ཨཱཙཱརྱ་ཉི་མ་རྒྱལ་མཚན་དོལ་པོ། སྦིར་དཔལ་ཡུལ་ཆོས་འཁོར་གླིང་།
མཚན་དཔེ་ཡོན་ཏན་རྫོགས་པའི་ཉིན་བྱེད་དབང་།།
འགྲོ་བ་སེམས་ཅན་རྨོངས་པའི་གཉིད་ལས་དཀྲོགས།།
ལུང་རྟོགས་དམ་ཆོས་མ་རིག་མུན་པ་སེལ།།
འདྲེན་པ་བླ་མེད་ཤཱཀྱའི་རྒྱལ་པོར་བསྟོད།།
དམ་ཆོས་དཀའ་གནད་མདུད་པ་འགྲོལ་མཁས་པའི།།
འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་སོགས།།
འཕགས་བོད་ལོ་པཎ་སྐར་ཚོགས་ཕུང་པོ་ལ།།
དད་པའི་ཀློང་ནས་དང་བའི་མཆོད་པ་འབུལ།།
གསང་སྔགས་སྔ་འགྱུར་རྙིང་མའི་བ་དན་ཆེ།།
སྙིགས་མ་ལྔ་བདོའི་དུས་ལ་བསྒྲེང་བཟོད་པའི།།
འགྲན་ཟླ་དབེན་པའི་བསྟན་པའི་སྲུང་མ་ཆེ།།
བླ་མ་མི་ཕམ་སྤྱི་བོའི་གཙུག་ཏུ་བཀུར།།
ཞེས་མཆོད་པར་བརྗོད་པའི་ཚིགས་སུ་བཅད་པས་མཛེས་པར་སྔོན་བསུས་ཏེ། དེ་ཡང་འཛམ་བུའི་གླིང་འདིར་མིའི་འགྲོ་བ་ཐོག་མར་བྱུང་བ་ནས་བཟུང་། རིམ་བཞིན་མིའི་འཚོ་བའི་གནས་སྟངས་དང་སྤྱི་ཚོགས་ཀྱི་འཕེལ་རིམ། རྣམ་དཔྱོད་དང་ཤེས་རིག་གི་ཡར་རྒྱས་ལ་བརྟེན་ནས་རང་བྱུང་ཁམས་དང་མིའི་བསམ་བློའི་ལྟ་གྲུབ་གསར་པ་ཞིག་རྙེད་སོན་བྱུང་བ་ལས། རིམ་བཞིན་དུ་དུས་དང་བསྟུན་ནས་ལྟ་གྲུབ་དུ་མ་བྱུང་ཡོད་པ་ནི་ལོ་རྒྱུས་ཀྱི་དེབ་ཐེར་དག་ལས་གསལ་བར་ཤེས་ནུས་པས་འདིར་བརྗོད་དགོས་པ་གལ་གནད་དུ་མི་སྣང་།
དེ་ཡང་དེང་སང་བརྡ་འཕྲིན་གྱི་དུས་རབས་ཉེར་གཅིག་འདིའི་ནང་ཕྱི་སྣོད་ཀྱི་ཡར་རྒྱས་དགུང་ལ་རེག་པ་ལྟར་བྱུང་བས་ཕྱི་ནང་གི་ལྟ་གྲུབ་སྣ་ཚོགས་བྱུང་བ་ལས། འདིར་རྒྱ་གར་འཕགས་པའི་ཡུལ་དུ་དར་ཁྱབ་ཆེ་བ་ཧིན་དུའི་ལྟ་གྲུབ་སྟེ་ཕྱི་རོལ་མུ་སྟེགས་པ་དང་རང་སྡེ་ནང་པ་སངས་རྒྱས་པའི་ལྟ་གྲུབ་དབར་གནམ་སའི་ཁྱད་པར་ཆེན་པོ་ཡོད་པས། ཁོ་བོས་འདིར་གཙོ་བོ་ཕྱི་རོལ་རྟག་པར་སྨྲ་བའི་ཁོངས་སུ་གཏོགས་པའི་བྱེ་བྲག་པའི་གྲུབ་མཐའི་བྱུང་བ་དང་དེས་བདག་སེམས་མེད་བེམ་པོར་འདོད་ཚུལ་སྐོར་རང་བློ་དང་འཚམས་པའི་དཔྱད་རྩོམ་འདི་ཉིད་ཚིག་ཉུང་ལ་གོ་བདེ་བའི་ལམ་ནས་བྲི་བར་འཇུག་གོ །གང་གླེང་བར་བྱ་བའི་བརྗོད་གཞི་བདག་སེམས་མེད་བེམ་པོར་འདོད་པའི་ལུགས་ཅུང་ཟད་བྲི་བ་ལ། ཕྱི་ནང་གི་ཁྱད་པར། ཕྱི་རོལ་པའི་ལྟ་གྲུབ་མདོར་བསྡུས། བྱེ་བྲག་པའི་སྟོན་པ་ངོས་བཟུང་བ། བྱེ་བྲག་པའི་མིང་ཐོགས་ཚུལ་དང་ལྟ་གྲུབ་བྱུང་དུས། དེའི་གཞུང་ངོས་འཛིན་པ། སྤྱིར་བྱེ་བྲག་པའི་ལྟ་གྲུབ་མདོར་བསྡུས། ཁྱད་པར་དུ་བྱེ་བྲག་པའི་བདག་འདོད་ཚུལ། མཇུག་བསྡུ་བ་བཅས་བརྒྱད་ཡོད་པ་ལས།
དང་པོ། ཕྱི་ནང་གི་ཁྱད་པར་བཤད་པ།
ཕྱི་རོལ་མུ་སྟེགས་པ་དང་རང་སྡེ་ནང་པ་སངས་རྒྱས་པ་གཉིས་ཀྱི་ཁྱད་པར་འབྱེད་ཚུལ་ལའང་སྟོན་པས་འབྱེད་པ་དང། ལྟ་བས་འབྱེད་པ། བསྟན་པས་འབྱེད་པ། སྤྱོད་པས་འབྱེད་པ། སྐྱབས་འགྲོས་འབྱེད་པ་སོགས་མཁས་པའི་རྣམ་དཔྱོད་ལས་འཁྲུངས་པའི་འདོད་ཚུལ་དུ་མ་མཆིས་ཏེ། ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་གྲུབ་མཐའ་ལྷུན་པོའི་མཛེས་རྒྱན་ལས། 1ཕྱི་ནང་གི་ཁྱད་པར་ཙམ་ནི་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པ་ལ་ཆོས་འདི་པ་དང་དེ་ལྟར་ཁས་མི་ལེན་པ་ལ་ཆོས་འདི་པ་མ་ཡིན་པར་འཇོག་པ་ཡིན་ལ། ཁས་ལེན་ཚུལ་ཡང་བྱང་ཆུབ་ལམ་རིམ་ལས་འབྱུང་བ་ལྟར་དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ། གཞན་དུ་མི་སྨྲ་བ་བཞིའི་སྒོ་ནས་སྐྱབས་སུ་འགྲོ་བའོ། །ཕྱི་ནང་གི་ཁྱད་པར་སྐྱབས་འགྲོས་འབྱེད་པ་འདི་ནི་དཔལ་ཤནྟི་པ་དང་མཉམ་མེད་ཇོ་བོ་ཆེན་པོ་དང་རྗེ་བདག་ཉིད་ཆེན་པོའི་བཞེད་པ་ཡིན་ཏེ་གནད་ཤིན་ཏུ་ཆེའོ། །ཞེས་གསུངས་པ་དང་།
དེ་བཞིན་དུ་དུང་དཀར་གྲུབ་མཐའ་ལས། 2སངས་རྒྱས་ཆོས་ལུགས་པས་མུ་སྟེགས་པ་ལ་ཕྱི་པ་དང་རང་ཉིད་ལ་ནང་པ་ཞེས་བཏགས་པ་དེ་ནི་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་པར་ཁས་ལེན་མིན་གྱི་ཐོག་ཁོ་ནས་ཤོད་སྲོལ་ཡོད་དེ། དེ་ཡང་སྐྱབས་འགྲོ་ཁས་བླངས་ན་ནང་པ་དང་ཁས་མི་ལེན་མཁན་ལ་ཕྱི་པ་ཟེར། ཞེས་གསུངས་པར་གཞིགས་ན་ཕྱི་ནང་གི་ཁྱད་པར་གཙོ་བོ་ནི་སྐྱབས་འགྲོ་ཡང་དག་ཡོད་མེད་ལ་རག་ལས་པར་འདོད་དེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་སྟེ་དཀོན་མཆོག་གསུམ་ལ་དང་འདོད་ཡིད་ཆེས་དང་། ཕྱིར་མི་ལྡོག་པའི་ཡིད་ཆེས་ཀྱིས་སྐྱབས་སུ་འགྲོ་བ་ནི་ནང་པ་དང། ཅིག་ཤོས་དེ་ལས་ལྡོག་པ་འཇིག་རྟེན་པའི་ལྷ་ཚངས་པ་དང་ཁྱབ་འཇུག་སོགས་སྐྱབས་གནས་སུ་འཛིན་པ་ནི་ཕྱི་རོལ་པར་འདོད་པ་ཡིན།
ཡང་མཁས་པ་ལ་ལས་ཕྱི་ནང་གི་ཁྱད་པར་ནི་བརྟེན་པ་སྐྱབས་ཙམ་མ་ཡིན་པར། ལྟ་བ་དང། སྒོམ་པ། སྤྱོད་པ། འབྲས་བུ་བཅས་ལྔའི་སྒོ་ནས་ཀྱང་འབྱེད་པར་ཡོད་དེ། ཀུན་མཁྱེན་ཀློང་ཆེན་གྱིས་མཛད་པའི་ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ་ལས།3བརྟེན་པ་སྐྱབས་ཀྱི་ཁྱད་པར། གནས་ལུགས་ལྟ་བའི་ཁྱད་པར། སྒོམ་པ་གོམས་པའི་ཁྱད་པར། བྱ་བ་སྤྱོད་པའི་ཁྱད་པར། ཐོབ་བྱ་འབྲས་བུའི་ཁྱད་པར་དང་ལྔ། ཞེས་སོགས་རྒྱ་ཆེར་གསུངས་པ་བཞིན་བརྟེན་པ་སྐྱབས་ཀྱི་ཁྱད་པར་གོང་དུ་ཞུས་ཟིན་ལ། གཉིས་པ་གནས་ལུགས་ལྟ་བའི་ཁྱད་པར་ནི། དེ་ཉིད་ལས།4ཐུན་མོང་བ་ཆོས་ཀྱི་སྡོམ་བཞི་ཐུན་མོང་མ་ཡིན་པ་མཐའ་བྲལ་བསམ་བརྗོད་ལས་འདས་པ་ཁས་ལེན་པ་ནང་པ། མི་ལེན་པར་རྟག་ཆད་ཀྱི་མཐར་ལྷུང་བ་ཕྱི་པ། ཞེས་གསལ་བ་ལྟར་ནང་པ་སངས་རྒྱས་པས་ཐུན་མོང་དུ་ཆོས་ཀྱི་སྡོམ་བཞི་སྟེ་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ་དེ་ཉིད་ནང་པའི་གྲུབ་མཐའ་སྨྲ་བ་སྤྱི་ལ་ཁྱབ་ནའང་། ཐུན་མོང་མིན་པའི་མཐའ་བྲལ་སྨྲ་བསམ་བརྗོད་མེད་ཀྱི་ལྟ་བ་ནི་དབུ་མ་པའི་གྲུབ་མཐའ་ཁོ་ནར་ངེས་པས། ཀུན་མཁྱེན་ཀློང་ཆེན་པས་འདིར་ནང་པའི་གྲུབ་མཐའ་སྨྲ་བ་བཞི་ལས་ཀྱང་ཐུན་མོང་མ་ཡིན་པའམ་སངས་རྒྱས་པའི་ལྟ་བ་དངོས་ནི་མཐའ་བྲལ་དབུ་མའི་ལྟ་བ་དེ་ཡིན་པར་རྩལ་འདོན་བྱས་འདུག་སྙམ་མོ།།
དེ་ལ་ཆོས་ཀྱི་སྡོམ་བཞི་ནི། བསམ་མི་ཁྱབ་པའི་མདོ་ལས།5 དེ་བཞིན་གཤེགས་པས་ཆོས་ཐམས་ཅད་མདོར་བསྡུས་ཏེ། ཆོས་ཀྱི་མདོ་བཞིར་རྣམ་པར་གཞག་གོ །བཞི་གང་ཞེ་ན། དགེ་སྦྱོང་དང་། བྲམ་ཟེ་རྟག་པར་སྨྲ་བ་རྣམས་དང། ལྷ་ཚེ་རིང་པོ་རྟག་པར་འདུ་ཤེས་པ་རྣམས་ཀྱི་གཞོམ་པའི་ཕྱིར་འདུ་བྱེད་ཐམས་ཅད་མི་རྟག་གོ་ཞེས་བྱ་བ་དང། ལྷ་དང་མི་བདེ་བར་འདུ་ཤེས་པ་རྣམས་ཀྱི་གཞོམ་པའི་ཕྱིར་འདུ་བྱེད་ཐམས་ཅད་སྡུག་བསྔལ་ལོ་ཞེས་བྱ་བ་དང། མུ་སྟེགས་ཅན་བདག་ཏུ་སྨྲ་བ་རྣམས་ཀྱི་གཞོམ་པའི་ཕྱིར་ཆོས་ཐམས་ཅད་ལ་བདག་མེད་དོ་ཞེས་བྱ་བ་དང། རྣམ་པར་རྟོག་པ་ལ་སྤྱོད་པ་མངོན་པའི་ང་རྒྱལ་ཅན་རྣམས་ཀྱི་གཞོམ་པའི་ཕྱིར་མྱ་ངན་ལས་འདས་པ་ནི་ཞི་བ་ཞེས་བྱ་བའོ། །གསང་བ་པའི་བདག་པོ་མི་རྟག་ཅེས་བྱ་བ་དེ་ནི་ཤིན་ཏུ་མི་རྟག་པའི་དོན་གྱི་ཚིག་བླ་དྭགས་སོ། །སྡུག་བསྔལ་ཞེས་བྱ་བ་དེ་ནི་སྨོན་པ་དང་བྲལ་བའི་ཚིག་བླ་དྭགས་སོ། །བདག་མེད་ཅེས་བྱ་བ་དེ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་ཚིག་བླ་དྭགས་སོ། །མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་བྱ་བ་དེ་ནི་མཚན་མ་མེད་པ་མངོན་དུ་བྱ་བའི་ཚིག་བླ་དྭགས་སོ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་སྒོམ་པ་གོམས་པའི་ཁྱད་པར་ནི། ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ་ལས།6སྒོམ་པ་ཡང་ཐར་པ་ལ་དམིགས་ནས་དཀོན་མཆོག་སྐྱབས་སུ་འཛིན་པས་ཐུན་མོང་བ་བདག་མེད་པའི་དོན་ཆོས་སུམ་ཅུ་རྩ་བདུན་གྱི་རིམ་པས་བསྒོམ་ཞིང་། ཐུན་མོང་མ་ཡིན་པའི་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་དུ་རྟོགས་ནས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་བསྒོམ་ན་ནང་པ། མི་བསྒོམ་པར་སེམས་རྟོག་པ་བཀག་ཙམ་དང། བདེ་གསལ་མི་རྟོག་ཙམ་པོ་ཕྱོགས་རེའི་ངང་ལ་སེམས་འཛིན་པ་ཕྱི་པ་སྟེ། ཞེས་སོགས་གསུངས་སོ། །བཞི་པ་བྱ་བ་སྤྱོད་པའི་ཁྱད་པར་ཡང་། དེ་ཉིད་ལས། 7ཆགས་སྡང་གཏི་མུག་གི་རང་བཞིན་ཡུལ་ལ་ཞེན་པ་དང། གཞན་ལ་འཚེ་བ་ལམ་གྱི་གེགས་སུ་འདོད་པ་ནང་པ། མི་འདོད་པར་བཟློག་པའི་སྤྱོད་པ་ཕྱི་རོལ་པ། ཞེས་གསུངས། ལྔ་པ་ཐོབ་བྱ་འབྲས་བུའི་ཁྱད་པར་ཡང། སྔ་མ་ལས།8ལམ་དེ་ཉིད་ཀྱིས་དངོས་སུ་ཐར་པ་གསུམ་གང་རུང་ཐོབ་པ་ནི་ནང་པ་ཡིན་ལ། མི་ཐོབ་པ་ཕྱི་པ་ཡིན། ཞེས་སོགས་གསལ་བ་ལྟར་ཕྱི་ནང་གི་ཁྱད་པར་ལྔ་ལྡན་དུ་གསུངས་མོད། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས། 9སྣ་ཚོགས་ལྟ་བའི་དབྱེ་བ་རྣམ་མང་ཡང་། །ལྟ་བ་སྨྲ་བ་རང་གཞན་སྡེ་པར་འདུས། །ཕྱག་རྒྱ་བཞི་དང་སྲིད་རྩེའི་གཉེན་པོ་དང། །མཐའ་གཉིས་སྤོང་དང་ཐར་པ་འགོག་བདེན་དུ། །འདོད་དང་མི་འདོད་ལྟ་སྒོམ་སྤྱོད་འབྲས་བཞི། །དེ་གཉིས་འབྱེད་པའི་ཁྱད་པར་བྱེད་ཆོས་ཡིན། །ཞེས་གསུངས་པ་ལྟར་ཕྱི་ནང་གི་ཁྱད་པར་ཆོས་བཞིས་འབྱེད་དེ། གྲུབ་མཐའ་ཀུན་ཤེས་ཀྱི་འགྲེལ་པ་ལས།10དེས་ན་ཕྱི་ནང་འདི་གཉིས་སོ་སོར་འབྱེད་པའི་ཁྱད་པར་བྱེད་ཆོས་ནི་བཞི་ཡིན་ཏེ། ལྟ་བ་དང་སྒོམ་པ་དང་སྤྱོད་པ་དང་འབྲས་བུ་རྣམས་ཐ་དད་པའི་ཕྱིར་ཏེ། ཞེས་སོགས་རྒྱ་ཆེར་གསུངས་སོ། །དེ་མཚུངས་ཤེས་བྱ་ཀུན་ཁྱབ་མཛོད་ལས་ཀྱང་།11ཕྱག་རྒྱ་བཞི་ལྡན་སྲིད་རྩེའི་གཉེན་པོར་འགྲོ། །མཐའ་གཉིས་སྤངས་ནས་འགོག་བདེན་སྒྲུབ་པ་ཡིས། །ཕྱི་པ་ལས་འཕགས་ངེས་ལེགས་རྒྱལ་བའི་བསྟན། །ཞེས་གསུངས་པ་ལྟར་ལྟ་སྒོམ་སྤྱོད་འབྲས་བཞི་ཡི་སྒོ་ནས་ཕྱི་ནང་གི་ཁྱད་པར་མཛད་འདུག་གོ།
