རྩོམ་སྒྲིག་པ།
གྲྭ་ཚང་གི་མཛད་རིམ་སྙིང་བསྡུས།
༸སྐྱབས་རྗེ་འཁོར་ལོའི་མགོན་པོ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་ཐུགས་དགོངས་བཞིན། ཉིན་ལྟར་ཆད་མེད་ལོ་འགོའི་ཟླ་ཤས་རིང་ཕུར་བསྙེན་གསང་སྒྲུབ་དང་དེའི་རྗེས་ཐོགས་སུ་ཕུར་བཟློག་འཚོག་བཞིན་པ་དང་། མགོན་ཁང་གཉིས་སུ་སྙིང་ཐིག་གསོལ་ཁ་དང་གནམ་ཆོས་གསོལ་ཁ་ཆག་མེད་འཚོག་བཞིན་ཡོད། དེ་བཞིན་རྒྱུན་བཞུགས་གྲྭ་ཚང་གི་བླ་སྤྲུལ་དགེ་འདུན་པ་གཙོས་པའི་གཞི་རིམ་སློབ་གྲྭའི་འཛིན་རིམ་བཞི་པ་ཡན་གྱི་དགེ་འདུན་པ་ཡོངས་ནས་ཟླ་རེའི་ཚེས་བཅུར་བླ་མ་རིག་འཛིན་འདུས་པའི་ཚོགས་འཁོར་དང་། ཉེར་ལྔར་ཡུམ་ཀ་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་ཚོགས་འཁོར་སྐོར་མུས་ཡིན།
ཕྱི་ལོ་ ༢༠༢༤ ཟླ་བ་ ༠༦ ཚེས་ ༢༡ བོད་ཟླ་ ༠༥ ཚེས་ ༡༤ ཉིན་རྣམ་གླིང་འདུས་སྤྱི་ནས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་གང་ཉིད་ཀྱི་ཞབས་སྨན་བཅོས་ལེགས་གྲུབ་ཡོང་ཆེད་སྐུ་རིམ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་ཚར་གཅིག་བཏོན་ཡོད་ཅིང་། དེ་བཞིན་ཕྱི་ཟླ་ ༠༦ ཚེས་ ༢༨ དགོང་མོར་རྣམ་གླིང་དགོན་པའི་མཁན་སྤྲུལ་བླ་སློབ་གྲྭ་བཙུན་ཡོངས་ནས་སོ་སོའི་ཚོགས་ཁང་དུ་སངས་རྒྱས་སྨན་བླའི་གཟུངས་སྔགས་གང་མང་བསགས་ཡོད།
ཟླ་བ་ ༠༧ ཚེས་ ༡༦ བོད་ཟླ་ ༠༦ སྔ་མའི་ཚེས་ ༡༠ སྟེ་སངས་རྒྱས་གཉིས་པ་གུ་རུ་པདྨ་འབྱུང་གནས་སྐུ་བལྟམས་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་རྣམ་གླིང་མཁན་སྤྲུལ་བླ་སློབ་དགེ་འདུན་བཙུན་པ་བཙུན་མ་ཡོངས་ནས། སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཀྱི་མཐའ་གྲུ་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་ཤིང་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་སོགས་མི་མཐུན་པའི་རྒུད་པ་མཐའ་དག་རྨང་མེད་དུ་ཞི་ནས་འགྲོ་ཀུན་བདེ་སྐྱིད་དཔལ་ལ་ལོངས་སུ་སྤྱོད་པ་དང་། བྱེ་བྲག་ཏུ་ཤར་རྒྱལ་བ་དཔལ་ཡུལ་བའི་བསྟན་པའི་མངའ་བདག་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེ་མཆོག་དང་། ྋསྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་ཡང་སྲིད་མི་འགྱུར་བདེ་ཆེན་གར་དབང་ཟིལ་གནོན་རྡོ་རྗེ་རིན་པོ་ཆེ་མཆོག་དང་། དགོན་པའི་དབུ་འཛིན་མཆོག་སྤྲུལ་རྣམ་གཉིས་དང་མཁན་ཆེན་རྣམ་གསུམ་གཙོས་པའི་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་པ་དང་། ཁྱད་པར་དུ་ྋསྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུ་རིན་པོ་ཆེའི་ཐུགས་བསྐྱེད་སྨོན་ལམ་ལས་གྲུབ་པའི་བཤད་སྒྲུབ་ལས་གསུམ་གྱི་བྱ་བ་རྣམས་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་ཞིང་དགོན་འདིའི་ཕྱི་ནང་གསང་གསུམ་གྱི་བར་ཆད་མཐའ་དག་ལྷག་མེད་དུ་ཞི་ནས་བསམ་དོན་འབད་མེད་ཡིད་བཞིན་དུ་འགྲུབ་པའི་སླད་དུ་དམིགས་ནས། སྔ་དྲོའི་ཆུ་ཚོད་ ༧ པའི་ཐོག་གཙུག་ལག་ཁང་ཆེན་མོའི་ནང་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་སྤྱན་སྔར་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་ཟབ་རྒྱས་ཀྱི་ངང་། བླ་མ་རིག་འཛིན་འདུས་པའི་ཚོགས་མཆོད་དང་སྦྲེལ་གནོད་སྦྱིན་ཙིའུ་དམར་པོའི་གསོལ་ཁ་རྒྱས་པ་གསུངས་གནང་ཡོད།
ཟླ་བ་ ༠༧ ཚེས་ ༢༣ བོད་ཟླ་ ༠༦ སྔ་མའི་ཚེས་ ༡༧ རེས་གཟའ་མིག་དམར་ནས་དབུ་བཙུགས་ཏེ་༸སྐྱབས་རྗེ་འཁོར་ལོའི་མགོན་པོ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་ཐུགས་ཀྱི་དགོངས་བཞེད་ལྟར་སྔར་རྒྱུན་བཞིན་དབྱར་སྔ་མ་ཟླ་བ་གཅིག་དང་ཕྱེད་ཀའི་རིང་ལ། རྒྱུན་བཞུགས་གྲྭ་ཚང་གི་བླ་སྤྲུལ་དགེ་འདུན་པ་རྣམས་དང་། གཞི་རིམ་སློབ་གྲྭའི་འཛིན་རིམ་བཞི་པ་ཡན་གྱི་དགེ་འདུན་པ་ཡོངས་ནས་བདུན་ཕྲག་དང་པོར་སྙིང་ཐིག་གསོལ་ཁ་དང་། བདུན་ཕྲག་གཉིས་པར་གནམ་ཆོས་གསོལ་ཁ། དེ་བཞིན་དུ་བཀའ་བརྒྱད། ཀར་གླིང་ཞི་ཁྲོ། རཏ་གླིང་ཚེ་ཆོག་རཏ་གླིང་ཕུར་པ་བཅས་འཚོགས་གནང་ཡོད་པ་དང་། ཉིན་མཐའ་མར་ཚེ་ཆོག་འཆི་བསླུ་འཚོགས་ནས་འདི་ལོའི་དབྱར་གནས་ལེགས་པར་མཐའ་གྲུབ་བོ།།
