གནས་བརྟན་ཐིག་ནཏ་ཧཱན་དང་སྤྲིན་དཀར་ལམ་རྙིང་དུ་གསུངས་པའི་མཛད་པ་བཅུ་གཉིས་ཀྱི་ངོ་སྤྲོད།

རྩོམ་སྒྲིག་པ།

གླེང་བརྗོད།

སྤྱིར་འཛམ་གླིང་ཤར་ནུབ་གང་སར་གྲགས་པས་ཆོད་ཅིང་། དམིགས་བསལ་ཉེ་ཆར་སྤྱི་ལོ་ (༢༠༡༦) བོད་སྐད་དུ་བསྒྱུར་ཏེ་དེ་རིང་ཁ་སང་མང་དག་ཅིག་གིས་ཚ་ཚ་འུར་འུར་དུ་གླེང་བཞིན་པའི་བོད་འགྱུར་སྤྲིན་དཀར་ལམ་རྙིང་ཞེས་པའི་དཔེ་དེབ་འདི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་རྣམ་ཐར་རྒྱ་མཚོ་ལྟ་བུའི་ནང་ནས་ཆེས་དམིགས་བསལ་ཞིག་ཏུ་མངོན་སྟབས། རྒྱ་ཆེའི་ཀློག་པ་པོ་དག་ལ་ངོ་སྤྲོད་ཀྱི་ཚུལ་དུ་ཅུང་ཙམ་མཚམས་སྦྱོར་བྱས་ན། ཐོག་མར་ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་སངས་རྒྱས་ཀྱི་མཛད་པ་རྣམས་ཤེས་དགོས་པ་དང་གླེང་དགོས་པ་ཞིག་ཡིན་པར་མ་ཟད། སངས་རྒྱས་ཀྱི་རྣམ་ཐར་གང་དང་གང་ཡིན་ཡང་བཀླག་དགོས་པ་ནི་སུ་ལའང་བཤད་མ་དགོས་པ་ཞིག་རེད། འོ་ན། སློབ་དཔོན་འདུལ་བ་འཛིན་པ་ཆེན་པོ་ཐིག་ནཏ་ཧཱན་ཁོང་གིས་དཔེ་དེབ་སྤྲིན་དཀར་ལམ་རྙིང་ཞེས་པ་འདི་མ་བརྩམས་པའི་ཡར་སྔོན་དུ་བོད་རང་གི་སྐད་ཡིག་གི་ཐོག་ཏུ་སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར་མེད་པ་རེད་དམ་ཞེ་ན་མ་ཡིན་ཏེ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལྟ་བུ་སྟོན་པའི་རྣམ་ཐར་ལས་གསུང་གི་རྣམ་ཐར་ཡིན་པས་རྒྱ་ཆེ་བ་དང་། གཞན་རྒྱ་གར་གྱི་སློབ་དཔོན་ཟླ་བའི་དབང་པོས་བརྩམས་པའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་ལེའུ་བརྒྱ་དང་བརྒྱད་ཀྱི་བདག་ཉིད་ཅན་དང་། དེ་བཞིན་བོད་ཀྱི་མཁས་པའི་བརྩམས་ཆོས་ལ་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་དད་པའི་ཉིན་བྱེད་ཕྱོགས་བརྒྱར་འཆར་བ་ཞེས་བྱ་བ་ལེའུ་བརྒྱ་དང་ཉེར་ལྔ་ཅན་དང་། སྣ་ནམ་བཙུན་པ་སྐལ་བཟང་ཆོས་ཀྱི་རྒྱ་མཚོ་བསོད་ནམས་དབང་པོས་མཛད་པ་སངས་རྒྱས་ཀྱི་རྣམ་ཐར་བདེ་བར་གཤེགས་པའི་སྤྱོད་པ་མཆོག་གི་གཏེར་ཞེས་བྱ་བ། བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་སྟོན་པ་སངས་རྒྱས་ཀྱི་རྣམ་ཐར་དད་ཅིང་དགའ་སྐྱེད་ཅེས་པས་མཚོན། བོད་ཀྱི་ཆོས་འབྱུང་རྒྱལ་རབས་རྣམས་ཀྱི་ནང་དུ་སྟོན་པའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་སོགས་རབ་དང་རིམ་པ་ཡོད་ཀྱང་། དེ་དག་ནི་བརྗོད་བྱ་རྗོད་བྱེད་སོགས་གང་གི་ཐད་ནས་ཀྱང་ཟབ་བརླིང་གི་ཕྱོགས་སུ་བརྩམས་ཡོད་པ་ལས་ཁ་གསལ་གོ་བདེ་འཇིག་རྟེན་སྤྱི་ཡོངས་ལྟར་གོ་བ་ལེན་ཐུབ་པ་ཞིག་ཧ་ལམ་མཇལ་རྒྱུ་མེད་ཚོད་འདུག དེའི་ཕྱིར་དེ་སྔོན་དེ་དག་ལ་ལྟོས་འཇོག་གིས་ཐུགས་སྣང་དེ་འདྲ་ཞིག་མེད་པར་མངོན། སྤྲིན་དཀར་ལམ་རྙིང་ལ་མཚོན་ན་ཀློག་པ་པོ་རྣམས་ཀྱིས་དེ་ལས་ལྡོག་སྟེ་སྔར་བྱུང་མ་མྱོང་བའི་ཐུགས་སྣང་མཛད་ཡོད་ལ། དེའི་རྒྱུ་མཚན་ཡང་དཔེ་དེབ་འདིར་དེང་དུས་ཀྱི་བརྩམས་སྒྲུང་གི་རྣམ་པ་ཡོད་ཕྱིར་ཡིག་ངོ་ཆོད་པ་ཙམ་གྱིས་ནང་དོན་གོ་སླ་བ་དང་། ཚིག་གི་སྦྱོར་བ་བདེ་བ་སོགས་རྒྱུ་མཚན་དུ་མ་ལ་བརྟེན་ནས་རྒན་དར་གཞོན་གསུམ་མང་པོ་ཞིག་གིས་དོ་སྣང་དམིགས་བསལ་བ་ཞིག་བྱས་པ་མིན་ནམ་སྙམ། དེས་ན་ད་ལྟའི་བར་ཤོག་གྲངས་ཆིག་སྟོང་ལྷག་གི་ངོ་བོར་གྲུབ་པའི་སྤྲིན་དཀར་ལམ་རྙིང་ཞེས་པའི་དེབ་སྟོད་སྨད་བར་གསུམ་གྱི་བདག་ཉིད་ཅན་གྱི་རྣམ་ཐར་འདི་ལ་ཐུགས་སྣང་ཆེར་མ་གནང་མཁན་དང་། སྣང་བ་བག་ཡངས་སུ་ཤོར་བའི་གྲོགས་པོ་མང་པོ་ཞིག་ཡོད་པ་ནི་གོར་མ་ཆག་པས་དེ་དག་ལ་ཐུགས་སྣང་ཕྲན་བུ་རེ་ཡོང་ཆེད། དཔེ་དེབ་འདི་ངོ་སྤྲོད་ཅིག་བྱེད་འདོད་ལགས་ཏེ། འདི་ནི་ང་ཚོ་ནང་པ་བ་ཞིག་དང་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་རྗེས་འཇུག་ཅིག་ཡིན་པའི་ཆ་ནས་ཡི་གེ་སྦྱོར་ཀློག་ཤེས་མཁན་ཞིག་ཡིན་ན་ངེས་པར་དུ་དེབ་འདི་དག་བཀླག་རྒྱུ་ཧ་ཅང་གལ་ཆེ་བ་དང་། ཡི་གེ་སྦྱོར་ཀློག་མི་ཤེས་མཁན་དག་གིས་ཀྱང་དེབ་འདི་རི་མོར་ཕབ་པ་ལྟ་བུའི་རྒྱ་གར་འཕགས་པའི་ཡུལ་ནས་འཁྲབ་སྟོན་ཞུས་པའི་སངས་རྒྱས་ཀྱི་རྣམ་ཐར་ཏེ། དེང་སང་བོད་མདོ་དབུས་ཁམས་གསུམ་གྱི་སྐད་ཐོག་ཏུ་སྒྲ་བསྒྱུར་ཕུན་སུམ་ཚོགས་པ་ཡོད་པའི་སྟོན་པའི་རྣམ་ཐར་དེ་ལ་གཟིགས་ན་ཧ་ཅང་སྟབས་བདེ་ཞིང་འཁྲབ་སྟོན་གྱི་སྒྱུ་རྩལ་ཡང་ཤིན་ཏུ་ལེགས་པ་དང་། རང་ཅག་བོད་མི་རིགས་དང་རི་བོ་ཧི་མ་ལའི་རི་རྒྱུད་ཀྱི་ནང་པ་དག་གི་ཆོས་ཀྱི་འབྱུང་ཁུངས་ཡང་སངས་རྒྱས་བཅོམ་ལྡན་འདས་ལ་ཐུག་ཡོད་ཕྱིར། ངེས་པར་དུ་སངས་རྒྱས་ཀྱི་མཛད་རྣམ་ཤེས་དགོས་པ་གལ་ཆེ་བ་ཡིན་པ་ནི་སྨྲོས་མ་དགོས་པས་ཐུགས་སྣང་མཛད་རོགས་ཞེས་འབོད་སྐུལ་ཞུ་བ་ལགས་སོ།།