དེ་བཞིན་སྐྱབས་འགྲོ་ཁས་ལེན་མི་ལེན་གྱིས་ཁྱད་པར་ཕྱེ་ན་སངས་རྒྱས་ནང་པ་ཡིན་མིན་གྱི་རྩོད་པ་དང། ལྟ་བའི་སྒོ་ནས་ཕྱག་རྒྱ་བཞི་ལྡན་མི་ལྡན་གྱི་སྒོ་ནས་ཁྱད་པར་འབྱེད་སྐབས་རང་སྡེ་གནས་མ་བུ་པའི་བརྗོད་དུ་མེད་པའི་བདག་འདོད་པས་ནང་པ་ཡིན་མིན་སོགས་ཀྱི་ཀླན་ཀ་དུ་མ་མཆིས་མོད་རེ་ཞིག་འདིར་ཡིག་ཚོགས་ལ་འཇིགས་པས་རྒྱས་པར་གཟིགས་འདོད་ན་གྲུབ་མཐའ་ལྷུན་པོའི་མཛེས་རྒྱན་དང། གྲུབ་མཐའ་ཀུན་ཤེས། ས་པཎ་གྱི་གཞུང་ལུགས་ལེགས་བཤད་དག་ལས་ཤེས་པར་འཚལ་ལོ།།
གཉིས་པ། ཕྱི་རོལ་པའི་གྲུབ་མཐའ་མདོར་བསྡུས་བཤད་པ།
ནང་པའི་ལྟ་སྒོམ་སྤྱོད་འབྲས་ལས་ལྡོག་པའི་ལམ་དང་ལམ་མ་ཡིན་པའི་ལེགས་པར་རྣམ་འབྱེད་ཀྱི་བློ་རིག་གིས་སྟོང་པའི་ཕྱི་རོལ་ལྟ་བའི་གྲངས་འདི་ཙམ་བྱུང་ཟེར་བ་ཞིག་ཁ་ཚོན་གཅོད་དཀའ་མོད། དེ་དག་ཐམས་ཅད་མཐར་ཐུག་ན་རྟག་པར་སྨྲ་བ་དང་ཆད་པར་སྨྲ་བ་གཉིས་སུ་འདུས་པ་ཡིན་ཏེ། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། 12སྐྱེ་བོའི་ལོག་པར་རྟོག་པ་ལ་མཐའ་མེད་པའི་ཕྱིར་གྲུབ་མཐའི་ལྟ་ངན་ལའང་བྱེ་བྲག་དེ་ཙམ་སྲིད་མོད་ཀྱི་སྤྱི་རིགས་ནས་རྟག་ཆད་ལས་འདའ་མི་སྲིད་ལ་རྟག་པར་སྨྲ་བའང་རྣམ་པ་མང་དུ་ཡོད་པས་ལྟ་བ་སུམ་བརྒྱ་དྲུག་ཅུ། དྲུག་ཅུ་རྩ་གཉིས། སྡེ་ཚན་བཅུ་གཅིག་སོགས་དབྱེ་སྒོ་མང་ཡང་། ཕྱོགས་བསྡུས་པས་ཏརྐ་སྡེ་ལྔ་ལ་བསྡུ་རུང་བ་ཡིན་ལ། ཞེས་སོགས་གསུངས་པ་ལས་ཕྱི་རོལ་གྲུབ་མཐར་རྟོག་གེ་འབར་བ་ལས་བཤད་པའི་ལྟ་བའི་དབྱེ་བའི་བརྒྱ་རྩ་བཅུ་ལྷག་དང། དེ་བཞིན་ལྟ་བ་དགུ་བཅུ་རྩ་དྲུག་དང། ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི། ལྟ་ངན་དྲུག་ཅུ་རེ་གཉིས་སོགས་དུ་མར་དབྱེ་བ་དག་བསྡུས་ན། བོད་ཀྱི་མཁས་པ་ཕལ་མོ་ཆེས་གྲངས་ཅན་པ་དང་། བྱེ་བྲག་པ། རིག་པ་ཅན་པ། གཅེར་བུ་པ་སྟེ་རྟག་པར་སྨྲ་བའི་རྟོག་གེའི་སྡེ་བཞི་དང། རྒྱང་འཕེན་པའམ་ཕུར་བུ་པ་སྟེ་ཆད་པར་སྨྲ་བ་གཅིག་བཅས་སྡེ་ལྔ་རུ་འདོད་ལ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས།13 ཕྱི་རོལ་པའི་གྲུབ་མཐའ་རྣམས་ལྟ་བའི་དབྱེ་བས་རྟག་པར་སྨྲ་བ་དང། ཆད་པར་སྨྲ་བ་གཉིས་སུ་འདུ་སྟེ། ཆད་པར་སྨྲ་བ་ནི་རྒྱང་འཕེན་དང་། རྟག་པར་སྨྲ་བ་ནི། གྲངས་ཅན་པ། ཚངས་པ་བ། ཁྱབ་འཇུག་པ། དཔྱོད་པ་བ། དབང་ཕྱུག་པ། བྱེ་བྲག་པ། རིག་པ་ཅན་པ། གཅེར་བུ་པ་བརྒྱད་དུ་འདུ་བར་གསུངས་སོ། །ཞེས་གསལ་བ་ལྟར་ན་ཆད་སྨྲ་གཅིག་དང་རྟག་སྨྲ་བརྒྱད་བཅས་དགུར་འདོད་པའང་ཡོད་ལ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱང་དེ་མཚུངས་འདོད་པར་སྣང་མོད། ཅིག་ཤོས་ཀུན་མཁྱེན་ཀློང་ཆེན་པས་གྲུབ་མཐའ་མཛོད་ལས།14 དེ་ལ་གྲངས་ཅན་པ། དབང་ཕྱུག་པ། ཁྱབ་འཇུག་པ། རྒྱལ་བ་པ་བཞི་ནི་རྟག་པར་ལྟ་བ་ཡིན་ལ། ཕུར་བུ་པ་ནི་ཆད་པར་སྨྲ་བའོ། །ཞེས་གསུངས་པ་ལ་གཞིགས་ན་མཁས་པ་ནང་ཁུལ་ལའང་རྟག་ཆད་སྨྲ་བའི་གྲུབ་མཐའི་དབྱེ་སྒོ་འབྱེད་ཚུལ་ལའང་ཧེ་བག་ཆེན་པོ་ཡོད་པར་སྣང་ངོ་།།
ཡིན་ཡང་རྒྱ་གར་འཕགས་པའི་ལྟ་གྲུབ་སྨྲ་བའི་དབྱེ་སྒོ་འབྱེད་སྐབས། ཡོད་པ་བ་ (आस्तिक) དང་མེད་པ་བ་ (नास्तिक) གཉིས་སུ་དབྱེ་ཞིང་། དབྱེ་བ་དེ་ཡང་གཙོ་བོ་རིག་བྱེད་ (वेदः) དེ་དག་རིག་པའི་གཞུང་ཡང་དག་ཏུ་ཁས་ལེན་མི་ལེན་དང། ཡང་ན་བདག་ (आत्मन्) འདོད་མི་འདོད་དང། ཡང་ན་སྐྱེ་བ་ཕྱི་མ་ (परलोक) དང་ལྷ་ (देव) ཁས་ལེན་མི་ལེན་གྱི་སྒོ་ནས་འབྱེད་པར་སྣང་།15དེ་ལས་མེད་པ་བ་ནི་རིག་བྱེད་ཀྱི་གཞུང་དག་ཁས་མི་ལེན་པའི་ལྟ་གྲུབ་སྨྲ་བ་ནང་པ་སངས་རྒྱས་པ་དང། (बौध्द) གཅེར་བུ་པ། (चार्वाक) རྒྱལ་བ་པ་ (जैन) གསུམ་ལྟ་བུ་དང། གཉིས་པ་ཡོད་པ་བའང་ལྟ་གྲུབ་སྨྲ་བ་གང་ཞིག་ཐད་ཀར་རིག་བྱེད་ལ་འབྲེལ་ཞིང་དེ་བཞིན་དུ་ཁས་ལེན་པ་དང། ལྟ་གྲུབ་སྨྲ་བ་གང་ཞིག་རིག་བྱེད་ཁས་ལེན་ནའང་རང་དབང་ལྟོས་མེད་ཀྱི་ལམ་ནས་རང་གི་གྲུབ་མཐའི་རྣམ་གཞག་ཁས་ལེན་མཁན་གཉིས་ལས། དང་པོ་ལའང་། གཙོ་བོ་རིག་བྱེད་ལས་བྱུང་བའི་ཆོ་གའི་རྣམ་གཞག་ལྟར་རང་གི་གྲུབ་མཐའ་ཁས་ལེན་པ་དཔྱོད་པ་བ (मीमांसा) ལྟ་བུ་དང། གཙོ་བོ་རིག་བྱེད་ལས་བྱུང་བའི་རིག་པའི་རྣམ་གཞག་ལྟར་རང་གི་གྲུབ་མཐའ་ཁས་ལེན་པ་རིག་བྱེད་པ་ (वेदान्त) ལྟ་བུ་གཉིས་སོ། །གཉིས་པ་ནི་ཕྱི་རོལ་གྲངས་ཅན་པ་དང། (सांख्य) རྣལ་འབྱོར་པ་དང། (योग) རིགས་པ་ཅན་པ་དང། (न्याय) བྱེ་བྲག་པ་ (वैशेषिक) ལྟ་བུ་ཡིན་ནོ།།
དེ་ཡང་གོང་གི་དབྱེ་ཚུལ་གྱི་སྐོར་ཁ་གསལ་པོ་ཞིག་རྒྱ་གར་ལྟ་གྲུབ་རིག་པའི་ངོ་སྤྲོད་ཅེས་བྱ་བའི་དེབ་ནང་གསལ་བ་འདིར་ཁོ་བོས་བོད་སྒྱུར་བྱས་ནས་བཀོད་ན་ཕན་རླབས་ཆེ་བར་མཐོང་སྟེ། དེ་ཉིད་ལས། དེའི་སྐོར་གསལ་བར་ཤེས་འདོད་ན། ཐོག་མར་ང་ཚོས་རྒྱ་གར་སྤྱི་ཚོགས་ཀྱི་བསམ་བློའི་འགྱུར་ལྡོག་གམ་འཕེལ་རིམ་ལ་རིག་བྱེད་གཞུང་ (वेदः) གི་གོ་ས་ག་རེ་བཟུང་ཡོད་པ་དེ་ཤེས་རྟོགས་དགོས་པ་ཡིན། ཁྱད་པར་དུ་རྒྱ་གར་ལྟ་གྲུབ་རིག་པ་ལ་རིག་བྱེད་གཞུང་གི་ཤུགས་རྐྱེན་བཟང་ངན་སྣ་ཚོགས་ཐེབས་པ་མང་པོ་ཡིན། ཕྱི་རོལ་ལྟ་གྲུབ་འགའ་ཞིག་གིས་རིག་བྱེད་གཞུང་ཁས་ལེན་པ་དང། གཞན་གྱིས་དེ་ཁས་མི་ལེན་པར་བྱེད། དེ་དག་ལས་དཔྱོད་པ་བ་ (मीमांसा) དང་རིག་བྱེད་པ་ (वेदान्त) གཉིས་ནི་རིག་བྱེད་གཞུང་ལུགས་དང་ཐད་ཀར་འབྲེལ་ཞིང་བརྒྱུད་ནས་བྱུང་བ་ཕལ་ཆེར་གྱིས་འདོད། རིག་བྱེད་གཞུང་ལུགས་ལ་ཕྱོགས་གཉིས་ཡོད་དེ། ཡེ་ཤེས་ (ज्ञान) ཀྱི་རྣམ་གཞག་དང་ཆོ་གའམ་ལས་ (कर्म) ཀྱི་རྣམ་གཞག་ཡིན་ནོ། །དཔྱོད་པ་བ་ནི་གཙོ་བོ་ཆོ་གའམ་ལས་ཀྱི་རྣམ་གཞག་ལ་བརྟེན་ནས་རང་གི་ལྟ་གྲུབ་རྩལ་འདོན་བྱེད་ལ། རིག་བྱེད་གཞུང་ལུགས་ཀྱི་ཆོ་ག་ཕྱག་ལེན་གྱི་རྒྱུན་བསྲིངས་པར་བྱེད་པ་ཡིན། ཅིག་ཤོས་རིག་བྱེད་པའི་ལྟ་གྲུབ་ནི་གཙོ་བོ་ཡེ་ཤེས་ཀྱི་རྣམ་གཞག་རྩལ་འདོན་བྱས་ཏེ་རང་གི་ལྟ་གྲུབ་ཀྱི་རྣམ་གཞག་རྒྱས་པར་བྱེད་པ་ཡིན། ལྟ་གྲུབ་འདི་གཉིས་ལ་མཚམས་རེ་ཐུན་མོང་གི་མིང་དུ་དཔྱོད་པ་བ་ཞེས་བརྗོད་དེ། དེ་གཉིས་གཙོ་བོ་རིག་བྱེད་གཞུང་ལུགས་ཀྱི་ཐད་ཀར་བརྒྱུད་པ་ཡིན་མོད། དེ་གཉིས་ཤན་འབྱེད་ཕྱིར་དང་པོ་ལ་དཔྱོད་པ་བ་སྔ་མའམ་ (पूर्वमीमांसा) ལས་ཀྱི་དཔྱོད་པ་བ་ (कर्म-मीमांसा) དང། གཉིས་པ་ལ་དཔྱོད་པ་བ་ཕྱི་མའམ་ (उत्तर मीमांसा) རིག་པའི་དཔྱོད་པ་བ་ (ज्ञान-मीमांसा) ཞེས་བརྗོད། ནམ་རྒྱུན་ནས་ལྟ་གྲུབ་དེ་གཉིས་ཀྱི་མིང་ནི་དཔྱོད་པ་བ་དང་རིག་བྱེད་པ་ཞེས་ཡོངས་གྲགས་ལྟར་འདིར་དེ་བཞིན་དུ་སྤྱོད་པར་བྱའོ། །དེ་ཡང་གྲངས་ཅན་པ་དང་། (सांख्य) རྣལ་འབྱོར་པ། (योग) རིགས་པ་ཅན་པ། (न्याय) བྱེ་བྲག་པ་ (वैशेषिक) རྣམས་ལྟ་གྲུབ་ཀྱི་རྣམ་གཞག་གཙོ་བོ་སོ་སྐྱེའི་མྱོང་བ་དང་རིགས་པའི་ལམ་ནས་འཇོག་མོད། དེ་དག་གིས་རིག་བྱེད་གཞུང་ལུགས་ཀྱི་རྣམ་གཞག་རྒྱབ་ཏུ་མི་ཕྱོགས་པར་དེ་དག་གིས་རིགས་པའི་ལམ་ནས་བསྐྲུན་པའི་ལྟ་གྲུབ་ཀྱི་རྣམ་གཞག་རྣམས་རིག་བྱེད་གཞུང་ལུགས་དང་མཐུན་པར་གནས་ཡོད་པར་བསྟན་ཏོ། །ཕྱི་རོལ་གཅེར་བུ་པ་དང། (चार्वाक) རྒྱལ་བ་པ་དང། (जैन) ནང་པ་སངས་རྒྱས་པའི་ (बौध्द) ལྟ་གྲུབ་ཀྱི་རྣམ་གཞག་ནི་གཙོ་བོ་རིག་བྱེད་གཞུང་ལུགས་དགག་པ་ལས་བྱུང་བ་ཞིག་ཡིན་སྟབས། དེ་དག་གིས་རིག་བྱེད་གཞུང་ལུགས་ཀྱི་དབང་ཚད་བཟློག་པ་ཡིན་ནོ། །16ཞེས་གསུངས་པ་རྣམས་འདིར་ཡིག་ཚོགས་ལ་མ་འཇིགས་པར་བོད་སྒྱུར་བྱས་པ་ལས་གསལ་བར་རྟོགས་ནུས་སྙམ་མོ།།
