རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་ལ་དད་པ་ཚེ་རབས་ཀུན་ཏུ་སྐྱོང་བའི་སྨོན་ཚིག

1

མཁན་པོ་ཚེ་དགའ་དབང་རྒྱལ། རྣམ་གྲོལ་གླིང་།

སྣང་བ་མཐའ་ཡས་ཐུགས་ཀྱི་བྱིན་རླབས་མི་མཇེད་འཇིག་རྟེན་གྲོང་ལ་བྱོན།།
ཐུགས་རྗེ་ཆེན་པོའི་གསུང་གི་བྱིན་རླབས་སྙིགས་དུས་འགྲོ་བ་གྲངས་མེད་འདྲེན།།
སྲིད་ཞི་གཉིས་ལ་གཤེགས་བཞུད་མེད་པ་ཕྲིན་ལས་ནམ་མཁའི་མཐའ་མཉམ་པ།།
བདག་གི་ལྷ་མཆོག་གུ་རུ་པདྨ་ཚེ་རབས་འབྲལ་མེད་རྗེས་གཟུང་ཤོག།།

རྒྱ་གར་པཎ་ཆེན་བི་མ་ལ་དང་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་རྗེ།།
དེ་ཡི་ལྷ་སྲས་སད་ན་ལེགས་དང་རིག་འཛིན་ཆོས་རྗེ་གླིང་པ་སོགས།།
རྣམ་སྤྲུལ་དུ་མ་གཅིག་ཏུ་བསྡུས་ཏེ་འགྲོ་བ་འདྲེན་པའི་དཔལ་གྱུར་པ།།
རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་ཚེ་རབས་ཀུན་ཏུ་རྗེས་བསྙེག་ཤོག།།

རབ་བྱུང་བཅུ་གཉིས་ས་བྱ་ལོ་ལ་ལྷོ་ཁ་འཕྱོངས་རྒྱས་2ཉེ་འདབས་སུ།།
ཡབ་རྗེ་སྨོན་ལམ་བཟང་པོ་3མཆོག་དང་མདོ་སྲིབ་4སྟེང་པའི་མ་ཡུམ་ལས།།
རིགས་སྲས་གཟུགས་སྐུ་གསར་དུ་བཞད་ནས་ལས་དང་སྨོན་ལམ་བོད་ལ་གཏམས།།
རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་ཚེ་རབས་ཀུན་ཏུ་རྗེས་བསྙེག་ཤོག།།

ལོ་ཉུང་བྱིས་པའི་རྩེད་འཇོར་རོལ་དུས་ཆོས་རྗེ་གླིང་པའི་5སྔོན་རབས་དྲན།།
བགྲང་བྱའི་ཐེམ་སྐས་དྲུག་ལ་རྒལ་དུས་དཔལ་རི་གླིང་དུ་ཆོས་སྒོར་ཞུགས།།
སྤྲུལ་སྐུ་ངག་དབང་བློ་བཟང་དྲུང་དུ་སྐྲ་ལོ་ནག་པོའི་གཙུག་ཕུད་ཕུལ།།
རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་ཚེ་རབས་ཀུན་ཏུ་རྗེས་བསྙེག་ཤོག།།

མཚོ་རྒྱལ་སྤྲུལ་སྐུས་6ཐུགས་བརྩེ་ཆེན་པོས་པདྨ་མཁྱེན་བརྩེའི་འོད་ཟེར་གསོལ།།
ངག་དབང་ཀུན་དགའ་ལེགས་པའི་དྲུང་ནས་ངུར་སྨྲིག་གོས་ཀྱིས་མཛེས་པར་བྱས།།
གནས་བརྟན་ཀུན་བཟང་འོད་ཟེར་མཆོག་གིས་བླ་མ་དགོངས་འདུས་དབང་ལུང་བསྩལ།།
རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་ཚེ་རབས་ཀུན་ཏུ་རྗེས་བསྙེག་ཤོག།།

