རང་སྲོག་རང་གཅེས་ཀྱི་སྐུལ་མ།

ལོ་རིམ་བདུན་པའི་སློབ་གཉེར་བ།  ཚེ་བརྟན་རྡོ་རྗེ།

ཨོ་རྒྱན་གུ་རུ་སྨན་གྱི་བླ་ལ་ཕྱག་འཚལ་ལོ།།

སྤྱིར་ཐོས་བསམ་སྒོམ་གསུམ་སོགས་ཆོས་ཕྱོགས་ཀྱི་བྱ་བ་དང་། དཔལ་འབྱོར་དང་ཆབ་སྲིད་སོགས་འཇིག་རྟེན་ཕྱོགས་ཀྱི་བྱ་བ་གང་བསྒྲུབ་ནའང་ནད་མེད་ལས་སུ་རུང་བའི་ལུས་རྟེན་ཞིག་ལ་རག་ལས་པ་དང་། ནད་མེེད་ལས་སུ་རུང་བའི་ལུས་རྟེན་ཞིག་ཡོང་བ་ལ་ལུས་འདི་འཚོ་བར་བྱེད་པ་ལ་རྒྱུན་དུ་མེད་དུ་མི་རུང་བའི་ཆ་རྐྱེན། ཟས་དང་བཏུང་བའི་རིགས་ལུས་ལ་འཕྲོད་པ་ཞིག་བསྟེན་པའམ་སྤྱོད་པ་ལ་རག་ལས་པས། ང་ཚོ་ཚང་མས་བཟའ་བཏུང་གི་རིགས་གང་བསྟེན་ནའང་རང་གི་གཟུགས་པོ་ལ་འཕྲོད་པའམ་སྨན་པ་ཞིག་བསྟེན་དགོས་པ་ནི་ཤིན་ཏུ་གལ་ཆེ

ཁྱད་པར་དུ་འུ་ཅག་གྲྭ་བཙུན་ཞིག་ལ་བསམས་ན། དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་ལུས་རྟེན་ཁྱད་པར་ཅན་འདི་ལས་རྩ་ཆེ་བ་གཞན་ཞིག་མེད་སྟབས། ཐུབ་ན་ལུས་རྟེན་འདིའི་སྒང་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཚེ་འདི་ལ་བགྲོད་ནུས་པ་དང་། དེ་མིན་ཚེ་འདི་ལ་མཁས་པ་ཞིག་བྱ། དགེ་རྒན་ཡག་པོ་ཞིག་བྱ། ཉམས་ལེན་སྤུས་དག་པོ་ཞིག་བྱ། ཕ་མ་ལ་ཞབས་ཞུ་ལེགས་པོ་ཞིག་བསྒྲུབ་བསམ་པ་སོགས། དམིགས་ཡུལ་དང་རེ་བ་གང་ཡོད་ཀྱང་། དང་པོ་རང་ཉིད་ཀྱི་ལུས་རྟེན་འདི་བདེ་པོ་དང་ཐང་པོ་ཞིག་མེད་ན། བསམས་པ་ཇི་བཞིན་དུ་སྒྲུབ་ནུས་པ་ཤིན་ཏུ་དཀའ་བས། ད་ལྟ་ནས་བཟའ་བཏུང་གི་རིགས་གང་ཞིག་ཡིན་ནའང་། རང་དོན་རང་གཅེས་ཀྱི་སྒོ་ནས་ལུས་ལ་འཕྲོད་པ་ཞིག་གང་ཐུབ་བསྟེན་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་བར་གདའ།