གསུམ་པ། བྱེ་བྲག་པའི་སྟོན་པ་ངོས་བཟུང་བ།
འཇིག་རྟེན་གྱི་ཆོས་ཐམས་ཅད་ཚིག་གི་དོན་དྲུག་གམ་བདུན་དུ་བསྡུས་ཏེ་གཏན་ལ་ཕབ་པའི་བྱེ་བྲག་པའི་མདོ་བརྩམས་པ་ལས། དེའི་རྗེས་འབྲང་ལ་བྱེ་བྲག་པའི་གྲུབ་མཐའ་སྨྲ་བ་ཞེས་བྱ་བ་ཡིན་ལ། འདི་ཉིད་བྱེ་བྲག་པའི་ལྟ་གྲུབ་ཅེས་པ་དྲང་སྲོང་ཆེན་པོ་རྐང་མིག་གམ་གཟེགས་ཟན་གྱིས་བྱས་པར་གྲགས། དེ་ལ་བལ་དེབ་ཨུཔཱདྷྱཱཡས་བརྩམས་པའི་བྷརཏཱིཡདརྴན་ལས།17པཎྜིཏ་མཎྜལིའི་ནང་ཡོངས་གྲགས་སུ་བཤད་སྲོལ་འདི་ལྟར་ཡོད་དེ། (काणादं पाणिनीयं च सर्वशास्त्रोपकारकम्) དེའི་དོན་ནི་ཀཎཱད་ཀྱི་གྲུབ་མཐའ་དང་པཱཎིནཱིའི་སྒྲ་རིག་པ་གཉིས་བསྟན་བཅོས་ཐམས་ཅད་དུ་ཕན་འདོགས་བྱེད་ཅིག་ཡིན། ཞེས་གསུངས་པ་ལྟར་དྲང་སྲོང་ཀཎཱད་སྟེ་དྲང་སྲོང་གཟེགས་ཟན་གྱིས་བརྩམས་པའི་བཻཤེཥིཀ་སཱུཏྲ་ (वैशेषिकसूत्र) སྟེ་བྱེ་བྲག་པའི་མདོ་ཉིད་ལ་གོ་བ་ཡིན། དེས་ན་དྲང་སྲོང་ཆེན་པོ་གཟེགས་ཟན་ནམ་རྐང་མིག་ནི་སྐབས་འདིའི་སྟོན་པ་ཡིན་པར་ཤེས་ནུས། གཞན་ཡང་དྲང་སྲོང་ཆེན་པོ་ཀཎཱད་ཀྱི་མཚན་གཞན་དུ་ཨཽལཱུཀྱའམ་ཨུལཱུཀ་སྟེ་འུག་པ་བ་དང། ཀཤྱཔ་གཉིས་ཀྱིས་ཀྱང་འབོད་པ་ཡིན། དེས་ན་གྲུབ་མཐའ་འདི་ལ་བྱེ་བྲག་པ་དང་འུག་པ་བའམ་འུག་ཕྲུག་པ་དང། གཟེགས་ཟན་པ་དང་རྐང་མིག་པའི་གྲུབ་མཐའ་ཞེས་ཀུན་གཅིག་ཡིན་པར་རྒྱ་གར་མཁས་པ་ཕལ་ཆེར་དགོངས་པ་གཅིག་དང་དབྱངས་གཅིག་ཡིན་པའང་དེ་ཉིད་ལས།18གྲུབ་མཐའ་འདིའི་མིང་ལ་བྱེ་བྲག་པ་དང། གཟེགས་ཟན་པ། འུག་པ་བའམ་འུག་ཕྲུག་པ་ཞེས་ཀྱང་བརྗོད། དེ་ལས་མིང་ཕྱི་མ་གཉིས་ནི་གྲུབ་མཐའ་འདིའི་སྲོལ་འཛིན་གཙོ་བོའམ་ཐོག་མ་རཱིཥི་ཨུལཱུཀ་སྟེ་དྲང་སྲོང་འུག་པ་དང་མཧཱརྵི་ཀཎཱད་སྟེ་དྲང་སྲོང་ཆེན་པོ་གཟེགས་ཟན་གཉིས་ཀྱི་མཚན་ཐོག་ནས་ཐོབ་པ་ཡིན། ཞེས་གསུངས་པ་ལྟར་རོ།།
ཡང་ལྕང་སྐྱ་རོལ་པའི་རྡོ་རྗེ་དང་སྟག་ཚང་ལོ་ཙཱ་བ་གཉིས་ཀྱི་དབང་ཕྱུག་པའི་གྲུབ་མཐའི་མིང་གི་རྣམ་གྲངས་སུ་རྐང་མིག་པ་དང་འུག་པ་བ་གཉིས་19འདོད་པ་ལ་གཞིགས་ན་དབང་ཕྱུག་པའི་གྲུབ་མཐའ་དང་བྱེ་བྲག་པའི་གྲུབ་མཐའ་གཉིས་ལ་ཁྱད་པར་མེད་པར་གཅིག་ཡིན་པའི་ཚོད་དཔག་བྱུང་སྟེ། དྲང་སྲོང་རྐང་མིག་ནི་བྱེ་བྲག་པའི་སྟོན་པའམ་གྲུབ་མཐའི་སྲོལ་གཏོད་པ་པོ་ཡིན་པ་ལ་དྲི་བ་མེད་ཅིང་། དྲང་སྲོང་རྐང་མིག་དང་འུག་པ་བ་ཞེས་པ་འདིའང་དྲང་སྲོང་གཅིག་གི་མིང་གི་རྣམ་གྲངས་སུ་རྒྱ་གར་མཁས་པས་འདོད་པ་ཡིན།20 དྲང་སྲོང་རྐང་མིག་དང་འུག་པ་གཉིས་གཅིག་ཡིན་དུས་དེའི་གྲུབ་མཐའ་ཡང་གཅིག་ཡིན་པས། བྱེ་བྲག་པ་དང་དབང་ཕྱུག་པ་གཉིས་གཅིག་ལྟར་གསུངས་འདུག་ལགས་ན་དོན་དངོས་ཐོག་གཅིག་ཡིན་མིན་དཔྱད་པའི་གནས་སུ་མཐོང་སྟེ། སློབ་དཔོན་སེམས་དཔའ་རྡོ་རྗེའི་གྲུབ་མཐའ་ལུང་རིགས་སྙེ་མ་ལས།21ལྟ་གྲུབ་འདིའི་ལུགས་ལ་རྡུལ་ཕྲན་འཇིག་རྟེན་གྱི་རྩོམ་གཞི་དང། དུས་བྱེད་པོར་འདོད་པས། འཇིག་རྟེན་གྱི་བྱེད་པོར་དབང་ཕྱུག་སོགས་ཀྱི་རྣམ་གཞག་མི་བྱེད་ཅིང་མི་འདོད་དོ། །འོན་ཀྱང་བྱེད་བྲག་པའི་མདོ་འདི་ལྟ་གྲུབ་ཀྱི་གནས་ཚད་རྫོགས་པའི་གཞུང་ཞིག་ཡིན་པའི་སྒྲུབ་བྱེད་དང། རྒྱས་བཤད་ཀྱིས་གཏན་འབེབས་བྱེད་པའི་བྱ་བ་དེ་ནི། ལུགས་འདིའི་རྗེས་འབྲང་པྲཤསྟཔཱད་ཅེས་པའི་སྟོན་པའམ་སློབ་དཔོན་དེ་ཡིན་ལ། སློབ་དཔོན་འདིས་བྱེ་བྲག་པའི་མདོ་དེ་ལ་པྲཤསྟཔཱད་བྷཥྱ་ཞེས་བྱ་བའི་འགྲེལ་ཆེན་ཞིག་མཛད་དེ། དེར་བྱེ་བྲག་པའི་གྲུབ་མཐའ་ལ་ཡང་དབང་ཕྱུག་འདོད་དགོས་པའི་རྒྱུ་མཚན་མང་དུ་གསུངས་སོ། །ཞེས་གསུངས་པ་བཞིན་བྱེ་བྲག་པས་དབང་ཕྱུག་འཇིག་རྟེན་བྱེད་པོར་འདོད་མི་འདོད་སྣ་ཚོགས་མཆིས་པ་དང། ཡང་བྱེ་བྲག་པས་དབང་ཕྱུག་ལྷའི་གཙོ་བོར་མི་བཞེད་པར་ཚངས་པའམ་ཁྱབ་འཇུག་བཞེད་པའང་ཡོད་པ་ལས་བྱེ་བྲག་པ་ལ་སྐབས་སུ་ཚངས་པ་བ་དང་ཁྱབ་འཇུག་པ་ཞེས་ཀྱང་བརྗོད་པར་བསྙད་དེ། ཐུའུ་བཀྭན་གྲུབ་མཐའ་ལས།22བྱེ་རིག་གཉིས་ལ་ཚངས་པ་དང། ཁྱབ་འཇུག་སྟོན་པར་བྱེད་པ་ཡང་ཡོད་པས། དེ་གཉིས་ལ་ཚངས་པ་བ་དང། ཁྱབ་འཇུག་པའི་ཐ་སྙད་ཀྱིས་གསུངས་པའང་ཡོད་དོ། །ཞེས་བྱུང་བ་ལྟར་ན་བྱེ་བྲག་པའི་ལུགས་འདིར་འཇིག་རྟེན་བྱེད་པོ་དབང་ཕྱུག་སོགས་འདོད་མི་འདོད་ཀྱང་དཔྱད་པའི་གནས་སུ་མཐོང་།
དེ་ལ་ཡང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་གྲུབ་མཐའ་མཛོད་ལས།23དབང་ཕྱུག་པ་ནི། ལྷ་དབང་ཕྱུག་ཆེན་པོས་རྒྱུད་སྡེ་མང་དུ་གསུངས་པ་ལས། སློབ་མ་རྐང་མིག་པ་དང། གཟེགས་ཟན་པ་གཉིས་སོ། །ཞེས་པ་ནས། རྐང་མིག་པ་ཞེས་བྱ་བ་དེས་བརྩམས་པའི་རིག་པའི་ལྟ་བ་ཞེས་བྱ་བའི་བསྟན་བཅོས་ལ་བརྟེན་པ་རྣམས་ལ་རིག་པ་ཅན་པ་ཟེར། འབྲས་ཀྱི་ཟེ་ཁ་རེ་ཟོས་ནས་དཀའ་ཐུབ་བྱས་པས། གཟེགས་ཟན་པ་ཞེས་བྱ་བས་བརྩམས་པའི་བྱེ་བྲག་གསལ་བའི་བསྟན་བཅོས་ལ་བརྟེན་པ་རྣམས་ལ་བྱེ་བྲག་པ་ཞེས་བྱའོ། །ཞེས་གསུངས་པ་འདིར་དྲང་སྲོང་རྐང་མིག་པ་དང་གཟེགས་ཟན་པ་གཉིས་སོ་སོས་གཞུང་ལུགས་ལ་བརྟེན་ནས་རིག་པ་ཅན་པ་དང་བྱེ་བྲག་པ་གཉིས་བྱུང་བར་བཤད་པ་དང་གཅིག དྲང་སྲོང་རྐང་མིག་པ་རིག་པ་ཅན་པའི་སྟོན་པར་འདོད་པ་གཉིས་ཡང་མི་འཐད་པར་སྣང་སྟེ། གཞུང་མང་པོར་དྲང་སྲོང་རྐང་མིག་དང་གཟེགས་ཟན་གཉིས་མི་གཅིག་ཡིན་པར་སློབ་དཔོན་སེམས་དཔའ་རྡོ་རྗེས་མཛད་པའི་གྲུབ་མཐའ་ལུང་རིགས་སྙེ་མ་ལས།24དྲང་སྲོང་རྐང་མིག་དང་གཟེགས་ཟན་སོགས་མིང་མི་འདྲ་བ་འགའ་ཞིག་འདུག་ཅིང་། གཞུང་མང་པོར་རྐང་མིག་དང་། གཽ་ཏམ་དང། མེདྷཱཏི་ཐི་དང། གཟེགས་ཟན་སོགས་གང་ཟག་མི་གཅིག་སྟེ་དྲང་སྲོང་གཅིག་གི་མིང་གི་རྣམ་གྲངས་སུ་ཡོད་པའི་སྐོར་གསལ་ཡང་། བདེན་པའི་ཁུངས་གསལ་ཁ་ཡོད་པ་ཞིག་མི་སྣང་། ཞེས་གསུངས་པ་ལྟར་ན་དེ་རྣམས་དྲང་སྲོང་གཅིག་ཡིན་པའི་ཁུངས་མེད་ནའང། སློབ་དཔོན་དེས་དེ་གཉིས་གང་ཟག་གཅིག་ཡིན་པར་འདོད་པར་སྣང་སྟེ། དེ་ཉིད་ལས།25བྱེ་བྲག་པ་དང་རིག་པ་ཅན་པའི་ལྟ་གྲུབ་ཀྱི་བར་དུས་ཀྱི་གོ་རིམ་སྔ་ཕྱི་ཙམ་ལས་དུས་ཐག་རིང་བ་ཞིག་མི་མངོན། འོན་ཀྱང་བྱེ་བྲག་པའི་སྟོན་པ་དྲང་སྲོང་རྐང་མིག་གམ་གཟེགས་ཟན་ཡིན་པས། ཞེས་སོགས་གསུངས་པ་ལྟར་སྐབས་འདིར་འབྱེད་སྡུད་ཀྱི་ཕྲད་གམ་གྱིས་གདམ་ང་བསྟན་པ་ཡིན་དུས་དྲང་སྲོང་དེ་གཉིས་གཅིག་ཡིན་པ་ལྟར་མངོན་ནོ།།
ཡང་གོང་དུ་དྲང་སྲོང་རྐང་མིག་པ་རིག་པ་ཅན་པའི་གྲུབ་མཐའི་སྟོན་པར་གསུངས་པ་དེ་ཡང་ཐུའུ་བཀྭན་གྲུབ་མཐའ་ལས།26 རིག་པ་ཅན་པ་ཡང་སྔར་བཤད་པའི་དྲང་སྲོང་རྐང་མིག་གི་རྗེས་འབྲང་ཡིན་པས་རྐང་མིག་པ་ཞེས་ཀྱང་ཟེར་རོ། །ཞེས་གསུངས་པ་གཉིས་མི་འཐད་པ་ཡིན་ཏེ། རྒྱ་གར་མཁས་པ་ཕལ་ཆེར་གྱིས་རིག་པ་ཅན་པའི་སྟོན་པ་གཽ་ཏམ་ཡིན་པ་དབྱངས་གཅིག་ཡིན་ཞིང་། དྲང་སྲོང་རྐང་མིག་ནི་བྱེ་བྲག་པའི་སྟོན་པ་ཡིན་པར་རྩོད་པ་མེད་པ་ཡིན་པའང་གྲུབ་མཐའ་ལུང་རིགས་སྙེ་མའི་ནང་བོད་ཀྱི་གྲུབ་མཐའ་ཁག་གིས་དྲང་སྲོང་རྐང་མིག་རིག་པ་ཅན་པའི་སྟོན་པར་གསུངས་པ་རྣམས་སློབ་དཔོན་ཞི་འཚོའི་དེ་ཁོ་ན་ཉིད་བསྡུས་པ་ལ་གཞི་བཅོལ་ནས་སྨྲ་བ་རྣམས་སྒྲ་བཤད་འཇུག་གི་ནོར་བ་བརྟེན་ནས་བྱུང་ཡོད་པར་གསུངས་པ་རྣམས་འདིར་གལ་ཆེན་དུ་མཐོང་ནས་ཡིག་ཚོགས་ལ་མ་འཛེམས་པར་བཀོད་ན། དེ་ཉིད་ལས།27འོན་ཀྱང་སྟོན་པ་རྐང་མིག་བྱེ་བྲག་པའི་ཐོག་མའི་སྟོན་པ་ཡིན་པ་ལ་རྩོད་པ་མེད་ལ། རྐང་མིག་དང་གཽ་ཏམ་གང་ཟག་གཅིག་ཡིན་པ་ནི་གནའ་རབས་དང་འགལ་ཞིང་། མི་འཐད་དེ་དྲང་སྲོང་གཽ་ཏམ་གྱི་སྐྱེས་ཡུལ་ནི་མིཐིལཱ་ཞེས་པའི་ས་གནས་དེང་སང་དརབྷངྒཱ་ཞེས་པའི་གྲོང་ཁྱེར་དེ་ནས་མི་ལི་ ༢༨ ཙམ་གྱི་ཉེ་འཁོར་ན་ད་ལྟ་ཡང་གཽ་ཏམ་གནས་ཞེས་བྱ་བར་ཡོངས་སུ་གྲགས་པ་དེ་ཡིན་པར་གནའ་རབས་ལོ་རྒྱུས་ལས་ཆེས་གསལ་ལོ། །སྟོན་པ་རྐང་མིག་གི་སྐྱེས་ཡུལ་ནི་རྒྱ་གར་གྱི་ལོ་རྒྱུས་པུརཱཎ་ཞེས་པའི་ནང་གསལ་བ་ལྟར་ན་ད་ལྟའི་གྲོང་ཁྱེར་ཀཱཋིཡཱཝཱར་ཞེས་པའི་ས་གནས་དང་ཉེ་བ་པྲབྷཱས་པཏྟན་ཞེས་བྱ་བའི་ས་གནས་དེ་ཡིན་པར་གསལ་ལ། རྐང་མིག་གི་ཕའི་མཚན་ལ་སོམ་ཤརྨཱ་སྟེ་ཟླ་བ་སྐྱིད་ཅེས་བྱ་བ་ཡིན་ནོ།།