རྩོམ་པ་པོ་གནས་བརྟན་ཐིག་ནཏ་ཧཱན།

དེབ་འདིའི་རྩོམ་པ་པོའམ་བསམ་གཏན་མཁན་པོ་ཐིག་ནཏ་ཧཱན་གྱི་ངོ་སྤྲོད་མདོ་ཙམ་ཞུས་ན། གནས་བརྟན་ཐིག་ནཏ་ཧཱན (Thich Nhat Hanh) ནི། སྤྱི་ལོ་ ༡༩༢༦ ཟླ་ ༡༠ ཚེས་ ༡༡ ཉིན་ཝེ་ཐི་ནམ་རྒྱལ་ཁབ་ (Vietnam) ཀྱི་མི་ཚང་ཆེན་པོ་ཞིག་ཏུ་སྐུ་འཁྲུངས། གནས་བརྟན་ཁོང་བྱིས་པའི་དུས་སུ་མཚན་ལ་ནུ་ཡེན་ཊེན་ལང་ (Nguyen Dinh Lang) ཞེས་འབོད་པ་དང་། སྤྱི་ལོ་ ༡༩༤༩ ལོར་རབ་ཏུ་བྱུང་བའི་མཚན་ལ་ནཏ་ཧཱན་ (Vietnam) གསོལ་ཞིང་། དགུང་ལོ་ ༡༦ ཐོག་ཆོས་སྒོར་ཞུགས་ནས་རྫེན་ (Zen) ཆོས་ལུགས་སྦྱངས། སྤྱི་ལོ་ ༡༩༦༡ ལོར་ཨ་རིའི་ནིའུ་ཇེར་སི་ལ་ (New Jersey) ཕེབས་ནས་ཆོས་ལུགས་ཀྱི་ལྟ་གྲུབ་རིག་པ་སྦྱངས་པ་དང་། ཞོར་དུ་ཁོ་ལིམ་བྷི་ཡ་ (Columbia) གཙུག་ལག་སློབ་གཉེར་ཁང་གི་ནང་དོན་རིག་པའི་སློབ་དཔོན་གྱི་འགན་བཞེས། གནས་བརྟན་ཁོང་ཝི་ཐི་ནམ་གྱི་སྐད་ཡིག་ལ་བྱང་ཆུབ་པའི་ཐོག ཧྥ་རན་སིའི་སྐད་ཡིག་དང་། དབྱིན་ཇིའི་སྐད་ཡིག གནའ་རབས་རྒྱ་ནག་གི་སྐད་ཡིག ལེགས་སྦྱར་གྱི་སྐད་ཡིག པཱ་ལིའི་སྐད་ཡིག་སོགས་སྐད་རིགས་བདུན་ཙམ་ལ་སྦྱངས་པ་བྱས། སྤྱི་ལོ་ ༡༩༦༣ ལོར་ཕྱིར་ཕ་ཡུལ་ཝི་ཐི་ནམ་ལ་ཕེབས་ནས་དགོན་སྡེ་དང་མང་ཚོགས་ལ་འཚེ་མེད་ཞི་བ་དང་ཞི་བདེའི་སློབ་གསོ་གནང་ཞིང་རྩོམ་ཡིག་སྣ་ཚོགས་བྲིས། སྤྱི་ལོ་ ༡༩༦༦ ཟླ་ ༥ ཚེས་ ༡ ཉིན་ཏུ་ཧིའུ་ (TuHieu) དགོན་པའི་རྫེན་གྱི་སློབ་དཔོན་ཆན་ཐཱ་ཏི་ (Chan That) ལགས་ཀྱིས་དམ་ཆོས་སྤེལ་བའི་སྒྲོན་མེ་ཞེས་པའི་མཚན་བསྩལ་ཏེ་ཆོས་ཀྱི་སློབ་དཔོན་དུ་མངའ་གསོལ། དེ་ནས་བཟུང་ཝི་ཐི་ནམ་གྱི་ཏུ་ཧིའུ་དགོན་པ་དང་། དགོན་སྡེ་ཚོགས་པ་ཡོངས་ཀྱི་དབུ་ཁྲིད་དུ་གྱུར། གནས་བརྟན་ཐིག་ནཏ་ཧཱན་གྱིས་ཐེག་པ་ཆེན་པོའི་རྣལ་འབྱོར་སྤྱོད་པ་དང་། ཤེར་ཕྱིན་བཅས་འཆད་སྤེལ་གནང་བར་མ་ཟད། ཤར་ནུབ་ཡུལ་གྲུ་ཀུན་ལ་ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པ་དང་སྦྱར་ནས། དབུགས་འབྱིན་རྔུབ་དང་། དྲན་པ་ཉེར་བཞག་བཞི་སོགས་འཆད་ཁྲིད་གནང་ནས་དེང་རབས་སྒོམ་སྒྲུབ་ཉམས་ལེན་གྱི་སྒོ་མོ་རྒྱ་ཆེར་ཕྱེས། སྤྱི་ལོ་ ༡༩༦༣ ལོར་ཕ་ཡུལ་ལ་ལོག་པའི་སྐབས་དེར་ལྷོ་བྱང་ཝི་ཐི་ནམ་བར་གྱི་དམག་འཁྲུག་ཛ་དྲག་ཏུ་གྱུར་བས་དམག་འཁྲུག་གི་ཉེས་སྐྱོན་ཐེར་འདོན་གྱི་སྙན་ངག་དང་རྩོམ་ཡིག་མང་པོ་སྤེལ་ནས། མཐར་ཁོང་གི་ཚེ་སྲོག་ཉེན་ཁར་ཐུག་སྟེ་སྤྱི་ལོ་ ༡༩༦༦ ལོར་བཙན་བྱོལ་དུ་མི་ཕེབས་ཀ་མེད་བྱུང་། བཙན་བྱོལ་ཏུ་ཕེབས་ནས་དབྱིན་ཇི་རྒྱལ་ཁབ་དང་། ཁེ་ན་ཊ་སོགས་རྒྱལ་ཁབ་ ༡༩ དང་། གྲོས་ཚོགས་ཁང་གང་མང་ལ་བསྐྱོད་ནས་འཛམ་གླིང་གི་དམག་འཁྲུག་མཚམས་འཇོག་དགོས་པའི་གཏམ་བཤད་དང་རྩོམ་ཡིག གཞས་ཚིག སྙན་ངག དཔྱད་རྩོམ་མང་པོ་བྲིས། མི་ལོ་ ༣༩ ལ་བཙན་བྱོལ་བར་གྱུར་པའི་གནས་བརྟན་ཁོང་སྤྱི་ལོ་ ༢༠༠༥ ལོར་ཕ་ཡུལ་ཝི་ཐི་ནམ་ལ་ཕྱིར་ཕེབས། གནས་བརྟན་ཁོང་སྐུ་མ་གཤེགས་ཀྱི་བར་དུ་དེབ་ ༡༠༠ ལྷག་བརྩམས་ཡོད་པ་ལས། དེབ་ ༧༥ དབྱིན་ཡིག་ནང་བརྩམས་ཡོད་པ་དང་། དེབ་མང་པོ་ཞིག་སྐད་རིགས་མི་འདྲ་བ་ ༤༠ ནང་ལ་བསྒྱུར་ཡོད། འཛམ་གླིང་གི་ས་ཕྱོགས་གང་སར་སྒོམ་སྒྲུབ་ཁང་ ༢,༤༥༠ བཙུགས། མཐར་སྤྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢༢ ཉིན་དགུང་ལོ་ ༩༥ སྟེང་དགོངས་པ་རྫོགས། གནས་བརྟན་ཁོང་ལ་དད་མོས་བྱེད་མཁན་མང་པོ་མྱ་ངན་གྱི་གནས་སུ་གྱུར་ཞིང་དམ་པ་ཁོང་སྐུ་གཤེགས་པ་ལ་འཛམ་གླིང་གི་སྐྱེས་ཆེན་རྣམ་པ་དང་མི་གྲངས་མང་པོས་རྗེས་དྲན་མྱ་ངན་ཞུས་ཡོད།

