༸གྲུབ་དབང་བླ་མའི་མཛད་པ་དྲན་པའི་གཏམ།

ལོ་རིམ་དྲུག་པའི་སློབ་གཉེར་བ། འཇིགས་མེད་ཆོས་བཟང།

རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་རང་གཟུགས་ལྷ།།
གཅིག་འདུས་སྙིགས་མར་འགྲོ་བའི་དཔལ་ཤར་བ།།
མཚུངས་མེད་དྲིན་གྱི་བདག་པོ་གྲུབ་དབང་རྗེ།།
སྤྱི་བོ་བདེ་ཆེན་མཛེས་པའི་རྒྱན་དུ་བཞུགས།།

མགོན་ཁྱོད་གདོད་ནས་ཀུན་ཏུ་བཟང་པོའི་ཀློང་།།
ཁྱད་ཆོས་དྲུག་གིས་མངོན་པར་བྱང་ཆུབ་ཀྱང་།།
མ་དག་ཚུར་རོལ་འགྲོ་བའི་མགོན་པོ་རུ།།
ཐབས་མཁས་ངོ་མཚར་སྤྲུལ་པའི་ཟློས་གར་བསྒྱུར།།

རྒྱལ་བསྟན་གདུགས་དཀར་གསེར་གྱི་ཡུ་བ་ཅན།།
དུས་ངན་རླུང་གིས་བསྒྱེལ་བའི་ཁུག་སོ་འདིར།།
འགྱུར་མེད་དམ་བཅའི་དཔུང་གི་རྩལ་ངོམས་ནས།།
ཡང་དར་བསྟན་པའི་དབུ་འཕང་དགུང་ལ་བསྟོད།།

ཆེ་དགུའི་མིང་གིས་སྙེམ་པའི་དྲེགས་ལྡན་འབུམ།།
མཛད་རྗེས་རི་མོའི་མར་མེའི་རྗེས་སྙེག་དུས།།
བརྒྱ་ཕྲག་དཀའ་བས་རྒྱལ་བསྟན་སྲོག་བཟུང་བས།།
གྲགས་པ་དོན་ལྡན་བསྟན་འཛིན་ཁྱེད་ཉིད་ཙམ།།

དམར་སེར་ན་བཟའི་མདངས་ཀྱིས་ཨ་སྔོན་གནམ།།
ལི་ཁྲིའི་མདོག་ལ་བསྒྱུར་ཞེས་འུད་པོ་ཆེའི།།
བསྟོད་པ་དེ་འདྲ་བདག་གིས་མི་ཤེས་མོད།།
དུས་འདིར་མཛད་རྗེས་ཁྱེད་ལ་འགྲན་ནུས་དབེན།།

ལྷོ་ཕྱོགས་ནོར་འཛིན་ཡངས་པའི་ལྟོ་བ་རུ།།
རྒྱལ་བསྟན་བཤད་སྒྲུབ་རྩ་བ་བཙུགས་པའི་མཐུས།།
ཕན་བདེ་ལོ་འདབ་མེ་ཏོག་འབྲས་བུའི་ཚོགས།།
གངས་ཅན་རི་བོའི་ཕྱི་ནང་དོག་པོར་བྱས།།

ཐུན་མོང་བློ་སྦྱོང་སྔོན་འགྲོའི་རིམ་པ་ནས།།
ཐུན་མིན་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་བར།།
མས་འཛེགས་ཐེག་པ་སྐས་ཀྱི་གདང་བུ་བཞིན།།
ཉམས་སུ་ལེན་པའི་རིམ་པ་གཏན་འབེབས་མཛད།།

ཁྱད་པར་མཚོ་སྐྱེས་རྒྱལ་བའི་རིང་ལུགས་ཆེ།།
ཁྱད་ཆོས་དྲུག་གིས་བཏེགས་པའི་ངེས་གསང་སྙིང་།།
བརྒྱུད་གསུམ་དབང་གི་ཆུ་བོ་ཁ་འབབ་བཞི།།
ཤར་ནུབ་སྐལ་ལྡན་དུ་མའི་སྙིང་ལ་བསྐྱིལ།།

མདོ་སྔགས་ཡོངས་རྫོགས་ཚང་ལ་མ་ནོར་བ།།
སྙིང་པོའི་ཡང་སྙིང་གསང་ཆེན་སྔ་འགྱུར་བསྟན།།
འཛིན་སྐྱོང་སྤེལ་ལ་མཁན་སློབ་ཆོས་རྒྱལ་གསུམ།།
གཅིག་ཏུ་བསྡུས་པའི་རང་གཟུགས་ཁྱེད་ལས་སུ།།

བདག་ནི་འདི་ནས་ཚེ་རབས་ཕྲེང་བ་ཀུན།།
རྗེ་བཙུན་ཁྱེད་ཀྱི་སྐྱབས་སྦྱིན་ཕྱག་རྒྱའི་འོག།།
བདེ་དགའི་གྲིབ་བསིལ་དཔལ་ལ་ལོངས་སྤྱོད་ཅིང་།།
ཕན་བདེའི་ལེགས་ཚོགས་སྤེལ་བའི་མཐུ་ཐོབ་ཤོག།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།