དེ་ཡང་བོད་ཀྱི་གྲུབ་མཐའི་གཞུང་འགའ་དང། རྒྱ་གར་གྱི་གཞུང་འགའ་ལའང། རྐང་མིག་ཅེས་པའི་དྲང་སྲོང་དེ་རིག་པ་ཅན་པའི་རིགས་མདོ་བྱེད་པོར་བཤད་པ་ཡོད་ཅིང་། ལྷག་པར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གྲུབ་མཐའ་ཆེན་མོ་དང། དཔལ་ལྡན་ཆོས་རྗེའི་དེའི་མཆན་འགྲེལ་དང། ལྕང་སྐྱ་རོལ་པའི་རྡོ་རྗེའི་གྲུབ་མཐའ་དང། ཐུའུ་བཀྭན་ཆོས་བྱུང་དང། རྒྱལ་ཚབ་རྗེའི་ཚད་གཞུང་སོགས་སྔོན་གྱི་མཁས་མཆོག་རྣམས་ཀྱི་གཞུང་རྣམས་སུ་ཡང་རྐང་མིག་དང། གཟེགས་ཟན་རིག་པ་ཅན་པའི་སྟོན་པར་གསུངས་སོ། །འདི་རྣམས་ཀྱི་ཁུངས་བཅོལ་ས་ཡང་རྒྱ་གཞུང་ཆེན་མོ་རྣམས་དང། ཁྱད་པར་ཚད་ཆེན་རྩ་འགྲེལ་ཡིན་པར་ངེས་ཤིང་། དེར་རིག་པ་ཅན་པའི་འདོད་པ་བརྗོད་ནས། རྐང་མིག་ལ་སོགས་པ་(ཨཱཀྵཔཱདཱདཡ) དེ་སྐད་ཟེར་ཞེས་དང། དེའི་དཀའ་འགྲེལ་ལས་ཨཀྵཔཱད་ཀྱི་སློབ་མ་ལ་ཨཱཀྵཔཱད་ཞེས་བྱ་སྟེ་རིག་པ་ཅན་པ་རྣམས་སོ། །ཞེས་པ་འདི་ཡིན་པར་གསལ་ཞིང་། འདི་ནི་རིག་པ་ཅན་པ་གཽ་ཏམ་ལ་སོགས་པ་རྐང་མིག་གི་སློབ་མ་ལ་ཨཱཀྵཔཱད་སྟེ་རྐང་མིག་གི་བུ་ཞེས་བཤད་པ་ཡིན་གྱི། རྐང་མིག་རིག་པ་ཅན་པ་ཡིན་པའི་དོན་མིན་ནོ།།
འདི་ནི་ཨཱཀྵཔཱདཡི་སྒྲ་ལ་བུ་རྐྱེན་ཞུགས་ཡོད་པར་མ་གོ་བའི་བཤད་པར་མངོན་ནོ། །དེས་ན་རྐང་མིག་རིག་མདོ་བྱེད་པོ་མིན་ནོ། །ཞེས་གསུངས་པ་ལྟར་ལུང་རིགས་སྣ་ཚོགས་ཀྱིས་བསྒྲུབས་པ་ལས། དྲང་སྲོང་ཆེན་པོ་རྐང་མིག་ནི་བྱེ་བྲག་པའི་སྟོན་པ་དང། དེའི་སློབ་མ་ཨཱཀྵཔཱད་སྟེ་དྲང་སྲོང་གཽ་ཏམ་ཡིན་ལ་དེས་རིག་པ་ཅན་པའི་གྲུབ་མཐའི་སྟོན་པ་ཡིན་པར་མངོན་ཏེ། བྱེ་བྲག་པ་དང་རིག་པ་ཅན་པ་གཉིས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཤིན་ཏུ་ཉེ་བ་ཡིན་པར་རྒྱ་བོད་མཁས་པ་ཐམས་ཅད་ཀྱི་གསུངས་ལ། ནང་པའི་གཞུང་ལུགས་ཁག་ཏུ་བྱེ་རིག་གཉིས་དུས་གཅིག་ཏུ་བྱས་ནས་བཀག་པ་ལས་ཀྱང་ཤེས་ནུས། དེས་ན་གྲུབ་མཐའ་འདི་གཉིས་ཀྱི་གཞི་ལམ་འབྲས་གསུམ་གྱི་ལྟ་གྲུབ་རྣམ་གཞག་མཚུངས་པའང་དེའི་སྟོན་པ་གཉིས་བླ་སློབ་ཀྱི་འབྲེལ་བ་ལ་རག་ལུས་ཡོད་པ་སྟེ། དཔེར་ན་དབུ་མ་ཐལ་རང་གཉིས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རྩ་ཤེས་ཀྱི་དགོངས་པ་འགྲེལ་ཚུལ་ལ་ཁྱད་པར་འབྱེད་པ་ལྟ་བུ་ཡིན་ནམ་སྙམ་ཏེ་ཁ་ཚོན་བཅད་ནས་ཡིད་ཐག་ཆོད་པོས་བཤད་དཀའོ།།
བཞི་པ། བྱེ་བྲག་པའི་མིང་ཐོགས་ཚུལ་དང་ལྟ་གྲུབ་བྱུང་བའི་དུས་གླེང་བ།
ལུགས་འདི་ལ་བྱེ་བྲག་པ་ཞེས་པ་འདི་སྐད་དོད་དུ་བཻཤེཥིཀ་ཞེས་ཡོད་པས། དེའི་གོ་དོན་འགྲེལ་ཚུལ་ཐད་མཁས་པ་ཚོའི་བཞེད་པ་མི་མཐུན་པ་དུ་མ་ཡོད་མོད། ཕལ་ཆེ་བས་ནི་བཻཤེཥིཀ་ཞེས་པ་དེ་ནི་བིཤཥ་ལས་གྲུབ་པས། དེ་ནི་སྤྱིར་ཁྱད་པར་རམ་བྱེ་བྲག་ལ་འཇུག་ཀྱང་། འདིར་གོ་དོན་གཙོ་བོ་ནི་རྟོག་གེའི་ཚིག་དོན་དྲུག་གི་ཁྱད་པར་རམ་བྱེ་བྲག་ཕྱེ་བ་ལ་འཇུག་པར་བཞེད་པར་བལདེབ་ཨུཔཱདྷྱཱཡས་བརྩམས་པའི་བྷརཏཱིཡདརྴན་ནང་གསུངས་འདུག་ལ། དེ་བཞིན་ཐུའུ་བཀྭན་གྲུབ་མཐའ་ལས་ཀྱང་། ཚིག་དོན་དྲུག་སྤྱི་བྱེ་བྲག་གི་ཁྱད་པར་མང་དུ་སྨྲ་བས་བྱེ་བྲག་པ་ཞེས་གསུངས་པ་ལས་ཀྱང་རྟོགས་པར་འགྱུར་རོ།།
ཡང་གྲུབ་མཐའ་འདི་ལ་འུག་པ་བའམ་འུག་ཕྲུག་པ་ཞེས་ཀྱང་བྱ་སྟེ། མིང་དེ་ཐོགས་ཚུལ་ཐད་ཡོངས་གྲགས་ཀྱི་གཏམ་ནི་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།28དེའང་གཟེགས་ཟན་པས་དཀའ་ཐུབ་ཀྱི་སྒོ་ནས་དབང་ཕྱུག་བསྒྲུབས་པས་རྟེན་རྡོའི་ཕོ་མཚན་གྱི་སྟེང་དུ་འུག་པ་བབས་པ་ལ་དབང་ཕྱུག་ཏུ་བཟུང་ནས་དེ་ལ་རྫས་ཡོད་དམ་ཞེས་སོགས་དྲིས་པ་ལ་མགོ་གུག་རེ་བྱས་མཐར་འཕུར་བས་དྲུག་པོ་དེ་ཁོ་ནའོ་སྙམ་པའོ། །ཞེས་བྱུང་བ་ལྟར་ཐམས་ཅད་ཀྱིས་བཤད་མོད། སློབ་དཔོན་སེམས་དཔའ་རྡོ་རྗེས་དེ་ནི་ནོར་བར་གསུངས་ཏེ། གྲུབ་མཐའ་ལུང་རིགས་སྙེ་མ་ལས།29འུག་པ་བ་ཞེས་པ་ལ། འུག་པའི་སྒྲ་སྐད་ལས་ཚིག་གི་དོན་དྲུག་རྟོགས་པས། དེ་ལ་དེ་སྐད་ཟེར་བ་ཡིན་ཞེས་གྲགས་ཀྱང་ནོར་བ་སྟེ། དེ་ནི་དེའི་རིགས་རྒྱུད་ཀྱི་མིང་ཡིན་པར་རྒྱ་གར་གནས་རབས་ལ་གྲགས་པས་སོ། །ཞེས་གསུངས་མོད་རྒྱབ་ལྗོངས་ཀྱི་གནས་རབས་ཀྱི་གཞུང་ངོས་འཛིན་དམིགས་བསལ་བཀོད་མི་འདུག་ལགས་ན། འུག་པ་ཞེས་རིགས་རྒྱུད་ཀྱི་མིང་ཡིན་མིན་དཔྱད་ན་ཕལ་ཆེར་ཁ་ཚོན་བཅད་ཐུབ་སྙམ། དེས་ན་གྲུབ་མཐའ་འདི་ལ་བྱེ་བྲག་པ་དང། འུག་པ་བ། རྐང་མིག་པ། གཟེགས་ཟན་པ་སོགས་ཀྱིས་བརྗོད་པ་རྣམས་བརྗོད་བྱ་དང་དེའི་སྟོན་པའི་མཚན་ཐོག་ནས་མིང་བཏགས་པ་ཡིན་ཟེར་ན་འགལ་བ་མེད་དོ།།
གྲུབ་མཐའ་འདི་ཉིད་བྱུང་བའི་དུས་ཚོད་གསལ་ཁ་ངེས་གཏན་ཞིག་འཇོག་དཀའ་མོད། སློབ་དཔོན་སེམས་དཔའ་རྡོ་རྗེས་གྲུབ་མཐའ་ལུང་རིགས་སྙེ་མ་ལས་30གསུངས་པ་བཞིན། དེང་ཡོངས་གྲགས་གནའ་རབས་ལོ་རྒྱུས་མཁས་པ་རྣམས་ཀྱི་བཞེད་དོན་ལ་དྲང་སྲོང་རྐང་མིག་གམ་གཟེགས་ཟན་འདི་ཉིད་ཕྱི་ལོ་བརྒྱ་ཕྲག་གཉིས་པ་ ༡༥༠ ཙམ་གྱི་ནང་དུ་བྱུང་བར་ཁས་ལེན་པའང་བྱེ་བྲག་པའི་མདོ་ལ་སོགས་པ་དུས་རབས་དེའི་སྐབས་སུ་ཡིག་ཐོག་ལ་རྙེད་པའི་གཞུང་ལུགས་ཡིན་པར་བརྗོད་ལ། དུས་རབས་དེའི་སྐབས་རྒྱ་གར་གྱི་སྐད་ཐོག་ལ་ཡོད་པའི་གསུང་རབ་སྙན་བརྒྱུད་རྣམས་ཡི་གེར་འགོད་པའི་དུས་རབས་ཤིག་ཡིན་དུས་བྱེ་བྲག་པ་ལ་སོགས་པའི་གཞུང་ཡང་དུས་རབས་དེའི་བར་ཡིག་ཐོག་ལ་བཀོད་མེད་ནའང་དྲང་སྲོང་ཆེན་པོ་རྣམས་ཀྱི་སྙན་བརྒྱུད་ལ་ཡོད་པ་ཤུགས་ལ་རྟོགས་ནུས་ལ། དེ་མཚུངས་བྱེ་བྲག་པའི་གྲུབ་མཐའ་ཡང་དུས་རབས་དེའི་སྔོན་ཚུད་ནས་ཡོད་པའང་ཤེས་ནུས། དཔེར་ན། དུས་རབས་དེའི་བར་ཆེ་སྔ་དུས་ཀྱི་གཞུང་རིག་བྱེད་ལ་སོགས་པ་ཡང་ཐུབ་པ་དྲང་སྲོང་རྣམས་ཀྱི་སྙན་བརྒྱུད་ལ་ཡོད་པ་མ་གཏོགས་ཡིག་ཐོག་ལ་ཡོད་པར་མ་ངེས་པ་བཞིན་དུ་ཡིན་པར་གསུངས་པ་རྣམས་འཐད་པར་སྣང་ལ། དེའི་ཐད་བལ་དེབ་ཨུཔཱདྷྱཱཡས་བརྩམས་པའི་བྷརཏཱིཡདརྴན་ནང་31ལ་གསུངས་དོན་དུ། ནང་པ་སངས་རྒྱས་པའི་མདོའི་ (ལང་ཀར་གཤེགས་པ་དང། རྒྱ་ཆེར་རོལ་བ། མིལིནྡཔྲཤྣ། བསྟན་བཅོས་པཱ་ལིའི་སྐད་ཐོག་ཡོད་པར་བཤད།) ནང་བྱེ་བྲག་པའི་གྲུབ་མཐའི་མིང་གསལ་ལ། མདོ་དེ་དག་ཏུ་རིག་པ་ཅན་པའི་ལྟ་གྲུབ་ལའང་བྱེ་བྲག་པའི་མིང་གིས་བསྙད་པའང་ཡོད། དེ་བཞིན་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་མགྲིན་གཅིག་ཏུ་གྲངས་ཅན་པ་དང་བྱེ་བྲག་པའི་གྲུབ་མཐའ་གཉིས་སངས་རྒྱས་པ་ལས་སྔོན་དུ་བྱུང་བར་བཤད། ལྷག་པར་དུ་རྒྱལ་བ་པའི་གཞི་དངོས་པོའི་གནས་ལུགས་རྣམས་བྱེ་བྲག་པ་དང་མཐུན་པར་ཡོད། དེས་ན་བྱེ་བྲག་པའི་གྲུབ་མཐའ་འདི་ཉིད་རྒྱལ་བ་པ་དང་ནང་པ་སངས་རྒྱས་པ་གཉིས་ལས་སྔ་རོལ་དུ་བྱུང་བ་ཡིན་པར་གསུངས་པ་དང། སློབ་དཔོན་སེམས་དཔའ་རྡོ་རྗེས་ཀྱང་གྲུབ་མཐའ་ལུང་རིགས་སྙེ་མ་ལས།32དེས་ན་འདུལ་བ་ལུང་གཞི་དང། ཤཱཀྱ་སྔོན་བྱུང་གི་མདོ་སོགས་ལས་རྟོག་གེ་བའི་སྟོན་པ་དྲུག་ལ་སོགས་པ་ཡོད་པར་གསུངས་པ་ལྟར། སྟོན་པ་ཤཱཀྱ་ཐུབ་པ་མ་བྱོན་གོང་གི་དུས་ཏེ། མ་ཤི་ཁའི་འདས་ལོ་མ་བཙུགས་གོང་གི་ལོ་བརྒྱ་ཕྲག་དྲུག་པ་བདུན་པའི་ནང་ཙམ་ན་བྱེ་བྲག་པའི་སྟོན་པ་རྐང་མིག་གམ་གཟེགས་ཟན་དེ་བྱུང་བར་ཁས་བླང་ན་འགལ་བ་ཆེར་མི་མངོན་ནོ། །ཞེས་གསུངས་པ་ལྟར་ཕྱོགས་ཐམས་ཅད་ནས་སྟོན་པ་རྐང་མིག་གི་གྲུབ་མཐའ་བྱེ་བྲག་པ་འདི་ཉིད་སྟོན་པ་ཤཱཀྱ་ཐུབ་པ་དང་རྒྱལ་བ་པའི་གྲུབ་མཐའ་ (ཇཻན) ལས་སྔོན་དུ་བྱུང་བར་འདོད་ན་འགལ་བ་མེད་དོ།།
ལྔ་པ། བྱེ་བྲག་པའི་གྲུབ་མཐའི་གཞུང་ངོས་བཟུང་བ།
ཕྱི་ནང་གི་གྲུབ་མཐའ་ཅི་འདྲ་ཞིག་ཡིན་ཡང་དེ་ལ་དེའི་སྟོན་པ་དང་བཀའ་བསྟན་བཅོས་སོ་སོ་ནས་ཡོད་པ་ཡིན་པས། བྱེ་བྲག་པའི་གྲུབ་མཐའ་འདི་ཡང་དེ་མཚུངས་ཀྱི་སྟོན་པ་དང་བཀའ་བསྟན་གྱི་གཞུང་དང་ལྡན་པའི་གྲུབ་མཐའ་ཞིག་ཡིན། དེ་ལ་གྲུབ་མཐའ་འདིའི་སྟོན་པ་དྲང་སྲོང་ཆེན་པོ་གཟེགས་ཟན་ནམ་རྐང་མིག་ (ཀཎཱད) གིས་བརྩམས་པའི་བྱེ་བྲག་པའི་མདོ་ (བཻཤེཥིཀ་སཱུཏྲ (वैशेषिकसूत्र) ནི་གྲུབ་མཐའ་སྨྲ་བ་འདིའི་མདོ་གཞུང་གཙོ་བོ་དང་ཐོག་མ་དེ་ཆགས་ཡོད། མདོ་འདི་ནི་ལེའུ་བཅུའི་བདག་ཉིད་ཅན་གྱི་གཞུང་ཡིན་ལ། དེའི་ནང་ཚིག་གི་དོན་དྲུག་པོ་རྣམས་རྒྱས་པར་བཤད་པ་ཡིན། བྱེ་བྲག་པའི་མདོ་འདིའི་འགྲེལ་པ་རྙིང་ཤོས་དང་གཙོ་བོ་གཉིས་སུ་གྲགས་པ་སྟེ། (རཱབཎབྷཱཥྱ་रावणभाष्य) དང་། (བྷཱརད྄བཱཇ་བྲཏྟི་भारद्वाजवृत्ति) ཞེས་བྱ་བ་གཉིས་ཡིན་པར་བཤད་མོད། འགྲེལ་ཆེན་འདི་གཉིས་ཡིན་པ་གཞུང་གཞན་ནས་གསལ་བ་མ་གཏོགས་གཞུང་དངོས་ད་ལྟ་དངོས་སུ་མཇལ་རྒྱུ་མེད་པར་འདོད།
