སློབ་ཕྲུག་དང་ཁ་པར།

ལོ་རིམ་བརྒྱད་པའི་སློབ་གཉེར་བ། ཆོས་དབྱིངས་བླ་མ།

ཤེས་རིག་གི་དཔའ་རྩལ་རྒྱས་ས། ལེགས་བཤད་ནོར་བུའི་བང་མཛོད། བདེ་སྡུག་གི་ཚོར་རླབས་འཕྱོ་ས། ཀུན་ཀྱིས་བསྟོད་བསྔགས་བྱེད་ས། ང་ཡི་ཡིད་སྨོན་ཤོར་ས། པདྨའི་རང་མདངས་བརྒྱུད་ནས་ཀློག་པ་པོ་ཁྱེད་ཅག་ལ། ང་ཚོའི་གཅེས་ནོར་དབྱངས་གསལ་སོ་བཞིའི་ཚབ་བྱས་ནས་འཚམས་འདྲི་ཞུ་བ་དང་འབྲེལ། ལས་དང་པོ་བ་རྣམས་ལ་ཅུང་ཟད་ཕན་པའི་རེ་འདོད་རྣམས་ཚིག་གི་ལོ་མ་མང་པོས་མ་བརྒྱན་པར་དོན་གྱི་སྙིང་པོ་ལྟར་བརྗོད་དོན་གཙོ་བོ་རྣམས་བྲི་བར་སྤྲོའོ།།

དང་པོ། དཔེ་དེབ་ཉོ་རྒྱུ་ལ་འཚེར་སྣང་དང་ཁ་པར་ཉོ་རྒྱུ་ལ་སྤྲོ་སེམས།

སློབ་ཕྲུག་རང་ལ་ཉེ་བར་མཁོ་བའི་དཔེ་དེབ་དང་སྨྱུ་གུ་སོགས་ཉོ་རྒྱུ་ལ་ཧ་ཅང་འཚེར་སྣང་དང་སྒོར་མོ་ལ་ཕངས་སེམས་བྱེད་ཀྱི་རེད། མ་ཟད་ང་ཚོ་ལ་བཀའ་དྲིན་ཆེ་བའི་ཕྱག་དཔེ་བླུ་ཡོན་ཁང་གི་ལས་བྱེད་སོགས་མཚམས་རེ་ཤག་ནང་ལ་དཔེ་དེབ་འཚོང་དུ་ཡོང་དུས། ཚོང་དཔོན་སྒོ་ཐེམ་ནང་དུ་མ་སླེབས་གོང་ལག་པ་གཡུག་གཡུག་བྱས་ནས་མི་དགོས་མི་དགོས་ཟེར་བ་དང་། ད་དུང་རྣམ་འགྱུར་ཡང་ཡི་དམ་ཁྲོ་བོའི་སྐུར་བཞེངས་མཁན་སློབ་ཕྲུག་རེ་ཟུང་མེད་པ་ཡང་མ་རེད། ཧ་ཧ་ཧ། སྐུ་རྩེད་ཞུས་ཡིན། སློབ་ཕྲུག་ང་ཚོས་ཁ་པར་ཡར་རྒྱས་གཏོང་བ་ལ་ཕངས་སེམས་མེད་ཅིང་ཚོང་ཁང་ནང་ལ་ཉོ་མཁན་ཡང་འཚང་ཁ་ཤིག་ཤིག་མཐོང་རྒྱུ་ཡོད། འོན་ཀྱང་སྒོར་མོ་དེ་དག་གི་རྒྱབ་ལྗོངས་ལ་བསམས་ན་དཀའ་ཚེགས་དང་འབད་བརྩོན་ཇི་ཙམ་ལས་བྱུང་བ་བཤད་མི་དགོས། ནང་མི་སྦྱིན་བདག་རྣམས་ཀྱི་རེ་འདོད་གཙོ་བོ་ནི་ང་ཚོའི་ཀུན་སྤྱོད་དང་ཤེས་ཡོན་ཡར་རྒྱས་བྱུང་ན་བསམ་པ་དང་། ང་ཚོ་དེ་ལས་ལྡོག་ནས་ཁ་པར་འགྲན་སྡུར་བྱས་ཏེ་འདུག་པ་ཡིན་ན། ཨོ་རྒྱན་པདྨའི་བཀའ་ཐང་ལས།1བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ།