ཟླ་ ༡༡ ཚེས་ ༢༢ བོད་ཟླ་ ༠༩ ཚེས་ ༢༢ རྒྱལ་བ་ལྷ་ལས་བབས་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་གནམ་ཆོས་གསོལ་ཁ་དང་འབྲེལ་ཚོགས་མཆོད་གཏང་རག་གི་སྒོ་ནས་ད་ལོའི་འབུམ་ལྔ་བསགས་སྦྱང་མཐའ་གྲུབ། གཞི་རིམ་སློབ་གྲྭའི་ལོ་འཁོར་ཡིག་རྒྱུགས་གྲུབ་རྗེས་གྲྭ་ཚང་གི་བླ་སྤྲུལ་དགེ་འདུན་འདུས་པ་རྣམས་དང་། སློབ་གྲྭའི་འཛིན་རིམ་བཞི་པ་ཡན་གྱི་དགེ་འདུན་པ་ཡོངས་ནས་སྔར་སྲོལ་ལྟར་ཉིན་གསུམ་གྱི་རིང་ཚོགས་པ་འཚོགས་གནང་ཞིང་། ཕྱི་ལོ་ ༢༠༢༥ ཟླ་ ༠༡ པོའི་ནང་རང་དགོན་ནས་དགེ་འདུན་བཙུན་པ་བཙུན་མ་གྲངས་ ༢༠༠༠ ལྷག་རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོ་སྐབས་སོ་དྲུག་པར་ཕེབས་ལ་ཉེ་ཡོད།
སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་སྙིང་བསྡུས།
ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༨ རེས་གཟའ་ཕུར་བུའི་དགོང་མོའི་ཆར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་དགེ་བའི་བཤེས་གཉེན་རྣམ་པས་དགེ་འདུན་འདུས་མང་ཡོངས་ལ་དབྱར་གནས་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་བསྩལ་གནང་བ་དང་། ད་ལོའི་ཆར་དམིགས་བསལ་མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པས་མང་མོས་གཏན་འབེབས་ཐོག་ཟླ་རེའི་མཚམས་ཀྱི་རེས་གཟའ་སྤེན་པའི་སྔ་དྲོའི་ཆར་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དང་། སློབ་གཉེར་བ་ཡོངས་རྫོགས་ཚང་འཛོམས་ཐོག་བརྗོད་གཞི་ལོ་རིམ་གཉིས་པ་ནས་བཟུང་རྩ་བའི་སློབ་ཚན་ཁག་གི་དཀའ་གནད་རྣམས་ལ་རིམ་པས་བགྲོ་གླེང་མཛད་ཡོད།
དབྱར་གནས་དང་འབྲེལ་བའི་མཛད་རིམ་ཁག
༸སྐྱབས་རྗེ་འཁོར་ལོའི་མགོན་པོ་གྲུབ་དབང་ཡིད་བཞིན་ནོར་བུ་གང་གི་བླ་ན་མེད་པའི་ཐུགས་ཀྱི་བཞེད་དགོངས་བཞིན། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྟོད་ཟླ་བ་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༧ ཚེས་ ༡༩ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་ ༣ པའི་ཐོག་སྤོས་སྣེ་རྒྱ་གླིང་གིས་མདུན་བསུས་ཏེ། དབྱར་བདག་པ་རྣམས་ཀྱིས་ཆོས་གོས་རྣམ་གསུམ་སྐུ་ལ་གསོལ་ཞིང་། དབྱར་གནས་ཀྱི་མཁན་པོ་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་རིན་པོ་ཆེ་དགའ་དབང་མཆོག་གིས་ཐོག་དྲངས་བསླབ་གྲལ་བཞིན་སེར་ཕྲེང་གིས་སྐུ་རྟེན་སྟོན་པ་ཐུབ་པའི་དབང་པོའི་སྐུའི་སྣང་བརྙན། གསུང་རྟེན་འདུལ་བ་པོད་བཅུ་གསུམ། ཐུགས་རྟེན་དུ་རྣམ་རྒྱལ་མཆོད་རྟེན་བཅས་གཡས་སྐོར་གྱིས་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཤིང་།
ཕྱི་ཉིན་ཚེས་ ༢༠ ཆུ་སྟོད་ཟླ་བའི་གྲལ་ཚེས་ ༡༤ སྔ་དྲོ་ཆུ་ཚོད་ ༥:༣༠ ཐོག་གཙུག་ལག་ཁང་ཆེན་མོའི་ནང་དབྱར་གནས་ཀྱི་མཁན་པོ་དབུ་བཞུགས་ཐོག་དགེ་འདུན་བཙུན་པ་བཙུན་མ་རྣམས་ཀྱིས་གསོ་སྦྱོང་བཅོ་ལྔ་པ་འཚོགས་རྗེས། དབྱར་ཁས་ལེན་གྱི་སྔོན་འགྲོ་གནས་མལ་སྟོབ་པ་བསྐོས་པ་སོགས་དང་། དབྱར་བདག་པས་དབྱར་ཁྲིམས་བརྗོད་པ། ཚུལ་ཤིང་བྲིམ་པ། གདན་ཆ་འབོག་པ། གདིང་ཁྲིམས་བརྗོད་པ། རུང་ཁང་བྱིན་རླབས་བཅས་གནང་ཡོད་པ་དང་། ཆུ་སྟོད་ཟླ་བའི་གྲལ་ཚེས་ ༡༥ ཉིན་དབྱར་ཁས་ལེན་དངོས་གཞིའི་སྐབས་གྲུབ་དབང་དཔལ་ཆེན་འདུས་པས་མཛད་པའི་གཞི་གསུམ་ཆོ་ག་ཐར་གླིང་བགྲོད་པའི་གྲུ་ཆེན་གྱི་ཟིན་བྲིས་གཞིར་བཟུང་དབྱར་བདག་པ་རྣམས་ཀྱིས་དབྱར་གནས་མཁན་པོའི་མདུན་ནས་དབྱར་ཁས་བླངས་རྗེས་མཁན་པོ་ནས་བཟུང་བསླབ་གྲལ་བཞིན་འདི་ལོར་དགེ་སློང་ཕ་ ༤༢༥ དང་། དགེ་ཚུལ་ཕ་མ་གཉིས་བསྡོམས་པས་ ༦༥༢ བཅས་ཁྱོན་དགེ་ཚུལ་སློང་ ༡༠༧༧ བཅས་ཀྱིས་དབྱར་བདག་པའི་མདུན་ནས་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཤིང་དབྱར་གནས་པའི་དགེ་འདུན་རྣམ་པས་ཟླ་བ་གཅིག་དང་ཕྱེད་ཀའི་རིང་ཉི་མ་རེ་རེ་ལ་ཐུན་གསུམ་བགོས་ནས་ཞོགས་པ་རྒྱུན་ཆགས་གསུམ་པ་དང་། ཉིན་གུང་གདུགས་ཚོད་ལ་རོལ་སྐབས་དཀོན་མཆོག་རྗེས་དྲན་དང་། བར་བསམ་སྒྲོལ་གསུམ། གདུགས་ཤེར་སེང་གསུམ། མི་ཁ་དགྲ་བཟློག་སོགས་སྐུ་རིམ་ཁག་གསུངས་བ་དང་། ཕྱི་དྲོའི་ཆར་གཞུང་ཆེན་ཁག་གི་རྩ་བ་དང་། སྨོན་ལམ་རྣམ་གསུམ་གཙོས་བསྔོ་སྨོན་ཟབ་རྒྱས་གསུངས་གནང་ཞིང་། ཟླ་རེའི་མཚམས་སུ་གསོ་སྦྱོང་བཅུ་བཞི་པ་དང་བཅོ་ལྔ་པ་དུས་རྒྱུན་ལྟར་འཚོགས་གནང་བ་དང་།