ཁྱད་པར་དགུང་ལོ་བཅུ་གསུམ་ཐོག་ལ་རིག་འཛིན་ཐུགས་མཆོག་རྡོ་རྗེ་7མཇལ།།
ཕྱག་ཆེན་ཡེ་ཤེས་མཐོང་གྲོལ་གསན་པས་ནང་རྒྱུད་རྟོགས་པ་སྨིན་པར་གྱུར།།
མ་བརྩོན་སེམས་ཉིད་འོད་གསལ་ཀློང་ལ་ཆོས་སྐུའི་རོལ་པ་འབྱམས་སུ་བཀླས།།
རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་ཚེ་རབས་ཀུན་ཏུ་རྗེས་བསྙེག་ཤོག།།

གཞན་ཡང་མཁས་གྲུབ་དུ་མའི་8མདུན་ནས་སྔ་འགྱུར་བཀའ་གཏེར་ཡོངས་རྫོགས་དང་།།
གསར་མའི་སྨིན་གྲོལ་ཅི་རིགས་གསན་ཞིང་ཞར་བྱུང་སྐར་རྩིས་ཐ་སྙད་སོགས།།
ཕྱི་རབས་གདུལ་བྱའི་མིག་དཔེའི་ཆེད་དུ་གསར་རྙིང་གཞུང་ལུགས་ཕལ་ཆེར་བསླབས།།
རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་ཚེ་རབས་ཀུན་ཏུ་རྗེས་བསྙེག་ཤོག།།

དགུང་ལོ་ཉེར་བརྒྱད་མེ་གླང་ལོ་ལ་རང་དགོན་དཔལ་རིའི་སྒོམ་ཁང་དུ།།
གཏེར་ཆེན་ཤེས་རབ་འོད་ཟེར་མཆོག་གི་རིང་ཉེ་བརྒྱུད་པའི་ཟབ་གཏེར་དག།།
བསྐྱེད་རྫོགས་ཁོ་ན་ཐུགས་ཉམས་བཞེས་པས་དྲོད་རྟགས་ཁྱད་པར་རྒྱུད་ལ་སྐྱེས།།
རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་ཚེ་རབས་ཀུན་ཏུ་རྗེས་བསྙེག་ཤོག།།

ཨོ་རྒྱན་པདྨའི་སྒྲུབ་གནས་ཁྱད་པར་བསམ་ཡས་མཆིམས་ཕུའི་དབེན་ཁྲོད་དུ།།
འོད་གསལ་རྫོགས་ཆེན་སྙིང་གི་ཐིག་ལེའི་བཅད་རྒྱ་དམ་པོ་ལོ་གསུམ་བཞུགས།།
ཀུན་མཁྱེན་ཆེན་པོ་ལན་གསུམ་ཞལ་གཟིགས་དགོངས་རྒྱུད་རྟོགས་པ་རྗེན་པར་འཕོས།།
རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་ཚེ་རབས་ཀུན་ཏུ་རྗེས་བསྙེག་ཤོག།།

རྫོགས་ཆེན་ཀ་དག་དགོངས་པའི་ངང་ནས་མཚོ་སྐྱེས་རྡོ་རྗེའི་ཐུགས་དམ་བསྐུལ།།
ཨོ་རྒྱན་ཡབ་ཡུམ་དཀྱིལ་འཁོར་མཇལ་ཤིང་རིག་འཛིན་འདུས་པའི་དགོངས་གཏེར་བབས།།
བླ་མ་དགོངས་འདུས་བསྙེན་སྒྲུབ་སྐབས་སུ་དབུ་ནས་རྟ་སྐད་ངང་གདངས་འཚེར།།
རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་ཚེ་རབས་ཀུན་ཏུ་རྗེས་བསྙེག་ཤོག།།

མགྲིན་པ་ལོངས་སྤྱོད་རྩ་ཁམས་གྲོལ་ནས་ཟད་མེད་ཡི་གེ་སྤྲིན་དུ་དེངས།།
མ་དག་མཚན་མ་དབྱིངས་སུ་དག་ནས་སྣང་སྲིད་དཔེ་ཆའི་ཀློང་དུ་ཤར།།
འགགས་མེད་རྡོ་རྗེའི་གསུང་གི་ཐོལ་གླུ་ལས་ཅན་བུ་ལ་ཤར་ཤར་བརྡལ།།
རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་ཚེ་རབས་ཀུན་ཏུ་རྗེས་བསྙེག་ཤོག།།