ཞེས་གསུངས་པ་བཞིན་དུ་ང་ཚོ་ཡང་དེ་ལྟར་མི་འགྱུར་རམ། ཁ་པར་གྱིས་རིན་ཆེན་དུས་ཚོད་རྣམས་ཆུད་ཟོས་སུ་གཏོང་བ་ཀུན་ཀྱིས་ཤེས་གསལ་ཡིན། དེ་ཡང་རང་ཉིད་དང་འབྲེལ་བའི་དཔེ་གཅིག་འདིར་བཀོད་ན། རེས་གཟའ་ཉི་མའི་ཞོགས་པ་ཞིག་ལ་གུས་པ་རང་ཉིད་སྒྲ་དབྱངས་གླིང་2གི་ཁང་ཐོག་ལྕགས་ཤོག་འོག་ཏུ་དུག་སློག་སྐམ་དུ་འགྲོ་སྐབས། སྔོན་འགྲོ་འཛིན་གྲྭའི་སློབ་ཕྲུག་གསར་པ་མི་རྫིག་པོ་ཞིག་གིས་ཐབ་ཚང་ནས་ཇ་དང་རྩམ་པ་གཉིས་ཁུར་ནས་ངའི་འཁྲིས་སུ་བསྡད་ཅིང་ཇ་དང་རྩམ་པ་གཉིས་ས་ལ་བཞག་སོང་། དེ་ནས་འབའ་ཁུག་ནས་ཁ་པར་ཡར་བཏོན་ཅིང་ལག་གཉིས་ཀྱིས་བཟུང་ནས་ཧ་ཅང་བྲེལ་ཚུབ་ཚུབ་ངང་རྩེད་མོར་གཡེངས། ངས་དེའི་གྲུ་ཟུར་ནས་ཡག་པོ་ལྟ་ཞིབ་བྱེད་དུས། ཕོར་པ་ནང་གི་རྩམ་པ་ཐོག་ལ་མར་རྡོག་རྡོག་ཆེན་པོ་ཞིག་ཀྱང་མིག་ལ་གསལ་ལེར་མཐོང་བྱུང་། དེ་དུས་ཁོ་བོའི་བསམ་བློར་ཆོས་གླིང་འདིའི་བཀའ་དྲིན་ལྷག་ཏུ་དྲན་བྱུང་། གང་ཡིན་ཞེ་ན་ཤེས་རིག་མ་ཟད་འཚོ་བའི་ཡོ་བྱད་སོགས་ལ་རིན་མེད་ངང་ཅི་བདེར་ལོངས་སུ་སྤྱོད་རྒྱུ་ཡོད་པ་ནི་ཧ་ཅང་སྐྱིད་པོ་རེད་དྲན་བྱུང་། དེ་ལྟར་ལྕམ་སྲིང་ཨ་ཅག་བདེ་ཆེན་3གྱི་ཞལ་རྒྱུན་ནི། རིན་པོ་ཆེ་ཁོང་རང་གིས་བཤད་གྲྭ་བ་རྣམས་ལ་དཔེ་ཤག་གནང་གི་ཡོད་ས་རེད་བ། ང་ཚོ་བོད་ལ་ཡིན་ན་ནི་དགོན་པ་ལ་ཕར་ཕུལ་ན་མ་གཏོགས་ཚུར་སྤྲོད་མཁན་ཡོད་མ་རེད་བ། སོགས་ནས། ད་གང་ལྟར་ང་རང་ནི་ཆོས་ཡག་པོ་ཞིག་བྱེད་ཀྱི་ཡིན། རྣམ་གྲོལ་གླིང་དགོན་པ་འདི་ལས་སྐྱིད་པ་ཞིག་ཕལ་ཆེར་ཡོད་ས་མི་འདུག ཅེས་གསུངས་པ་བཞིན་ནོ།།

