ཕ་བླ་མ་དྲན་པའི་དད་ཕྱག

ལོ་རིམ་གསུམ་པའི་སློབ་གཉེར་བ། དོན་གྲུབ་བཀྲ་ཤིས།

ལུས་ཅན་ཡོངས་ལ་ཕྱོགས་རིས་མི་མངའ་ཞིང་།།
ཀུན་ལ་མཉམ་པར་གཟིགས་པའི་ཐུགས་རྗེ་ཅན།།
བསླབ་གསུམ་བརྟན་པོས་སྒོ་གསུམ་རབ་མཛེས་པའི།།
ལྷག་པའི་ལྷ་མཆོག་གྲུབ་དབང་ཆོས་རྗེར་འདུད།།

གངས་ལྗོངས་རྒྱལ་བསྟན་ནུབ་ལ་ཉེ་མཚམས་སུ།།
བསྟན་འགྲོའི་དོན་ཆེད་འཕགས་པའི་ཡུལ་དུ་ཕེབས།།
ལྷོ་ཕྱོགས་ཙན་དན་ཚལ་གྱི་ནགས་ལྗོངས་ནས།།
ཐུབ་བསྟན་དགུང་ལ་བསྒྲེངས་པ་ངོ་མཚར་ཆེ།།

རེ་དོན་བཅོལ་ན་དོན་ལྡན་འགྱུར་ངེས་ལ།།
བླང་དོར་ཞུས་ན་ལེགས་ཚོགས་དཔལ་ཡོན་སྦྱིན།།
སྐྱབས་སུ་འཛིན་ན་ངེས་ལེགས་འགོད་མཛད་པའི།།
བླ་མའི་བླ་མ་པདྨ་ནོར་བུ་ལགས།།

མཁྱེན་པའི་ཐུགས་མཛོད་ལྷ་ཡི་རྫིང་རིང་བཞིན།།
བཤད་སྒྲུབ་བསྟན་པས་འཛམ་གླིང་མཐའ་གྲུ་ཀུན།།
ཡོངས་སུ་ཁྱབ་ཅིང་བླང་དོར་གསལ་མཛད་པ།།
ནམ་མཁའི་ནོར་བུ་ཇི་བཞིན་ཡང་དག་མཚུངས།།

གང་སྐུ་གསེར་རི་ལྷུན་པོ་བཞིན་དུ་བརྗིད།།
གསུང་མཆོག་ལེགས་བཤད་བདུད་རྩི་བདེན་ཚིག་ཅན།།
ཐུགས་ཀྱི་བྱམས་བརྩེས་རིས་མེད་འགྲོ་ལ་གཟིགས།།
ཆོས་ཀྱི་རྒྱལ་པོ་གྲུབ་དབང་བླ་མ་མཁྱེན།།

བདག་ནི་འདི་ནས་སྐྱེ་བ་ཐམས་ཅད་དུ།།
ནམ་ཡང་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་འོག།།
མ་བཅོས་སེམས་ཀྱི་གཤིས་ལུགས་མངོན་གྱུར་ཏེ།།
མགོན་པོ་ཁྱེད་དང་ནམ་ཡང་འབྲལ་མེད་ཤོག།།
༢༠༢༤ / ༠༦ / ༡༠

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།