སྤྱིར་སེམས་ཅན་ཐམས་ཅད་སྡུག་བསྔལ་མི་འདོད་མཁན་རྐྱང་རྐྱང་ཡིན་པས། ནད་མེད་ཚེ་རིང་ཞིག་དང་། དེའི་སྒང་ད་རུང་བྱུང་ན་ཤི་ཡང་མ་དགོས་ན་སེམས་མཁན་ལས། མ་འོངས་པ་ན་གཅིན་སྙི་དང་། ཁྲག་ཤེད་དང་། འབྲས་ནད་སོགས་ན་ན། ཡང་ན། མགྱོགས་པོ་ཤི་ན་སེམས་མཁན་ཕལ་ཆེར་མེད་ནའང་། མི་ཤེས་པ་དང་གོམས་གཤིས་ངན་པའི་དབང་དུ་ཤོར་ནས། ནད་རིགས་སྣ་ཚོགས་པའི་རྒྱུ་དུག་ཅན་གྱི་ཟས་དང་བཏུང་བ་སྣ་ཚོགས་པ་ཞིག་ང་ཚོས་རྒྱུན་དུ་འཛེམ་བག་མེད་པར་ཡ་མེད་ངང་ལོངས་སྤྱོད་ཀྱིན་ཡོད་པ་རེད།

ལྷག་པར་དུ་འུ་ཅག་གྲྭ་བཙུན་གྱི་སྤྱི་ཚོགས་ནང་དུ་བཏུང་བའི་རིགས་འདྲ་མིན་སྣ་ཚོགས་མཆོད་རྒྱུར་དགའ་པོ་གནང་མཁན་དཔེ་མི་སྲིད་པའི་མང་པོ་མཐོང་ཞིང། མང་པོ་ཞིག་གི་དགའ་ཤོས་ནི་མོནསྚར་ (monster) དང་། པ་ཝར་ (power) དང་། རེཌ་བུལ་ (Redbull) ལ་སོགས་གནས་སྐབས་ནུས་ཤུགས་སྟེར་བའི་བཏུང་བ་ (energy drinks) འདི་དག་རེད་འདུག བཏུང་བ་དེ་དག་ནི་བརྙན་འཕྲིན་རྣམས་སུ་འཁྲབ་སྟོན་པ་སྐད་གྲགས་ཆེན་པོ་དེ་དག་གིས་ཁྱབ་བསྒྲགས་བྱས་པ་དང་། མཐོང་དུས་ཕྱི་ཤུན་ལེགས་པས་མཛེས་མདངས་ཅན། མྱོང་དུས་རོ་ཞིམ་ཅན། ཉོ་དུས་གོང་ཆེན་པོ་ཅན་ཤ་སྟག་རེད་འདུག་པས། ཕལ་ཆེར་གྱིས་ཡག་སྣང་འདྲ་ཤར་ནས་འཐུང་གི་ཡོད་ཚོད་འདུག་ཀྱང་། བཏུང་བ་འདིའི་རིགས་ཕལ་ཆེེར་ནི་མངར་རྫས་དང་། (sugar) ཀེ་ཕིན་དང་། (caffine) བཅོས་མའི་སྦྱར་ཚོན་དང་། (artificial colour) བཅོས་མའི་བྲོ་བ་ (artificial flavour) སོགས་ང་ཚོའི་གཟུགས་པོ་ལ་ཉེར་མཁོ་མེད་པའི་དུག་ཅན་གྱི་རྫས་ཤ་སྟག་ལས་བཟོས་པ་ཞིག་ཡིན་པས། དེ་དག་གིས་ང་ཚོའི་གཟུགས་པོ་ལ་ཕན་པ་ཅུང་ཟད་ཙམ་ཡང་མེད་པའི་སྒང་གནོད་པ་ཆེས་མང་སྟེ། དང་པོ་མངར་རྫས་ལ་ནང་གསེས་སུ། རང་བྱུང་གི་མངར་རྫས་སམ་ཟས་ལ་རང་ཆས་སུ་ཡོད་པའི་ལྷན་སྐྱེས་ཀྱི་མངར་རྫས་དང་། དེ་མ་ཡིན་པ་ཟས་ཀྱི་བྲོ་བ་སྤེལ་ཕྱིར་ཕྱིས་སུ་ཁ་སྣོན་བྱས་པའི་སྦྱར་བྱུང་གི་མངར་རྫས་ (added sugars) གཉིས་ཡོད་པ་ལས། རྒྱུན་དུ་ང་ཚོའི་ལུས་པོ་ལ་ཉེ་བར་མཁོ་བ་ནི། ང་ཚོས་ཉིན་རེ་བཞིན་ཟ་བཞིན་པའི་ཟས། འབྲས་དང་། ཚོད་མ། རྩམ་པ། སིལ་ཏོག  འོ་མ་སོགས་ལ་རང་ཆས་སུ་ཡོད་པའི་མངར་རྫས་ལས་རག་གི་ཡོད་པས། བཏུང་བ་སོགས་སུ་ཡོད་པའི་མངར་རྫས་འཕར་མ་ནི་ང་ཚོའི་ལུས་པོ་ལ་གཏན་ནས་མི་མཁོ། 