དེ་ནས་རང་ཉིད་མར་བབས་ཤིང་ཞོགས་ཟས་ཟ་དུས། འཛིན་གྲོགས་ཁ་ཤས་དང་ལྷན་དུ་ཆོས་རྭའི་རྡོ་ལེབ་ཐོག་ལ། གུང་སེང་ཡིན་པས་ཕྱི་རྒྱལ་གྱི་དམག་འཁྲུག་སྐོར་ལ་ཇུས་གཏོགས་མེད་པའི་སྐད་ཆ་འདྲ་མིན་བཤད་ནས་ཆུ་ཚོད་དགུ་པ་བར་དུ་དེར་ལྷག། དེའི་རྗེས་སུ་ཤག་ལ་ཕྱིན་ཏེ་རང་ཉིད་ཀྱི་དགའ་ཕྱོགས་མཁས་པའི་ལེགས་བཤད་འགའ་བོད་ཡིག་ཏུ་བསྒྱུར་ཁུལ་བྱས། སླར་ཡང་དེ་སྔོན་ཁང་ཐོག་གི་དུག་སློག་སྐམ་སར་སོང་ཡིན། དེར་ང་ཧང་སང་བ་དང་ཁྱད་མཚར་བ་ཞིག་ལ། དེ་སྔོན་ཁ་པར་བརྩེས་ནས་བསྡད་ཡོད་པའི་སློབ་ཕྲུག་དེ་ད་དུང་ཁ་པར་དང་བྲལ་མེད་ཅིང་། ཇ་དང་རྩམ་པ་དེ་ཡང་མ་མཆོད་པར་རང་འཇགས་ལྷག་འདུག ཡིན་ན་ཡང་རྩམ་པ་ནང་གི་མར་རྡོག་རྡོག་ཆེན་པོ་དེ་བཞུར་ཚར་འདུག དེ་ནི་རྒྱ་གར་ཚ་བའི་དབང་གིས་ལོས་ཡིན། སྐུ་རྩེད་ཞུས་ཡིན། དེ་ལྟར་ག་ལ་ཡིན་ངས་ཁོང་ལ་སྐད་ཆ་འདྲི་དུས། ཁོང་གིས་གད་མོ་དགོད་བཞིན། “ཨ་ཏཱ་4མར་དེ་ནི་ཁྭ་ཏ་ཡིས་ཁྱེར་ཚར་སོང་ཟེར།” ཧ་ཧ་ཧ། སློབ་ཕྲུག་དེ་ཡང་ཧ་ཅང་སྣང་བ་སྐྱིད་པོ་ཞིག་འདུག

བར་སྐབས་ཀྱི་ཚིགས་བཅད་ངལ་གསོ་མ།

དངུལ་ཁུག་ནང་གི་གན་དྷི5ཕྱི་ལ་ཤོར།།
རྣམ་གཡེང་བསླུ་བྲིད་ཁ་པར་ནང་དུ་སླེབས།།
གཞན་ལ་བུ་ལོན་མང་པོ་དེ་ཡིན་སྲིད།།
ནང་མི་སུན་པོ་བཟོ་མཁན་དེ་རང་རེད།།

ཕ་མའི་ཕྱག་མཐིལ་ས་ཞིང་ནང་ལ་ཟད།།
བུ་ཕྲུག་ལག་ཏུ་ཁ་པར་རྫིག་པོ་ཁུར།།
རེ་བ་ཆེན་པོས་བུ་ཕྲུག་མི་ཡུལ་བཏང་།།
མི་ཡུལ་དགོན་དུ་སྐྱིད་ཉལ་མ་བྱེད་ཨང་།།