ཕྱི་ཟླ་ ༠༨ ཚེས་ ༡༢ བོད་ཟླ་ ༠༦ ཕྱི་མའི་ཚེས་ ༠༨ གཟའ་སྐར་འཕྲོད་སྦྱོར་ཉིན་བཀྲ་ཤིས་པའི་གསོ་སྦྱོང་འཚོགས་ཤིང་། གཙུག་ལག་ཁང་ཆེན་མོའི་མདུན་དུ་སྔ་འགྱུར་མཐོ་སློབ་ཆེན་མོ་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གཉིས་ཀྱི་དགེ་སློབ་ལྷན་འཛོམས་ཐོག་སྐུ་པར་བསྒྲོན་གནང་ཡོད།
དབྱར་གནས་སྐབས་ཀྱི་འཆད་རྩོད་རྩོམ་གསུམ་ལས་འཆད་པའི་རིམ་པ་ནི།
དེ་ཡང་ལོ་རིམ་བདུན་པ་དང་དྲུག་པ་གཉིས་ནས་འཆད་རྒྱུགས་འབུལ་སྲོལ་ཡོད་པ་བཞིན་ཕྱི་ཟླ་ ༠༨ ཚེས་ ༡༣ ནས་ཉིན་གྲངས་གཉིས་ཀྱི་རིང་ལོ་རིམ་བདུན་པའི་སློབ་གཉེར་བ་ཡོངས་ནས་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་དང་། དེ་བཞིན་ལོ་རིམ་དྲུག་པའི་སློབ་གཉེར་བ་ཡོངས་ནས་ཤེར་ཕྱིན་དཔལ་སྤྲུལ་སྤྱི་དོན་གྱི་བརྗོད་བྱ་དཀའ་གནད་ཁག་ལ་འཆད་རྒྱུགས་ཕུལ་ཡོད།
རྩོད་པའི་རིམ་པ་ནི།
གོང་གསལ་བཞིན་ཕྱི་ཟླ་ ༠༨ ཚེས་ ༡༣ ནས་ཉིན་གྲངས་གཉིས་ཀྱི་རིང་ལོ་རིམ་བཞི་པས་མངོན་པ་མཛོད་དང་། ལོ་རིམ་གསུམ་པས་དབུ་མ་ལ་འཇུག་པའི་རང་འགྲེལ་དང་། ལོ་རིམ་གཉིས་པས་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་དང་། ལོ་རིམ་དང་པོས་རྟགས་རིགས་བཅས་ཀྱི་རྩོད་རྒྱུགས་ཕུལ་ཡོད་པ་དང་། གཞན་ཡང་དབྱར་གནས་སྐབས་སུ་བདུན་ཕྲག་རེ་རེའི་མཚམས་ཀྱི་རེས་གཟའ་ཉི་མའི་དགོང་མོར་རིམ་བཞིན་ལོ་རིམ་གཉིས་པ་ནས་དགུ་པའི་བར་ལོ་རིམ་གོང་འོག་ཕན་ཚུན་རྟགས་གསལ་དང་དམ་བཅའ་འགྲན་སྡུར་ལེགས་པར་གྲུབ་ཡོད།
རྩོམ་པའི་རིམ་པ་ནི།
སྔར་སྲོལ་བཞིན་འདི་ལོར་རྒྱུན་ལས་ནས་མདོ་སྡེ་རྒྱན་གྱི་བརྗོད་བྱ་འགའ་ཞིག་གཏན་འབེབས་གནང་བ་ལྟར་ལོ་རིམ་བརྒྱད་པའི་སློབ་གཉེར་བ་ཡོངས་ནས་དཔྱད་རྩོམ་རེ་བྲིས་ནས། དེ་དག་ལས་རྩེ་ཕུད་བཅོ་ལྔ་འདེམས་སྒྲུག་གནང་ཞིང་དབྱར་གནས་སྐབས་དམ་བཅར་བཞུགས་ཏེ་གཙོ་བོ་ལོ་རིམ་བརྒྱད་པའི་སློབ་གཉེར་བ་ཡོངས་ནས་དྲི་བ་བཀོད་ཡོད་པ་དང་། གཞན་ཡང་ལོ་རིམ་གཉིས་པ་ནས་དགུ་པའི་བར་གྱི་སློབ་གཉེར་བས་རང་མོས་དྲི་བ་གང་མང་བཀོད་ཡོད། དེ་བཞིན་སྔོན་འགྲོ་འཛིན་གྲྭའི་སློབ་ཕྲུག་རྣམ་པས་ཕྱི་ཟླ་ ༠༨ ཚེས་ ༢༨ ཉིན་གྱི་དགོང་མོའི་ཆར་རིག་གནས་འགྲན་སྡུར་དང་། ཕྱི་ཟླ་ ༠༨ ཚེས་ ༢༣ ཉིན་ཡིག་གཟུགས་བྲིས་རྒྱུགས་བཏང་གནང་ཡོད།
དགག་དབྱེའི་སྦྱོར་ཆོས་དང་འབྲེལ་བའི་མཛད་རིམ་ཁག
ཕྱི་ཟླ་ ༠༩ ཚེས་ ༠༢ རེས་གཟའ་ཟླ་བའི་དགོང་མོར་གཙུག་ལག་ཁང་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་དུ་མཐོ་སློབ་ཆེན་མོའི་དགེ་སློབ་ལྷན་འཛོམས་ཐོག་དགག་དབྱེའི་སྦྱོར་ཆོས་སྐབས་དབྱར་གནས་ཀྱི་མཁན་པོ་ཚོགས་གཙོ་མཁན་རིན་པོ་ཆེ་དགའ་དབང་མཆོག་ནས་ཆེད་དུ་བརྗོད་པའི་ཚོམས་ཀྱི་མདོའི་ཆོས་བཤད་དང་། དེ་རྗེས་ལོ་རིམ་བཞི་པ་དང་། བརྒྱད་པའི་སློབ་གཉེར་བ་གཉིས་ནས་ཆོས་བཤད། ལོ་རིམ་ལྔ་པའི་སློབ་ཕྲུག་གཉིས་ཀྱིས་ཚོགས་ལངས། ལོ་རིམ་གཉིས་པ་དང་། བཞི་པ། བདུན་པ་བཅས་ཀྱི་སློབ་གཉེར་བ་རེ་རེ་དམ་བཅའ་བཞུགས་ཤིང་། ལོ་རིམ་དང་པོ། བཞི་པ། བརྒྱད་པ་བཅས་ཀྱི་སློབ་གཉེར་བ་རྣམས་ཀྱིས་རིམ་བཞིན་རྟགས་རིགས། མངོན་པ་མཛོད། འདུལ་བ་བཅས་ཀྱི་བརྗོད་བྱའི་ཐོག་ལ་རྟགས་གསལ་དང་། ལོ་རིམ་དགུ་པའི་སློབ་ཕྲུག་གཅིག་གིས་བཀྲ་ཤིས་ཚིག་བཟང་གནང་ཡོད་པ་དང་། དེའི་ཕྱི་ཉིན་ལ་མཐོ་སློབ་ཆེན་མོའི་དགེ་སློབ་ལྷན་འཛོམས་ཐོག་དགག་དབྱེ་མཛད་ཅིང་། ཕྱི་ཚེས་ ༠༤ རེས་གཟའ་ལྷག་པའི་ཉིན་ལྗོངས་རྒྱུ་ལ་ཕེབས་ནས། ཉིན་དེར་ལོ་རིམ་དང་པོའི་སློབ་གཉེར་བ་གསུམ་དམ་བཅར་བཞུགས་ཡོད་པ་དང་། སྔོན་འགྲོ་འཛིན་གྲྭའི་སློབ་ཕྲུག་རྣམས་ནས་བསྡུས་ཚན་རིགས་ལམ་སྒོ་འབྱེད་ཀྱི་བརྗོད་བྱ་འགའ་ལ་རྟགས་གསལ་བཏང་བའི་རྗེས། ལོ་རིམ་དགུ་པའི་སློབ་གཉེར་བ་གཅིག་ནས་བཀྲ་ཤིས་ཚིག་བཟང་གནང་སྟེ་དབྱར་གནས་ལེགས་པར་མཇུག་གྲུབ་ཡོད།