གལ་སྲིད་ལུས་པོའི་ཉེར་མཁོ་ལས་ལྷག་པའི་མངར་རྫས་ལོངས་སྤྱད་ན། མངར་སྲེད་ཀྱི་ངན་ལོབ་ (sugar addiction) ཐེབས་ཀྱི་ཡོད་པས། འདིའི་རྐྱེན་གྱིས་གཅིན་སྙི་ནད་པ་དང་། སྙིང་ནད་པ་དང་། རྒྱགས་ནད་སོགས་ནད་རིགས་སྣ་ཚོགས་ཀྱི་སྣ་འདྲེན་དུ་འགྲོ། སྤྱིར་མངར་སྲེད་ཀྱི་ངན་ལོབ་ནི་དགོས་མཁོ་ལས་ལྷག་པའི་མངར་རྫས་ལོངས་སྤྱོད་མཁན་རྣམས་ལ་འབྱུང་བར་བཤད་པས། སྦྱར་བྱུང་གི་མངར་རྫས་ (added sugars) རིགས་གཏན་དུ་སྤངས་ན་དགེ་མཚན་ཆེ།

དེ་ནས་གཉིས་པ་ཀེ་ཕིན་(caffine) ཞེས་བའི་རྫས་དེ་ནི། ནམ་རྒྱུན་ང་ཚོའི་ལོངས་སྤྱོད་བཞིན་པའི་བཏུང་བ་ཚིག་ཇ་དང་ཇ་སོགས་སུ་ཡང་རག་གི་ཡོད་པ་དང་། དེས་ང་ཚོའི་གཟུགས་པོ་གཉིད་ལས་སངས་བ་སོགས་གནས་སྐབས་ཕན་པ་ཅུང་ཟད་བྱེད་ནའང་། མང་དྲགས་ན་སྙིང་གི་འཕར་ལྡང་ཤུགས་ཆེ་རུ་སོང་བ་དང་། ཁྲག་ཤེད་དང་། གཉིད་ཡེར་གྱི་ནད་ (insominia) དང་། རྫས་དེ་མ་འདང་ན་མགོ་ན་བ་ (restlessness) སོགས་ལུས་ཁམས་ཀྱི་ནད་དང་། འཇིགས་སྣང་སྐྱེ་བ་ཤུགས་ཆེ་རུ་འགྲོ་བ་དང་། ཁྱད་པར་དུ་ང་ཚོ་སློབ་ཕྲུག་ཞིག་ལ་བསམ་བློ་བཏང་ན་རིག་པ་སྒྲིམ་པའི་ནུས་པ་ཆུང་དུ་འགྲོ་བ་སྟེ། སེམས་ཁམས་ཀྱི་ནད་སོགས་ཟུར་སྐྱོན་མང་པོ་ཞིག་ཡོད་པར་བཤད།