དུས་རབས་བཞི་པའི་ནང་བྱོན་པའི་རིག་བྱེད་མཁས་པ་ (པྲཤསྟཔཱད་प्रशस्तपाद) ཀྱིས་བརྩམས་པའི་གཞུང་ (པདཱརྠདྷརྨསཾགྲཧ་पदार्थधर्मसंग्रह) ཞེས་བྱ་བ་འདི་ཉིད་བྱེ་བྲག་པའི་གྲུབ་མཐའ་འདིའི་གཞུང་གལ་ཆེན་ཞིག་དང་ཚད་ལྡན་དུ་འདོད་ཅིང་། ཡོངས་གྲགས་སུ་མཁས་པ་ཐམས་ཅད་ཀྱིས་གཞུང་འདི་ནི་བྱེ་བྲག་པའི་མདོའི་འགྲེལ་པར་འདོད་ནའང། གཞུང་འདི་ནི་ཚིག་དོན་དྲུག་གི་བརྗོད་བྱར་བྱས་པའི་གཞུང་ཉིད་ལས་མདོ་དེའི་འགྲེལ་པ་མིན་པར་བཤད། དེ་ལ་ཡང་འགྲེལ་པ་སྔ་ཤོས་སུ་དུས་རབས་བརྒྱད་པའི་ནང་ (བྱོམཤིབཱཅཱརྱ་व्योमशिवाचार्य) ཡིས་བརྩམས་པའི་ (བྱོམབཏཱི་व्योमवती) ཞེས་བྱ་བ་དང། མི་རིང་བར་དུས་རབས་བཅུ་པའི་ནང་ (ཨུདྱནཱཙཱརྱ་उदयनाचार्य) ཡིས་བརྩམས་པའི་ (ཀིརཎཱབལཱི་किरणावली) དང། (ཤྲཱིདྷརཱཙཱརྱ་श्रीधराचार्य) ཡིས་བརྩམས་པའི་ (ནྱཱཡཀནྡལཱི་न्यायकन्दली) དང་། དུས་རབས་བཅུ་གཅིག་ནང་ཤྲཱིབཏྶ་ (श्रीवत्स) ཡིས་བརྩམས་པའི་ (ལཱིལཱབཏཱི་लीलावती) སོགས་གཞུང་འདིར་འགྲེལ་པ་དུ་མ་བྱུང་བ་ཡིན་ལ། དེང་དུས་རྒྱ་ནག་གི་འགྱུར་ཁོ་ནར་རྙེད་སོན་བྱུང་བའི་གཞུང་འདིའི་འགྲེལ་པར་དུས་རབས་བདུན་པའི་ནང་བྱོན་པའི་ (ཙནྡྲ་चन्द्र) ཡིས་བརྩམས་པའི་ (དཤཔདཱརྠཤཱསྟྲ་दशपदार्थशास्त्र) ཞེས་བྱ་བ་ཞིག་ཀྱང་ཡོད་པར་བཤད་ལ། གཞུང་དེ་དག་གི་ནང་དོན་སོགས་རྒྱས་པར་ཤེས་འདོད་ན་བལདེབ་ཨུཔཱདྷྱཱཡ་ཡིས་བརྩམས་པའི་བྷརཏཱིཡདརྴན་ནང་དགྱེས་གཟིགས་ཡོད་པར་ཞུའོ།།
དྲུག་པ་སྤྱིར་བྱེ་བྲག་པའི་ལྟ་གྲུབ་མདོར་བསྡུས་སུ་བཤད་པ།
བྱེ་བྲག་པའི་ལྟ་གྲུབ་འདི་ལ་འཁོར་བའི་སེམས་ཅན་རྣམས་ཆོས་དང་ཆོས་མ་ཡིན་པ་ལ་འཇུག་པའི་མཚན་ཉིད་ཀྱིས་འཁོར་བ་ཐོག་མ་མེད་པ་ནས་འཁོར་བར་སྐྱེ་ཞིང་འཁོར་བར་འགྱུར་བ་ལ། ཆོས་དང་ཆོས་མིན་ལ་འཇུག་པ་ལས་བདེ་སྡུག་སྣ་ཚོགས་བྱུང་ལ་དེ་དག་ལ་ཆགས་པ་དང་སྡང་བའི་དབང་གིས་འཁོར་བར་བཅིངས་པར་འདོད་དེ། རྟོག་གེ་འབར་བ་ལས།33འདི་ལྟར་ཆོས་དང་ཆོས་མ་ཡིན་པ་ལ་འཇུག་པའི་མཚན་ཉིད་ཀྱིས་ཐོག་མ་མེད་པའི་དུས་ནས་བཅིངས་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་འཁོར་བའི་བཅིངས་པ་ལས་གྲོལ་འདོད་ན་བདག་གི་དེ་ཁོ་ན་ཉིད་ཤེས་ན་འཆི་བ་མེད་པའི་གནས་ཏེ་ཐར་པ་ཐོབ་པར་འགྱུར་བར་འདོད་ལ། བདག་གི་དེ་ཉིད་རྟོགས་པ་ནི་ཐར་པའི་ཐབས་ཀྱི་གཙོ་བོར་འདོད་དེ། དེ་ཉིད་ལས།34ཐར་པ་ཡོད་པ་སྟེ། དེ་ཁོ་ན་ཉིད་ཤེས་པ་ལས་ཐ་མ་ཐར་པར་འགྱུར་རོ། །ཞེས་གསུངས་པ་དང། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། 35ཚིག་གི་དོན་དྲུག་ཤེས་ནས་བསྒོམས་ན་ཐར་བར་འདོད་ཅིང་། ཐར་ཚེ་བདག་དེ་ཡོད་མེད་སོགས་ཐམས་ཅད་བྲལ་བར་འདོད། ཅེས་གསུངས་པ་བཞིན་བདག་གི་དེ་ཉིད་རྟོགས་པ་ལས་ཐར་པར་གྱུར་ན། དེ་རྟོགས་པ་ལ་བདག་གང་དུ་བཅིངས་ནས་གནས་པའི་འཁོར་བའི་ཆོས་ཐམས་ཅད་ཀྱི་ཁྱད་པར་ཚུལ་བཞིན་རྟོགས་པ་སྔོན་དུ་འགྲོ་བ་མེད་ཐབས་མེད་སྟབས། དྲང་སྲོང་ཆེན་པོ་རྐང་མིག་གིས་འཇིག་རྟེན་གྱི་ཆོས་མཐའ་དག་ཚིག་གི་དོན་དྲུག་ཏུ་ལེགས་པར་བསྡུས་ཏེ་གཏན་ལ་ཕབ་པའི་གཞུང་ལུགས་བྱེ་བྲག་པའི་མདོ་བརྩམས་པ་ལས་བྱེ་བྲག་པའི་ལྟ་གྲུབ་འདི་ཉིད་བྱུང་བ་ཡིན་ནོ།།
ལུགས་འདིའི་འཁོར་འདས་ཀྱི་ཆོས་ཤེས་པར་བྱ་བའི་གཞི་དངོས་པོ་ཐམས་ཅད་བསྡུས་ན་རྣམ་པ་དྲུག་གམ་བདུན་དུ་བསྡུ་བར་འདོད་དེ། རྟོག་གེ་འབར་བ་ལས།36 དེ་བཞིན་དུ་ཚིག་གི་དོན་དྲུག་གིས་ཐམས་ཅད་བསྡུས་པར་རིག་པར་བྱ་སྟེ། ཞེས་སོགས་གསུངས་པ་ལྟར་ན། དེ་ལ་ཚིག་གི་དོན་བདུན་པོ་ཡང་གཉིས་སུ་དབྱེ་བ་སྟེ། དངོས་པོ་དང། (भाव) དངོས་པོ་མེད་པའོ། །(अभाव) དང་པོ་ལ་དྲུག་ཏུ་དབྱེ་སྟེ། ༡ རྫས་དང། (द्रव्य) ༢ ཡོན་ཏན་དང། (गुण) ༣ ལས་དང། (कर्म) ༤ སྤྱི་དང། (सामान्य) ༥ བྱེ་བྲག་གམ་ཁྱད་པར་དང། (विशेष) ༦ འདུས་པ་སྟེ་འབྲེལ་བ་ (समवाय) དང་དྲུག་ཡིན་ལ། དངོས་མེད་ (अभाव) དང་བཅས་བདུན་དུ་བགྲངས་པར་འདོད་མོད། དྲང་སྲོང་རྐང་མིག་གིས་རྩ་བའི་བྱེ་མདོ་ནང་དུ་དངོས་པོའི་ཚིག་གི་དོན་དྲུག་ཁོ་ན་བགྲངས་པ་ལས་དངོས་མེད་བགྲངས་མེད་པར་བཤད། ཡིན་ཡང་དངོས་མེད་ཀྱི་ཚིག་དོན་བཤད་མེད་པ་མ་ཡིན་པར་འདོད།37དུས་ཕྱིས་ཀྱི་སློབ་དཔོན་ཏེ་ (ཤྲཱིདྷརཱཙཱརྱ་श्रीधराचार्य) དང། (ཨུདྱནཱཙཱརྱ་उदयनाचार्य) དང་། (ཤྲཱིབཏྶ་श्रीवत्स) ལ་སོགས་པས་དགོས་མཁོ་ཆེ་བར་གཟིགས་ནས་ཚིག་དོན་བདུན་དུ་བཞག་པ་ཡིན་འདུག
དེ་ལ་ཚིག་དོན་བདུན་པོ་རེ་རེའི་མཚན་ཉིད་དང་བཅས་རྒྱས་པར་འདིར་འབྲི་ཐབས་བྲལ་ལ་རང་བློའི་ནུས་པས་ཀྱང་འདང་དཀའ་བས་ན་གཞུང་གཞན་ལས་ཤེས་པར་འཚལ་ལ། འདིར་དེ་དག་གི་གྲངས་ཙམ་བགྲངས་ན། ཚིག་དོན་དང་པོ་རྫས་ (द्रव्य) ནི་རྣམ་པ་དགུར་འདོད་དེ། ས་དང། (पृथिवी) ཆུ། (जल) མེ། (तेज) རླུང་། (वायु) ནམ་མཁའ། (आकाश) དུས། (काल) ཕྱོགས། (दिक) བདག (आत्मा) ཡིད། (मन) བཅས་དགུའོ། །འདིར་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་དབུ་མ་རྒྱན་འགྲེལ་ནང་།38བདག་དང་དུས་དང་ཕྱོགས་དང་ནམ་མཁའ་དང་རྡུལ་ཕྲ་རབ་སྟེ་རྟག་པའི་རྫས་ལྔ། ས་ཆུ་མེ་རླུང་སྟེ་མི་རྟག་པའི་རྫས་བཞིའོ། །ཞེས་གསུངས་པའི་སྐབས་རྟག་པའི་རྫས་འདིར་ཡིད་ལས་གཞན་རྡུལ་ཕྲ་རབ་འཇོག་པ་ནི་ཅུང་མི་འཐད་པར་སྣང་སྟེ། བྱེ་མདོ་གཞུང་ཉིད་དུ་ (མན་मन) སྟེ་ཡིད་དུ་བོད་སྒྱུར་མཛད་པ་ལས་རྡུལ་ཕྲ་རབ་ཏུ་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱི་བསྒྱུར་མི་འདུག་ཅིང་། ཡིད་དེའི་རང་བཞིན་རྡུལ་ཕྲ་རབ་ཡིན་པ་ནི་སློབ་དཔོན་སེམས་དཔའ་རྡོ་རྗེའི་གྲུབ་མཐའ་ལུང་རིགས་སྙེ་མ་ལས་ཡིད་ཀྱི་མཚན་ཉིད་བཤད་སྐབས་འདི་ལྟར་གསུངས་ཏེ།39འདི་ནི་སེམས་ཅན་སོ་སོའི་བདག་དང་ངེས་པར་འབྲེལ་བ་ཡིན་པས། གྲངས་མཐའ་མེད་པ་ཡིན་པ་དང། རྡུལ་ཕྲ་རབ་ཀྱི་རང་བཞིན་ཅན་ཡིན་པ་དང། རྟག་པ་ཉིད་ཀྱང་ངོ་། །ཞེས་གསུངས་པ་ལྟར་དེའི་རང་བཞིན་རྡུལ་ཕྲ་རབ་ཡིན་དུ་ཟད་ཀྱང། ཡིད་ལ་རྡུལ་ཕྲ་རབ་ཞེས་འབོད་ན་མི་འགྲིག་སྙམ་སྟེ། དཔེར་ན་བུམ་པའི་རང་བཞིན་སྟོང་པ་ཡིན་པ་ལ་བུམ་པ་མི་བརྗོད་པར་སྟོང་པ་བརྗོད་པ་ལྟ་བུའོ།།
གཉིས་པ་ཡོན་ཏན་ (गुण) ནི་ཉེར་བཞིར་འདོད་དེ། ༡ གཟུགས་དང། (रूप) ༢ རོ། (रस) ༣ དྲི། (गन्ध) ༤ རེག་བྱ། (स्पर्श) ༥ གྲངས། (संख्या) ༦ ཚད། (परिमाण) ༧ ཐ་དད། (पृथक्त्व) ༨ སྦྱོར་བ། (संयोग) ༩ རྣམ་པར་བགོ་བ། (विभाग) ༡༠ གཞན་ཉིད། (परत्व) ༡༡ གཞན་མ་ཡིན་པ་ཉིད། (अपरत्व) ༡༢ ལྕི་བ་ཉིད། (गुरुत्व) ༡༣ རྫས་ཉིད། (द्रवत्व) ༡༤ རྣུམ་པ། (स्नेह) ༡༥ སྒྲ། (शब्द) ༡༦ བློ། (बुध्दि) ༡༧ བདེ་བ། (सुख) ༡༨ སྡུག་བསྔལ། (दुःख) ༡༩ འདོད་པ། (इच्छा) ༢༠ སྡང་བ། (द्वेष) ༢༡ འབད་པ། (प्रयत्न) ༢༢ ཆོས། (धर्म) ༢༣ ཆོས་མ་ཡིན་པ། (अधर्म) ༢༤ གོམས་པ་ (संस्कार) བཅས་ཉེར་བཞིའོ། །དེ་ལ་བྱེ་བྲག་གི་རྩ་བ་མདོ་ལ་ཡོན་ཏན་བཅུ་བདུན་ལས་མེད་ལ། དུས་ཕྱིས་སུ་ (པྲཤསྟཔཱད་प्रशस्तपाद) ཀྱིས་བརྩམས་པའི་གཞུང་ (པདཱརྠདྷརྨསཾགྲཧ་पदार्थधर्मसंग्रह) ནང་སྔར་གྱི་ཡོན་ཏན་བཅུ་བདུན་སྟེང་སླར་བདུན་གསར་དུ་བསྣན་ནས་ཡོན་ཏན་ཉེར་བཞི་རུ་གྲུབ་པར་བཤད།40ཡང་ཡོན་ཏན་ཉེར་བཞིའི་གྲངས་རྩི་ཚུལ་ཐད་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་དབུ་མ་རྒྱན་འགྲེལ་དང་ཀུན་མཁྱེན་ཀློང་ཆེན་པའི་ཡིད་བཞིན་མཛོད་འགྲེལ་དུ་གསལ་བ་རྣམས་གོང་དུ་དྲངས་པ་དང་མི་མཐུན་པར་སྣང། འདིར་ཁོ་བོས་ཡོན་ཏན་ཉེར་བཞིའི་གྲངས་ནི་གཙོ་བོ་སློབ་དཔོན་སེམས་དཔའ་རྡོ་རྗེའི་གྲུབ་མཐའ་ལུང་རིགས་སྙེ་མ་གཞིར་བཟུང་བྲིས་ཡོད་ལ། རྒྱ་གར་གྱི་གཞུང་སོགས་ལ་དེ་བཞིན་དུ་ཡོད་པར་སྣང་མོད། མཐའ་ཅིག་ཏུ་འདི་ནོར་དང་འདི་འཐད་ཀྱི་ཐག་ཆོད་ནི་དཀའ་བས་དཔྱོད་ལྡན་རྣམས་ཀྱིས་བློ་མིག་འཕངས་ཏེ་ཤེས་པར་འཚལ་ལོ།།