བརྗོད་བྱ་དངོས།

གནས་བརྟན་ཐིག་ནཏ་ཧཱན་གྱིས་དེབ་ ༡༠༠ ལྷག་བརྩམས་ཡོད་པ་ལས། སྐབས་བབས་ཀྱི་ངོ་སྤྲོད་ཞུ་བྱ་སྤྲིན་དཀར་ལམ་རྙིང་འདི་ནི་ལོ་ངོ་ ༣༡ གི་ཡར་སྔོན་དུ་མཛད་པ་ཞིག་ཡིན། དེའང་མཛད་པ་པོས། སཾ་སྐྲཏ་དང་། པཱ་ལི། རྒྱ་ནག་གི་གསུང་རབ་བཅས་སུ་བཞུགས་པའི་གཞུང་ཁུངས་མི་འདྲ་བ་ཉེར་བཞི་ལ་གཞི་བཅོལ་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་བཟང་གི་སྙིང་པོ་ཁག་འབྲི་ཐབས་ཡིད་དུ་འོང་བའི་སྒོ་ནས་ཕྱོགས་གཅིག་ཏུ་དྲིལ་ཏེ་བརྩམས་འདུག་ཅིང་།[1] སྤྲིན་དཀར་ལམ་རྙིང་འདི་ཉིད་ད་ལྟའི་ཆར་སྐད་རིགས་ཉི་ཤུ་ལྷག་གི་ཐོག་ལ་བསྒྱུར་ཡོད་པ་དང་།[2] ཤོག་གྲངས་ལྔ་བརྒྱ་དགུ་བཅུ་གོ་དགུ་ཅན་གྱི་བསྒྱུར་བྱའི་མ་དེབ་དབྱིན་མིང་དུ་ ( Old Path White Clouds ) ཞེས་པའི་དེབ་འདི་ལ། བོད་ཡིག་ཐོག་གོང་བཤད་ལྟར་ཤོག་གྲངས་ཆིག་སྟོང་ལྷག་གི་ངོ་བོར་གྲུབ་པའི་སྤྲིན་དཀར་ལམ་རྙིང་ཞེས་པའི་དེབ་སྟོད་སྨད་བར་གསུམ་གྱི་བདག་ཉིད་འདིར་སྟོད་ཆ་ལ་ཤོག་གྲངས་ ༣༤༦ བར་ཆ་ལ་ ༣༣༨ སྨད་ཆ་ལ་ ༣༣༨  ཡོད་ཅིང་། གཞན་འདི་དག་གི་བྱུང་རིམ་དག་ཞིབ་མོར་གོ་བར་འདོད་ན་རྣམ་ཐར་འདིའི་དེབ་སྟོད་ཆའི་སྔོན་གླེང་དུ་གསལ་ལོ།།

དང་པོ་མདོར་དྲིལ་ནས་བཤད་ན། སྤྲིན་དཀར་ལམ་རྙིང་འདི་ལ་ལེའུའམ་ཚན་པ་བརྒྱད་ཅུ་གྱ་གཅིག་ཡོད་ལ་སངས་རྒྱས་ཀྱི་དགུང་གྲངས་དང་མཉམ་པའི་ཚུལ་གྱིས་རྣམ་ཐར་འདིའི་མཇུག་བསྡུས་ཡོད་དོ། །སྤྱིར་རྒྱ་བོད་ཀྱི་མཁས་པ་དག་གིས་མཛད་ཅིང་བོད་ཀྱི་སྐད་ཡིག་གི་ཐོག་ཏུ་ཡོད་པའི་སངས་རྒྱས་ཀྱི་རྣམ་ཐར་གང་དང་གང་ཡིན་ཡང་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བ་སོགས་མཛད་པ་བསམ་གྱིས་མི་ཁྱབ་པ་སངས་རྒྱས་ཁོ་ན་ལས་སོ་སྐྱེས་ལྟ་ཅི་སྨོས་འཕགས་པ་གཞན་གྱི་སྤྱོད་ཡུལ་དུའང་མ་གྱུར་པ་ཞིག་ཡིན། འོན་ཀྱང་། གསུང་རབ་རྣམས་སུ་མཛད་པ་གཙོ་བོ་དག་བསྡུས་ཏེ་ཡོངས་སུ་གྲགས་པའི་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སྟོན་པའི་རྣམ་ཐར་འཆད་པའི་སྲོལ་ཡོད་པ་ལྟར། གཙོ་བོ་མཛད་པ་བཅུ་གཉིས་ཀྱི་ཚུལ་དུ་བཀོད་ཡོད་པ་ཞིག་ཡིན།

དེ་ཡང་རྒྱུད་བླ་མ་ལས། སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོ་འཁོར་དགྱེས་རོལ་བ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདའ་བར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་དང་། མགོན་པོ་ཀླུ་སྒྲུབ་དང་ཇོ་བོ་རྗེ་གཉིས་ཀྱིས་མཛད་པ། ཐུབ་བསྟོད་ལྟ་བུ་ལ་མཚོན་ནའང་། དང་པོ་ལྷ་ལས་བབས་པའི་མཛད་པ། ལྷུམས་སུ་ཞུགས་པའི་མཛད་པ། སྐུ་བལྟམས་པའི་མཛད་པ། སྒྱུ་རྩལ་སོགས་རིག་པའི་གནས་ལ་སྦྱངས་པའི་མཛད་པ། རྒྱལ་སྲིད་བསྐྱངས་པའི་མཛད་པ། རབ་ཏུ་བྱུང་བའི་མཛད་པ། དཀའ་བ་སྤྱད་པའི་མཛད་པ། སངས་རྒྱས་པའི་མཛད་པ། ཆོས་འཁོར་བསྐོར་བའི་མཛད་པ། བདུད་སྡེ་བཅོམ་པའི་མཛད་པ། སྐུ་མྱ་ངན་ལས་འདས་པའི་མཛད་པ་སོགས་དང་སྦྱར་ཏེ་སངས་རྒྱས་ཀྱི་མཛད་པ་རྣམས་གོ་རིམ་བཞིན་གསུངས་ཡོད་པ་ཞིག་ཡིན་སྟབས།

སྐབས་འདིར་སྤྲིན་དཀར་ལམ་རྙིང་ཆ་ཚང་ངོ་སྤྲོད་བྱས་ན་དེབ་གསུམ་གྱི་བདག་ཉིད་དུ་གྲུབ་ཡོད་སྟབས་ཅུང་ཙམ་མང་དུ་དོགས་ནས། རྒྱ་བོད་ཀྱི་མཁས་གྲུབ་དམ་པ་གོང་མ་རྣམས་ཀྱིས་སྟོན་པའི་རྣམ་ཐར་སྙིང་པོ་ལྟ་བུ་མཛད་པ་བཅུ་གཉིས་སུ་དྲིལ་ཏེ་གསུངས་པ་དེ་ད་ལྟའི་བར་ང་ཚོར་གོམས་ལོབ་དང་རྒྱུས་མངའ་ཆེ་བ་ཡོད་ཕྱིར། འདིར་ཡང་སྤྲིན་དཀར་ལམ་རྙིང་དུ་གསུངས་ཡོད་པའི་མཛད་པའི་གཙོ་བོ་མཛད་པ་བཅུ་གཉིས་དང་འབྲེལ་ཡོད་རྣམས་ཚུར་བསྒྲུགས་ཏེ་མཛད་པ་བཅུ་གཉིས་ངོ་སྤྲོད་བྱས་ཡོད། ཡིན་ན་ཡང་། འདིར་གསུངས་པའི་མཛད་པ་བཅུ་གཉིས་ནི་གོང་ཞུས་ཀྱི་མཛད་པ་དེ་དག་དང་གོ་རིམ་གྱི་ཆ་ནས་བརྗོད་ཚུལ་ཅུང་མི་འདྲ་སྟེ། དཔེར་ན་གཤམ་གསལ་ལྟར།