རིག་འཛིན་སློབ་དཔོན་མཉྫུ་མི་ཏྲས་དངོས་སུ་བྱིན་གྱིས་བརླབས་པའི་མཐུས།།
དཔེ་ཡི་ཡེ་ཤེས་ཐུགས་ཉམས་བསྟར་བས་ཧེ་རུ་ཀ་ཡི་བརྟུལ་བཞུགས་བསྐྱངས།།
ཆོས་སྐུ་ཡེ་ཤེས་མཁའ་འགྲོ་ཆེན་མོས་འོད་གསལ་སྙིང་གི་བསྟན་པ་གཏད།།
རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་ཚེ་རབས་ཀུན་ཏུ་རྗེས་བསྙེག་ཤོག།།

དཔལ་གྱི་ཚེ་རིང་དབེན་པའི་ལྗོངས་སུ་རི་ཁྲོད་9རྟེན་དང་བརྟེན་པ་བཞེངས།།
ཆོས་བརྒྱད་བདུད་མོ་ཧྲིལ་གྱིས་དོར་ནས་ཀུན་སྤངས་བྱ་བྲལ་ངང་ལ་བཞུགས།།
གངས་ཅན་མཐའ་དབུས་ཕྱོགས་བཞི་ཀུན་ནས་ལས་ཅན་སློབ་མ་10སྤྲིན་བཞིན་འདུས།།
རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་ཚེ་རབས་ཀུན་ཏུ་རྗེས་བསྙེག་ཤོག།།

སྐུ་ཡི་མཛད་པ་བསམ་གྱིས་མི་ཁྱབ་བཤད་སྒྲུབ་གཉིས་ཀྱི་ཀ་ཆེན་བཙུགས།།
གསུང་གི་མཛད་པ་བསམ་གྱིས་མི་ཁྱབ་བཀའ་གཏེར་གཉིས་ཀྱི་ཁང་བཟང་བཞེངས།།
ཐུགས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་མཁས་གྲུབ་བུ་སློབ་སྐར་ལྟར་བཀྲམ།།
རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་ཚེ་རབས་ཀུན་ཏུ་རྗེས་བསྙེག་ཤོག།།

འགྱུར་མེད་ཁྱེད་ཀྱི་སྐུ་ཡི་མཛད་པ་བདག་གི་ལུས་ལ་འཕོ་བར་ཤོག།།
འགགས་མེད་ཁྱེད་ཀྱི་གསུང་གི་མཛད་པ་བདག་གི་ངག་ལ་འབབ་པར་ཤོག།།
སྒྲིབ་མེད་ཁྱེད་ཀྱི་ཐུགས་ཀྱི་མཛད་པ་བདག་གི་ཡིད་ལ་སྨིན་པར་ཤོག།།
རིག་འཛིན་ཆེན་པོ་ཁྱེད་ཀྱི་མཛད་པ་ཚེ་རབས་ཀུན་ཏུ་བསྐྱང་ནུས་ཤོག།།