གསུམ་པ་ལས་ (कर्म) ནི་རྣམ་པ་ལྔར་འདོད་དེ། ༡ གྱེན་དུ་འཕེན་པ། (उत्क्षेपण) ༢ འོག་ཏུ་འཕེན་པ། (अपक्षेण) ༣ སྡུད་པར་བྱེད་པ། (आकुञ्चन) ༤ འཕེལ་བར་བྱེད་པའམ་སྤེལ་བར་བྱེད་པ། (प्रसारण) ༥ འགྲོ་བར་བྱེད་པ་ (गमन) དང་ལྔའོ། །བཞི་པ་སྤྱི་ (सामान्य) ནི་རྟག་པ་གཅིག་པུ་ཀུན་ལ་ཁྱབ་པ་གང་ཡིན་པ་དེ་ཡིན་ལ། དེ་ནི་རྫས་དང་ཡོན་ཏན་དང་ལས་རྣམས་ལ་གནས་པ་ཡིན་པར་འདོད་དོ། །ལྔ་པ་བྱེ་བྲག་ (विशेष) ནི་རྟག་པའི་རྫས་ཡིན་པ་གང་ཞིག་ལ་རྣམ་པ་ཐ་དད་དུ་ཡོད་པའི་ཆོས་གང་ཡིན་པ་དེའོ། །དྲུག་པ་འདུས་པའམ་འབྲེལ་བ་ནི། (समवाय) ཆོས་གཉིས་ཕན་ཚུན་འབྲལ་མེད་དུ་གནས་པ་ཡིན་ཏེ། དཔེར་ན། མཚན་ཉིད་དང་མཚོན་བྱ། ཡོན་ཏན་དང་ཡོན་ཏན་ཅན། ཡན་ལག་དང་ཡན་ལག་ཅན་ལྟ་བུའོ། །བདུན་པ་དངོས་མེད་ཀྱི་ཚིག་དོན་ (अभाव) ལའང་བཞིར་དབྱེ་སྟེ། ༡ སྔ་ན་མེད་པ་དང། (प्रागभाव) ༢ ཞིག་ནས་མེད་པ། (प्रघ्वंसाभाव) ༣ གཏན་ནས་མེད་པ། (अत्यन्ताभाव) ༤ ཕན་ཚུན་མེད་པ་ (अन्योन्याभाव) བཅས་བཞིའོ།།
བདུན་པ། ཁྱད་པར་དུ་བྱེ་བྲག་པའི་བདག་འདོད་ཚུལ་བཤད་པ།
བྱེ་བྲག་པའི་ལུགས་ལ་བདག་ནི་ཤེས་པའི་རྟེན་བྱེད་པ་གང་ཞིག་སེམས་མེད་བེམ་པོར་འདོད་ལ། ནམ་མཁའ་དང་ཕྱོགས་ལ་སོགས་པ་བཞིན་དུ་ཀུན་ལ་ཁྱབ་ཅིང་ངོ་བོ་ཤེས་པ་མ་ཡིན་པ་དང་རྟག་པར་འདོད་པ་ཡིན་ཏེ། གྲུབ་མཐའ་ཀུན་ཤེས་ལས།41བདག་ནི་ལུས་དང་དབང་པོ་དང་བློ་སོགས་ལས་རྫས་ཐ་དད་དང་ཐམས་ཅད་ལ་ཁྱབ་ཀྱང་གསོན་ལུས་ཁོ་ན་ལ་གནས་པའོ། །ཞེས་གསུངས་པ་དང། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།42གཞུང་ཞི་བའི་རྒྱུད་ལ་སོགས་པ་ལ་བརྟེན་ཏེ་བདག་བེམ་པོ་ཡིན་ཅིང་རྟག་པར་འདོད་པའོ། །ཞེས་དང། དེ་ཉིད་ལས།43བྱེ་བྲག་པའི་འདོད་པའི་བདག་དེ་ནི་ནམ་མཁའ་དང་ཕྱོགས་ལ་སོགས་པ་བཞིན་དུ་ཁྱབ་ཅིང་ངོ་བོ་ཤེས་པའི་རང་བཞིན་མ་ཡིན་པ་ཞིག་ལ་འདོད་དོ། །ཞེས་གསུངས། གྲུབ་མཐའ་ལུང་རིགས་སྙེ་མ་ལས།44བདག་གི་མཚན་ཉིད་ནི་ཤེས་པའི་རྟེན་བྱེད་པ་གང་ཡིན་པའོ། །འདི་ལ་དབྱེ་ན་གཉིས་ཡིན་ཏེ་དམ་པའི་བདག་དང། སེམས་ཅན་གྱི་བདག་གོ །དེ་ལས་དབང་ཕྱུག་དང། ཐམས་ཅད་མཁྱེན་པ་དང། དམ་པའི་བདག་ཅེས་པ་དོན་གཅིག་པ་ཉིད་དོ། །སེམས་ཅན་གྱི་བདག་ནི་ལུས་ཅན་སོ་སོའི་བདག་ཐ་དད་ཅིང་སོ་སོ་བ་རྣམས་ཡིན་ལ། དེ་ཡང་ཁྱབ་པ་དང་རྟག་པ་ཡིན་ནོ། །ཞེས་གསུངས་པ་ལས་གསལ་བར་རྟོགས་ནུས་སོ།།
དེའི་ལུགས་ཀྱི་བདག་ནི་ཁྱད་པར་གྱི་ཆོས་བཅུ་བཞི་དང་དགུར་འདོད་པ་ཡོད་དེ། མཁན་ཆེན་ཞི་བ་འཚོས།45གཞན་དག་ཀྱང་ནི་འདིར་བདག་ཉིད། །བདེ་ལ་སོགས་པའི་རྟེན་གྱུར་པ། །དེ་བཞིན་རྟག་དང་ཀུན་འཇུག་ཅན། །རང་ཉིད་སེམས་མེད་ངོ་བོར་འདོད། །དགེ་དང་མི་དགེའི་ལས་རྣམས་ཀྱི། །བྱེ་པ་པོ་དང་དེ་འབྲས་ཀྱི། །ཟ་བ་པོ་ཡིན། །ཞེས་བྱུང་བ་ལྟར་དེའི་ཐད་ཀྱི་ཚད་ཆེན་དཀའ་འགྲེལ་ལས།46གཞན་དག་ཀྱང་ཞེས་བྱ་བ་ནི་རིགས་པ་ཅན་པ་དང། བྱེ་བྲག་པ་རྣམས་སོ། །དེ་དག་ནི་ལུས་དང་དབང་པོ་དང་བློ་ལས་ཐ་དད་པའི་བདག་ཅེས་བྱ་བའི་རྫས་འདོད་པ་དང། སྡང་བ་དང་འབད་པ་དང། བདེ་བ་དང། སྡུག་བསྔལ་དང། ཤེས་པ་དང། ཆོས་དང། ཆོས་མ་ཡིན་པ་དང། འདུ་བྱེད་རྣམས་ཀྱི་རྟེན་འདུ་བའི་རྒྱུ་སེམས་མེད་བེམ་པོའི་ངོ་བོ་མི་འཇིག་པ་ཐམས་ཅད་དུ་འགྲོ་བ། དགེ་བ་དང་མི་དགེ་བའི་ལས་ཐ་དད་པ་རྣམས་ཀྱི་བྱེད་པ་པོ། དེའི་འབྲས་བུ་འདོད་པ་དང་མི་འདོད་པའི་ཟ་བ་པོར་ཡོངས་སུ་རྟོག་པར་བྱེད་དོ། །ཞེས་གསུངས་པ་བཞིན་ལུགས་འདིའི་བདག་གི་ཁྱད་ཆོས་བཅུ་བཞི་དང་ལྡན་ཏེ། ༡ འདོད་པ་དང། ༢ སྡང་བ་དང། ༣ འབད་པ་དང། ༤ བདེ་བ་དང། ༥ སྡུག་བསྔལ་དང། ༦ ཤེས་པ་དང། ༧ ཆོས་མ་ཡིན་པ་དང། ༨ འདུ་བྱེད་རྣམས་ཀྱི་རྟེན་དང། ༩ འདུ་བའི་རྒྱུ་དང། ༡༠ སེམས་མེད་བེམ་པོ་དང། ༡༡ མི་འཇིག་པ་དང། ༡༢ ཐམས་ཅད་དུ་འགྲོ་བ་སྟེ་ཁྱབ་པ་དང། ༡༣ དགེ་མི་དགེའི་ལས་ཐ་དད་པ་རྣམས་ཀྱི་བྱེད་པོ་དང། ༡༤ དེའི་འབྲས་བུ་འདོད་མི་འདོད་པ་རྣམས་ཟ་པོ་བཅས་སུ་འདོད་ལ། དབུ་མ་སྙིང་པོའི་རྩ་འགྲེལ་ལས།47བློ་སོགས་བདག་གི་ཡོན་ཏན་བཅད། །དྲུངས་ནས་བྱུང་བའི་རྣལ་འབྱོར་པ། །ཡིད་ལ་བདག་ཅེས་གནས་པ་ནི། །བྱེ་བྲག་པ་ཡིས་ཐར་པར་ཤེས། །ཞེས་ཁྱད་ཆོས་དགུར་གསུངས་པ་དང་། དེའི་འགྲེལ་པ་རྟོག་གེ་འབར་བ་ལས།48༡ བློ་དང། ༢ བདེ་བ་དང། ༣ སྡུག་བསྔལ་བ་དང། ༤ འདོད་པ་དང། ༥ ཞེ་སྡང་དང། ༦ འབད་པ་དང། ༧ ཆོས་དང། ༨ ཆོས་མ་ཡིན་པ་དང། ༩ ཤེས་པ་དང་འདུས་བྱས་ཞེས་བྱ་བ་ནི་བདག་གི་ཡོན་ཏན་དགུའོ། །ཞེས་གསུངས་སོ།།
དེས་ན་ཁྱད་ཆོས་བཅུ་བཞིའམ་དགུའི་བདག་ཉིད་ཅན་གྱི་བདག་ཅེས་བྱ་བ་གལ་ཏེ་མེད་སོང་ན། འགྲོ་བ་རྣམས་ཤི་ནས་ཕྱི་མར་འབྲས་བུ་ལ་ལོངས་སྤྱོད་པ་པོ་དེ་སུ་ཡིན་པ་དང། གང་ཟག་གཞན་གྱིས་བྱས་པའི་ལས་ཀྱི་འབྲས་བུ་གཞན་གྱིས་ལོངས་སྤྱོད་པ་སྟེ། ལས་མ་བྱས་པ་དང་འཕྲད་པ་དང། བྱས་པ་ཆུད་ཟོས་པའི་སྐྱོན་དུ་མ་བྱུང་བས་ན། ལས་བྱེད་པོ་དང་དེའི་འབྲས་བུ་མྱོང་མཁན་གཉིས་འབྲེལ་བ་མ་གྲུབ་པའི་ཕྱིར་ན། ངེས་པར་ལས་བྱེད་པ་པོ་དེ་ཉིད་དེའི་འབྲས་བུ་མྱོང་བ་པོའམ་ཟ་བ་པོར་ཁས་ལེན་དགོས་སྟབས་དེ་ནི་བདག་ཁོ་ན་ལས་གཞན་འཇོག་ཏུ་མེད་པས་བདག་ཁས་ལེན་དགོས་པར་འདོད་དེ། ཚད་ཆེན་དཀའ་འགྲེལ་ལས།49གལ་ཏེ་བདག་མེད་པར་འགྱུར་ན། དེའི་ཚེ་ཤི་ནས་ལས་ཀྱི་འབྲས་བུ་ལ་ལོངས་སྤྱོད་པ་དེ་སུ་ཡིན། གཞན་གྱིས་བྱས་པ་གཞན་ལོངས་སྤྱོད་པ་ནི་མ་ཡིན་ཏེ། དེ་ལྟ་ན་ནི་མ་བྱས་པ་དང་ཕྲད་པའི་སྐྱོན་དུ་འགྱུར་ཏེ། བྱེད་པ་པོ་མ་ཡིན་པ་ཉིད་འབྲས་བུ་དང་འབྲེལ་བའི་ཕྱིར་རོ། །བྱས་པ་ཆུད་ཟོས་པར་ཡང་འགྱུར་ཏེ། བྱེད་པ་པོ་འབྲས་བུ་དང་འབྲེལ་བ་མེད་པའི་ཕྱིར་རོ། །དེ་ལྟར་འདོད་པ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་གདོན་མི་ཟ་བར་གང་ཁོ་ན་བྱེད་པ་པོ་དེ་ཁོ་ན་ཟ་བ་པོར་ཁས་བླང་བར་བྱ་བ་ཡིན་ནོ། །ཞེས་ཡོངས་སུ་རྟོག་པར་བྱེད་དོ། །དེས་ན་བྱེད་པ་པོ་དང་ཟ་བ་པོ་གང་ཡིན་པ་དེ་ནི་བདག་ཡིན་ནོ། །ཞེས་གསུངས་པ་ལྟར་བདེ་སྡུག་སྣ་ཚོགས་མྱོང་བའི་ཡོན་ཏན་གྱི་རྟེན་དུ་གྱུར་པའི་བདག་དེ་ལའང་ཕྱི་དང་ནང་གི་བདག་གཉིས་སུ་ཡོད་པར་བཞེད་དེ། ནང་གི་བདག་ནི། ནང་ཁོ་ནར་གནས་ལ་དབང་པོས་ཕྱི་དོན་ལ་འཇུག་པའི་གནས་སྐབས་དེ་ལྟར་བྱེད་དུ་འཇུག་མཁན་གྱི་བྱེད་པོ་དང༌། སྐྱེས་བུ་རྣམས་ཀྱིས་དེ་ལ་བརྟེན་ནས་ངར་འཛིན་པ་སྐྱེས་པས་ངར་འཛིན་གྱི་ཡུལ་ཡང་ཡིན་ལ་དགེ་སྡིག་ལས་མཐའ་དག་གི་འབྲས་བུ་མྱོང་བ་པོའི་བདག་ཉིད་ཅན་ཡིན་ཏེ། དབུ་མ་བཞི་བརྒྱ་པའི་འགྲེལ་ཆེན་ལས།50མུ་སྟེགས་ཅན་རྣམས་ནི་བདག་རྣམ་པ་གཉིས་སྨྲ་བར་བྱེད་དེ། འདི་ལྟ་སྟེ་ནང་གི་བདག་དང་ཕྱིའི་བདག་གོ །དེ་ལ་ནང་གི་བདག་ཅེས་བྱ་བ་ནི་གང་ཞིག་ལུས་ཀྱི་ནང་ཁོ་ནར་གནས་ཤིང་། དེའི་དབང་པོའི་དེ་དང་དེ་རབ་ཏུ་འཇུག་པར་བྱེད་པའོ། །ནང་གི་བྱེད་པའི་སྐྱེས་བུ་འགྲོ་བའི་ངར་འཛིན་པའི་རྒྱུ་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ལས་ཀྱི་འབྲས་བུའི་ཟ་བ་པོ་རྒྱུད་རེ་རེ་ཞིང་རྣམ་པར་རྟོག་པ་དུ་མའི་དབྱེ་བས་ཕྱེ་བའོ། །ཕྱིའི་བདག་ནི་ལུས་དང་དབང་པོ་འདུས་པའི་ངོ་བོ་ཅན་ནང་གི་བདག་ལ་ཕན་འདོགས་པའོ། །ཞེས་གསུངས་པ་ལྟར་ཕྱིའི་བདག་ནི་ནང་གི་བདག་གི་ཡོན་ཏན་དང་བྱེད་ལས་ལ་ཕན་འདོགས་བྱེད་ཡིན་པར་འདོད་དོ།།
བྱེ་བྲག་པས་འདོད་པའི་བདག་ནི་སེམས་མེད་བེམ་པོའི་རང་བཞིན་ཡིན་ན། དེ་བྱེད་པ་པོར་ཇི་ལྟར་རུང་སྟེ་མི་ཤེས་པའི་རང་བཞིན་ཅན་ཡིན་ཟེར་ན་སྐྱོན་མེད་པར་འདོད་དེ། བདག་དེ་ནི་སེམས་དང་འབྲེལ་བའི་ཕྱིར་ཏེ། བདག་དང་སེམས་གཉིས་ལ་འདུ་བའི་འབྲེལ་བ་གྲུབ་པའི་རྒྱུ་མཚན་གྱིས། འབྲེལ་ཡོད་སེམས་ཀྱིས་བྱ་བ་གང་ཞིག་བྱེད་ན་དེ་དང་འབྲེལ་བའི་བདག་གིས་ཀྱང་དེ་ལྟར་བྱེད་པར་གོ་ཆོད་དགོས་ཏེ། དཔེར་ན། ལྷས་བྱིན་གྱི་མིག་གིས་གཟུགས་མཐོང་བ་ན། ལྷས་བྱིན་གྱིས་གཟུགས་མཐོང་བར་གོ་ཆོད་པ་དེ་ལྷས་བྱིན་དང་མིག་གཉིས་ལ་འབྲེལ་བ་ཡོད་པའི་རྒྱུན་མཚན་དང་མཚུངས་པར་འདོད་པ་ཡིན་ནོ།།