སྤྲིན་དཀར་ལམ་རྙིང་གི་ཚན་པ་དང་པོར། ལྗོངས་རྒྱུར་ཕེབས་པ།

ཚན་པ་འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱལ་སྲིད་འཁོར་དང་བཅས་པ་སྤངས་ནས་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་དཀའ་བ་སྤྱད་དེ་བཞུགས་པའི་སྐབས། ཁོང་ལ་རྩྭ་ཀུ་ཤའི་གདན་ཕུལ་མཁན་རྩྭ་འཚོང་ཁྱེའུ་བཀྲ་ཤིས་ཞེས་པ་དེ་ཉིད། བཅོམ་ལྡན་འདས་སངས་རྒྱས་པའི་རྗེས་ཁོང་གི་སྐུ་མདུན་དུ་རབ་ཏུ་བྱུང་ནས་ལོ་ངོ་བཅུའི་རྗེས་ཏེ། ལོ་ན་ཉེར་གཅིག་ལ་སོན་སྐབས། ཁོང་གི་མཆེད་གྲོགས་སྐུ་སྲས་སྒྲ་གཅན་འཛིན་དང་། སྲུ་སྐྱེ་དགུའི་བདག་མོ། ཀུན་དགའ་བོ། ཤཱ་རིའི་བུ། མོའུ་འགལ་གྱི་བུ། གྲགས་འཛིན་མ་སོགས་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དཀའ་བ་སྤྱད་པའི་སྐབས་ཀྱི་མཛད་པ་རྣམས་གུས་ཞབས་དང་བཅས་ཞུ་བ་ནས་འགོ་བརྩམས་ཏེ་སངས་རྒྱས་ཀྱི་མཛད་རྣམ་དབུ་བཙུགས་ཡོད།

ཚན་པ་ལྔ་པ། འོ་མ་ཕོར་པ་གང་།

མཛད་པ་བཅུ་གཉིས་ལས་བདུན་པ་ངེས་འབྱུང་དཀའ་བ་སྤྱད་པའི་མཛད་པ་བསྟན་པ་ནི། གཞོན་ནུ་དོན་གྲུབ་རབ་ཏུ་བྱུང་ནས་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ཡུན་རིང་དཀའ་བ་སྤྱད་དེ་སྐུ་ལུས་ཀྱི་ཟུངས་ཡོངས་སུ་ཟད་ཅིང་སྐམ་རིད་དུ་གྱུར་ནས་ཡུན་རིང་བཞུགས་སྐབས། དཀའ་ཐུབ་ཀྱི་བརྟུལ་ཞུགས་ཀྱིས་ཐར་ལམ་འཚོལ་མི་ཐུབ་པར་མཁྱེན་ནས་གྲོང་གསེབ་ཏུ་ཁ་ཟས་འཚོལ་བར་ཕེབས། ཡུལ་ལྟེང་རྒྱས་གྲོང་ཚོའི་འགོ་དཔོན་གྱི་བུ་མོ་ལེགས་སྐྱེས་མས་སཱ་རི་[3]( Sari ) གསར་པ་ཞིག་གོན་ནས་སྡེར་མ་ཞིག་གི་ནང་དུ་ཀོར་ཞུན་དང་། འོ་མ། འབྲས་ཐུག སྦྲང་རྩི་སོགས་ཁྱེར་ནས་མོའི་ཨ་མས་མངགས་པ་བཞིན། ཤིང་ལྷར་མཆོད་འབུལ་བྱེད་སར་འགྲོ་བའི་ལམ་ཁར་མི་ཞིག་དྲན་མེད་དུ་འགྱེལ་ཡོད་པ་མཐོང་བས། མི་དེ་ཡུན་རིང་ཟས་མ་རག་པར་ལྟོགས་དྲགས་ཏེ་དྲན་མེད་དུ་བརྒྱལ་ཡོད་པ་ཤེས། མོས་འོ་ཐུག་འགའ་མི་དེའི་ཁ་རུ་བླུགས་རྗེས་སླར་དྲན་པ་སོས། མི་དེས་ག་ལེར་མགོ་བོ་ཡར་བཀྱགས་ཏེ་བརྩེ་ཞིང་བྱམས་པའི་སྒོ་ནས་མོ་ལ་གཟིགས་ཤིང་། ཁོ་བོ་ནི་རི་ལ་བསྡད་དེ་སྒོམ་སྒྲུབ་ཀྱི་ཉམས་ལེན་ལ་གཞོལ་བཞིན་ཡོད་སྟབས་དཀའ་ཐུབ་ཀྱི་བརྟུལ་ཞུགས་འདིས་ངའི་ལུས་པོ་ཚང་མ་ཉམ་ཐག་པར་བྱས་སོང་བས། དེ་རིང་ང་རི་ལས་བབས་ཏེ་གྲོང་གསེབ་ནས་ཁ་ཟས་ཅུང་ཙམ་སློང་རྒྱུའི་ཐག་གཅོད་བྱས་པ་ལྟར་ཡོང་ཡང་ངའི་ལུས་ཀྱི་ཟུངས་ཟད་པ་ལ་ཁྱེད་ཀྱིས་ངའི་སྲོག་བསྐྱབས་པར་ཐུགས་རྗེ་ཆེ། ཞེས་གསུངས། འདི་ནི་གཞོན་ནུ་དོན་གྲུབ་ཀྱིས་ངེས་འབྱུང་དཀའ་སྤྱད་མཛད་པའི་སྐབས་དེར། ལེགས་སྐྱེས་མས་བཅོམ་ལྡན་འདས་ཐོག་མར་ཞལ་མཇལ་ཚུལ་དང་སྦྱར་ཏེ་སྐབས་དེ་དུས་ཀྱི་མཛད་ཚུལ་རྣམས་རྒྱས་པར་གསུངས་ཡོད་པ་ཞིག་རེད།

ཚན་པ་དྲུག་པ། འཛམ་བུའི་ལྗོན་ཤིང་གི་འོག་ཏུ།

སྐབས་འདི་ནས་མཛད་པ་བཅུ་གཉིས་ལས་དགའ་ལྡན་གནས་ནས་འཕོ་བ་དང་། ལྷུམས་སུ་ཞུགས་པ་དང་སྐུ་བལྟམས་པའི་མཛད་པ་བཅས་བསྟན་ཡོད།

དང་པོ། དགའ་ལྡན་གནས་ནས་འཕོ་བའི་མཛད་པ་ནི།

ཡུམ་སྒྱུ་འཕྲུལ་མའི་མཚན་ལམ་དུ། ཆེས་བརྗིད་ཉམས་ཆེ་ཞིང་མཆེ་བ་དྲུག་དང་ལྡན་པའི་གླང་ཆེན་དཀར་པོ་ཞིག་རོལ་མོ་བའི་ཚོགས་ཀྱིས་བསྐོར་ཏེ་སྙན་འཇེབས་ཀྱི་སྒྲ་དབྱངས་འཁྲོལ་བཞིན། ལྷ་ཡུལ་ནས་མར་བབ་སྟེ་སྒྱུ་འཕྲུལ་མའི་སྐུ་མདུན་དུ་བཅར།

གཉིས་པ། ལྷུམས་སུ་ཞུགས་པའི་མཛད་པ་ནི།

གླང་ཆེན་དཀར་པོ་དེས་མཆེ་བའི་དཀྱིལ་དུ་འོད་ཆེམ་ཆེམ་གྱི་མེ་ཏོག་པདྨ་ཟིང་སྐྱ་ཞིག་ཁྱེར་འོངས་ཏེ་བཙུན་མོའི་ལུས་སྟེང་དུ་བཞག་ཅིང་གླང་ཆེན་དེའང་བཙུན་མོའི་སྐུ་གཟུགས་སུ་ཐིམ་མ་ཐག་བཙུན་མོ་ཁོང་ཞི་ལྷོད་བག་ཕེབས་སུ་གྱུར། བཙུན་མོ་མལ་ལས་སད་རྗེས། རྒྱལ་པོ་ཟས་གཙང་མར་རྨི་ལམ་དེའི་སྐོར་ཞུས་པར་རྒྱལ་པོ་ངོ་མཚར་སྐྱེས་ཏེ། རྒྱལ་སར་ཡོད་པའི་སྐྱེས་ཆེན་དག་ཕོ་བྲང་དུ་བོས་ནས་བཙུན་མོའི་རྨི་ལམ་གྱི་རྟགས་དང་མཚན་མར་བརྟགས། མཚན་བརྟག་མཁན་རྣམས་ཀྱིས་མི་རིང་བར་རླབས་ཆེན་གྱི་སྐྱེས་བུ་ཞིག་འཁྲུངས་རྒྱུ་ཡིན་པ་རྒྱལ་པོར་སྙན་གསན་ཞུས། རྒྱལ་བཙུན་གཉིས་ཧ་ཅང་ཐུགས་དགྱེས་ཏེ་ཕོ་བྲང་ནང་གི་རྒྱུ་ནོར་ལོངས་སྤྱོད་རྣམས་ནད་པ་དང་ཉམ་ཐག་ཚོར་གནང་སྦྱིན་བྱས་ཤིང་། ཤཱཀྱའི་རྒྱལ་ཕྲན་གྱི་འབངས་མི་རྣམས་ཀྱིས་ཀྱང་མི་རིང་བར་རྒྱལ་སྲས་འཁྲུངས་རྒྱུའི་གཏམ་བཟང་དེར་དགའ་སྣང་ཆེན་པོ་བྱས།