              འཕྲོས་དོན། དུས་རབས་བཅོ་བརྒྱད་ནང་དུ་བྱུང་བའི་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་ནི། སྤྱིར་སྔ་འགྱུར་རྙིང་མ་དང་། བྱེ་བྲག་ཏུ་གསང་སྔགས་རྡོ་རྗེ་ཐེག་པ། ཡང་སྒོས་སུ་འོད་གསལ་སྙིང་ཐིག་གི་བསྟན་པ་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་བླ་མ་ཞིག་ཡིན། ཁོང་བསམ་ཡས་མཆིམས་ཕུའི་དབེན་གནས་སུ་འོད་གསལ་རྫོགས་ཆེན་གྱི་ཐུགས་དམ་ལ་བཞུགས་པའི་སྐབས་སུ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་ཡེ་ཤེས་སྐུ་ཡི་ཞལ་མངོན་སུམ་དུ་བསྟན་ནས་ཟབ་གསང་སྙིང་ཐིག་གི་གདམས་པ་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་གཏད། དེ་ནས་བཟུང་སྣང་བ་ཐམས་ཅད་དཔེ་ཆར་ཤར་ནས་རྡོ་རྗེའི་གསུང་རྩོམ་པོད་དགུ་ཙམ་བསྟན་འགྲོའི་དོན་ལ་བཞག་ཅིང་། དེ་ལས་ཡོན་ཏན་མཛོད་རྩ་འགྲེལ་ནང་མདོ་ཡི་སྐྱབས་འགྲོ་སེམས་བསྐྱེད་ནས་སྔགས་ཀྱི་གཞི་ལམ་འབྲས་གསུམ་གྱི་དགོངས་འགྲེལ་མ་ལུས་པ་བསྟན་པ་དང་། དེ་བཞིན་རྙིང་མའི་རྒྱུད་འབུམ་གྱི་དཀར་ཆག་དང་། གཏམ་ཚོགས་ཐེག་པའི་རྒྱ་མཚོ། དགོངས་གཏེར་རྩ་གསུམ་སྒྲུབ་ཐབས། བསྐང་གསོ་སོགས་ལེགས་བཤད་བྱིན་ཆེན་རྨད་དུ་བྱུང་བ་ཤ་སྟག་དང་། ཁྱད་པར་དུ་ཁྲིད་ཡིག་ཡེ་ཤེས་བླ་མ་ནི་སྙིང་ཐིག་མ་བུ་བཞིའི་ཉིང་བཅུད་གཅིག་ཏུ་བསྡུས་ནས་གདོད་མའི་མགོན་པོའི་རང་ཞལ་རྗེན་པ་ངོ་སྤྲོད་པའི་མན་ངག་ཚིག་ཉུང་ལ་དོན་ཟབ་པ། གོ་བདེ་བ། བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེས་ཆེ་བ་ཞིག་ཡིན། ཁོང་གིས་སྐུ་ཚེ་ཧྲིལ་པོར་ཐུགས་དམ་ཉམས་བཞེས་ལ་བཞོལ་ཅིང་། ལས་ཅན་གྱི་སློབ་མ་རྣམས་མཁས་པ་པནྜི་ཏ་དང་། ཟབ་པ་ཀུ་ས་ལའི་ལུགས་ཀྱི་བཀའ་ཁྲིད་བསྩལ་ནས་བོད་ཡུལ་མདོ་དབུས་ཁམས་གསུམ་ནས་ལས་ཅན་གྱི་སློབ་མ་སྐར་ཚོགས་ལྟར་འདུས་ཏེ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་གྲངས་ལས་འདས་པ་བྱུང་། ཁོང་གི་སློབ་མ་ལ་ཡོངས་སུ་གྲགས་པ་ནི། ཁམས་པ་འཇིགས་མེད་རྣམ་བཞི་སྟེ། འཇིགས་མེད་ཕྲིན་ལས་འོད་ཟེར། དགེ་རྩེའི་བླ་མ་འཇིགས་མེད་ངོ་མཚར་རྒྱ་མཚོ། འབར་ཆུང་འཇིགས་མེད་གོ་ཆ། འཇིགས་མེད་རྒྱལ་བའི་མྱུ་གུ་བཅས་ཡིན། དེའི་ནང་ནས་འགྲོ་དོན་ཉི་ཟླ་ལྟར་རྒྱས་པ་ནི། རྡོ་གྲུབ་སྐུ་ཕྲེང་དང་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་དང་། འཇིགས་མེད་རྒྱལ་བའི་མྱུ་གུ་གཉིས་ཡིན་ཞིང་། ཁོང་རྣམ་པ་གཉིས་ཀྱིས་ཁམས་ཀྱི་ཡུལ་གྲུ་གང་སར་དད་དམ་ཅན་གྱི་སློབ་མ་ཚོ་ལ་ཟབ་གསང་སྙིང་ཐིག་གི་མན་ངག་ཟབ་མོ་བསྟན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པའི་ལས་ཅན་གྱི་བུ་སློབ་གྲངས་ནམ་མཁའི་སྐར་ཚོགས་ལྟར་བསྐྲུན། དེ་དག་ཐམས་ཅད་རིག་འཛིན་ཆེན་པོ་ཉིད་ཀྱི་ཐུགས་རྗེའི་བདག་རྐྱེན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་པ་ཁོང་གི་རྗེས་ཞུགས་ཡང་སློབ་རྣམས་ཀྱིས་ངེས་པར་དུ་ཤེས་དགོས། རབ་གནས་ཤིང་ཕོ་འབྲུག་གི་ཟླ་བ་ ༠༦ པའི་སྔ་མ་ཚེས་ ༡༠ གུ་རུ་རིན་པོ་ཆེ་སྐུ་བལྟམས་པའི་དུས་ཆེན་ཉིན་འགོ་བརྩམས་ཤིང་ཚེས་ ༡༥ ལ་མཇུག་རྫོགས་པའོ།།