གཉིས་པ། ཕ་མའི་བཀའ་དྲིན་དྲན་ནས་དེ་ལྟ་བུའི་ཀུན་སྤྱོད་དོར་དགོས།

རྐང་གཉིས་མི་རུ་སྐྱེས་པའི་རྗེས་ལ་ཕ་མ་མེད་པ་ནི་སུ་ཞིག་ཀྱང་མེད་ལ། ཕ་མ་དེ་རྣམས་ནི་ཧ་ཅང་གི་བཀའ་དྲིན་ཆེ་བ་ཤ་སྟག་ཡིན། བདག་ཅག་གིི་སྟོན་པས་ཀྱང་ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་ཡིན་གསུངས་པ་དང་། དེ་ཡང་ཕ་མ་གཉིས་ལ་གཙོ་བོར་དཔེར་བཞག་ནས་རྒྱལ་བའི་གསུང་རབ་ཐོག་མཐའ་བར་གསུམ6་དུ་གསལ་པོར་གསུངས་ཡོད། དེ་དང་ཇོ་བོ་རྗེ་ལྷ་གཅིག་གི་ཞལ་ནས་ཀྱང་།7 ཐག་རིང་གི་མགྲོན་པོ། ཡུན་རིང་གི་ནད་པ། ཕ་མ་རྒས་འཁོགས་སོགས་ལ་བྱམས་པོར་བྱས་ན་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒོམ་པ་དང་འདྲ་བར་གསུངས། བཅོམ་ལྡན་འདས་ཀྱིས་ཀྱང་ཡུམ་གྱི་དྲིན་ལན་བསབ་ཕྱིར་དུ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་བྱོན་ནས་ཆོས་གསུངས། བུས་ཕྲག་པ་གཡས་གཡོན་གཉིས་སུ་ཕ་མ་གཉིས་ཁུར་ཏེ་ས་ཆེན་པོ་ལ་བསྐོར་བ་བྱེད་པ་ཙམ་གྱི་ཞབས་ཏོག་བསྒྲུབས་ཀྱང་ཕ་མའི་དྲིན་ལན་མི་འཁོར་ཞིང་ཕ་མ་ཆོས་ལ་བཙུད་ན་དྲིན་ལན་འཁོར་བར་གསུངས་པས་དུས་རྟག་ཏུ་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་ཕ་མའི་ཞབས་ཏོག་བསྒྲུབ། བློ་ཆོས་ལ་འགྱུར་བའི་ཐབས་ལ་འབད། ཅེས་དང་། གཞན་ཡང་ཨོ་རྒྱན་ཆེན་པོས།8རྒས་པ་ཡིད་མུག་མ་འཇུག་བཀུར་སྟིས་སྐྱོངས། །ཞེས་གསུངས་པ་བཞིན་ནོ།།

དེ་ཡང་སྒྲུང་ཞིག་གི་ལམ་ནས་ཞུས་ན། ལོ་སྔོན་མ་རང་ཉིད་གཅོང་བརྡ་རྡུང་མཁན་ནམ། ཆོས་གླིང་འདིར་ཡོངས་གྲགས་ལ་ཏིང་ཏིང་བླ་མ་ཞེས་འབོད་པའི་ལས་འགན་དེ་ང་རང་ལ་ཁེལ། ཏིང་ཏིང་དེའི་ཉེ་འགྲམ་ན་ལྕང་སྡོང་མཚར་སྡུག་ལྡན་པ་ཞིག་གི་སྟེང་ལ་ཁྭ་ཏ་ཕོ་མོ་གཉིས་རྒྱུན་དུ་ཡོང་ཞིང་ཕན་ཚུན་བར་མ་བཅོས་པའི་བརྩེ་དགའ་ལ་རོལ་ཞིང། ཉིན་གཅིག་དེ་གཉིས་ཧ་ཅང་བྲེལ་འཚུབ་ངང་བྱ་ཚང་བཟོ་བཞིན་འདུག། དེ་གཉིས་ཀྱིས་འབད་འབུངས་ཆེན་པོས་མཆུ་ཏོ་ནང་ལ་རྩྭ་རྐང་རེ་རེ་བྱས་ཏེ་ཚང་བཟོས། ཐེངས་ཤིག་ནི་ཁྭ་ཏ་མོ་ཡིས་ལྕགས་སྐུད་རིང་པོ་ཞིག་ཁ་ནང་ལ་ཁྱེར་ནས་སླེབས་སོང་། དེེ་ཡལ་ག་ཞིག་ལ་ཐོགས་དུས་གཅིག་གིས་ཡར་འཐེན། གཅིག་གིས་འོག་ནས་འཕུལ་འཕུལ་འདྲ་བྱས་ནས་མཐར་ཚང་དེ་ལེགས་གྲུབ་བྱུང་། དེ་ནས་བཟུང་ཁྭ་ཏ་མོ་དེ་ནད་པ་ཉལ་སར་ལྷག་པ་བཞིན་དུ་མང་ཆེ་བ་དེར་གབ་ནས་བསྡད་པ་དང་། ཕོ་ཡིས་ཟས་རྣམས་ཁྱེར་ནས་མོ་ལ་བྱམས་པས་སྐྱོང་བཞིན་ཡོད། དེེ་ལྟར་ཉིན་ཤས་རྗེས་ལ་དེར་སྒོ་ང་ཁ་ཤས་བཏང་འདུག། དེ་གཉིས་ཀྱིས་རྒྱུན་ཆད་མེད་པར་རིམ་བཞིན་ཆཪ་རླུང་སོགས་གང་ལ་ཡང་འཛེམ་བག་མེད་པར་ལྟ་སྐྱོང་འོག་ཕྱིས་སུ་བྱིའུ་ཡང་བཙས་སོང།     

