཐའ་ཐུག་མེད་དུ་ངེས་པའི་སྒོ་ནས་གོམས་པ་ལ་མཐའ་མེད་དུ་འཕེལ་མི་རུང་བའི་ལོག་རྟོག་རྣམས་བཀག་པའོ།།

བཞི་པ་ནི་རིགས་ཡོད་པར་སྒྲུབ་པའི་རྩ་ཚིག་གསུམ་གྱིས་དངོས་སུ་མ་བསྟན་ཀྱང་ཤུགས་ལ་བསྟན་ཏེ། སྟོང་ཐུན་ལས།28 རིགས་དེ་འཚང་རྒྱ་བ་ལ་ནམ་ཡང་ཆུད་ཟ་བ་མི་སྲིད་པའི་གནད་ཀྱིས་སོ། །ཞེས་དང། ལྔ་པ་ནི་དབུ་མ་ལ་འཇུག་པ་ལས།29 གང་ཕྱིར་འདི་ན་དེ་ཉིད་ཤེས་ལས་དྲི་མ་མཐའ་དག་སེལ་བ་ནི། །ལྷུར་བྱེད་གཞན་མེད་ཅེས་པས་བསྟན། འོ་ན་རིགས་ཀྱི་ནུས་པ་ཆུད་མི་ཟ་བ་ཞེས་པ་ཇི་ལྟར་ཡིན་ཞེ་ན། སངས་རྒྱས་ཀྱི་ཕྲིན་ལས་སེམས་ཅན་ལ་འཇུག་པ་དང་དེ་ལྷུན་གྲུབ་ཡིན་པས་འཇུག་པ་ལ་བར་དུ་གཅོད་པའི་བགེགས་མེད་པའི་ཕྱིར་རོ། །ཞེས་གསུངས་སོ། །རིགས་པ་ལྔ་པོ་དེ་དག་ཀྱང་རྫོགས་སངས་སྐུ་ནི་འཕྲོ་བའི་ཕྱིར་ཞེས་པའི་རིགས་པ་དེ་དག་གི་ནང་དུ་འདུ་བ་དང་། རྩ་བའི་ཚིག་རྐང་གསུམ་པོ་དེ་དག་ལས་དང་པོ་འགྲེལ་སྟངས་གཉིས་ལས་དང་པོ་ཡོན་ཏན་ཡེ་ལྡན་གྱི་རིགས་ཕྱིས་འཚང་རྒྱ་བའི་ཚེ་འཕྲོ་བ་དང་། ཡང་ན་སངས་རྒྱས་ཀྱི་ཐུགས་རྗེ་དང་ཕྲིན་ལས་རྣམས་སེམས་ཅན་ལ་འཇུག་པ་དང་སངས་རྒྱས་པའི་འཇུག་པ་དེ་ཡང་རྒྱུན་མ་ཆད་པར་འཇུག་པ་སྟེ། གནས་སྐབས་སེམས་ཅན་གྱི་སྐབས་གློ་བུར་གྱི་དྲི་མ་དང་བཅས་ན་ཡང་། རང་བཞིན་ལ་དྲི་མ་མ་ཞུགས་པས་སངས་རྒྱས་ཀྱི་ཐུགས་རྗེ་དང་ཕྲིན་ལས་ལྷུན་གྲུབ་ཏུ་འཇུག་པ་དང་། དྲི་མ་དེ་སེམས་ཀྱི་རང་བཞིན་ལ་ཞུགས་ན་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པ་ལ་བར་དུ་གཅོད་བྱེད་ཡོད་པས་མི་འཇུག་པ་དང་། འཇུག་ན་ཡང་དོན་མེད་པར་ཐལ་བས་ན་དྲི་མ་དེ་སེམས་ཀྱི་རང་བཞིན་ལ་ཞུགས་པ་མེད་པས་ཕྲིན་ལས་འཇུག་པ་དེ་དོན་དང་ལྡན་པ་ཡིན་ནོ།།