  1. འཇིགས་མེད་གླིང་པའི་རང་རྣམ་དང་། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཛད་པའི་འཇིགས་མེད་གླིང་པའི་རྣམ་ཐར་གཉིས་ལ་གཞི་བཅོལ་ནས་བྲིས་པའོ།།
  2. རབ་བྱུང་བཅུ་གཉིས་པའི་ས་བྱ། ཕྱི་ལོ་ ༡༧༢༩ ནང་ལ་ཡིན།
  3. ཆོས་རྗེ་འབྲུག་པའི་ཐུགས་སྲས་ཆེ་བ་དྲུག་གི་ནང་ཚན་ཞིག་ཡིན།
  4. རིགས་བརྒྱུད་མཐོན་པོ་ཞིག་ཡིན་པར་སྙམ།
  5. གཏེར་ཆེན་སངས་རྒྱས་བླ་མ་དང་ཆོས་རྗེ་གླིང་པའི་རིགས་སད་པར་གྲགས།
  6. སྤྲུལ་སྐུ་ངག་དབང་བློ་བཟང་གི་མཚན་གྱི་རྣམ་གྲངས།
  7. ཕྱག་རྒྱ་ཆེན་པོ་ཡེ་ཤེས་མཐོང་གྲོལ་གྱི་རྩ་དབང་དང་། བསམ་པ་ལྷུན་གྲུབ་མ་སོགས་སྨིན་བྱེད་དང་འབྲེལ་བའི་གྲོལ་བྱེད་ཀྱི་གདམས་པ་ཆིག་རྫོགས་སུ་བཏབ་ནས་བྱིན་གྱིས་བརླབས། ཞིང་དུ་གཤེགས་རྗེས་ཡེ་ཤེས་སྒྱུ་མའི་སྐུ་དང་མཇལ་ནས་སྨོན་ལམ་རྟེན་འབྲེལ་གྱི་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན་པར་རྗེ་ཉིད་ཀྱིས་གསུངས།
  8. གྲུབ་དབང་ཤྲཱི་ན་ཐ། བསྟན་འཛིན་ཡེ་ཤེས་ལྷུན་གྲུབ། མོན་རྫ་དཀར་བླ་མ་དར་རྒྱས་སོགས་ཀྱི་མདུན་ནས་རྗོགས་པ་ཆེན་པོ་རྒྱུད་བཅུ་བདུན་གྱི་ལུང་དང་། བཀའ་གཏེར་གྱི་དབང་ལུང་ཅི་རིགས་གསན།
  9.  དགུང་ལོ་སོ་བཞི་པ་རབ་བྱུང་བཅུ་གསུམ་པའི་ཆུ་རྟ་ཕྱི་ལོ་ ༡༧༦༢ ལོར་ཕྱག་བཏབ།
  10. རྡོ་གྲུབ་སྐུ་ཕྲེང་དང་པོ་འཇིགས་མེད་ཕྲིན་ལས་འོད་ཟེར། རྫ་ཕྲ་མ་བླ་མའམ་འཇིགས་མེད་རྒྱལ་བའི་མྱུ་གུ། མོན་བླ་འཇིགས་མེད་ཀུན་གྲོལ། དགེ་རྩེ་བླ་མ་འཇིགས་མེད་ངོ་མཚར་བསྟན་འཛིན། འབར་ཆུང་འཇིགས་མེད་གོ་ཆ། ས་སྐྱའི་བདག་ཆེན་ངག་དབང་དཔལ་ལྡན་ཆོས་སྐྱོང་སྐུ་མཆེད། དགའ་ལྡན་ཤར་བྱང་གི་མཁན་པོ་རྣམ་གཉིས། ཀཿཐོག་དགེ་རྩེ་པཎ་ཆེན། རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་ངེས་དོན་བསྟན་འཛིན་བཟང་པོ་སོགས་ཡོད།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།