དབྱར་གནས་སྐབས་ཀྱི་འཆད་རྩོད་རྩོམ་གསུམ་གྱི་གྲུབ་འབྲས་གསལ་བཤད།
ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༡༤ རེས་གཟའ་སྤེན་པའི་ཞོགས་པའི་ཆར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་སློབ་གཉེར་བ་རྣམས་ཀྱིས་དབྱར་གནས་ནང་འཆད་རྩོད་རྩོམ་གསུམ་གནང་བའི་གྲུབ་འབྲས་གསལ་བཤད་དང་འབྲེལ། བཤད་གྲྭ་ཁག་གཉིས་ཀྱི་ཚོགས་གཙོ་མཁན་རིན་པོ་ཆེ་དགའ་དབང་མཆོག་ནས་རྒྱུགས་སྤྲོད་ཨང་དང་པོ་དང་། གཉིས་པ། གསུམ་པར་སོན་མཁན་དང་ལོ་རིམ་གོང་འོག་གི་ཕན་ཚུན་རྟགས་གསལ་དང་དམ་བཅའ་འགྲན་སྡུར་ཁྲོད་ནས་རྟགས་གསལ་དང་། དམ་བཅའ་ཨང་དང་པོ་དང་། གཉིས་པ། གསུམ་པ་སོན་མཁན་རྣམས་ལ་གཟེངས་བསྟོད་ཀྱི་བྱ་དགའ་བསྩལ་གནང་མཛད་ཡོད་ཅིང་། དེ་དང་ལྷན་དུ་དུས་དེབ་པདྨའི་རང་མདངས་འདོན་ཐེངས་བཞི་བཅུ་ཞེ་བཞི་པའི་ནང་གི་རྩོམ་པ་པོ་དག་ལ་དར་དཀར་དང་དུས་དེབ་རེ་ཕུལ་བའི་མཐར་བཤད་གྲྭ་ཁག་གཉིས་ཀྱི་ཚོགས་གཙོ་མཁན་རིན་པོ་ཆེ་མཆོག་ནས་ཤེས་ཡོན་གལ་ཆེ་ཚུལ་སོགས་འདི་ཕྱི་གཉིས་ཕན་ཀྱི་བཀའ་སློབ་ལམ་སྟོན་གནང་ནས་མཛད་རིམ་ལེགས་པར་མཐའ་གྲུབ་ཡོད།
སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་བཅུ་པ།
ཡོངས་ཀྱི་དགེ་བའི་ཤེས་གཉེན་ཆེན་མོ་མཁན་རིན་པོ་ཆེ་པདྨ་ཤེས་རབ་མཆོག་གི་བཀའ་དགོངས་ལྟར། འདི་ལོར་ཡང་སྔར་བཞིན་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་འདས་མཆོད་དང་སྟབས་བསྟུན་ནས་ཕྱི་ཟླ་ ༡༡ ཚེས་ ༠༤ ནས་ ༠༥ བར་ཉིན་གཉིས་ཀྱི་རིང་སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་བཅུ་པ་དེ་འཚོགས་ཡོད་པ་དང་། མཛད་སྒོའི་ཉིན་དང་པོའི་སྔ་དྲོའི་ཆར་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྣང་གསལ་ཞལ་ཕྱེ་དང་རྒྱུ་སྤོས་ལ་གྲུབ་པའི་གུ་རུ་བདེ་བ་ཆེན་པོའི་སྐུ་འདྲ་དབུ་འབྱེད་དང་རབ་གནས་བཅས་ཀྱི་སྒོ་ནས་མཛད་སྒོ་དབུ་འཛུགས་གནང་ཡོད་ཅིང་། ཐེངས་འདིའི་བགྲོ་གླེང་སྐབས་དཔྱད་གླེང་བ་མཁན་པོ་དང་མཁན་མོ་ལ་སོགས་པའི་མཁས་དབང་བརྒྱད་ཀྱིས་དཔྱད་རྩོམ་བྲིས་གནང་ཡོད་པ་དང་། གཞན་ཡང་བཤད་གྲྭ་ཁག་གཉིས་ཀྱི་དགེ་སློབ་རྣམས་དང་། དེ་བཞིན་དགོན་སྡེ་ཁག་ནས་ཟུར་ཉན་པ་བཅུ་གཅིག་ཙམ་ཞིག་བཅས་ཁྱོན་མཁས་དབང་དང་། མཁན་སློབ་དགེ་འདུན་བཙུན་མ་བརྒྱ་ཕྲག་བཅུ་ལ་བརྒལ་བས་མཉམ་ཞུགས་གནང་ཡོད།
བགྲོ་གླེང་ཉིན་སྔ་མ་དང་ཕྱི་མ་གཉིས་ལ་དཔྱད་གླེང་བ་བཞི་རེ་དང་། དམ་བཅའ་བ་རེ་རེ་ཡིས་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀ་རེ་དམ་བཅར་བཞུགས་གནང་ཞིང་། བགྲོ་གླེང་དངོས་གཞིར་གཙོ་སྐྱོང་བས་མཇུག་བསྡུའི་གསལ་བཤད་སྐར་མ་ ༠༥ དང། དཔྱད་གླེང་བས་གསུང་བཤད་སྐར་མ་ ༡༥ གླེང་སློང་བས་དུས་ཡུན་སྐར་མ་ ༠༥ དེ་བཞིན་དུ་མཁན་སློབ་རྣམས་ལ་དུས་ཡུན་སྐར་མ་ ༤༥ དང་། སློབ་གཉེར་བ་རྣམས་ལ་དུས་ཡུན་སྐར་མ་ ༡༥ བཅས་དྲི་བ་དྲིས་ལན་གྱི་དུས་ཚོད་སྐར་མ་ ༦༠ ཕུལ་ཡོད།
མཐར་བགྲོ་གླེང་ཉིན་ཕྱི་མའི་ཕྱི་དྲོའི་ཕྱག་ཚོད ༣:༣༠ ཐོག་མཇུག་བསྡུའི་མཛད་སྒོ་ཚོོགས་གནང་ཞིང་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་ནས་བགྲོ་གླེང་ཚོགས་བཅར་བ་ཡོངས་ལ་གཟེངས་བསྟོད་ཕྱག་འཁྱེར་བསྩལ་གནང་བ་དང་། ཚོགས་བཅར་བ་གཉིས་ནས་ཐེངས་འདིའི་བགྲོ་གླེང་གི་མྱོང་ཚོར་གསུངས་གནང་ཤིང་མཐར་བགྲོ་གླེང་ཐེངས་བཅུ་པ་དེ་མཇུག་ལེགས་པར་གྲུབ་ཡོད། ཕྱི་ཚེས་ ༦ ཉིན་ཐེངས་འདིའི་བགྲོ་གླེང་ལ་ཆེད་དུ་བཅར་གནང་བའི་ཞིབ་འཇུག་སློབ་སྟོན་པ་མཁས་དབང་རྡོ་རྗེ་དབང་ཕྱུག་མཆོག་ནས་ཕྱི་དྲོའི་ཆུ་ཚོད་ ༤:༣༠ ནས་ ༦ པའི་བར་གཤད་གྲྭའི་ཚོགས་ཁང་ནང་དགེ་སློབ་འདུས་མང་ཡོངས་ལ་གསུང་བཤད་ལམ་སྟོན་དང་འབྲེལ་དྲི་བ་དྲིས་ལན་གནང་ཡོད།
ལོ་རིམ་འོག་མའི་ཟླ་རྒྱུགས།