གཉིས་པས་ནི་སེམས་ཅན་དང་སངས་རྒྱས་ཀྱི་རྒྱུད་ཀྱི་དྲི་མ་དང་བཅས་མ་བཅས་རང་བཞིན་ལ་གློ་བུར་གྱི་དྲི་མ་མ་ཞུགས་པར་མཚུངས་པས་དེ་གཉིས་དབྱེར་མེད་ཡིན་པའི་ཕྱིར། འཁོར་བ་དང་མྱང་འདས་སེམས་ཅན་དང་སངས་རྒྱས་དབྱེར་མེད་དེ་ཆོས་སྐུ་སྟོང་པ་ཆེན་པོར་རོ་གཅིག་པས་སེམས་ཅན་སངས་རྒྱས་ཞེས་འཇོག་པ་དེ་སྣང་ཚུལ་ལ་མ་དག་འཁྲུལ་སྣང་ཙམ་ལས་དོན་དམ་པར་དབྱེར་མེད་སྟོང་པ་ཉིད་དུ་རོ་གཅིག་གོ །གསུམ་པས་དྲི་མ་དང་བཅས་མ་བཅས་ཀྱི་དེ་བཞིན་ཉིད་གཉིས་གནས་ཚུལ་དུ་དབྱེར་མེད་པས་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པ་དེ་བར་མ་ཆད་པར་ལྷུན་གྲུབ་ཏུ་འཇུག་པར་བསྒྲུབས་ན་ད་དུང་བསྒྲུབ་མི་ཐུབ་པས་སེམས་ཅན་སངས་རྒྱས་ཀྱི་ནུས་པ་རང་ཆས་སུ་ཡོད་པར་བསྒྲུབས་ཏེ། སེམས་ཅན་གྱི་རྒྱུད་ལ་རིགས་ཡོད་པར་བསྟན་པ་ཡིན་ནོ། །དེ་དག་གིས་ཕྲིན་ལས་འཇུག་པ་དང་འཇུག་པ་དེ་ཡང་བར་དུ་གཅོད་པའི་བགེགས་མེད་པ་དང་། སངས་རྒྱས་ཀྱི་ནུས་པ་ཡོད་པར་སྒྲུབ་པ་དང་། སེམས་ཅན་འཚང་རྒྱ་ངེས་སུ་བསྒྲུབ་པ་ཡིན་ནོ། །འཚང་རྒྱ་ངེས་ཀྱི་རྒྱུ་ཚང་བ་ན་ལྡོག་མེད་དུ་འཚང་རྒྱ་ངེས་ཏེ། རྒྱུ་ཚང་བའི་ཕྱིར། དེ་ལྟར་དགོས་པ་ཡང་ཚད་མ་རྣམ་འགྲེལ་ལས།30མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ལྡོག་པར་འགྱུར། །ཞེས་པ་བཞིན་ནོ། །དེས་ན་མ་ཚང་བ་མེེད་པའི་རྒྱུ་ཚོགས་ན་འབྲས་བུ་སྐྱེད་པའི་བྱ་བ་ཡང་བྱེད་དེ། དོན་རྣམ་ངེས་ལས།31རྒྱུ་ཡི་ཚོགས་པ་ཚང་བས་ནི། །འབྲས་བུ་སྐྱེད་པའི་བྱ་བ་བྱེད། །ཅེས་གསུངས་པ་བཞིན་དེས་ན་རྒྱུ་མ་ཚང་མེད་ན་འབྲས་བུ་འབྱིན་ངེས་སུ་ཡིན་པར་དཔོག་ཐུབ་པས་སེམས་ཅན་རྣམས་འཚང་རྒྱ་ངེས་སུ་བསྒྲུབས་པ་ཡིན་ནོ། །དེ་ལྟར་སྟོང་ཐུན་ལས།32འདིར་རྒྱུ་ཡོད་པ་ཙམ་གྱིས་འབྲས་བུ་འབྱིན་པར་དཔོག་པ་ཙམ་མིན་ཏེ། ཆོས་ཉིད་དེ་བཞིན་ཉིད་ཀྱི་རིགས་ལ་འགྱུར་བ་མེད་པ་དང་། དེ་འབྲས་བུ་དང་ངོ་བོ་ལ་བཟང་ངན་མེད་པ་དང་། གློ་བུར་གྱི་དྲི་མ་རྣམས་ཡུན་ཇི་ལྟར་རིང་ཡང་འབྲལ་རུང་ཡིན་པས་རིགས་དེ་སངས་རྒྱས་པ་ལ་ནམ་ཡང་ཆུད་ཟ་བ་མི་སྲིད་པའི་གནད་ཀྱིས་སོ། །ཞེས་གསུངས་པ་ལྟར་རོ།།