འདི་ལས་འཕྲོས་ནས་ཀེ་ཕིན་རྒྱུན་དུ་ལོངས་སྤྱོད་མཁན་རྣམས་ཀྱི་ཉིན་གཅིག་ལ་ཅི་ཙམ་ལོངས་སུ་སྤྱད་ན་ལེགས་པའི་སྐོར་ཅུང་ཟད་ཞུ་ན། (FDA)1ཡིས་གནང་བ་ལྟར་ན། སྤྱིར་ཡ་མཐའ་ (mg)2 བཞི་བརྒྱ་དང་། སྦྲུམ་མ་ཡིན་ན་ཡ་མཐའ་ (mg) སུམ་བརྒྱ་དང་། དེ་མིན་གང་ཐུབ་ཉུང་ཉུང་སྤྱོད་དགོས་པ་དང་། ཕྲུ་གུ་ལོ་བཞི་ནས་དྲུག་བར་གྱིས་ (mg) བཞི་བཅུ་ཞེ་ལྔ་དང་། ལོ་བདུན་ནས་དགུའི་བར་གྱིས་ (mg) དྲུག་བཅུ་རེ་གཉིས་དང་། བཅུ་ནས་བཅུ་གཉིས་བར་གྱིས་ (mg) བརྒྱད་ཅུ་གྱ་ལྔའི་བར་ལོངས་སྤྱོད་ན་འགྲིག་གི་ཡོད་པར་བཤད།

འོན་ཀྱང་། ང་ཚོའི་སྤྱི་ཚོགས་ནང་དུ་ཕྲུ་གུ་ཆུང་ཆུང་ལོ་དྲུག་བདུན་བཅས་པས་ཀྱང་མོནསྚར་ (monster) སོགས་བཏུང་བ་དེ་དག་གི་རིགས་གང་དགའ་དགའ་འཐུང་གི་ཡོད་པར་མཐོང་ཞིང་། ཚོང་པ་རྣམས་ཀྱིས་ཀྱང་འཛེམ་བག་མེད་པར། ཁེ་བཟང་ཅུང་ཟད་ཀྱི་ཆེད་དུ། གང་དགའ་དགའ་འཚོང་གིན་འདུག་པས། བཏུང་བ་དེའི་རིགས་ཕྲུ་གུའི་འཕྲོད་བསྟེན་ལ་ཤིན་ཏུ་གནོད་ཚབས་ཆེ་ཞིང་། དེའི་རིགས་ཕལ་ཆེར་གྱི་རྒྱབ་ངོས་ན་ཡང་ཕྲུ་གུའི་ཕྱིར་མིན་པའི་ཉེན་བརྡ་གསལ་པོར་བཀོད་ཡོད་པ་ཡིན་གཤིས། ཚོང་པ་རྣམས་ཀྱིས་ཅི་ནས་ཀྱང་འགན་ཡོད་པ་ཞིག་གནང་དགོས་པར་མཐོང་།

གསུམ་པ་བཏུང་བ་དེ་དག་མཐོང་དུས། ལ་ལ་སེར་པོ་དང་། ལ་ལ་ནག་པོ། ལ་ལ་དམར་པོ་སོགས་ཡིད་དུ་འོང་བའི་མདོག་སྣ་ཚོགས་མཐོང་གི་ཡོད་པ་དེ་དག་ཀྱང་། ཤིང་ཏོག་སོགས་ལས་འབྱུང་བའི་རང་བྱུང་གི་མདོག་མིན་པར་རྫས་སྦྱོར་འདྲ་མིན་སྣ་ཚོགས་ཀྱིས་བཟོས་པའི་མདོག་ཅིག་ཡིན་པ་དང་། དེ་ལ་ཡོད་པའི་བྲོ་བ་མངར་སྐྱུར་ལན་ཚ་ཁ་ཚ་སྐ་སོགས་ཀྱང་། ཕལ་ཆེར་རྫས་སྦྱོར་བྱས་ནས་བཟོས་པ་ལས། ཤིང་ཏོག་གི་བྲོ་བ་ཞིག་གཏན་ནས་མིན། དེ་ལ་ཨིན་སྐད་ནས་ (synthetic colour or artificial colour) དང་། (synthetic flavour) or (artificial flavour) ཟེར། དེ་དག་གི་རིགས་མང་པོ་ལོངས་སྤྱོད་པ་ལས། འབྲས་ནད་སོགས་ན་ཉེན་ཆེ་ཞིང་།