སྐྱོ་གདུང་གི་ཉི་མ་གཅིག

སེམས་སྐྱོ་བའི་ཉིན་མོ་ནི་ཐུན་མཚམས་ཤིག་ལ་དང་པོ་འབྲུག་སྐད་གྲགས་པ་དང་གློག་འོད་འཁྱུག། དེ་ནས་གློ་བུར་དུ་ཆར་བ་ཤུགས་ཆེར་བབས་ནས་ཁྭ་ཏ་གཉིས་ཀྱི་གཟུགས་པོ་ཡོང་རྫོགས་སྦངས་ཏེ་ཧ་ཅང་སྙིང་རྗེ་བའི་གནས་སུ་གྱུར།  ད་དུང་དེའི་ཐོག་ལ་རླུང་འཚུབ་དྲག་པོ་ལངས་ཤིང་ཤིང་སྡོང་ཡང་ཆག་ལ་ཁད་བྱས་ཀྱང་། ཁྭ་ཏ་གཉིས་ནི་བྱིའུ་རྣམས་ལ་སྲུང་སྐྱོབ་ཆེད་དེ་ལས་འཕུར་ཙམ་ཡང་མ་བྱས། དེའི་ཉིན་རྗེས་མར་ཁྭ་ཏ་དང་བྱིའུ་རྣམས་ཀྱང་མཐོང་རྒྱུ་མེད་ཅིང་ངའི་བསམ་བློར་ཁ་སང་གི་ཆར་རླུང་དྲག་པོའི་དབང་གིས་རེད་བསམས་སོང་། ཡིན་ན་ཡང་སྟབས་ལེགས་པ་ཞིག་ལ་དེ་གཉིས་ཐག་རིང་དུ་མ་སོང་བར། བཤད་གྲྭའི་ལྷ་ཁང་ཆུང་བའི་གཡོན་ཕྱོགས་ཀྱི་ཤིང་སྡོང་གི་རྩེ་མོར་གནས་སྤོས་ཚར་འདུག། ཁྭ་ཏ་གཅིག་གི་མགོ་ལ་སྤུ་མང་ཙམ་བུད་ཡོད་པ་དང་། ངས་རྒྱུན་དུ་དེ་གཉིས་ལ་ཟས་ལྷག་འདྲ་སྤྲད་པ་ལ་བརྟེན་ཁྭ་ཏ་གཉིས་ཀྱིས་ཀྱང་ཕལ་ཆེར་ང་ངོ་ཤེས་པ་ལྟ་བུ་བྱེད་ཀྱི་འདུག བར་སེང་དུས་གཅིག་ང་རང་ཁྭ་ཏ་གཉིས་ཡོད་སའི་ཤིང་སྡོང་དེའི་ཉེ་འགྲམ་ལ་བསྡད་ཡོད།   ཁྭ་ཏ་གཅིག་གིས་མཆུ་ཏོ་ནང་ལ་འབུ་སྲིན་ཁ་ཤས་ཁྱེར་ནས་བྱིའུ་གཅིག་ལ་སྤྲད། དེ་བཞིན་དུ་གཉིས་པ་གསུམ་པ་རྣམས་ལ་རིམ་བཞིན་མ་ཆད་མ་ལྷག་པར་ཀུན་ལ་འདྲ་མཉམ་དང། དེ་ལྟར་ལན་མང་བྱས་ནས་ཐར་ཨ་མ་རང་ཉིད་ཀྱིས་བྱིའུ་རྣམས་ཀྱི་བྱ་སྐྱག་ཆུང་ཆུང་རྣམས་བཟས་སོང་། དེའི་སྐབས་ལ་དྲིན་ཅན་ཕ་མ་གཉིས་དང་ཀུན་བཟང་བླ་མའི་ཞལ་ལུང་ནང་གི་གསུང་འདི་ཡིད་ལ་ལྷང་ངེར་དྲན་བྱུང་།