ཡང་བདག་དེ་ཉིད་རྟག་པ་དང་ཀུན་ཀྱི་རྗེས་སུ་འགྲོ་བ་སྟེ་ཐམས་ཅད་ལ་ཁྱབ་པ་ཡིན་ན། དེ་བྱེད་པ་པོ་དང། འབྲས་བུ་ཟ་བ་པོ་སོགས་སུ་མི་འཐད་དེ། རྟག་པ་གང་ཞིག་གཅིག་པུ་ཐམས་ཅད་ལ་ཁྱབ་པའི་ཆོས་ལ་དེ་ཐམས་ཅད་མི་རུང་བའི་ཕྱིར། དཔེར་ན་ནམ་མཁའ་བཞིན་ཟེར་ན། དེ་ཡང་སྐྱོན་མེད་པར་དེ་དག་གིས་བདག་འདི་ཉིད་རྟག་པ་ཡིན་ཀྱང་དེ་བྱེད་པ་པོ་ཡིན་ཆོག་སྟེ། ཤེས་པ་དང། འབད་པ་དང། ལས་ཀ་བྱེད་པར་འདོད་པ་ལ་སོགས་འདུ་བའི་བདག་དེ་ལ་བྱེད་པ་པོ་ཞེས་བརྗོད་པ་དང། བདེ་བ་དང་འདུ་བའི་འབྲེལ་བ་གྲུབ་ན་བདག་དེ་བདེ་བ་མྱོང་བ་པོ་དང། སྡུག་བསྔལ་དང་འདུ་བའི་འབྲེལ་བ་གྲུབ་ན་བདག་སྡུག་བསྔལ་མྱོང་བ་པོ་ཡིན་པས་འབྲས་བུ་ཟ་བ་པོ་ཡིན་པར་གྲུབ་ཅེས་འདོད་པ་སྟེ། ཚད་མ་དེ་ཁོ་ན་ཉིད་ལས།51སེམས་འབྲེལ་ཕྱིར། །སེམས་ཡིན་རང་བཞིན་ངོ་བོས་མིན། །ཤེས་དང་རྩོམ་སོགས་དང་འབྲེལ་བ། །དེ་ལ་བྱེད་པ་པོ་ཉིད་བརྗོད། །བདེ་དང་སྡུག་བསྔལ་སོགས་རིག་པའི། །འདུ་བ་ལ་ནི་ཟ་བ་པོ། །ཞེས་སོགས་ཀྱིས་རྒྱས་པར་བཤད་ལ་རྒྱས་པར་ཤེས་འདོད་མཆིས་ཚེ་གཞུང་ཉིད་ལས་རྟོགས་པར་བགྱིའོ།།
བརྒྱད་པ། མཇུག་བསྡུ་བ།
དེ་ལྟར་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྡོམ་བཞིའི་ནང་གསེས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་ཚུལ་བཞིན་ལེགས་པར་རྟོགས་པ་ལ་ཕྱི་རོལ་པ་དག་གིས་འདོད་པའི་བདག་གི་རྣམ་གཞག་ཤེས་ན་རང་སྡེའི་བདག་མེད་པའི་དོན་རྟོགས་པ་ལ་གདོན་མི་ཟ་བར་ཕན་རླབས་ཆེ་བ་ཡོད་པས། འདིར་ཁོ་བོས་རང་ནུས་ཅི་ལྕོགས་ཀྱིས་བོད་ཀྱི་གྲུབ་མཐའ་དང་རྒྱ་གར་ལྟ་གྲུབ་ཀྱི་གཞུང་སྣ་ཚོགས་ལ་དཔེ་ཀློག་ཕྲན་བུ་བྱས་ཏེ་ཕྱི་རོལ་བྱེ་བྲག་པའི་གྲུབ་མཐའི་སྟོན་པ་དང་བསྟན་པའི་བྱུང་རིམ་སྤྱིར་བཀོད་ཅིང་ཁྱད་པར་དུ་ལུགས་དེའི་བདག་གི་འདོད་ཚུལ་མདོར་བསྡུས་སུ་བཀོད་པ་ལས་རང་རྒྱུད་ལ་སྔར་མེད་གསར་དུ་ཤེས་པའི་ཤེས་བྱའི་སྦྲང་རྩིས་ཚིམས་ཞིང་ཡིད་སེམས་སྤྲོ་བས་ཀུན་ནས་བརྟས་སོ། །ཡིན་ཡང་ཤེས་རྒྱ་མཐོང་རྒྱ་དབེན་པའི་བློ་དམན་ཁོ་བོས་འབད་པ་བརྒྱ་དང་བརྩོན་པ་སྟོང་གིས་བྲིས་པའི་རྩོམ་ཡིག་འདིར་ཡིག་ནོར་དང་ཚིག་ནོར། དོན་འགལ་དང་དོན་ལོག་སོགས་མཆིས་ཡོད་པ་ནི་སྨོས་ཅི་དགོས་ཏེ། དེར་དགེ་བའི་བཤེས་གཉེན་གང་གི་ཐུགས་རྗེའི་ཉིན་བྱེད་ཀྱིས་ལམ་སྟོན་གྱི་འོད་སྣང་འཕྲོ་བར་མཛད་ལ། ནོར་འཁྲུལ་གྱི་དྲི་མ་ལ་ཡོ་བསྲང་གི་ཆུས་གཙང་བར་བྱེད་པའི་བཀའ་དྲིན་སྐྱོང་བ་གསོལ་འདེབས་སྙིང་ནས་ཞུ་ཞུ།
སླར་སྨྲས་པ།
བཅུ་ཕྲག་རིག་པའི་གཞུང་ལུགས་རྒྱ་མཚོ་ཆེར། །འཇུག་པའི་གདེངས་སྤོབས་གྲུ་ཆེན་བྲལ་ན་ཡང་།།
ཀུན་སློང་བཟང་པོས་བྲིས་པའི་རྩོམ་ཡིག་འདིར། །རྣམ་དཀར་དགེ་ཚོགས་བསྒྲུབས་པའི་ཆ་མཆིས་ན།།
བསོད་ནམས་འདི་ཡིས་འགྲོ་བ་མཐའ་དག་ལ། །ཟད་མེད་བདེ་བའི་འོད་སྟོང་འབར་བར་ཤོག།།
ཅེས་དུས་ཚེས་བཟང་པོར་ཨཱཙཱརྱ་ཉི་མ་རྒྱལ་མཚན་གུ་རུང་མིང་འཛིན་པས་བྲིས་པ་འདིས་འགྲོ་ཀུན་བདེ་བའི་དཔལ་ལ་རོལ་ཞིང་། མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུར་འགྱུར་བའི་བཀྲ་ཤིས་དགེ་ལེགས་འཕེལ།
ཟུར་བལྟས་ཡིག་ཆ་ཁག་གི་མཚན་བྱང་།
༡༽ ཚད་མ་དེ་ཁོ་ན་ཉིད་བསྡུས་པ་ལས་རང་བཞིན་བརྟག་པ་དང། དབང་ཕྱུག་བརྟག་པ། བདག་བརྟག་པའི་དཀའ་འགྲེལ། མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་ཀམལ་ཤཱིལ། ཝཱ་ཎ་བཀའ་བརྒྱུད་ཉམ་སྐྱོང་ཚོགས་པས་པར་བསྐྲུན། ༢༠༡༤
༢༽ གྲུབ་མཐའ་ཀུན་ཤེས་ཀྱི་རྩ་བ་དང་དེའི་འགྲེལ་པ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཝཱ་ཎ་མཐོ་སློབ་དཔལ་ས་སྐྱའི་སློབ་གཉེར་ལྷན་ཚོགས་ནས་པར་བསྐྲུན། ༢༠༠༡
༣༽ གྲུབ་པའི་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན། ལྕང་སྐྱ་རོལ་པོའི་རྡོ་རྗེ། འབྲས་སྤུངས་སྒོ་མང་དཔེ་མཛོད་ཁང་། དེབ་ཕྲེང་། ༧༤ ཐཱའི་ཝན་པར་མ། ༢༠༠༨
༤༽ གྲུབ་མཐའ་སྙིང་པོ་ཀུན་ལས་བཏུས་པ་ལུང་རིགས་སྙེ་མ། སྟོད་ཆ། སློབ་དཔོན་སེམས་དཔའ་རྡོ་རྗེ། ཀ་སྦུག་ཤྲཱིདིཝཱཀར་དཔེ་སྐྲུན་ཁང་། ཀརྨ་པ་ཞྭ་དམར་པོད་ཕྲེང་། བརྒྱད་པ། ༢༠༡༠
༥༽ ཤེས་བྱ་ཀུན་ལ་ཁྱབ་པའི་གཞུང་ལུགས་ཉུང་ངུའི་ཚིག་གིས་རྣམ་པར་འགྲོལ་བ་ལེགས་བཤད་ཡོངས་འདུ་ཤེས་བྱ་མཐའ་ཡས་པའི་རྒྱ་མཚོ། འཕྲུལ་དེབ། འཇམ་མགོན་བློ་གྲོས་མཐའ་ཡས། རྫོང་སར་བཤད་གྲྭ། ༢༠༡༤
༦༽ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། པོད། ༡༣ དང་ ༡༤། ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ། སྟོད་ཆ་དང་སྨད་ཆ། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང། ༢༠༠༧
༧༽ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ། པོད། ༡༥ ཐེག་པ་མཐའ་དག་གི་དོན་གསལ་བར་བྱེད་པ་གྲུབ་པའི་མཐའ་རིན་པོ་ཆེའི་མཛོད། དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ནས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང། ༢༠༠༧
༨༽ ཆོས་ལུགས་གྲུབ་མཐའ་ཁག་གི་གཞི་རྩའི་ཤེས་ཡོན་མཛུབ་མོ་རི་སྟོན། དུང་དཀར་བློ་བཟང་འཕྲིན་ལས། འཕྲུལ་དེབ། སྟོད་སྨད་བར་ཆ་གསུམ། སེར་སྨད་དམར་འཇམ་དབྱངས་བསོད་ནམས་གྱིས་བསྒྲིགས།
༩༽ གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། འཕྲུལ་དེབ། སེར་སྨད་དམར་འཇམ་དབྱངས་བསོད་ནམས་ཀྱིས་བསྒྲིགས།
༡༠༽ རིས་མེད་མཁས་པའི་ཚད་ཆེན་བགྲོ་གླེང་ཆེན་མོའི་དཔྱད་རྩོམ་ཕྱོགས་བསྒྲིགས་རགས་ཟིན། ༢༠༡༩
༡༡༽ གཞུང་ལུགས་ལེགས་པར་བཤད་པ། ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན། ཝཱ་ཎ་མཐོ་སློབ་དཔལ་ས་སྐྱའི་སློབ་གཉེར་ལྷན་ཚོགས་ནས་པར་བསྐྲུན། ༢༠༡༤
༡༢༽ དབུ་མ་རྒྱན་གྱི་རྣམ་བཤད་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་། འཇམ་མགོན་མི་ཕམ་རིན་པོ་ཆེ། ཝཱ་ཎ་མཐོ་སློབ་སྔ་འགྱུར་རྙིང་མའི་བདེ་དོན་ལྷན་ཚོགས་ནས་པར་བསྐྲུན། ༢༠༡༡
༡༣༽ དབུ་མ་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ། སློབ་དཔོན་ལེགས་ལྡན་འབྱེད། བོད་ཀྱི་གཙུག་ལག་ཞིབ་དཔྱོད་ཁང་ནས་པར་དུ་བསྐྲུན། ༢༠༡༩
༡༤༽ འཕགས་པ་དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སྡེ་དགེ བཀའ་འགྱུར། དཀོན་བརྩེགས། ཀ
༡༥༽ བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱད་པའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་ཟླ་བ་གྲགས་པ། ཝཱ་ཎ་བཀའ་བརྒྱུད་ཉམ་སྐྱོང་ཚོགས་པས་པར་བསྐྲུན། ༢༠༡༦
༡༦༽ བལདེབ་ཨུཔཱདྷྱཱཡ། བྷརཏཱིཡདརྴན། ཤཱརདཱ་མཾདིར་ཝཱརཱཎསཱིའི་དཔེ་སྐྲུན་ཁང༌། ༡༩༩༧
༡༧༽ An Introduction to Indian Philosophy, Satish Chandra Chatterjee & Dhirendra Mohan Datta, Rupa Publication
དྲ་ཐོག་གི་ཡིག་ཆ།
Vaisheshika,Wikipedia,https://en.wikipedia.org/wiki/Vaisheshika
वैशेषिकदर्शन,विकिपीडिया,
- ལྕང་སྐྱ་རོལ་པའི་རྡོ་རྗེ། གྲུབ་མཐའི་རྣམ་གཞག་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན། ཤོག་ངོས་ ༡༡ ཡིག་ཕྲེང་ ༢ པར་གསལ།
- དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་གྲུབ་མཐའ། སྟོད་ཆ། འཕྲུལ་དེབ། ཤོག་ངོས ༨ ཡིག་ཕྲེང་ ༣ པར་གསལ།
- ཀུན་མཁྱེན་ཀློང་ཆེན་རབ་འབྱམས། ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ། སྨད་ཆ། ཤོག་ངོས་ ༡ ཡིག་ཕྲེང་ ༣ པར་གསལ།
- ཀུན་མཁྱེན་ཀློང་ཆེན་རབ་འབྱམས། ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ། སྨད་ཆ། ཤོག་ངོས་ ༡ ཡིག་ཕྲེང་ ༨ པར་གསལ།
- སྡེ་དགེ་བཀའ་འགྱུར། དཀོན་བརྩེགས། ཀ འཕགས་པ་དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ཤོག་ངོས ༡༨༠ བ༡ པར་གསལ།
- ཀུན་མཁྱེན་ཀློང་ཆེན་རབ་འབྱམས། ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ། སྨད་ཆ། ཤོག་ངོས་ ༡ ཡིག་ཕྲེང་ ༡༥ པར་གསལ།
- ཀུན་མཁྱེན་ཀློང་ཆེན་རབ་འབྱམས། ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ། སྨད་ཆ། ཤོག་ངོས་ ༢ ཡིག་ཕྲེང་ ༩ པར་གསལ།
- ཀུན་མཁྱེན་ཀློང་ཆེན་རབ་འབྱམས། ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ། སྨད་ཆ། ཤོག་ངོས་ ༢ ཡིག་ཕྲེང་ ༡༣ པར་གསལ།
- སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། གྲུབ་མཐའ་ཀུན་ཤེས། ཤོག་ངོས་ ༡ ཡིག་ཕྲེང་ ༡༠ པར་གསལ།
- སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། གྲུབ་མཐའ་ཀུན་ཤེས། ཤོག་ངོས་ ༢༩ ཡིག་ཕྲེང་ ༢༠ པར་གསལ།
- འཇམ་མགོན་བློ་གྲོས་མཐའ་ཡས། ཤེས་བྱ་ཀུན་ཁྱབ་མཛོད། བར་ཆ། ཤོག་ངོས་ ༣༦༥ ཡིག་ཕྲེང་ ༡༦ པར་གསལ།
- ཀུན་མཁྱེན་མི་ཕམ། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་། ཤོག་ངོས་ ༡༨༣ ཡིག་ཕྲེང་ ༥ པར་གསལ།
- ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། གྲུབ་མཐའ་ཤེལ་གྱི་མེ་ལོང་། ཤོག་ངོས་ ༨ ཡིག་ཕྲེང་ ༢ པར་གསལ།
- ཀུན་མཁྱེན་ཀློང་ཆེན་རབ་འབྱམས། གྲུབ་མཐའ་མཛོད། ཤོག་ངོས་ ༤༨ ཡིག་ཕྲེང་ ༡༢ པར་གསལ།
- A traditional Hindu classification divides āstika and nāstika schools of philosophy, depending on one of three alternate criteria: whether it believes the Vedas as a valid source of knowledge; whether the school believes in the premises of Brahman and Atman; and whether the school believes in afterlife and Devas. -Indian Philosophy, Wikipedia
- “To understand this more clearly, we should know something regarding the place of the Vedas in the evolution of Indian thought. The Vedas are the earliest available records of Indian literature, and subsequent Indian thought, especially philosophical speculation, is greatly influenced by the Vedas. either positively or negatively. Some of the philosophical systems accepted Vedic authority, while others opposed it. The Mīmāmsā and the Vedanta may be regarded as the direct continuation of the Vedic culture. The Vedic tradition had two sides, ritualistic and speculative (karma and Jñanaa). The Mīmāmsā emphasised the ritualistic aspect and evolved a philosophy to justify and help the continuation of the Vedic rites and rituals. The Vedanta emphasised the speculative aspect of the Vedas and developed an elaborate philosophy out of Vedic speculations. As both these schools were direct continuations of Vedic culture, both are sometimes called by the common name, Mīmāmsā; and for the sake of distinction, the first is called Purva- Mīmāmsā (or Karma-Mimämsä) and the second, Uttara- Mīmāmsā (or Jñäna- Mīmāmsā). But the more usual names of these two are Mīmāmsā and Vedanta respectively, and we shall follow this common usage here. Though the Sankhya, Yoga, Nyaya and Vaiseșika based their theories on ordinary human experience and reasoning, they did not challenge the authority of the Vedas, but tried to show that the testimony of the Vedas was quite in harmony with their rationally established theories. The Carvaka, Bauddha and Jaina schools arose mainly by opposition to the Vedic culture and, therefore, they rejected the authority of the Vedas.”-S.C. Chatterjee & D. M. Datta, An Introduction to Indian Philosophy
- བལ་དེབ་ཨུཔཱདྷྱཱཡ། བྷརཏཱིཡདརྴན། ཤོག་ངོས་ ༢༢༠ ཡིག་ཕྲེང་ ༡ པོར་གསལ།
- བལ་དེབ་ཨུཔཱདྷྱཱཡ། བྷརཏཱིཡདརྴན། ཤོག་ངོས་ ༢༢༠ ཡིག་ཕྲེང་ ༥ པར་གསལ།
- ཀ༽ ལྕང་སྐྱ་རོལ་པའི་རྡོ་རྗེའི་གྲུབ་མཐའ་ལས། མིང་གི་རྣམ་གྲངས་ལ་ཕྱུག་པ། ཞི་བ་པ། ཡེ་སྲིད་པ། རྐང་རྨིག་པ་རྣམས་སོ། །ཤོག་ངོས་ ༤༠ ཡིག་ཕྲེང་ ༡ པར་གསལ། ཁ༽ སྟག་ཚང་ལོ་ཙཱ་བའི་གྲུབ་མཐའ་ཀུན་ཤེས་ལས། དབང་ཕྱུག་ཕྱུགས་བདག་ཞི་བ་ཡེ་སྲིད་པ། །མིག་མི་བཟང་བ་འུག་པ་པ་ཞེས་གྲགས། །ཤོག་ངོས་ ༤ ཡིག་ཕྲེང་ ༡༠ པར་གསལ།
- རིག་བྱེད་མཁས་པ་ཆེན་པོ་མཱདྷབཱཙཱརྱ་ཡིས་བརྩམས་པའི་སརྦདརྴན་སཾགྲཧ་དབྱིན་སྒྱུར་གྱི་ལེའུ་བཅུ་པའི་མཚན་བྱང་དུ། བྱེ་བྲག་པའམ་འུག་པ་བའི་གྲུབ་མཐའ་ཞེས་བཀོད་པ་ལས་གྲུབ་མཐའ་འདི་གཉིས་གཅིག་ཡིན་པ་རྟོགས་ནུས།
- སློབ་དཔོན་སེམས་དཔའ་རྡོ་རྗེ། གྲུབ་མཐའ་ལུང་རིགས་སྙེ་མ། ཤོག་ངོས་ ༡༢༣ ཡིག་ཕྲེང་ ༦ པར་གསལ།
- ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། གྲུབ་མཐའ་ཤེལ་གྱི་མེ་ལོང་། ཤོག་ངོས་ ༡༥ ཡིག་ཕྲེང་ ༥ པར་གསལ།
- ཀུན་མཁྱེན་ཀློང་ཆེན་རབ་འབྱམས། གྲུབ་མཐའ་མཛོད། ཤོག་ངོས་ ༥༢ ཡིག་ཕྲེང་ ༡༧ པར་གསལ།
- སློབ་དཔོན་སེམས་དཔའ་རྡོ་རྗེ། གྲུབ་མཐའ་ལུང་རིགས་སྙེ་མ། ཤོག་ངོས་ ༡༡༨ ཡིག་ཕྲེང་ ༡༧ པར་གསལ།
- སློབ་དཔོན་སེམས་དཔའ་རྡོ་རྗེ། གྲུབ་མཐའ་ལུང་རིགས་སྙེ་མ། ཤོག་ངོས་ ༡༢༢ ཡིག་ཕྲེང་ ༡༢ པར་གསལ།
- ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། གྲུབ་མཐའ་ཤེལ་གྱི་མེ་ལོང་། ཤོག་ངོས་ ༡༥ ཡིག་ཕྲེང་ ༡༠ པར་གསལ།
- ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ། གྲུབ་མཐའ་ཤེལ་གྱི་མེ་ལོང་། ཤོག་ངོས་ ༡༡༨ ཡིག་ཕྲེང་ ༢༡ པར་གསལ།
- ཀུན་མཁྱེན་མི་ཕམ། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་། ཤོག་ངོས་ ༡༨༤ ཡིག་ཕྲེང་ ༧ པར་གསལ།
- སློབ་དཔོན་སེམས་དཔའ་རྡོ་རྗེ། གྲུབ་མཐའ་ལུང་རིགས་སྙེ་མ། ཤོག་ངོས་ ༡༢༠ ཡིག་ཕྲེང་ ༥ པར་གསལ།
- སློབ་དཔོན་སེམས་དཔའ་རྡོ་རྗེ། གྲུབ་མཐའ་ལུང་རིགས་སྙེ་མ། ཤོག་ངོས་ ༡༢༡ ཡིག་ཕྲེང་། ༢༡ པར་གསལ།
- བལ་དེབ་ཨུཔཱདྷྱཱཡ། བྷརཏཱིཡདརྴན། ཤོག་ངོས་ ༢༢༠ ཡིག་ཕྲེང་ ༡༥ པར་གསལ།
- སློབ་དཔོན་སེམས་དཔའ་རྡོ་རྗེ། གྲུབ་མཐའ་ལུང་རིགས་སྙེ་མ། ཤོག་ངོས་ ༡༢༢ ཡིག་ཕྲེང་། ༧ པར་གསལ།
- སློབ་དཔོན་ལེགས་ལྡན་འབྱེད། རྟོག་གེ་འབར་བ། ཤོག་ངོས་ ༤༨༢ ཡིག་ཕྲེང་ ༦ པར་གསལ།
- སློབ་དཔོན་ལེགས་ལྡན་འབྱེད། རྟོག་གེ་འབར་བ། ཤོག་ངོས་ ༤༨༢ ཡིག་ཕྲེང་ ༩ པར་གསལ།
- ཀུན་མཁྱེན་མི་ཕམ། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་། ཤོག་ངོས་ ༡༨༤ ཡིག་ཕྲེང་ ༡༣ པར་གསལ།
- སློབ་དཔོན་ལེགས་ལྡན་འབྱེད། རྟོག་གེ་འབར་བ། ཤོག་ངོས་ ༤༨༠ ཡིག་ཕྲེང་ ༣ པར་གསལ།
- བལ་དེབ་ཨུཔཱདྷྱཱཡ། བྷརཏཱིཡདརྴན། ཤོག་ངོས་ ༢༢༧ པར་གསལ།
- ཀུན་མཁྱེན་མི་ཕམ། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་། ཤོག་ངོས་ ༡༨༤ ཡིག་ཕྲེང་ ༡༦ པར་གསལ།
- སློབ་དཔོན་སེམས་དཔའ་རྡོ་རྗེ། གྲུབ་མཐའ་ལུང་རིགས་སྙེ་མ། ཤོག་ངོས་ ༡༢༧ ཡིག་ཕྲེང་ ༡༨ པར་གསལ།
- བལ་དེབ་ཨུཔཱདྷྱཱཡ། བྷརཏཱིཡདརྴན། ཤོག་ངོས་ ༢༣༥ པར་གསལ།
- སྟག་ཚང་ལོ་ཙཱ་བ། གྲུབ་མཐའ་ཀུན་ཤེས། ཤོག་ངོས་ ༥༤ ཡིག་ཕྲེང་ ༡༡ པར་གསལ།
- ཀུན་མཁྱེན་མི་ཕམ། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་། ཤོག་ངོས་ ༡༨༤ ཡིག་ཕྲེང་ ༡༤ པར་གསལ།
- ཀུན་མཁྱེན་མི་ཕམ། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་། ཤོག་ངོས་ ༡༨༦ ཡིག་ཕྲེང་ ༥ པར་གསལ།
- སློབ་དཔོན་སེམས་དཔའ་རྡོ་རྗེ། གྲུབ་མཐའ་ལུང་རིགས་སྙེ་མ། ཤོག་ངོས་ ༡༢༧ ཡིག་ཕྲེང་། ༡༠ པར་གསལ།
- མཁན་ཆེན་ཞི་བ་འཚོ། ཚད་མ་དེ་ཁོ་ན་ཉིད། ཤོག་ངོས་ ༡༦༣ ཡིག་ཕྲེང་ ༤ པར་གསལ།
- སློབ་དཔོན་ཀ་མ་ལ་ཤཱི་ལ། ཚད་མ་དེ་ཁོ་ན་ཉིད་ཀྱི་དཀའ་འགྲེལ། ཤོག་ངོས་ ༡༦༣ ཡིག་ཕྲེང་ ༡༡ པར་གསལ།
- སློབ་དཔོན་ལེགས་ལྡན་འབྱེད། དབུ་མ་སྙིང་པོའི་རྩ་འགྲེལ། ཤོག་ངོས་ ༤༨༣ ཡིག་ཕྲེང་ ༩ པར་གསལ།
- སློབ་དཔོན་ལེགས་ལྡན་འབྱེད། དབུ་མ་སྙིང་པོའི་རྩ་འགྲེལ། ཤོག་ངོས་ ༤༨༣ ཡིག་ཕྲེང་ ༡༡ པར་གསལ།
- སློབ་དཔོན་ཀ་མ་ལ་ཤཱི་ལ། ཚད་མ་དེ་ཁོ་ན་ཉིད་ཀྱི་དཀའ་འགྲེལ། ཤོག་ངོས་ ༡༦༣ ཡིག་ཕྲེང་ ༡༨ པར་གསལ།
- དབུ་མ་བཞི་བརྒྱ་པའི་འགྲེལ་པ། སློབ་དཔོན་ཟླ་བ་གྲགས་པ། ཤོག་ངོས་ ༢༣༡ ཡིག་ཕྲེང་ ༧ པར་གསལ།
- སློབ་དཔོན་ཀ་མ་ལ་ཤཱི་ལ། ཚད་མ་དེ་ཁོ་ན་ཉིད་ཀྱི་དཀའ་འགྲེལ། ཤོག་ངོས་ ༡༦༤ ཡིག་ཕྲེང་ ༩ པར་གསལ།