གསུམ་པ། སྐུ་བལྟམས་པའི་མཛད་པ་ནི།

གནའ་སྔ་མོའི་རྒྱ་གར་གྱི་ཡུལ་སྲོལ་ལྟར་ཕྲུ་གུ་སྐྱེ་ཚེ་བུད་མེད་རྣམས་སོ་སོའི་ཕ་ཡུལ་དུ་སོང་ནས་ཕྲུ་གུ་སྐྱེ་དགོས་སྟབས། བཙུན་མོ་སྒྱུ་འཕྲུལ་མ་ཡང་ལྷས་བསྟན་གྲོང་ཁྱེར་དུ་ཕྱིར་ཕེབས་ནས་སྐུ་སྲས་འཁྲུངས་རྒྱུ་གཏན་འཁེལ་བྱས། ཕ་ཡུལ་དུ་ཕེབས་པའི་ལམ་བར་ནས་ལུམྦི་ནིའི་ཚལ་དུ་ངལ་གསོས་སྟེ་བཞུགས་སྐབས། ཡུལ་དེའི་ཉམས་དགའ་བའི་སྐྱེད་མོས་ཚལ་དེར་བཙུན་མོ་སྤྲོ་འཁྱམ་དུ་ཕེབས་པར་སྐུ་ལུས་ཅུང་ཙམ་མི་བདེ་བ་བྱུང་ནས་ཤིང་མྱ་ངན་མེད་ཀྱི་ཡལ་གར་ཕྱག་གིས་འཇུས་ཏེ་བཞུགས་སྐབས། མཛེས་ཤིང་ལྟ་ན་སྡུག་པའི་རྒྱལ་སྲས་ཁོང་ཉམ་ཐག་སྐྱེ་འགྲོ་ཡོངས་ཀྱི་མགོན་དུ་སྐུ་འཁྲུངས། མི་རིང་བར་ཡབ་རྒྱལ་པོ་ཟས་གཙང་མས་གནས་ཚུལ་དེ་གསན་རྗེས་མགྱོགས་མྱུར་ངང་བཙུན་མོ་དང་སྐུ་སྲས་གཉིས་ལ་ཐུགས་དགྱེས་བརྩེ་ཆེན་པོས་གཟིགས་པར་ཕེབས།

ཚན་པ་བདུན་པ། གླང་ཆེན་དཀར་པོ་ཞིག་གི་བྱ་དགའ།

མཛད་པ་བཞི་པ་སྒྱུ་རྩལ་སོགས་རིག་པའི་གནས་ལ་སྦྱང་བ་གནང་བའི་མཛད་པ་བསྟན་པ་ནི། རྒྱལ་སྲས་གཞོན་ནུ་དོན་གྲུབ་དང་ལྷས་སྦྱིན། བཟང་ལྡན། མིང་ཆེན། ཀིམ་བྷི་སོགས་དཔོན་རིགས་ཀྱི་ཕྲུ་གུ་མང་དག་ཅིག་གིས་མཉམ་དུ་སློབ་དཔོན་སྲིད་སྒྲུབ་སོགས་ཀྱི་མདུན་ནས་རིག་པའི་གནས་ལ་སྦྱངས་བ་བྱས། རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་རིག་པའི་གནས་གང་སྦྱངས་ཀྱང་འབད་པ་ཆེར་བྱ་མི་དགོས་པར་སྦྱང་གཞི་རྣམས་ལ་བྱང་ཆུབ་པར་གྱུར་སྟབས། ལྷས་སྦྱིན་གྱིས་ཕྲག་དོག་ཀྱང་བྱེད་དགོས་བྱུང་། ཡབ་རྒྱལ་པོ་ཟས་གཙང་མས་རང་གི་རྒྱལ་ཕྲན་གྱི་གཞོན་སྐྱེས་ཚོར་བློ་སྟོབས་སྤེལ་ཏེ། འཐབ་འཛིང་སྒྱུ་རྩལ་གྱི་ནུས་སྟོབས་གོང་འཕེལ་ཡོང་སླད་རྒྱལ་པོ་སྐུ་ངོ་མས་རྩེད་སྣ་ཞིག་གཙོ་སྐྱོང་གནང་། རྒྱལ་ཕྲན་གྱི་གཞོན་སྐྱེས་ཕོ་མོ་ཚང་མ་སྤྲོ་ཚོགས་དེར་མཉམ་ཞུགས་གནང་ཞིང་། རྩེད་འགྲན་པ་དག་ལ་དགའ་བསུའི་ཐལ་མོ་བརྡབས།  སྤྲོ་ཚོགས་དེར་མཛེས་ཤིང་ཡིད་དུ་འོང་བའི་སྲས་མོ་གྲགས་འཛིན་མའང་ཕེབས་ཡོད། གཞོན་ནུ་དོན་གྲུབ་ཀྱིས་མདའ་རྩེད་དང་གྲི་རྩལ། རྟ་རྒྱུག་སོགས་རྩེད་འགྲན་ཡོངས་ལས་རྒྱལ་ཁའི་བྱ་དགའ་བླངས་པར་བརྟེན། གྲགས་འཛིན་མས་ཁོང་ལ་གླང་ཆེན་དཀར་པོ་ཞིག་ལེགས་སྐྱེས་སུ་ཕུལ།

ཚན་པ་དགུ་པ། ཐུགས་བརྩེ་བ་ཆེན་པོའི་ལམ་བུ།

མཛད་པ་ལྔ་པ་བཙུན་མོ་འཁོར་དགྱེས་རོལ་བས་མཛད་པ་བསྟན་པ་ནི། རྒྱལ་སྲས་གཞོན་ནུ་དོན་གྲུབ་ནི་རྣལ་འབྱོར་པ་དང་རབ་ཏུ་བྱུང་བ་ཚོར་མཇལ་འཕྲད་ཞུ་བ་དང་བགྲོ་གླེང་གནང་རྒྱུ་སོགས་ལ་ཐུགས་མོས་ཡོད་པ་དང་རབ་ཏུ་བྱུང་འདོད་ཧ་ཅང་ཆེ་ཕྱིར། ཡབ་རྒྱལ་པོའི་ཐུགས་ལ་དྲང་སྲོང་ཉོན་མོངས་མེད་ཀྱིས་གསུངས་པའི་མ་འོངས་ལུང་བསྟན་དེ་ཡིད་ལ་ཤར་ཞིང་རྒྱལ་སྲས་ཁོང་ནམ་ཞིག་རབ་ཏུ་བྱུང་ཡོང་ངམ་སྙམ་ནས་དངངས་ཚབ་སྐྱེ་གི་ཡོད་སྟབས། ཡབ་རྒྱལ་པོས་རྒྱལ་སྲས་གཞོན་ནུ་དོན་གྲུབ་རབ་ཏུ་བྱུང་བར་ཕེབས་སོང་ན། ལྷས་སྦྱིན་ཡང་དེ་བཞིན་ཕེབས་པར་དོགས་ཏེ། དེ་ལས་རྒྱལ་སྲས་གཞོན་ནུ་དོན་གྲུབ་ཁོང་ལ་བཙུན་མོ་ཞིག་ཁབ་ཏུ་བསུས་ནས་ཁོང་ལ་དབུ་འཁོར་ས་ཞིག་བྱུང་ན་རབ་ཏུ་བྱུང་འདོད་ཀྱི་འདུན་པ་དོར་མི་འགྲོའམ་ཞེས་རྒྱལ་པོའི་གཅུང་པོ་བདུད་རྩི་ཟས་ལ་ཞུས་པར་ཁོང་འཐད་པ་བྱུང་། དེ་ནས་རིང་པོ་མ་ཐོགས་པར་ཡབ་རྒྱལ་པོའི་སྲིང་མོ་བདུད་རྩི་མ་དང་། ཁོང་གི་ཁྱོ་ག་ཡུལ་ལྷས་བསྟན་གྱི་རྒྱལ་པོ་ལག་ན་བེ་ཅོན་བྱ་བ་ཁོང་གཉིས་ཀྱི་སྲས་མོ་གྲགས་འཛིན་མ་ཞེས་མཛེས་ཤིང་ཡིད་དུ་འོང་ལ་འཇོ་སྒེག་ཕུན་སུམ་ཚོགས་པའི་མཛངས་མ་ཞིག་ཡོད་པ་དེ་ཉིད་དང་ལྷན་དུ་ལོ་དེའི་སྟོན་ཁར་རྒྱལ་སྲས་གཞོན་ནུ་དོན་གྲུབ་དང་གཉེན་སྒྲིག་མཛད། ཐེངས་འདིའི་གཉེན་སྒྲིག་གི་དགའ་སྟོན་དེ་ནི་ཁོང་ཚོའི་རྒྱལ་ཕྲན་ཡོངས་ལ་ཆེས་སྤྲོ་སྣང་དང་བདེ་སྐྱིད་ཀྱི་དྲོད་ཁོལ་ལྡན་པ་ཞིག་ཏུ་གྱུར།