དེ་ཡང་ཀུན་བཟང་བླ་མའི་ཞལ་ལུང་ལས།9 དེས་ན་བྱམས་པ་ཚད་མེད་པ་བྱ་མས་བྱེའུ་གསོ་བ་ལྟ་བུ་ཞེས་བྱ་སྟེ། བྱ་མས་བྱེའུ་གསོ་བའི་ཚེ། དང་པོ་ཚང་འཇམ་ཞིང་བདེ་བར་བཅས་དེ་ནས་ཀྱང་གཤོག་པས་བཀབ། དྲོད་ལ་བཅར། སྤྱོད་ལམ་ཐམས་ཅད་འཇམ་པོའི་སྒོ་ནས་བྱེའུ་དེ་འཕུར་མ་སོང་གི་བར་དུ་སྐྱོང་བ་དང་འདྲའོ། །ཞེས་གསུངས་སོ། །དེ་ལྟར་བྱིའུ་རྣམས་ཀྱི་ཕ་མས་ཀྱང་བུ་ཕྲུག་ལ་བཅོས་མིན་གྱི་བྱམས་བརྩེ་བཀའ་དྲིན་ཆེ་ན། ང་ཚོའི་ཕ་མ་རྣམས་ནི་སྨྲ་མི་དགོས་པ་རེད་བསམས་པ་དང་། གཞན་ཡང་གསུང་རབ་ནང་སེམས་ཅན་ཀུན་ཀྱི་རྒྱུད་ལ་བདེ་གཤེགས་སྙིང་པོ་ཡོད་གསུངས་བ་ལ་རང་ཉིད་ཀྱིས་ཡིད་ཆེས་ལྷག་ཏུ་སྐྱེས།  དེ་ཡང་རྒྱུད་བླ་མ་ལས།10རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་།  །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་པ་དང་གཞན་ཡང་། མདོ་ལས་བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །ཅེས་སོགས་གསུངས་པ་བཞིན་ནོ།།