འོ་ན་འདི་དག་རྒྱུ་ཚོོགས་གྲངས་ཚང་གི་འབྲས་རྟགས་ཡང་དག་དང་མཚུངས་སོ་ཞེ་ན་མི་མཚུངས་ཏེ། དེ་ལ་བར་དུ་གཅོད་པའི་གེགས་ཡོད་པས་སྐྱེ་རུང་ཙམ་ལས་སྐྱེ་ངེས་སུ་མི་འགྲུབ་པ་དང་། འདིར་སེམས་ཅན་རྣམས་འཚང་རྒྱ་ངེས་ཡིན་ཏེ་འཚང་རྒྱ་བ་ལ་བར་དུ་གཅོད་པའི་གེགས་མེེད་པར་སངས་རྒྱས་ཀྱི་ཐུགས་རྗེ་ཕྲིན་ལས་ལྷུན་གྲུབ་ཏུ་འཇུག་པའི་ཕྱིར་རོ། །ལུང་རིགས་དེ་དག་གིས་སེམས་ཅན་རྣམས་འཚང་རྒྱ་ངེས་བསྒྲུབ་མི་ཐུབ་ན། ཕྱིར་མི་ལྡོག་པའི་རྟགས་ཐོབ་པའི་སེམས་དཔའ་རྣམས་ཀྱང་བྱང་ཆུབ་འཐོབ་ངེེས་ཇི་ལྟར་སྒྲུབ། སེམས་ཅན་ལ་གློ་བུར་གྱི་དྲི་མས་བཅིངས་སོ་ཞེ་ན་དེ་དག་ཀྱང་དྲི་མ་མཐའ་དག་མ་སྤངས་པས་མཚུངས་པའི་ཕྱིར། དེ་ལྟར་རིགས་པ་ལྔ་དང་ཡང་ན་གསུམ་པོ་དེ་དག་གིས་སེམས་ཅན་འཚང་རྒྱ་རུང་དང་རྒྱ་ངེས་སུ་བསྒྲུབ་པའི་གནད་ཀྱིས་རིགས་པ་དེ་དག་གིས་མཐར་ཐུག་ཐར་བ་དང་ཐེག་པ་གཅིག་ཏུ་བསྒྲུབས་སོ།།

གཉིས་པ་ལུང་གིས་སྒྲུབ་པ་ནི། སྟོང་ཐུན་ལས།33 དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཡོད་པར་སྒྲུབ་པའི་རིགས་པ་འདིས་མཐར་ཐུག་གི་ཐར་བ་དང་། དེ་བཞིན་གཤེགས་པ་དང་ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་པ་རྣམས་ཐ་དད་དུ་མེད་ལ། དེ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཀྱི་སྟོབས་ལས་བྱུང་བར་ཤེས་ན་མཐར་ཐུག་ཐེག་པ་གཅིག་ཏུ་འགྲུབ་ཀྱིས། ཞེས་གསུངས་པ་དང་། གཞན་དུ་དེ་ལྟར་མི་འཐད་པར་བསྟན་པ་ནི། དེ་ཉིད་ལས།34གཞན་དུ་བདེེ་གཤེགས་སྙིང་པོ་ཞེས་པ་སེམས་ཅན་གྱི་ཁམས་ན་མེད་པ་དང་། སངས་རྒྱས་ཀྱི་དུས་ན་མེད་པ་དང་། རྒྱུ་དུས་ཡོན་ཏན་མེད་ལ་འབྲས་དུས་གསར་དུ་ཡོན་ཏན་ཅན་དུ་སྨྲ་བ་སོགས་ཐེག་པ་ཆེན་པའི་དོན་ལ་རྒྱབ་ཀྱིས་ཕྱོགས་པ་དག་གིས་ལུགས་ལ་མཐར་ཐུག་ཐེག་གཅིག་སྒྲུབ་པའི་རིགས་པ་མཐའ་ཡས་པར་འགྱུར་རོ། །དེ་ལྟར་ཡང་ངེས་ཤེས་སྒྲོན་མེ་ལས།35མཐར་ནིི་ངེས་པར་རྟོགས་དགོས་ཏེ། །ཆོས་ཀུན་དེ་ཉིད་གཅིག་ཡིན་ཞིང་། །དེ་ཉིད་མཐོང་བས་ཚུལ་གཅིག་པས། །མཐར་ཐུག་ཐེག་གཅིག་འགྲུབ་པ་ཡི། །རིགས་པ་ཀླུ་སྒྲུབ་ཡབ་སྲས་སྨྲ། །ཞེས་དང་། འཇུག་པ་ལས་ཀྱང་།36གང་ཕྱིར་འདི་ན་དེ་ཉིད་ཤེས་ལས་དྲི་མ་མཐའ་དག་སེལ་བ་ནི། །ལྷུར་བྱེད་གཞན་མེད་ཆོོས་རྣམས་དེ་ཉིད་རྣམ་འགྱུར་དབྱེ་བའང་བསྟེན་མིན་ཞིང། །དེ་ཉིད་ཡུལ་ཅན་བློ་གྲོས་འདི་ཡང་ཐ་དད་འགྱུར་བ་མ་ཡིན་པ། །དེ་ཡི་ཕྱིར་ན་ཁྱོད་ཀྱིས་འགྲོ་ལ་ཐེག་པ་མི་མཉམ་དབྱེར་མེད་བསྟན། །ཅེས་གསུངས་སོ།།