ཚན་པ་བཅུ་གཉིས་པ་རྟ་མཆོག་བསྔགས་ལྡན་ཞེས་པ་དང་། ཚན་པ་བཅུ་གསུམ་པ་ཆོས་ཉམས་ལེན་གྱི་ཐོག་མ་ཞེས་པ་དེ་གཉིས་ཀྱི་སྐབས་སུ།

མཛད་པ་དྲུག་པ་རབ་ཏུ་བྱུང་བའི་མཛད་པ་བསྟན་པ་ནི། རྒྱལ་སྲས་མཆོག་གིས་ཐར་ལམ་འཚོལ་ཕྱིར། ཡབ་རྒྱལ་པོར་དགོངས་པ་ཡང་ཡང་ཞུས་ཀྱང་དགོངས་པ་མ་ཐོབ་པར་བརྟེན། ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔའི་དགོང་མོ་ཞིག་ལ་རྒྱལ་སྲས་མཆོག་གིས་སྤྲོ་ཚོགས་ཆེན་པོ་ཞིག་གོ་སྒྲིག་བྱས་ནས་ཚང་མ་མགྲོན་དུ་བོས། དགོང་མོ་དེར་རྒྱལ་སྲས་ཕོ་བྲང་དང་ཞལ་གྱེས་རྒྱུ་ཡིན་པ་གྲགས་འཛིན་མས་གསལ་པོ་ཤེས་ཀྱི་ཡོད་སྟབས། མཚན་དཀྱིལ་དུ་མོ་རང་གཅིག་པུར་འདུན་པ་འཚོལ་དུ་སོང་། འདུན་པ་གཉིད་དུ་ཡུར་ཟིན་ཡང་། གཉིད་ལས་བསླངས་ཏེ་ཁོའི་རྣ་བར་ཤུབ་བུས་ཕལ་ཆེར་དོ་དགོང་ཁྱེད་ཀྱིས་གཞོན་ནུ་དོན་གྲུབ་ལ་ཕྱག་རོགས་ཤིག་ཞུ་དགོས་ཡོང་ལས་ཆེ་བས། ཁྱེད་ཀྱིས་རྒྱལ་སྲས་ལ་ཆིབས་པ་བསྔགས་ལྡན་དང་། ཁྱེད་རང་གི་ཆེད་དུའང་བཞོན་རྟ་ཞིག་ལ་སྒ་སྟོད་ནས་གྲ་སྒྲིག་བྱོས། དོ་དགོང་རྒྱལ་སྲས་ཀྱིས་ཆིབས་པ་འཆིབ་དགོས་པ་ཞིག་ཕལ་ཆེར་ཡོང་གི་རེད། ཅེས་གསུངས། འདུན་པས་གྲགས་འཛིན་མའི་གསུངས་པ་ཇི་བཞིན་གྲ་སྒྲིག་བྱས། གྲགས་འཛིན་མ་ཕྱིར་གཟིམས་ཁང་དུ་ཕེབས་ནས་རྒྱལ་སྲས་ཀྱི་འགྲུལ་བཞུད་ལ་འཚམ་པའི་ན་བཟའ་སོགས་གྲ་སྒྲིག་བྱས་ཏེ་རྒྱལ་སྲས་ཀྱི་ཞབས་སྟེགས་སྟེང་དུ་བཞག་རྗེས། སྲས་སྒྲ་གཅན་འཛིན་དང་མཉམ་དུ་གཟིམས་སར་ཕེབས། མོས་གཟིམས་མལ་དུ་དབུ་བཞག་སྟེ་སྤྲོ་ཚོགས་ར་བ་ནས་གྲགས་འོང་བའི་རོལ་དབྱངས་དང་། བཞད་གད་སོགས་ལ་གསན་ཏེ་བཞུགས། རྒྱལ་སྲས་མཆོག་དགོང་མོ་དེར་རབ་ཏུ་བྱུང་བར་ཕེབས་རྒྱུའི་ཐུགས་ཐག་གཙང་བཅད་གནང་ཟིན་པས། ཕྱིར་གཟིམས་ཁང་དུ་བྱོན་ཏེ་གཟིམས་ཁྲིའི་སྟེང་དུ་གྲགས་འཛིན་མ་དང་སྐུ་སྲས་གཉིས་གཟིམས་ཡོད་པར་གཟིགས། རྒྱལ་སྲས་ཀྱིས་གྲགས་འཛིན་མར་གྱེས་མཇལ་གྱི་ཚིག་འགའ་ཞུ་དགོས་དགོངས་ནའང་དེ་ནི་སྡུག་བསྔལ་ཞིག་ལས་མེད་པ་མཁྱེན་ནས་སྒོའི་ཕྱིར་བྱོན། རྒྱལ་སྲས་རྟ་རའི་ནང་དུ་ཕེབས་ནས་འདུན་པ་ལ་ཁྱེད་ཀྱིས་རྟ་མཆོག་བསྔགས་ལྡན་འདིར་ཁྲིད་ཤོག་གསུངས་ནས་བསྔགས་ལྡན་ལ་ཆིབས་ཏེ། འདུན་པ་དང་ལྷན་དུ་སེར་སྐྱའི་གྲོང་ཁྱེར་དང་ཞལ་གྱེས་ཏེ་ནགས་ཀླུང་ཆེན་པོ་བྱ་དང་རི་དྭགས་རྣམས་ཀྱང་བག་ཡངས་ཀྱིས་རྩེན་གྱིན་ཡོད་པ་ཞིག་གི་འདབས་སུ་འབྱོར་བ་དང་། རྒྱལ་སྲས་མཆོག་ཆིབས་རྟ་ལས་བབས་ཏེ། ཞལ་འཛུམ་པ་དང་བཅས་རྟ་མཆོག་ལ་ཕྱག་གིས་བྱིལ་བྱིལ་གནང་བཞིན་རྟ་སྒར་བཏགས་ཡོད་པའི་རལ་གྲི་མར་བླངས་ཏེ། ཕྱག་གཡོན་པས་དབུ་སྐྲ་ནས་བཟུང་ཞིང་། ཕྱག་གཡས་པས་རལ་གྲི་བཟུང་སྟེ་རང་གི་དབུ་སྐྲ་རང་གིས་བཅད་དེ་དབུ་སྐྲ་དང་རལ་གྲི་གཉིས་འདུན་པའི་ལག་ཏུ་བཞག་ནས། འདུན་པ། ཁྱེད་ཀྱིས་ངའི་རྒྱན་ཆ་དང་། རལ་གྲི། སྐྲ་སོགས་ཁྱེར་ནས་ཡབ་རྒྱལ་པོར་ཕུལ་ཏེ། ངས་ཁྱིམ་སྤངས་ནས་ཕྱིན་པ་འདི་རང་ཉིད་ཀྱི་འགན་ཁྲི་ལ་གཡོལ་ཞིང་རང་ཁོ་ནའི་དོན་དུ་ཕྱིན་པ་མ་ཡིན་པར། ཁྱེད་ཅག་གི་གཙོས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱིན་པ་ཡིན་ཞེས་ཞུ་རོགས་གྱིས། མ་ཟད་ཁྱེད་ཀྱིས་ཀྱང་ངའི་ཆེད་དུ་ཡབ་ཡུམ་གཉིས་དང་གྲགས་འཛིན་མ་བཅས་ལ་ཐུགས་གསོ་གནང་རོགས་གསུངས་ཏེ། ནགས་ཀླུང་ཁྲོད་དུ་ཕེབས་པ་དེ་ནས་བཟུང་གཞོན་ནུ་དོན་གྲུབ་ཀྱིས་རབ་ཏུ་བྱུང་བའི་འཚོ་བ་ལ་ལོངས་སུ་སྤྱད་དེ་མི་ཚེའི་འདུན་མ་ཆོས་ལ་ཟད་པའོ།།