ཕ་མ་གཉིས་ནི་ང་ཚོའི་ཐོག་མའི་དགེ་རྒན་ཡང་རེད།

དེ་ཡང་སློབ་ཕྲུག་ཆུང་ཆུང་ཞིག་གིས་༸གོང་ས་སྐྱབས་མགོན་མཆོག་ལ་དྲི་བ་འདི་འདྲ་ཞིག་དྲིས་སོང་། “གོང་ས་མཆོག་ཁྱེད་རང་གི་མི་ཚེ་འདིའི་ནང་གི་གྲོགས་པོ་ཡག་ཤོས་དེ་སུ་ཡིན་དགོངས་ཀྱི་ཡོད།” དེའི་ལན་དུ། “ང་ལ་གྲོགས་པོ་ཡག་པོ་ཧ་ཅང་མང་པོ་ཡོད། བྱས་ཙང་གྲོགས་པོ་ཡག་ཤོས་དེ་སུ་ཡིན་ལབ་རྒྱུ་ལ་ཧ་ཅང་ཁག་པོ་འདུག ཡིན་ན་ཡང་མི་གཅིག་ཡོད་རེད། དེ་ནི་ང་རང་དང་ཧ་ཅང་སེམས་ཐག་ཉེ་བའི་ཨ་མ་ཁོང་རེད། ངས་རྒྱུན་དུ་ཤོད་ཀྱི་ཡོད། ངའི་བྱམས་བརྩེའི་དགེ་རྒན་ཐོག་མ་ནི་ཨ་མ་ཁོང་རེད། ཁོང་གི་ངོ་གདོང་ལ་ནམ་ཡང་ཁོང་ཁྲོ་ལང་བ་མཐོང་རྒྱུ་མེད། དཔེ་ཡག་པོ་ཡོད། ཨ་མ་ཁོང་གཞི་འཇམ་པོ་དང་ལྷན་དུ་གནས་དུས་ཧ་ཅང་སྐྱིད་པོ་ཡོད། ཡིན་ན་ཡང་པ་ལགས་ཁོང་ཨ་མ་འདྲ་བོ་ཡོད་མ་རེད། ཧ་ཧ་ཧ། བདག་ལ་ཁོང་གི་ཕྱག་ནས་ཉེས་རྡུང་ཕྱག་དབང་ཐེངས་མང་པོ་རག་མྱོང་ཡོད་རེད། ཧ་ཧ་ཧ།”11 ཞེས་གསུངས་ནས་ལན་སྐྱོན་གནང་སོང་།

བདག་ཅག་གིས་སྟོན་པས་ཀྱང་། “ཆུང་བྱིས་པའི་སྐབས་ཕ་མ་གཉིས་ང་ཚོ་ལ་ཇི་ཙམ་གྱི་ཉེ་བར་མཁོ་ཡོད་པ་བཞིན། ཕ་མ་ལོ་ན་རྒས་དུས་དེ་ཙམ་གྱི་བུ་ཕྲུག་ཀྱང་དགོས་མཁོ་ཡོད་པ་ང་ཚོས་ཤེས་པར་བྱ་བ་གལ་ཆེའོ། །”12ཞེས་གསུངས། དེས་ན་རྒྱུན་དུ་ཁ་པར་སོགས་ལ་རྣམ་གཡེང་བྱས་ནས་མི་འདུག་པར། རང་གཞན་ཕ་མའི་དོན་དུ་ཅི་ནས་ཀྱང་སློབ་སྦྱོང་ལ་འབད་བརྩོན་བྱ་དགོས། མ་ཟད་མཁན་སློབ་དགེ་སྐོས་རྣམས་ཀྱིས་རྒྱུན་དུ་སྐུལ་མ་བྱེད་མི་དགོས་པར། རང་ཉིད་ལ་མིའི་མཚན་ཉིད་ལྡན་པ་ཞིག་བཟོ་རྒྱུ་ནི་ངའི་བསམ་ཚུལ་ཙམ་ཡིན་ནོ།།

དེ་ཡང་ས་པཎ་གྱི་ཞལ་ནས།13སྨྲས་ཤིང་བསྐུལ་བར་གྱུར་བ་ན། །དུད་འགྲོ་ལ་ཡང་གོ་བ་སྐྱེ། །མ་སྐུལ་གཞན་གྱིས་མ་སྨྲས་པར། །བསམ་པས་ཤེས་ན་མཁས་པ་ཡིན། །ཞེས་གསུངས་པ་བཞིན་ནོ།།

སླར་སྨྲས་པ།

སངས་རྒྱས་ས་ལ་སེམས་བསྐྱེད་ཡོད་མེད་དང་།།
ཉན་རང་བདག་མེད་རྟོགས་དང་མ་རྟོགས་ལ།།
ལུང་དང་རིགས་པའི་གཤོག་རྩལ་རྒྱས་ན་ཡང་།།
བྱམས་ལྡན་ཕ་མའི་བཀའ་དྲིན་མ་རྗེད་ཨང་།།