 ཁྱད་པར་ (hyperactivity) ཕྲུ་གུ་ཆུང་ཆུང་རྣམས་ཀྱི་སྤྱོད་ལམ་ལ་འགྱུར་ལྡོག་མཐོང་བས་དམངས་ལ་བསམ་ཤེས་ཡོད་པའི་རྒྱལ་ཁབ་ (Norway, Finland, France, Austria, UK) སོགས་མང་པོ་ཞིག་ཏུ་སྔོན་ནས་བཀག་ཚར་བ་དང་། ཉེ་ཆར་རྒྱ་གར་ (Karnataka) ལ་ཡང་ཉེན་ཁ་ཆེ་བའི་ཟས་མདོག་འདིའི་རིགས་འགའ་ཞིག་བཀག་འགོག་བྱས་ཡོད། འོན་ཀྱང་ས་གནས་གཞན་དང་རྒྱལ་ཁབ་གཞན་མང་པོར་ད་ལྟའང་བཀག་མེད་པས། འདིའི་རིགས་ལ་སོ་སོས་གང་ཐུབ་གཟབ་དགོས་པ་ནི། རང་དོན་རང་གཅེས་ཤིག་ཏུ་གདའོ། །བཏུང་བ་དེ་དག་གི་ནང་དུ་གཞན་ཡང་རྫས་རིགས་འདྲ་མིན་མང་པོ་ཡོད་ཀྱང་། གོང་དུ་བཤད་པའི་རྫས་དེ་དག་ལ་ལྟོས་ན་དེ་ཙམ་གནོད་ཚབས་མི་ཆེ་བས། འདིར་མ་སྤྲོས་སོ།།

དེས་ན། ལར་སྨན་ཡང་མང་དྲགས་སོང་ན་དུག་ཏུ་འགྱུར་ཟེར་བ་ལྟར། བཟའ་བཏུང་གི་རིགས་གཅིག་པུ་མ་ཡིན་པ་གང་ཞིག་ཡིན་ནའང་མཐའ་ལ་མ་ལྷུང་པ་ཞིག་དགོས་པ་བཞིན་དུ། ང་ཚོའི་གཟུགས་པོ་ལའང་ཟས་དང་བཏུང་བ་གང་ཡིན་ཡང་མང་མ་དྲགས་ཉུང་མ་དྲགས་ཇི་ཙམ་ཉེར་མཁོ་ཡོད་པ་དེ་ཙམ་ཞིག་ཏག་ཏག་ལོངས་སྤྱད་ན། མང་ཉུང་གི་སྐྱོན་གཉིས་ཀ་རང་བཞིན་གྱིས་མེད་པར་འགྱུར་བ་དང་། དེ་མིན་གལ་སྲིད་ང་ཚོས་བཟའ་བཏུང་གི་སྒང་ལ་འཛེམ་བག་མེད་པར་ཡ་མེད་བྱས་སོང་ན། ད་ལྟ་ཟས་སྨན་བཞིན་མ་བཟས་ན། མ་འོངས་པར་སྨན་ཟས་བཞིན་བཟའ་དགོས། ཞེས་པའི་གཏམ་དཔེ་ལྟར། མ་འོངས་པར་ང་ཚོའི་ལུས་ལ་གོང་དུ་བཤད་པའི་ནད་རིགས་ཚབས་ཆེན་དེ་འདྲ་འབྱུང་མི་སྲིད་པ་ཞིག་རྩ་བ་ནས་མ་ཡིན་པས་ཅི་ནས་ཀྱང་གཟབ་པར་བྱའོ།།

སྒོས་སུ་གོང་དུ་བཤད་པའི་བཏུང་བའི་ཟུར་སྐྱོན་དེ་དག་ཀྱང་། རང་བློ་ལ་གང་ཤར་བྲིས་པ་མིན་པར་ (WHO) 3 དང་ (AHA)4སོགས་འཛམ་གླིང་གི་འཕྲོད་བསྟེན་ཚོགས་པ་ཆེ་ཆུང་དེ་དག་གིས་སྤེལ་བའི་ཡིག་ཆ་དག་ལ་གཞིགས་ནས། མཚོན་ཙམ་ཞིག་བྲིས་ཁུལ་བགྱིས་པ་ཡིན་ཞིང་། འདིར་བྲིས་པ་ཙམ་མ་ཚད་ད་རུང་བཏུང་བ་དེ་དག་གི་ཟུར་སྐྱོན་སྐོར་ཤིན་ཏུ་མང་པོ་བཤད་འདུག་པས། མཁྱེན་འདོད་ཡོད་པ་རྣམས་ཀྱིས་ཡིག་ཆ་དེ་དག་ལ་གཟིགས་པར་ཞུ།