ཚན་པ་བཅུ་བདུན་པ་བྱང་ཆུབ་ལྗོན་ཤིང་གི་ལོ་མ་ཞེས་པ་དང་། ཚན་པ་བཅོ་བརྒྱད་པ་ཐོ་རངས་སྐར་ཆེན་ཤར་ཟིན་པ།

ཞེས་སོགས་ཀྱི་སྐབས་སུ་མཛད་པ་བརྒྱད་པ་བྱང་ཆུབ་ཀྱི་ལམ་བསྒོམ་པའི་མཛད་པ་དང་། མཛད་པ་དགུ་པ་བདུད་བཏུལ་བའི་མཛད་པ།  མཛད་པ་བཅུ་པ་སངས་རྒྱས་པའི་མཛད་པ་རྣམས་བསྟན་ཡོད། གཞོན་ནུ་དོན་གྲུབ་ཀྱིས་ཉིན་རེ་བཞིན་བྱང་ཆུབ་ལྗོན་ཤིང་གི་དྲུང་དུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་དྲན་ཤེས་ཀྱི་འོད་སྣང་སོ་སོའི་ལུས་སེམས་ཀྱི་གཙོས་ཆོས་ཐམས་ཅད་ལ་སྤྲོས་སོ། །ཁོང་གི་མཆེད་གྲོགས་ཀཽཎྜི་ནྱ་དང་། རླངས་པ། བཟང་ལྡན་སོགས་ཀྱིས་དུས་ཡུན་རིང་མོའི་སྔོན་ནས་གཞོན་ནུ་དོན་གྲུབ་བསྐྱུར་ཏེ་གནས་གཞན་དུ་ཕྱིན་ཟིན་པས་སྐབས་དེའི་ཁོང་གི་སྒོམ་གྲོགས་ནི། རང་ཉིད་ཀྱི་ཉེ་འཁོར་ན་གནས་པའི་ནགས་ཀླུང་དང་། ཆུ་བོ། བྱ་དང་བྱིའུ། རླབས་ཆེ་བའི་བྱང་ཆུབ་ལྗོན་ཤིང་རྣམས་ཡིན།

ནམ་རྒྱུན་སྲས་མོ་ལེགས་སྐྱེས་མས་གཙོས་གྲོང་གསེབ་ཀྱི་ཕྲུ་གུ་དག་ཉིན་གུང་མ་ཟིན་ཙམ་གྱི་སྔོན་དེར་ཁོོང་ལ་མཇལ་བར་བཅར་གྱི་ཡོད་པས། ཉིན་ཞིག་ལེགས་སྐྱེས་མས་འབྲས་ཐུག་ནང་འོ་མ་དང་སྦྲང་རྩི་བླུགས་ཏེ་གཡོས་སུ་བྱས་པའི་ཞལ་ཟས་ཕུལ་ཞིང་ཁྱེའུ་བཀྲ་ཤིས་ཀྱིས་ཀྱང་རྩྭ་ཀུ་ཤ་ཆག་པ་གཅིག་ཕུལ་ནས་ཕེབས་རྗེས་ཀྱི་མཚན་མོ་དེར། གཞོན་ནུ་དོན་གྲུབ་ཀྱིས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་ཡིན་པ། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཡིན་པ་སོགས་མཁྱེན་ཅིང་། སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་བར་ཏུ་གཅོད་པར་བྱེད་པའི་བདུད་བཞི་སྟེ། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད། ཕུང་པོའི་བདུད། ལྷ་ཡི་བུའི་བདུད་བཅས་ལས་རྣམ་པར་རྒྱལ་ཞིང་སེམས་ཅན་ཐམས་ཅད་ཚེ་རབས་ནས་ཚེ་རབས་སུ་སྐྱེ་འཆིའི་སྡུག་བསྔལ་གྱི་རྒྱ་མཚོའི་ཀློང་དུ་ཚུད་ཡོད་ནའང་སེམས་ཅན་སོ་སོའི་རྒྱུད་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ས་བོན་ཡོད་པ་མཁྱེན་པར་མ་ཟད། ཉིན་དེའི་མཚན་མོ་དེ་ག་རང་དུ། གཞོན་ནུ་དོན་གྲུབ་ཀྱིས་ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་བྱས། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁྱེའུ་བཀྲ་ཤིས་དང་ལེགས་སྐྱེས་མ་སོགས་དེར་ཡོད་ཡུལ་ལྟེང་རྒྱས་ཀྱི་ཕྲུ་གུ་དག་ལ་ཟབ་ཆོས་གནང་ཞིང་སངས་རྒྱས་ཏེ་ཞག་ཞེ་དགུའི་རིང་དེ་གར་བཞུགས། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ཐར་པའི་ས་བོན་བསྐྲུན་པ་ལ་ངེས་པར་སྤྱི་ཚོགས་ཁྲོད་དུ་ཕེབས་ནས་སྒྲུབ་དགོས་པ་གནད་ཀྱི་དམ་པར་གཟིགས་ནས། ཡུལ་ལྟེང་རྒྱས་དང་ཞལ་གྱེས་ནས་ཡུལ་ཝཱ་རཱ་ཎ་སཱིའི་ཕྱོགས་སུ་ཕེབས་སོ།།

ཚན་པ་ཉེར་གཉིས་པ། ཆོས་ཀྱི་འཁོར་ལོ་བསྐོར་བ།

མཛད་པ་བཅུ་གཅིག་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་བསྟན་པ་ནི། གཞོན་ནུ་དོན་གྲུབ་མངོན་པར་རྫོགས་པར་སངས་རྒྱས་པའི་རྗེས་སུ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཡུལ་ཝཱ་རཱ་ཎ་སཱིར་བྱོན་སྐབས། དེར་རྟ་ཐུལ་དང་། བཟང་ལྡན། ཀཽཎྜིནྱ། མིང་ཆེན། རླངས་པ་བཅས་ཀྱིས་དཀའ་སྤྱད་ཀྱི་ཉམས་ལེན་གནང་སྟེ་བཞུགས་ཡོད། རྟ་ཐུལ་གྱིས་ཐག་རིང་ཞིག་ནས་དགེ་སློང་ཞིག་ཁོང་གི་ཕྱོགས་སུ་ཚུར་བྱོན་བཞིན་པ་གཟིགས། དགེ་སློང་དེ་ཐག་ཇེ་ཉེར་ཕྱིན་པ་ན། གཞོན་ནུ་དོན་གྲུབ་ཡིན་པ་ཤེས་པས་མྱུར་སྟབས་ཀྱིས་ཕར་ཕེབས་ཏེ་མཆེད་གྲོགས་བཞི་ལ་གནས་ཚུལ་དེ་ཞུས། བཟང་ལྡན་གྱིས། གཞོན་ནུ་དོན་གྲུབ་ཀྱིས་དཀའ་སྤྱད་ཀྱི་ལམ་བུའི་ཕྱེད་ཙམ་ནས་ཡོངས་སུ་དོར་ཏེ་གྲོང་གསེབ་ཀྱི་ཕྲུ་གུ་ཚོ་དང་ཐུག་འཕྲད་ཀྱིས་འབྲས་ཟོས་ཤིང་འོ་མ་འཐུང་བ་སོགས་ཀྱིས་ང་ཚོ་དངོས་འབྲེལ་ངོ་ཚ་དགོས་པའི་གནས་སུ་བསྐྱལ་སོང་། དེས་ན་ང་ཚོས་ཁོང་ལ་འཚམས་འདྲིའི་བསུ་བ་ཙམ་ཡང་བྱེད་རྒྱུ་མིན་ཞེས་པར་ཚང་མ་ཞལ་མཐུན་བྱུང་། འོན་ཀྱང་། སངས་རྒྱས་བཅོམ་ལྡན་འདས་སྒོ་ཆེན་ནས་ཡར་བྱོན་པ་ན། ཁོང་གི་ཞལ་རས་ནས་ཆེས་འཛུམ་མདངས་ལྡན་པའི་གཟི་བྱིན་ཞིག་འཕྲོས་འོང་བ་དེས། ལྔ་སྡེའི་ཡིད་ཀྱི་བསམ་ངན་དེ་དག་རང་སར་ཞི་ཞིང་ཡིད་མགུ་སྟེ་ཁོང་ཚོ་ཚང་མ་མྱུར་སྟབས་ཀྱིས་ཡར་ལངས། སངས་རྒྱས་བཅོམ་ལྡན་འདས་ནི་འོད་གོར་གྱི་གཟི་མདངས་ཤིག་གིས་བསྐོར་བ་དང་། ཁྱད་དུ་འཕགས་པའི་ཆོས་ཀྱི་མཁྱེན་སྟོབས་བརྙེས་པ་མངོན་འོང་། མ་ཟད་ཁོང་གི་ཆགས་ཐོགས་མེད་པའི་གཟིགས་སྟངས་དེས་ལྔ་སྡེའི་རྒྱུད་ཀྱི་ཁོང་ལ་དམའ་འབེབས་པའི་ཀུན་སློང་རྣམས་ཉམས་པར་བྱས། དེ་ནས་ལྔ་སྡེས་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཐའ་བསྐོར་ཏེ་སར་བཞུགས་པ་ན་ཁོང་གིས་ལྔ་སྡེ་ལ་ཐུགས་བརྩེ་བ་ཆེན་པོས་གཟིགས་ཏེ་སྨྲས་པ། སྤུན་གྲོགས་ཚོ། ངས་བླ་ན་མེད་པའི་ཡེ་ཤེས་མངོན་དུ་བྱས་ཟིན་པས་ད་ཁྱེད་རྣམས་ལ་བསྟན་པར་བྱ་ཞིང་། ཁྱེད་ཅག་ནི་ངས་ཆོས་གསུངས་སའི་འཁོར་གྱི་ཐོག་མ་རུ་གྱུར་པ་ཡིན། ཞེས་གསུངས་ཏེ་འཕགས་ལམ་ཡན་ལག་བརྒྱད་ལ་སོགས་པའི་ཟབ་ཆོས་བླ་ན་མེད་པ་དག་གསུངས་ཤིང་ཆོས་ཀྱི་འཁོར་ལོ་ཐོག་མ་དེ་འཁོར་ལྔ་སྡེ་བཟང་པོ་ལ་ཡུལ་ཝཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་གསུངས་སོ།།