འོན་ཀྱང་ཐེག་པ་གསུམ་ནི་དྲང་བའི་དོན་ཡིན་ཏེ། འཇུག་པ་རང་འགྲེལ་ལས།37གལ་ཏེ་མྱ་ངན་ལས་འདས་པ་གཅིག་ཁོ་ན་ཡིན་ཞེས་ན་ཇི་ལྟར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པས་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་བསྟན་ཞེ་ན། བསྟན་པ་འདི་དགོངས་པ་ཅན་ཉིད་དུ་བཤད་པ། ཞེས་དང་། དབུ་མ་ལ་འཇུག་པ་ལས།38གང་ཕྱིར་འགྲོ་ལ་ཉེས་པ་སྐྱེད་བྱེད་སྙིགས་མ་འདི་དག་ཡོད་གྱུར་པ། །དེ་ཕྱིར་འཇིག་རྟེན་སངས་རྒྱས་སྤྱོད་ཡུལ་གཏིང་ཟབ་ལ་འཇུག་མི་འགྱུར་ཞིང་། །བདེ་གཤེགས་གང་ཕྱིར་ཁྱོད་ལ་མཁྱེན་རབ་ཐུགས་རྗེའི་ཐབས་དང་ལྷན་གཅིག་པ། །མངའ་དང་གང་ཕྱིར་བདག་གིས་སེམས་ཅན་དགྲོལ་ཞེས་ཁྱོད་ཀྱིས་ཞལ་བཞེས་ཏེ། །ཞེས་གསུངས་པ་ལྟར་རོ།།

དྲུག་པ་སེམས་ཅན་རྣམས་འཚང་རྒྱ་ངེས་ཀྱི་གནད་ཀྱིས་འཁོར་བ་ལ་མཐའ་ཡོད་པར་བསྟན་པ།

འཁོར་བ་ལ་མཐའ་ཡོད་མེད་ནི་རྒྱན་སྣང་ལས།39ཁ་ཅིག་ན་རེ་གང་འདི་སངས་རྒྱས་ཀྱི་རིགས་ནི་ཐོག་མ་མེད་པ་ཡིན་པའམ་སངས་རྒྱས་རེ་རེ་བྱུང་བ་ན་སེམས་ཅན་གྲངས་མེད་པ་ཡོངས་སུ་མྱ་ངན་ལས་འདས་མོད་ཀྱི། དེ་ལྟ་ན་ཡང་འཁོར་བ་ལ་ཟད་པ་མེད་པས་མཐའ་ཡས་པའི་ཕྱིར་ནམ་མཁའ་དང་འདྲ་བ་སྟེ། རི་བོ་ལ་སོགས་པའི་སྒྲིབ་གཡོགས་དུ་མ་ཡོད་ན་ཡང་ནམ་མཁའ་ལ་ནི་ཡོངས་སུ་ཟད་པ་མེད་དོ་ཞེས་ཟེར་རོ། །ཞེས་མཐའ་མེད་ཀྱི་ལུགས་དང་། གཞན་དག་ན་རེ་གང་གཉེན་པོ་ཆོས་དང་ཉེ་བ་ན་འབྲི་བའི་ཆོས་ཅན་དུ་སྣང་བ་དེ་ནི་གཉེན་པོའི་ཕྱོོགས་ཤིན་ཏུ་འཕེལ་བས་ཤིན་ཏུ་འགྲིབ་པར་འགྱུར་བ་སྲིད་པ་ཡིན་ཏེ། དཔེར་ན་གསེར་གྱི་དྲི་མ་ལ་སོགས་པ་བཞིན་ནོ། །འཁོར་བ་ཡང་དག་མེད་ལ་སོགས་པ་མཚན་ཉིད་ཀྱི་གཉེན་པོའི་ཕྱོགས་མངོན་དུ་གྱུར་པ་ན་འགྲིབ་པའི་ཆོས་ཅན་ཡིན་ནོ། །ཞེ་བྱ་བའི་རང་བཞིན་གྱིས་གཏན་ཚིགས་ཀྱི་སྟོབས་ཀྱིས་འཁོར་བ་རྒྱུན་ཆད་པ་ཡིན་ནོ་ཞེས་འདོད་དོ། །ཞེས་མཐའ་ཡོད་ཀྱི་ལུགས་ཀྱང་བསྟན་ཡོད་དོ།།