རྙེད་པར་དཀའ་བའི་མི་ལུས་བཟང་པོ་ཐོབ།།
མཇལ་བར་དཀའ་བ་དམ་པའི་ཆོས་དང་མཇལ།།
དེ་འདྲའི་སྐལ་བཟང་ཡང་ཡང་མི་ཐོབ་པས།།
ཕ་མའི་དོན་དུ་འབད་བརྩོན་ཅི་ནས་དགོས།།

ཕ་མ་བྱམས་ལྡན་ནད་མེད་ཚེ་རིང་ཤོག།།
ཕ་མ་འགྲོ་དྲུག་དམ་ཆོས་ཐོས་པར་ཤོག།།
ཕ་མའི་དྲིན་ལན་མྱུར་དུ་འཇལ་བར་ཤོག།།
ཕ་མའི་དོན་དུ་ཆོས་ལ་གཞོལ་བར་ཤོག།།

            དགེའོ།།

  1. སྔ་འགྱུར་ནམ་ཁྱུང་ཞལ་འདོན་ཕྱོགས་བསྒྲིགས། ཤོག་ངོས་ ༣༠༠ པར་གསལ།
  2. བཤད་གྲྭའི་ཆོས་གླིང་འདིར་གཙོ་བོ་གྲྭ་ཤག་གླིང་ལྔ་ཡོད་པའི་ནང་གསེས་ཤིག་གི་མིང་ཡིན།
  3. ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་སྲིང་མོ་ཡིན། རྣམ་གྲོལ་གླིང་གི་ངག་རྒྱུན་ལོ་རྒྱུས། ཤོག་ངོས་ ༡༦༥ པར་གསལ།
  4. ཨ་ཏཱ་ནི་ཅོ་ཅོ་ལ་གོ བྱ་ཁྭ་ཏ་ལ་ཆོས་གླིང་འདིར་ཡོངས་གྲགས་སུ་ཨབ་ལ་བརྗོད།
  5. རྒྱ་གར་གྱི་སྒོར་མོ་ལ་གོ དེའི་མདུན་ངོས་ལ་གན་དྷིའི་སྐུ་པར་ཡོད་པས་སོ།།
  6. ངའི་འདི་ཕྱི་སྐྱབས་མགོན་དྲིན་ཆེན་རྩ་བའི་བླ་མ་༸མཆོག་སྤྲུལ་པདྨ་རིག་རྩལ་རིན་པོ་ཆེའི་ཞལ་ནས་ཐོས།
  7. ཀུན་བཟང་བླ་མའི་ཞལ་ལུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༣ ལོའི་པར་མ། དེབ་ཕྲེང་ཇ་པ། ཤོག་ངོས་ ༣༢༡ པར་གསལ།
  8. ཀུན་བཟང་བླ་མའི་ཞལ་ལུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༣ ལོའི་པར་མ། དེབ་ཕྲེང་ཇ་པ། ཤོག་ངོས་ ༣༢༡ པར་གསལ།
  9. ཀུན་བཟང་བླ་མའི་ཞལ་ལུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༣ ལོའི་པར་མ། དེབ་ཕྲེང་ཇ་པ། ཤོག་ངོས ༣༢༣ པར་གསལ།
  10. སྔ་འགྱུར་རིག་མཛོད་རྩི་འཕྲུལ་སྡེ་མཚན་གྱི་ཕྱི་ལོ་ ༢༠༡༤ ལོའི་པར་མ། དེབ་གཟུགས། ཤོག་ངོས་ ༡༨ པར་གསལ།
  11. གསུངས་འདི་ནི་ངོ་དེབ་ཚང་དུ་ཨིན་སྐད་ལ་ཡོད་པ་དེ་ཕབ་སྟེ་བསྒྱུར།
  12. གསུང་འདི་ནི་ ( jatavnigeeta ) དྲ་ཚིགས་ནས་ཕབ་སྟེ་བསྒྱུར་བ་ཡིན།
  13. ས་སྐྱ་ལེགས་བཤད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས། ཤོག་ངོས་ ༩ པར་གསལ།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།