ལོ་ལྟར་ལོ་རིམ་འོག་མ་སྔོན་འགྲོ་འཛིན་གྲྭ་དང་། ལོ་རིམ་དང་པོ། ལོ་རིམ་གཉིས་པ་བཅས་ཀྱིས་རྩ་བའི་སློབ་ཚན་ལ་ཟླ་རྒྱུགས་གཏོང་སྲོལ་ཡོད་པ་ལྟར་ད་ལོ་ཡང་སྔོན་འགྲོ་འཛིན་གྲྭའི་སློབ་ཕྲུག་རྣམ་པས་དག་ཡིག་ཟླ་རྒྱུགས་ཐེངས་གཉིས་དང་། ལེགས་བཤད་ལྗོན་དབང་དང་། དཀའ་གནད་གསལ་བའི་མེ་ལོང་ཐེངས་རེ་བཅས་ཟླ་རྒྱུགས་ཐེངས་བཞི་དང་། དེ་བཞིན་ལོ་རིམ་དང་པོའི་སློབ་ཕྲུག་རྣམས་ཀྱིས་རྩ་བའི་སློབ་ཚན་སྤྱོད་འཇུག་དང་། སྡོམ་གསུམ་གཉིས་ལ་ཟླ་རྒྱུགས་ཐེངས་གཉིས་རེ་དང་། ལོ་རིམ་གཉིས་པའི་སློབ་ཕྲུག་རྣམས་ཀྱིས་རྩ་བའི་སློབ་ཚན་དབུ་མ་རྒྱན་དང་། མཁས་འཇུག་གཉིས་ལ་ཟླ་རྒྱུགས་ཚར་གཉིས་རེ་བཅས་སྔ་ཕྱིར་ཁྱོན་བསྡོམས་ཟླ་རྒྱུགས་ཚར་བཞི་རེ་བཏང་ཡོད།
ལོ་མཇུག་གི་ཞབས་རིམ་དང་ཡིག་རྒྱུགས་ཆེན་མོའི་སྐོར།
ཕྱི་ཟླ་ ༡༡ ཚེས་ ༢༢ བོད་ཟླ་ ༠༩ ཚེས་ ༢༢ རེས་གཟའ་པ་སངས་ཉིན་རྒྱལ་བ་ལྷ་ལས་བབས་པའི་དུས་བཟང་ཁྱད་པར་ཅན་དང་སྟབས་བསྟུན་ནས་སྔ་འགྱུར་མཐོ་སློབ་ཆེན་མོའི་དཔེ་ཁྲིད་མཚམས་འཇོག་གནང་། དེའི་ཕྱི་ཉིན་ཕྱི་ཚེས་ ༢༣ ནས་ ༢༥ བར་ཉི་མ་གསུམ་གྱི་རིང་སྔོན་འགྲོ་འཛིན་གྲྭའི་སློབ་ཕྲུག་རྣམས་ཀྱིས་རྩོད་རྒྱུགས་ཕུལ་ཡོད་པ་དང་། ལོ་རིམ་དང་པོ་ནས་དགུ་པའི་བར་གྱི་སློབ་གཉེར་བ་རྣམ་པས་ཉིན་དང་པོོོོར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དག་ཚར་དང་། ཉིན་གཉིས་པར་ཕུར་བཟློག ཉིན་གསུམ་པར་བསང་གསོལ་བཅས་ལོ་མཇུག་གི་ཞབས་རིམ་ལེགས་པར་འཚོགས་གནང་ཡོད། ལོ་འདིར་སྔར་དང་མི་འདྲ་བར་མཐོ་སློབ་ཆེན་མོའི་མཁན་སློབ་རྣམ་པས་སློབ་གཉེར་བ་རྣམ་པའི་མངོན་འདོད་དང་། དོན་དངོས་ལ་ཕན་རླབས་འབྱུང་བའི་སླད་ཐུགས་བསམ་ཆེར་བཞེས་ཀྱིས་མཐོ་སློབ་ཆེན་མོའི་རྩ་ཁྲིམས་དང་མ་འགལ་བར་མཁན་སློབ་མང་མོས་ཐོག་བདུན་ཕྲག་རེ་རེའི་མཚམས་སུ་ལོ་འཁོར་ཡིག་རྒྱུགས་ཐེངས་རེ་གཏང་རྒྱུའི་སྒྲིག་གཞི་གསར་པ་ཞིག་གཏན་འབེབས་བྱུང་ཡོད་པ་གཞིར་བཟུང་། ཕྱི་ཟླ་ ༡༢ ཚེས་ ༠༣ ནས་ ༠༨ བར་ཉིན་གྲངས་དྲུག་གི་རིང་ལ་སློབ་ཚན་སྤྱི་ཡོངས་ཀྱི་རང་སྦྱོང་གནང་ཡོད་པ་དང་། ཚེས་ ༠༩ ནས་སྐབས་ཐོག་སློབ་ཚན་གང་གི་ཡིག་རྒྱུགས་ཡོད་མེད་ལ་བལྟས་ནས་རང་སྦྱོང་དང་། ཕྱི་ཟླ་ ༡༢ ཚེས་ ༡༥ རེས་གཟའ་ཉི་མ་ནས་སྔ་འགྱུར་མཐོ་སློབ་ཆེན་མོའི་ལོ་འཁོར་ཡིག་རྒྱུགས་ཆེན་མོ་ཐེངས་ ༤༧ དངོས་སུ་དབུ་བཙུགས་ཤིང་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༡༢ ཉིན་མཇུག་ལེགས་པར་གྲུབ་སྟེ། དགེ་འདུན་པ་རྣམས་རྡོར་གདན་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༦ པར་ཕེབས་ལ་ཉེ་བ་ཡིན།
ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་སློབ་གྲྭའི་ཟླ་དྲུག་ཕྱི་མའི་མཛད་རིམ།
སྔར་སྲོལ་ལྟར་ཟླ་དྲུག་ཕྱི་མའི་སྐབས་སུའང་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་ཀ་ཁ་འཛིན་གྲྭ་ནས་འཛིན་གྲྭ་བརྒྱད་པའི་བར་འཛིན་གྲྭ་སོ་སོའི་རྩ་བའི་སློབ་ཚན་དང་འདོན་ཕྱག་ལེན་སོགས་མུ་མཐུད་ནས་སློབ་སྟོན་གནང་ཡོད་ཅིང་། ཕྱི་ལོ་ ༢༠༢༤ ཟླ་ ༠༧ ཚེས་ ༡༤ རེས་གཟའ་ཉི་མའི་དགོང་མོར་སློབ་གྲྭའི་སློབ་སྤྱི་རྒན་གཞོན་མཁན་པོ་རྣམ་གཉིས་གཙོས་པའི་རྒྱུན་ལས་ཕྱག་རོགས་རྣམས་ཀྱིས་ཟླ་དྲུག་ཕྱི་མའི་དཔེ་ཁྲིད་དབུ་འཛུགས་དང་འབྲེལ་བའི་བཀའ་སློབ་བསྩལ་གནང་ཞིང་བོད་ཟླ་ ༠༦ སྔ་མའི་ཚེས་ ༡༦ རེས་གཟའ་ཟླ་བ་ནས་སློབ་གྲྭའི་ཟླ་དྲུག་ཕྱི་མའི་དཔེ་ཁྲིད་དབུ་བཙུགས་གནང་ཡོད། བོད་ཟླ་ ༠༧ ཚེས་ ༢༠ ཉིན་ཟླ་དྲུག་སྔ་མའི་དཔེ་ཁྲིད་མཚམས་འཇོག་གི་གུང་སེང་དང་བསྟུན་ནས་སློབ་གྲྭའི་དཔེ་ཁྲིད་དགེ་རྒན་འགའ་ཞིག་གིས་མཐུན་འགྱུར་རོགས་རམ་དང་། རྩེད་རིགས་ཚོགས་ཆུང་གི་གོ་སྒྲིག་འོག་སློབ་ཕྲུག་ཆུང་བ་རྣམས་ཀྱིས་ཉིན་གཉིས་རིང་རྩེད་མོའི་རིགས་མི་འདྲ་བ་དུ་མར་དགའ་སྐྱིད་སྤྲོ་སྣང་ཆེན་པོའི་ངང་རོལ།
ཚེས་ ༢༨ རེས་གཟའ་ཉི་མའི་དགོང་མོར་རྣམ་གྲོལ་གླིང་གི་སྨན་པ་ཨང་རྒྱ་ལུ་མཆོག་ནས་སློབ་གྲྭའི་དགེ་སློབ་ཡོངས་ལ་འཕྲོད་བསྟེན་དང་འབྲེལ་བའི་ཉིན་རེའི་ཟས་སྤྱོད་བསྟེན་སྟངས་སོགས་ཀྱི་སྐོར་དང་། དེ་བཞིན་སྤྱིར་བཏང་གི་ནད་གཞི་རྣམས་རྒྱུ་རྐྱེན་གང་ལ་བརྟེན་ནས་འབྱུང་གིན་ཡོད་མེད་དང་། དེ་དག་སྔོན་འགོག་བྱེད་སྟངས་ཐབས་ལམ་ཇི་ལྟར་ཡིན་ཚུལ་གྱི་ལམ་སྟོན་གནང་ཡོད།