རང་ལུགས་མདོ་གཞིར་བཞག་ནས་བཤད་ན་སྤྱིར་འཁོར་བ་ལ་མཐའ་ཡོད་པར་སྣང་། དེ་ལ་འདིར་འཁོར་བ་ལ་མཐའ་ཡོད་མེད་ཅེས་པའི་འཁོར་བ་དེ་ངོས་བཟུང་ན། གཟུང་འཛིན་གཉིས་སུ་སྣང་བ་དང་། ཇི་ལྟར་སྣང་བ་དེ་འདི་དང་དེ་ལྟར་ཞེན་ཅིང་མིང་སྣ་ཚོགས་ཀྱི་མངོན་པར་བརྗོད་པར་སྣང་བ་འདི་ཉིད་དེ། ཆོས་ཉིད་རྣམ་འབྱེད་ལས།40 དེ་ལ་ཆོས་ཀྱི་མཚན་ཉིད་ནི། །གཉིས་དང་ཇི་ལྟར་མངོན་བརྗོད་པར་། །ཞེས་དེ་ལྟར་འདོད་པ་དང་། ཡང་འཇམ་མགོན་མི་ཕམ་པས་གཟུང་འཛིན་འཁྲུལ་བའི་སྣང་བ་དང་དེར་ཞེན་པ་གཉིས་ངོས་བཟུང་འདུག་སྟེ། ངེས་ཤེས་སྒྲོན་མེ་ལས།41གཟུང་འཛིན་འཁྲུལ་སྣང་འདི་མིན་པའི། །འཁོར་བ་ཞེས་བྱ་གཞན་དུ་མེད། །ཅེས་སོ།།

དེ་དག་ལས་གཟུང་འཛིན་འཁྲུལ་སྣང་དང་དེར་ཞེན་པ་ལ་བཞེད་འདུག་པས་ཅུང་མི་འདྲ་བར་སྣང་ཡང་། འདིར་ནི་ལས་ཉོན་གྱིས་དབང་གིས་སྲིད་པར་ཉིང་མཚམས་སྦྱོར་བའི་སྡུག་བདེན་གྱི་ཕུང་པོ་ལ་འཁོར་བ་ཞེས་འཇོག་དགོས་ཏེ། ཚད་མ་རྣམ་འགྲེལ་ལས།42སྡུག་བསྔལ་འཁོར་བ་ཅན་ཕུང་པོ། །ཞེས་པ་ལྟར་འདིར་ལུགས་གཉིས་ལས་རང་ལུགས་མཐའ་ཡོད་པར་བཞེད་དགོས་པར་སྣང་སྟེ། དཔལ་སྤྲུལ་སྤྱི་དོན་ལས།43གསེར་གྱི་གཡའ་དག་པ་ལྟར་གཉེན་པོའི་ཕྱོགས་ཀྱིས་ཟད་པར་ནུས་པའིི་ཕྱིར་མཐའ་ཡོད་དེ། ཞེས་འདོད་པ་གཉིས་ལས་སློབ་དཔོན་ཡང་ཕྱི་མར་བཞེད་པར་མངོན་ཞིང། ཨ་བྷྱས་ལུང་དང་རིགས་པ་གཉིས་ཀའི་སྒོ་ནས་མཐའ་ཡོད་དུ་སྒྲུབ་པར་བྱེད་ཀྱང་། ཞེས་དཔལ་སྤྲུལ་སེམས་དཔའ་ཆེན་པོས་སློབ་དཔོན་ཡང་ཕྱི་མར་བཞེད་པར་མངོན་ཞིང་ཞེས་པ་དང་། ཨ་བྷྱས་ལུང་རིགས་གཉིས་ཀྱིས་མཐའ་ཡོད་དུ་སྒྲུབ་པ་དེ་དག་གི་ཕྱོགས་འཐད་པར་སེམས་སོ། །འཁོར་བ་པོ་བྱེ་བྲག་པ་ལ་བསམས་ན་འཁོར་བ་ལ་མཐའ་མ་ཡོད་དེ། དེ་སྤོང་བྱེད་ཀྱི་གཉེན་པོ་སྟོབས་ལྡན་ཡོད་པའི་ཕྱིིར། དེ་ལྟར་ཡིན་པ་དེ་ཡང་རྣམ་འགྲེལ་ལེགས་བཤད་སྣང་བའི་གཏེར་ལས། སྲིད་པའི་སྡུག་བསྔལ་གྱི་རང་བཞིན་ཅན་དེ་ནི་གཏན་དུ་བ་མིན་ཏེ་དེ་ཡི་རྒྱུ་ལ་གེགས་བྱེད་པའི་གཉེན་པོ་སོགས་པའི་སྒྲས་ལྷག་མེད་ཀྱི་དུས་སུ་དེ་སྐྱེ་བ་རྒྱུ་མ་ཚང་བ་སྲིད་པའི་ཕྱིར་རོ། །ཞེས་དང་། དེ་ཡང་ཚད་མ་རྣམ་འགྲེལ་ལས།44དེ་ནི་གཏན་དུ་བ་མིན་ཏེ། །རྒྱུད་ལ་གེགས་སོགས་སྲིད་ཕྱིར་རོ། །ཞེས་པ་ལས་དང་ཉོན་མོངས་པའི་རྒྱུ་ཅན་འཁོར་བ་དེ་གཏན་དུ་བ་མིན་ཏེ། རྒྱུ་ལས་ཉོན་གཉིས་གཉེན་པོ་སྟོབས་ལྡན་ཆོས་ཉིད་རྟོགས་པའི་ཤེས་རབ་ཀྱིས་ལྡོག་པའམ་ཟད་པས་དེ་ཡི་འབྲས་བུ་འཁོར་བ་ཡང་ཟད་པར་གྱུར་པས་གང་ཟག་བྱེ་བྲག་པ་ལ་འཁོར་བ་ལ་མཐའ་ཡོད་སྟེ། དབུ་མ་རྩ་བའི་མཆན་འགྲེལ་ལས།45དེ་ལྟར་འཁོར་བ་ནི་དོན་དམ་པར་ནམ་མཁའ་ལྟ་བུ་སྟེ། ཐ་སྙད་དུ་ཐོག་མ་མེད་ཀྱང་མཐའ་མ་ཡོད་དེ་ས་བོན་བཞིན་ནོ། །ཞེས་གསུངས་པ་བཞིན་ནོ།།