མདོར་ན་ཀོག་ (coke) དང་། མོནསྚར་ (monster) སོགས་བཏུང་བའི་རིགས་དང་། དེ་དང་འདྲ་བའི་ཟས་རིགས་གཞན་གང་ཡིན་ཡང་ང་ཚོའི་ལུས་པོ་ལ་ཉེར་མཁོ་མེད་པ་མ་ཟད། ནད་རིགས་བཞི་བརྒྱ་རྩ་བཞི་ཀུན་ཀྱི་རྒྱུར་གྱུར་ཞིང་། དུས་མིན་འཆི་བ་འདྲེན་པའི་དུག་ཆུ་ལགས་ན། ནད་མེད་ཅིང་ཚེ་རིང་བར་འདོད་པ་རྣམས་ཀྱིས་ད་ལྟ་ནས་སྤོང་བར་ཞུ་ཞེས་ཞེ་གཏིང་ནས་རང་སྲོག་རང་གཅེས་ཀྱི་རེ་སྐུལ་འདི་ཞུ་འདོད་བྱུང་།

དཔལ་འབྱོར་ལོངས་སྤྱོད་རི་ལྟར་སྤུངས་ཀྱང་ནད་ཀྱིས་མནར་ན་སྤྱོད་དབང་མེད།།
ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ནའང་ནད་ཀྱིས་མནར་ན་ཕན་པ་ཉུང་།།
ཚེ་འདིར་གྲོལ་བའི་མན་ངག་ཡོད་ཀྱང་ནད་ཀྱིས་མནར་ན་སྒྲུབ་དབང་མེད།།
དེ་ཕྱིར་ནད་ཀྱི་བདུད་ལས་རྒྱལ་ཕྱིར་ཞལ་ཟས་སྨན་བཞིན་བསྟེན་པར་རིགས།།

བདག་ཅག་སྟོན་པ་སངས་རྒྱས་ཉིད་ཀྱང་ལུས་ཀྱིས་དཀའ་ཐུབ་མཛད་པའི་ཚེ།།
ལོ་དྲུག་བར་དུ་བརྩོན་པ་དྲག་ཀྱང་མཐར་ཐུག་འབྲས་བུར་རེག་མ་ཡིན།།
ནམ་ཞིག་འོ་ཐུག་ལེགས་པར་གསོལ་ནས་ལུས་ཟུངས་རབ་ཏུ་རྒྱས་པ་ན།།
དཀའ་བ་མེད་པར་བདུད་བཞིའི་གཡུལ་ལས་རབ་ཏུ་རྒྱལ་ཏེ་རྫོགས་སངས་རྒྱས།།

དེ་ཡི་ཕྱིར་ན་ཤིན་ཏུ་ཡ་ང་སྙིགས་མ་ལྔ་བདོའི་དུས་ཚོད་འདིར།།
སངས་རྒྱས་བསྟན་པ་སྤེལ་ལ་བརྩོན་པའི་བསླབ་གསུམ་ནོར་འཛིན་སུ་ཡིན་ཡང་།།
སངས་རྒྱས་བསྟན་པའི་སྲོག་ཤིང་ཡིན་པས་སྐུ་ཚེ་རབ་ཏུ་བརྟན་པའི་ཕྱིར།།
དལ་འབྱོར་ལུས་ལ་གང་ཞིག་འཕྲོད་པ་དེ་ཉིད་ཁོ་ན་བསྟེན་པར་མཛོད།།

  1. (Food and Drug Administration) ཟས་དང་སྨན་འཛིན་སྐྱོང་ཚོགས་པ།
  2. (milligram) གྷ་རམ་གྱི་སྟོང་ཟུར།
  3. (World Health Organization) འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས།
  4. (American Heart Association) ཨ་རི་སྙིང་ཁམས་ལྷན་ཚོགས།
Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།