ཚན་པ་བརྒྱ་ཅུ་པ། བརྩོན་འགྲུས་རྩོམས་ཤིག

མཛད་པ་བཅུ་གཉིས་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ།  དེ་བཞིན་གཤེགས་པའི་གསུང་ལ་ཉོན་ཅིག འདུས་བྱས་ཐམས་ཅད་མི་རྟག་པ་སྟེ། གང་ལ་སྐྱེ་བ་ཡོད་ན་དེར་འཇིག་པ་ཡོད་པས། ཁྱེད་ཅག་གིས་ཐར་པའི་གོ་འཕང་མངོན་དུ་བྱེད་པ་ལ་ཕྱོགས་ཡོངས་ནས་བརྩོན་འགྲུས་རྩོམས་ཤིག ཅེས་གསུངས། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདམས་པའི་གསུང་ཐ་མ་སྟེ། སྤྱན་ཟུང་ག་ལེར་བཙུམས་པ་ན། ས་གཡོས་ཏེ་ཤིང་སཱ་ལའི་མེ་ཏོག་རྣམས་ཀྱང་སྦྲང་ཆར་འབབ་པ་བཞིན་ཐང་ལ་བབས་པར། དེར་ཡོད་སྐྱེ་བོ་ཚང་མའི་ལུས་སེམས་གཉིས་ཀ་འདར་ཡོམ་ཡོམ་དུ་གྱུར་ཅིང་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་སྐུ་མྱ་ངན་ལས་འདས་པ་ཤེས། ཡུལ་རྩྭ་མཆོག་གྲོང་དུ་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་པས། དགེ་སློང་དག་ཡིད་མྱ་ངན་ཀྱི་གནས་སུ་ལྷུང་སྟེ་སྨྲེ་སྔགས་བཏོན་པ་ན། བཙུན་པ་མ་འགགས་པས། མཆེད་གྲོགས་ཚོ། སངས་རྒྱས་བཅོམ་ལྡན་གྱིས་ང་ཚོར། སྐྱེ་བ་ཡོད་ན་འཆི་བ་ཡོད། བྱུང་བ་ཡོད་ན་ཡལ་བ་ཡོད། འདུས་པ་ཡོད་ན་འབྲལ་བ་ཡོད། ཅེས་གསུངས་མ་བྱུང་ངམ། ཁྱེད་ཅག་སངས་རྒྱས་བཅོམ་ལྡན་འདས་ཀྱི་གདམས་པའི་རྗེས་སུ་ཞུགས་ཏེ་གོ་དོན་ལེགས་པར་རྟོགས་ཡོད་ཚེ་འདི་ལྟར་མི་གནང་བར་བཤུམ་མཚམས་འཇོག་རོགས། ང་ཚོ་ཡུད་ཙམ་རིང་ཁུ་སིམ་མེར་ལུས་དྲང་པོར་བསྲངས་ནས་དབུགས་འབྱུང་རྔུབ་ལ་དྲན་པ་བརྟེན་ནས་སྡོད་ཀྱི་ཡིན། ཞེས་གསུངས་པ་ན། དེར་ཡོད་དགེ་འདུན་པ་ཐམས་ཅད་དྲང་པོར་བཞུགས་ཏེ་མ་འགགས་པས་སློབ་སྟོན་གནང་བ་ལྟར་བཞུགས་སོ།།

དེ་ལྟར་སྟོན་པའི་མཛད་རྣམ་གྱི་སྙིང་པོ་ཕྱོགས་གཅིག་ཏུ་དྲིལ་ཏེ་མཛད་པ་བཅུ་གཉིས་ཀྱི་བདག་ཉིད་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་རྗེ་བཙུན་བྱམས་པ་མགོན་པོ་རྣམ་གཉིས་ནས་བཟུང་། རིམ་གྱིས་བོད་ཀྱི་རྒྱལ་རབས་དང་ཆོས་འབྱུང་སྨྲ་བ་རྣམས་ཀྱིས་ཀྱང་ཡོངས་གྲགས་སུ་དེ་ལྟར་གསུངས་པ་ལགས་ན། འདིར་ཡང་གོང་དུ་བཤད་པ་ལྟར་རང་ཅག་གི་གོམས་ལོབ་དང་རྒྱུས་མངའ་སོགས་རྒྱུ་མཚན་དུ་མ་ལ་དམིགས་ཏེ་ཤར་ནུབ་ཀྱི་ཕྱོགས་གང་སར་ཉི་མའི་འོད་ཟེར་བཞིན་ཁྱབ་པའི་གནས་བརྟན་ཐིག་ནཏ་ཧཱན་གང་ཉིད་ཀྱིས་མཛད་པའི་སུས་ཀྱང་མཐོང་ན་མི་སྨོན་པ་མེད་པའི་གྲགས་ཆེ་བའི་སྟོན་པའི་མཛད་རྣམ་སྤྲིན་དཀར་ལམ་རྙིང་གི་ངོ་སྤྲོད་འདི་ས་བཅད་མ་སྟོང་ཙམ་དུ་རྣམ་ཐཪ་གྱི་སྙིང་པོ་མཛད་པ་བཅུ་གཉིས་པོ་དག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་འདིར་ངོ་སྤྲོད་ཙམ་ཞུས་པ་ལགས་སོོ།།


[1]  སྤྲིན་དཀར་ལམ་སྙིང་གི་སྟོད་ཆ། སྒྱུར་བ་པོའི་གཏམ་ཞེས་པ་ལས་དྲངས།

[2] འདི་མན་གྱི་ཡི་གེའི་ནང་དུ་སྤྲིན་དཀར་ལམ་རྙིང་ནང་གི་ཚིག་རང་མ་ཡིན་པའི་ཚིག་འགའ་ཡང་འབྲི་དགོས་བྱུང་ཡོད། གང་ཡིན་ཞེ་ན། ཡི་གེ་འབྲི་སྐབས་བརྗོད་བདེ་མིན་སོགས་ཀྱིས་ཅུང་ཙམ་འགྱུར་བ་བཏང་དགོས་བྱུང་བས་དགོངས་འགལ་མེད་པར་ཞུ།

[3] རྒྱ་གར་བུད་མེད་ཚོའི་གོས་བྱེ་བྲག་པ་ཞིག

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།