མདོར་ན་སྤྱིར་འཁོར་བ་ལ་མཐའ་མ་ཡོད་པར་སེམས་ཏེ། འཁོར་བ་བྱེ་བྲག་པ་ལ་མཐའ་ཡོད་པར་སྒྲུབ་པའི་ལུང་དང་རིགས་པ་དེ་དག་ལ་ཡང་མཚུངས་པའི་ཕྱིར། དེས་ན་ཐ་སྙད་དུ་འཁོར་བ་ལ་མཐའ་ཡོད་དུ་བཞེད་པ་དེ་འཐད་པར་སེམས་ཏེ། ལུང་དེ་དག་གིས་བསྒྲུབས་པའི་ཕྱིར། མཐའ་མེད་དུ་བཞེད་པའི་ལུགས་དེ་དག་ནི་འཁོར་བ་བྱེ་བྲག་པ་ལ་མཐའ་མེད་དུ་བཞེད་པ་ག་ལ་ཡིན། སྤྱིར་འཁོར་བ་ལ་ཚད་གཟུང་དུ་མེད་པ་ཙམ་གྱིས་མཐའ་མེད་དུ་བསྒྲུབ་མི་ནུས་ཏེ། རྒྱུ་མཚན་ལྟར་སྣང་དུ་གྱུར་བའི་ཕྱིར། གལ་ཏེ་མཐའ་མེད་ན་མཐའ་མེད་འཁོར་བ་པོ་དེ་དག་ལ་འཚང་རྒྱ་བའི་སྐབས་མེད་པ་དང་། དེ་དག་གི་རྒྱུད་ཀྱི་རིགས་ཀྱི་ནུས་པ་ཆུད་མི་ཟ་བ་མ་ཡིན་པར་ཐལ་བ་དང་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པ་དེ་ཡང་ཕྱོགས་རེ་དང་བཅས་པ་ཐལ་བ་སོགས་རྒྱུ་མཚན་དེ་དག་ལ་བསམས་ན་མི་འཐད་པར་སེམས་སོ།།

བདུན་པ་གྲུབ་དོན་བསྡུས་བའི་སྒོ་ནས་མཇུག་བསྡུ་བ།

རང་ལུགས་ཀུན་མཁྱེན་ཀློང་ཆེན་གྱི་བཞེད་པ་ལྟར་རིགས་ཀྱི་རྣམ་གཞག་རྣམས་བཀོད་ནས་དེ་དག་ལ་དོགས་པ་སྤོང་བ་དང་། བཀའ་བར་མཐའ་འགལ་མེད་གནད་ཀྱིས་ཆོས་ཉིད་ལ་རིགས་ཀྱིས་ཁྱབ་པར་བསྟན་ནས་དེ་ཡི་འཐད་པ་ཡང་བསྟན། དེ་དག་བསྒྲུབས་ནས་རྟོགས་བྱ་མཐར་ཐུག་པ་གསལ་སྟོང་ཟུང་འཇུག་དེ་ཡིན་པས་དེ་རྟོགས་པའི་ཡེ་ཤེས་མཐར་ཐུག་པ་དེ་ཡང་ཆོས་ཉིད་རྟོགས་པའི་མི་རྟོག་ཡེ་ཤེས་དེ་གཅིག་པུ་ཡིན་པས་མཐར་ཐུག་ཐར་པ་དང་ཐེག་པ་གཅིག་ཏུ་བསྒྲུབས་པ་ཡིན། དེ་ལྟ་བུའི་སྒྲིབ་པ་གཉིས་ཀ་སྤོང་བའི་གཉེན་པོ་དེ་འཁོར་བའི་རྒྱུ་ལས་ཉོན་གཉིས་ཟད་པར་བྱས་པས་འཁོར་བ་ཡང་ཟད་པར་བསྒྲུབས་པས་འཁོར་བ་སྤྱི་བྱེ་བྲག་གང་དུ་བསམས་ན་ཡང་མཐའ་ཡོད་པར་གྲུབ་བོ། །དེ་ལྟར་ཀུན་མཁྱེན་ཡབ་སྲས་བརྒྱུད་པར་བཅས་པའི་ཐུགས་ལ་བརྣགས་པའི་ཆོས་མདོ་ཙམ་ཞིག་གླེང་བའི་དགེ་བའི་རྩ་བ་འདི་ཉིད་ཀྱིས་དེ་དག་གི་ཐུགས་དགོངས་ཡོངས་སུ་རྫོགས་པར་འགྱུར་བ་དང་། ཁྱད་པར་དུ་ང་དང་ང་འདྲའི་སྐྱེ་བོ་རྣམས་ཟབ་པ་དང་རྒྱ་ཆེ་བའི་དོན་ལ་འཇུག་པའི་རྒྱུར་གྱུར་ཅིག།