རྒྱུན་ལྡན་ལྟར་ཟླ་རེའི་བོད་ཚེས་ཉེར་ལྔ་འཆར་ཅན་གསུར་མཆོད་དང་འབྲེལ་བའི་སློབ་གྲྭ་སྤྱིའི་སྐུ་རིམ་འཚོག་སྲོལ་ཡོད་པ་ལྟར། ད་ལན་བོད་ཟླ་ ༠༦ སྔ་མའི་ཚེས་ ༢༥ དགོང་མོར་སློབ་གྲྭའི་དགེ་སློབ་ལྷན་འཛོམས་ཀྱིས་དཀར་གསུར་ཞིང་ཁམས་ཀུན་ཁྱབ་དང་། བར་བསམ་སྒྲོལ་གསུམ་ལ་སོགས་པ་གསུངས་གནང་ཞིང་། ཟླ་ ༠༨ ཚེས་ ༠༧ དང་ ༠༨ བཅས་ཉིན་གཉིས་རིང་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་སྐད་རིགས་རྒྱུགས་སྤྲོད་ཕྱི་མ་བཏང་ཡོད།
ཟླ་ ༠༨ ཚེས་ ༡༥ རེས་གཟའ་ཕུར་བུའི་ཉིན་སློབ་གྲྭའི་སློབ་ཕྲུག་ཆུང་བ་རྣམས་ཀྱིས་རྣམ་གླིང་འཆམ་རའི་མདུན་དུ་རྒྱ་གར་གྱི་རྒྱལ་དར་བསྒྲེངས་ཤིང་རྒྱལ་གླུ་བླངས་ཏེ་རྒྱ་གར་རང་བཙན་དུས་ཆེན་ཐེངས་ ༧༨ པ་སྲུང་བརྩི་ཞུས་ཤིང་། ཟླ་ ༠༨ ཚེས་ ༢༤ རེས་གཟའ་སྤེན་པའི་སྔ་དྲོའི་ཆར་འཛིན་གྲྭ་འོག་མའི་སློབ་ཕྲུག་རྣམས་ཀྱིས་ཟླ་དྲུག་ཕྱི་མའི་དབྱིན་ཇིའི་རྒྱུགས་སྤྲོད་བཏང་ཡོད། ཟླ་ ༠༨ ཚེས་ ༢༨ དགོང་མོར་སྐད་རིགས་རྒྱུགས་སྤྲོད་ཐེངས་གཉིས་པའི་རྩེ་ཕུད་སོན་པའི་སློབ་གཉེར་བ་རྣམས་ལ་སློབ་སྤྱི་མཁན་རིན་པོ་ཆེ་མཆོག་ནས་བྱ་དགའ་གསོལ་རས་བསྩལ་གནང་ཡོད། ཟླ་ ༠༩ ཚེས་ ༡༢ རེས་གཟའ་ཕུར་བུའི་ཉིན་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ཟླ་དྲུག་ཕྱི་མའི་ཡིག་རྒྱུགས་ཐེངས་དང་པོ་བཏང་། ཟླ་ ༠༩ ཚེས་ ༡༨ རེས་གཟའ་ལྷག་པའི་ཉིན་ཞོགས་པའི་ཆར་འཛིན་གྲྭ་འོག་མ་དང་། དགོང་མོའི་ཆར་འཛིན་གྲྭ་གོང་མ་རྣམས་ཀྱི་ཀློག་རྩལ་ཟླ་རྒྱུགས་བླངས་ཤིང་། ཟླ་ ༠༩ ཚེས་ ༢༧ རེས་གཟའ་པ་སངས་དགོང་མོར་ཀློག་རྩལ་རྒྱུགས་སྤྲོད་ཀྱི་རྩེ་ཕུད་སོན་པའི་སློབ་གཉེར་བ་རྣམས་ལ་བྱ་དགའ་གསོལ་རས་བསྩལ་གནང་ཡོད་ལ། དེ་བཞིན་ཟླ་ ༡༠ ཚེས་ ༠༨ རེས་གཟའ་མིག་དམར་ཉིན་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ཟླ་དྲུག་ཕྱི་མའི་དབྱིན་ཇི་དང་ཨང་རྩིས་ཟླ་རྒྱུགས་བཏང་ཡོད།
ཟླ་ ༡༠ ཚེས་ ༡༣ རེས་གཟའ་ཕུར་བུའི་ཉིན་སློབ་གྲྭའི་དགེ་སློབ་ཡོངས་ནས། སློབ་གྲྭ་འདི་ཉིད་ཀྱི་ཕྱི་ནང་གསང་གསུམ་གྱི་བར་ཆད་ཐམས་ཅད་རྨང་མེད་དུ་ཞི་ཞིང་དགེ་སློབ་ཡོངས་ཀྱི་ཆོས་སྤྱོད་འཁོར་ལོ་གསུམ་གྱི་བྱ་བ་ཐམས་ཅད་ཡར་ངོའི་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་བ་དང་། རྒྱལ་ཕྱི་ནང་གང་སར་བཞུགས་པའི་དད་ལྡན་འབྲེལ་ཡོད་སྦྱིན་པའི་བདག་པོ་རྣམས་ཀྱི་བསམ་པའི་དོན་ཀུན་འབད་མེད་ཡིད་བཞིན་འགྲུབ་པའི་སླད་དུ་དམིགས་ཏེ། འཛིན་གྲྭ་གསུམ་པ་ཡན་ཆད་ཀྱི་སློབ་ཕྲུག་རྣམས་ཀྱིས་བསང་གསོལ་གྱི་སྒོ་ནས་མ་མོ་མཁའ་འགྲོའི་འཁྲུགས་སྐོང་དང་། འཛིན་གྲྭ་གཉིས་པ་མན་ཆད་ཀྱི་སློབ་ཕྲུག་རྣམས་ཀྱིས་ཚིག་བདུན་གསོལ་འདེབས་དང་བསམ་པ་ལྷུན་གྲུབ་གང་མང་བཅས་གསུངས་གནང་ཡོད།
ཕྱི་ཟླ་ ༡༠ ཚེས་ ༡༧ དགོང་མོར་ཀ་ཁ་འཛིན་གྲྭ་ནས་བཟུང་སྟེ་འཛིན་རིམ་བརྒྱད་པའི་བར་གྱི་སློབ་གཉེར་བ་རྣམས་ཀྱི་བོད་ཡིག་གི་ཡིག་གཟུགས་དང་དབྱིན་ཇིའི་ཡིག་གཟུགས་དངོས་གཞིའི་འགྲན་སྡུར་གནང་ཡོད། དེའང་ཀ་ཁ་འཛིན་གྲྭ་ནས་འཛིན་གྲྭ་གསུམ་པའི་བར་དབུ་མེད་ཚུགས་རིང་དང་། འཛིན་གྲྭ་བཞི་པ་ནས་བརྒྱད་པའི་བར་དབུ་མེད་འཁྱུག་ཡིག་དང་དབུ་ཅན། གཞན་ཡང་སློབ་ཕྲུག་ཡོངས་ནས་དབྱིན་ཇིའི་ཡིག་གཟུགས་བཅས་རིམ་པ་གསུམ་གྱི་སྒོ་ནས་འགྲན་སྡུར་གནང་ཡོད། ཕྱི་ཟླ་ ༡༠ ཚེས་ ༠༨ དགོང་མོར་རྣམ་གླིང་སློབ་གྲྭའི་ཀ་ཁ་འཛིན་གྲྭ་ནས་འཛིན་གྲྭ་བརྒྱད་པའི་བར་གྱི་སློབ་ཕྲུག་རྣམས་ཀྱིས་རི་མོའི་འགྲན་སྡུར་བྱས་ཡོད།
ཟླ་ ༡༠ ཚེས ༢༨ རེས་གཟའ་ཟླ་བའི་སྔ་དྲོར་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་སྐུ་ཚ་བླ་མ་བསོད་ནམས་རྒྱ་མཚོ་མཆོག་ནས་སློབ་གྲྭའི་དགེ་སློབ་ཡོངས་ལ་དཀར་གསུར་ཞིང་ཁམས་ཀུན་ཁྱབ་དང་། དམར་གསུར་འདོན་ཡོན་རྒྱ་མཚོའི་ལྗགས་ལུང་། བཀའ་བསྒོ་ཁྲུས་གསོལ་བཅས་བཀའ་དྲིན་བསྩལ་གནང་ཡོད། ཕྱི་ཟླ་ ༡༡ ཚེས་ ༠༩ རེས་གཟའ་སྤེན་པའི་ཉིན་སློབ་གྲྭའི་དབྱིན་བོད་ཡིག་གཟུགས་དང་གནའ་དེང་གི་རི་མོའི་འགྲེམ་སྟོན་མཛད་སྒོ་རྒྱས་པ་ཞིག་འཚོགས་གནང་ཡོད། ཕྱི་ཟླ་ ༡༡ ཚེས་ ༡༥ རེས་གཟའ་པ་སངས་དགོང་མོར། སློབ་གྲྭའི་སློབ་སྤྱི་གཙོས་པའི་རྒྱུན་ལས་ཕྱག་རོགས་རྣམས་ཀྱིས་རང་སྦྱོང་དང་འབྲེལ་བའི་བཀའ་སློབ་བསྩལ་གནང་ཞིང་། ཚེས་ ༢༠ ཉིན་འཛིན་གྲྭ་གོང་མ་རྣམས་ཀྱིས་རྩོད་རྒྱུགས་ཕུལ་ཡོད་པ་མ་ཟད་ལོ་འཁོར་མོ་གཅིག་གི་དཔེ་ཁྲིད་མཚམས་འཇོག་ཀྱང་གནང་ཡོད།
ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་ལོ་འཁོར་མོ་གཅིག་གི་ཆོ་ག་ཕྱག་ལེན་གྱི་རྒྱུགས་སྤྲོད་བཏང་གནང་ཡོད་པ་དང་ཚེས་ ༢༩ ནས་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ཐེངས་སོ་གསུམ་པའི་རང་སྦྱོང་དངོས་གཞི་དབུ་བཙུགས་ཡོད་པ་དང་། ཕྱི་ཟླ་ ༡༢ ཚེས་ ༠༥ ཉིན་ནས་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ཐེངས་སོ་གསུམ་པ་དངོས་གཞི་དབུ་བཙུགས་ཏེ་ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༠༡ ཚེས་ ༠༢ རེས་གཟའ་ཕུར་བུ་ཉིན་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ལེགས་པར་མཐའ་གྲུབ་སྟེ། གནས་མཆོག་རྡོ་རྗེ་གདན་དུ་རྣམ་གླིང་སློབ་གྲྭའི་སློབ་ཕྲུག་ ༤༠༠ ཙམ་རྡོར་གདན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༦ པར་འཚོག་བཅར་དུ་ཕེབས་ལ་ཉེ་བའོ།།
སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ།
བཙུན་དགོན་གྲྭ་ཚང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་སྙིང་བསྡུས།
ྋསྐྱབས་མཆོག་འཁོར་ལོའི་མགོན་པོ་གྲུབ་དབང་ཡིད་བཞིན་ནོར་བུ་གང་གི་བཀའ་དགོངས་བཞིན། ཉིན་ལྟར་བཙུན་མ་རྣམས་རེ་མོས་ཀྱིས་སྔ་དྲོར་སྒྲོལ་ཆོག་དང༌། ཕྱི་དྲོར་སྙིང་ཐིག་གསོལ་ཁ་བསྔོ་སྨོན་བཅས་ཆག་མེད་འཚོག་བཞིན་པ་དང་དེ་བཞིན་བླ་མ་རྡོ་རྗེ་སློབ་དཔོན་རྣམས་རེ་མོས་དབུ་བཞུགས་ཐོག་ཟླ་རེའི་ཚེས་བཅུར་བླ་མ་རིག་འཛིན་འདུས་པ་དང་ཉེར་ལྔར་ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཚོགས་མཆོད་ཀྱང་རྒྱུན་ལྡན་ལྟར་འཚོག་མུས་ཡིན།
ཕྱི་ལོ་ ༢༠༢༤ ཟླ་ ༠༧ ཚེས་ ༢༢ ནས་དབུ་བཙུགས་ཏེ་ཟླ་བ་ ༠༨ ཚེས་ ༢༨ བར་སྔར་སྲོལ་ལྟར་དབྱར་གནས་ཟླ་བ་གཅིག་དང་ཕྱེད་ཀྱི་རིང་ལ་རྡོ་རྗེ་སློབ་དཔོན་བླ་མ་ཕུར་པ་ཕྲིན་ལས་དབུས་པའི་གྲྭ་ཚང་གི་བཙུན་མ་རྣམས་དང་སློབ་གྲྭའི་འཛིན་གྲྭ་ལྔ་པ་ཡན་ཆད་ཀྱི་སློབ་གཉེར་བ་རྣམ་པས་སྙིང་ཐིག་གསོལ་ཁ་དང༌། མཁའ་འགྲོ་སེང་གདོང་མའི་བཟློག་པ། སྨིན་གླིང་རྡོར་སེམས། ཀར་གླིང་ཞི་ཁྲོ། རཏ་གླིང་ཚེ་ཆོག རཏ་གླིང་ཕུར་པ། དགེ་སློང་མ་དཔལ་མོའི་སྨྱུང་གནས་ཀྱི་ཆོ་ག་ཆ་གཉིས་བཅས་འཚོགས་ཤིང་མཐར་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་ཞལ་ཕྱེ་སྟེ་གཏང་རག་གི་ཚོགས་འཁོར་བསྐོར་ནས་མཐའ་གྲུབ་བོ། །འདི་ལོར་མཁན་སློབ་དང་གྲྭ་ཚང་གི་བཙུན་མ་འགས་འབུམ་ལྔ་བསགས་སྦྱང་གནང་བཞིན་པ་ལས་བོད་ཟླ་ ༠༩ ཚེས་ ༢༢ ཕྱི་ཟླ་ ༡༡ ཚེས་ ༢༢ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་གཏང་རག་ཚོགས་འཁོར་དང་བཅས་མཐའ་གྲུབ། ཕྱི་ལོ་ ༢༠༢༥ ཟླ་ ༠༡ པོའི་ནང་བཙུན་མ་ ༣༠༠ ལྷག་ཙམ་རྡོ་གདན་སྔ་འགྱུར་སྨོན་ལམ་ཆེན་མོ་སྐབས་སོ་དྲུག་པར་ཕེབས་ལ་ཉེའོ། །ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༠༣ བོད་ཟླ་ ༡༡ ཚེས་ ༠༤ ཉིན། སྔ་འགྱུར་བཙུན་དགོན་སྒྲུབ་སྡེ་གྲུབ་གཉིས་དགའ་ཚལ་གླིང་ནས། ལོ་གསུམ་ཕྱོགས་གསུམ་གྱི་སྐུ་མཚམས་བཞུགས་ཏེ། རྩ་གསུམ་བསྙེན་པ་འཁྱོལ་མཁན་སྒྲུབ་བླ་བཙུན་མ་གྲངས་ ༡༧ ཐམ་པ་ཐོན་ཡོད།
བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གྱི་ཟླ་དྲུག་ཕྱི་མའི་མཛད་རིམ་སྙིང་བསྡུས།