སླར་སྨོན་པ།

འདི་ལྟར་བགྱིས་པའི་དགེ་བས་ཚེ་རབས་ཀུན། །ཀློང་གསལ་དྲི་མེད་ཨ་སྔོན་མུན་པའི་དགྲ།།
གང་གི་མཁྱེན་རབ་འོད་ཟེར་སྟོང་ཕྲག་གིས། །མཁའ་མཉམ་འཁའ་མཉམ་འགྲོ་བློའི་པད་སྐྱོང་གྱུར་ཅིག།།


  1. ལུང་ཚིག་འདི་མདོ་ཚིག་ཇི་བཞིན་ཡིན་མིན་དཔྱད་གཞི་ཡི་གནས་སུ་གྱུར་ཀྱང་མདོ་ལུང་དོན་ཐོག་ནས་དྲངས་པ་མིན་ནམ་སྙམ། ད་ལྟ་མདོ་ཚིག་འདི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། སྡོམ་གསུམ་རྣམ་པར་ངེས་པའི་མཆན་འགྲེལ་རིག་འཛིན་འཇུག་ངོགས། ཤོག་ངོས་ ༧ པར་གསལ།
  2. སྡེ་དགེ་བསྟན་འགྱུར། ཤེར་ཕྱིན། ༢༦ ནས ༡༢༤ a པར་གསལ།
  3. སྡེ་དགེ་བསྟན་འགྱུར། ཤེར་ཕྱིན། ༢༦ ནས ༡༩༢ a པར་གསལ།
  4. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། ཤོག་ངོས་ ༡༢༠ པར་གསལ།
  5. ཐཱའི་ཝན་པར་མ། ཤོག་ངོས་ ༡༣༣ པར་གསལ།
  6. སྡེ་དགེ་བསྟན་འགྱུར་ ༡༢༣ ནས ༩༧b པར་གསལ།
  7. ཐཱའི་ཝན་པར་མ། ཀློང་ཆེན་གསུང་འབུམ། ཤོག་ངོས་ ༡༣༢ པར་གསལ། ལུང་དེ་འདིར་སྡོང་པོ་བཀོད་པའི་མདོ་ལས་གསུངས་ཀྱང་། གསེར་ཕྲེང་ཤོག་ངོས་ ༤༧༤ པར་ཕལ་ཆེན་ལས་ཀྱང་། ཞེས་དྲངས་འདུག་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ་ ༡-༢-༢༣༡b པར་ཡང་ལུང་འདི་དྲངས་འདུག་པས་མདོ་ལུང་ཡིན་པར་གདོན་མི་ཟའོ།།
  8. ཐཱའི་ཝན་པར་མ། ཤོག་ངོས་ ༡༤༠ པར་གསལ།
  9. ཐཱའི་ཝན་པར་མ། ཤོག་ངོས་ ༡༤༠ པར་གསལ།
  10. ཐཱའི་ཝན་པར་མ། ཤོག་ངོས་ ༡༤༡ པར་གསལ།
  11. ཐཱའི་ཝན་པར་མ། ཤོག་ངོས་ ༡༤༠ པར་གསལ།
  12. ཐཱའི་ཝན་པར་མ། ཤོག་ངོས་ ༡༤༠ པར་གསལ།
  13. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༠ ལོའི་པར་མ། ཤོག་ངོས་ ༧༨ པར་གསལ།
  14. ཐཱའི་ཝན་པར་མ། ཤོག་ངོས་ ༡༤༡ པར་གསལ།
  15.  སྡེ་དགེ་བསྟན་འགྱུར། ཤོག་ངོས་ ༡༢༣-༦༡b།
  16. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༠ ལོའི་པར་མ། ཤོག་ངོས་ ༢༢༢ པར་གསལ།
  17. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༠ ལོའི་པར་མ། ཤོག་ངོས་ ༩༩ པར་གསལ།
  18. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༠ ལོའི་པར་མ། ཤོག་ངོས་ ༢༢༨ པར་གསལ།
  19. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། ཤོག་ངོས་ ༥༤ པར་གསལ།
  20. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༠ ལོའི་པར་མ། ཤོག་ངོས་ ༥༠ པར་གསལ།