ཕྱི་ལོ་ ༢༠༢༤ ཟླ་ ༠༧ ཚེས་ ༢༡ བོད་ཟླ་ ༠༦ ཚེས་ ༡༥ ཉིན་སྔར་སྲོལ་ལྟར་མཐོ་སློབ་གཉིས་ཀྱི་ཚོགས་གཙོ་མཁན་རིན་པོ་ཆེ་དགའ་དབང་མཆོག་དབྱར་གནས་ཀྱི་མཁན་པོ་དབུ་བཞུགས་ཐོག བཙུན་མ་ཉིས་བརྒྱ་ལྷག་ཙམ་གྱིས་རྣམ་གླིང་མཁན་སློབ་དགེ་འདུན་འདུས་པ་རྒྱ་མཚོའི་ལྷན་དུ་དབྱར་སྔ་མ་གནས་པར་ཁས་བླངས་ཤིང་། ཉིན་རེར་ཐུན་གསུམ་དུ་བགོས་ཏེ་ཞོགས་པའི་ཆར་རྒྱུན་ཆགས་གསུམ་པ་དང་། ཉིན་གུང་གདུགས་ཚོད་ཀྱི་སྐབས་དཀོན་མཆོག་རྗེས་དྲན། བར་བསམ་སྒྲོལ་གསུམ། གདུགས་ཤེར་སེང་གསུམ་ཞབས་རིམ་ཁག་དང༌། དགོང་མོར་གཞུང་ཆེན་ཁག་གི་རྩ་བ་རེ་མོས་དང་བསྔོ་སྨོན་ཞབས་རིམ་གསུངས་གནང་བ་དང༌། དེ་བཞིན་དབྱར་གནས་སྐབས་འཆད་རྩོད་རྩོམ་གསུམ་གྱི་མཛད་རིམ་ཁག་ལས། ལོ་རིམ་བདུན་པའི་སློབ་ཕྲུག་རྣམས་ཀྱིས་སྤྱི་དོན་འོད་གསལ་སྙིང་པོ་དང༌། ལོ་རིམ་དྲུག་པའི་སློབ་གཉེར་བ་རྣམས་ཀྱིས་དཔལ་སྤྲུལ་སྤྱི་དོན་གྱི་བཤད་རྒྱུགས་ཕུལ་ཡོད། གཞན་ཡང་ལོ་རིམ་བརྒྱད་པའི་སློབ་ཕྲུག་ཡོངས་ནས་དཔྱད་རྩོམ་བྲིས་གནང་བ་དང་། དེ་ལས་འདེམས་སྒྲུག་བྱུང་བ་རྣམས་དམ་བཅའ་བཞུགས་ཤིང་། ལོ་རིམ་བརྒྱད་པ་དང་དགུ་པའི་སློབ་གཉེར་བ་གཙོས་པའི་སློབ་ཕྲུག་གཞན་དག་གིས་རང་མོས་ཐོག་དྲི་བ་དྲིས་གནང་ཡོད། ལོ་རིམ་དང་པོ་ནས་བཞི་པའི་བར་གྱི་སློབ་གཉེར་བ་རྣམས་ཀྱིས་ལུང་རིགས་དང་མཐུན་པའི་སྒོ་ནས་སྐབས་བབ་སློབ་ཚན་གྱི་བརྗོད་བྱ་དཀའ་གནད་ཆེ་བའི་རིགས་ལ་རྟགས་གསལ་དང་དམ་བཅའི་རྒྱུགས་ཕུལ་བ་དང་། དེ་བཞིན་ལོ་རིམ་གཉིས་པ་ནས་དགུ་པའི་བར་དང་དགུ་པ་ནས་གཉིས་པའི་བར་ལུགས་འབྱུང་ལྡོག་གི་ཚུལ་དུ་རྩོད་རྒྱུགས་ཕུལ་ཡོད།
སྔོན་འགྲོའི་སློབ་ཕྲུག་རྣམ་པས་ཡིག་གཟུགས་འགྲན་སྡུར་དང༌། རིག་གནས་འགྲན་སྡུར་གནང་ཡོད། དགག་དབྱེའི་སྦྱོར་ཆོས་དང་ལྗོངས་རྒྱུ་སོགས་ནི་སྔ་འགྱུར་མཐོ་སློབ་ཆེན་མོ་དང་གཅིག་མཚུངས་ཡིན། ཕྱི་ཟླ་ ༡༡ ཚེས་ ༢༢ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་མོ་ལོ་འཁོར་མོ་གཅིག་གི་དཔེ་ཁྲིད་ཡོངས་སུ་རྫོགས་པ་མཚམས་བཞག་ཡོད་ཅིང་། ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་སྔོན་འགྲོ་འཛིན་གྲྭའི་ལོ་འཁོར་རྩོད་རྒྱུགས་ཕུལ་ཡོད་པ་དང་། ཕྱི་ཟླ་ ༡༢ ཚེས་ ༠༤ ནས་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རང་སྦྱོང་དབུ་བཙུགས་ཏེ་ཕྱི་ཟླ་ ༡༢ ཚེས་ ༢༧ བར་རང་སྦྱོང་དང༌། ཕྱི་ཟླ་ ༡༢ ཚེས་ ༢༨ ནས་བཟུང་བདུན་ཕྲག་རེའི་ནང་ཡིག་རྒྱུགས་ཚར་རེ་བཏང་སྟེ་མཐར་ཕྱི་ལོ་ ༢༠༢༥ ཟླ་ ༠༡ ཚེས་ ༡༣ ཉིན་མཐའ་ལེགས་པར་གྲུབ་བོ།།
བཙུན་དགོན་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་སྙིང་བསྡུས།
སྔར་སྲོལ་ལྟར་བཙུན་དགོན་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་གི་སློབ་ཕྲུག་རྣམས་ཀྱིས་རྒྱུན་དུ་ཞོགས་པའི་ཆར་སྔོན་འགྲོའི་ཞལ་འདོན་བར་བསམ་སྒྲོལ་གསུམ། གདུགས་ཤེར་སེང་གསུམ། ཚེ་མདོ་ཚེ་གཟུངས། བཀྲ་ཤིས་སྨོན་ལམ། ཞབས་བརྟན་ཁག་དང་། དགོང་དྲོར་སྨོན་ལམ་རྣམ་གསུམ་དང་འཇམ་དཔལ་མཚན་བརྗོད། གསོལ་འདེབས་ལེའུ་བདུན་མ་སོགས་རེས་མོས་འདོན་བཞིན་ཡོད། གཞན་ཡང་རྒྱུན་དུ་སློབ་ཕྲུག་རྣམས་ཀྱི་ཀློག་རྩལ་དང་བྲིས་གཟུགས། ཆོས་འབྱུང༌། རྒྱལ་རབས། སུམ་རྟགས་དག་གསུམ་ནང་ཆོས་ངོ་སྤྲོད། ཨང་རྩིས། ཚན་རིག་སོགས་དབྱིན་བོད་ཀྱི་སྐད་ཡིག་སློབ་ཚན་དག་ལ་ཐོས་བསམ་སློབ་གཉེར་བྱེད་མུས་ཡིན།
ཕྱི་ལོ་ ༢༠༢༤ ཟླ་ ༠༩ ཚེས་ ༢༡ དགོང་མོར་འཛིན་གྲྭ་འོག་མའི་སློབ་ཕྲུག་རྣམས་ཀྱིས་དབྱིན་ཡིག་གི་སྙན་རྩོམ་བློ་ཐོག་སྐྱོར་རྒྱུ་དང་འཛིན་གྲྭ་བཞི་པ་ཡན་ཆོད་ཀྱི་སློབ་ཕྲུག་རྣམས་ནས་འཛིན་གྲྭ་གོང་འོག་བར་དབྱིན་ཡིག་དག་ཆ་བློ་འཛིན་འགྲན་སྡུར་གནང་བ་དང་། དེ་དག་ལས་རྩེ་ཕུད་སོན་པའི་ཨང་དང་པོ་དང་གཉིས་པ་གསུམ་པ་རྣམས་ལ་ཚོགས་གཙོ་མཁན་རིན་པོ་ཆེ་དགའ་དབང་མཆོག་གིས་བྱ་དགའ་གསོལ་རས་བསྩལ་གནང་ཡོད། དེ་བཞིན་སློབ་ཕྲུག་རྣམས་ཀྱིས་སུམ་རྟགས་དག་གསུམ་སོགས་ལ་འཛིན་གྲྭ་གོང་འོག་གི་འགྲན་སྡུར་གནང་ཞིང༌། གཏོར་བཟོ་དཀར་རྒྱན་དང་། འབུད་རྡུང་དཀྲོལ་གསུམ། རི་མོ་བཅས་ཀྱི་རྒྱུགས་སྤྲོད་ཡང་རིམ་བཞིན་བཏང་ཡོད་པ་དང་། དེ་དག་ལས་རྩེ་ཕུད་དུ་སོན་པའི་སློབ་ཕྲུག་རྣམས་ལ་བྱ་དགའ་བསྩལ་གནང་བ་དང༌། ཕྱི་ཟླ་ ༡༢ ཚེས་ ༡༦ ནས་བཟུང་བདུན་ཕྲག་གཅིག་རིང་ལོ་འཁོར་རྒྱུགས་སྤྲོད་ཆེད་རང་སྦྱོང་གནང་ཡོད་པ་དང༌། ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་དབུ་བཙུགས་ཏེ་ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༠༡ ཚེས་ ༠༩ ཉིན་མཐའ་གྲུབ་ཅིང་། གཞན་གནས་མཆོག་རྡོ་རྗེ་གདན་ལ་ཕེབས་ཕྱོགས་དང་གུང་སེང་སོགས་ནི་གོང་དང་མཚུངས་སོ།།