  21. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༩ ལོའི་པར་མ། ཤོག་ངོས་ ༡༢༢ པར་གསལ།
  22. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༠ ལོའི་པར་མ། ཤོག་ངོས་ ༢༢༨ པར་གསལ།
  23. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༠ ལོའི་པར་མ། ཤོག་ངོས་ ༢༥ པར་གསལ།
  24. སྡེ་དགེ་བསྟན་འགྱུར། ཤོག་ངོས་ ༩༧ – ༩b པར་གསལ།
  25. སྡེ་དགེ་བསྟན་འགྱུར། ཤོག་ངོས་ ༨༠ – ༣b པར་གསལ།
  26. སྡེ་དགེ་བསྟན་འགྱུར། ཚད་མ། ཤོག་ངོས་ ༡༧༤-༡༡༢a པར་གསལ།
  27.  སྡེ་དགེ་བསྟན་འགྱུར། ཚད་མ། ཤོག་ངོས་ ༡༧༤-༡༠༨b པར་གསལ།
  28. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༠ ལོའི་པར་མ། ཤོག་ངོས་ ༢༢༦ པར་གསལ།
  29. སྡེ་དགེ་བསྟན་འགྱུར། ༡༠༢ ནས་ ༢༡༨a པར་གསལ།
  30. སྡེ་དགེ་བསྟན་འགྱུར། ཤོག་ངོས་ ༡༧༤ ནས་ ༡༡༦a པར་གསལ།
  31. རྣམ་གླིང་པར་མ། རྩ་བ་དེབ་ཕྲེང། ༡༦ ཕྱི་ལོ་ ༢༠༠༩ ལོར་དཔར། ཤོག་ངོས་ ༡༧༥ པར་གསལ།
  32. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༠ ལོའི་པར་མ། ཤོག་ངོས་ ༢༢༦ པར་གསལ།
  33. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༠ ལོའི་པར་མ། ཤོག་ངོས་ ༢༢༦ པར་གསལ།
  34.  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༠ ལོའི་པར་མ། ཤོག་ངོས་ ༢༢༦ པར་གསལ།
  35. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༠ ལོའི་པར་མ། ཤོག་ངོས་ ༤༨ པར་གསལ།
  36. སྡེ་དགེ་བསྟན་འགྱུར། ཤོག་ངོས་ ༡༠༢-༢༡༨a པར་གསལ།
  37. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༨ ལོའི་པར་མ། ཤོག་ངོས་ ༣༨༡  པར་གསལ།
  38. སྡེ་དགེ་བསྟན་འགྱུར། ཤོག་ངོས་ ༡༠༢-༢༡༨a པར་གསལ།
  39. སྡེ་དགེ་བསྟན་འགྱུར། ཤོག་ངོས་ ༨༥-༢༡༣a པར་གསལ།
  40. སྡེ་དགེ་བསྟན་འགྱུར། ཤོག་ངོས་ ༡༢༣-༥༠aཔར་གསལ།
  41. འཇུ་མི་ཕམ་གྱི་གསུང་འབུམ། ཤོག་ངོས་ ༩-༢-༡༤a པར་གསལ།
  42. སྡེ་དགེ་བསྟན་འགྱུར། ཤོག་ངོས་ ༡༧༤-༡༡༣a པར་གསལ།
  43. སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་ཕྱི་ལོ་ ༢༠༢༢ ལོའི་པར་མ། ཤོག་ངོས་ ༡༦༢ པར་གསལ།
  44. པོད་ཆེན་དྲུག་གི་རྩ་བའི་གསུང་འབུམ། ཤོག་ངོས་ ༢-༧༨༩ པར་གསལ། སྡེ་དགེ་བསྟན་འགྱུར་དུ་དེ་མ་རྙེད།
  45. སྔ་གྱུར་རིག་མཛོད་རྩིས་འཕྲུལ་སྡེ་མཚན་གྱི་ཕྱི་ལོ་ ༢༠༢༠ ལོའི་པར་མ། ཤོག་ངོས་ ༨༦ པར་གསལ།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།