མཁན་ཆེན་ནུས་ལྡན་མཁྱེན་བརྩེ་བློ་གྲོས་ཀྱི་རྣམ་ཐར་གཅེས་བཏུས།

རྩོམ་སྒྲིག་པ།

སྐུ་འཁྲུངས་ནས་རིགས་སད་ཚུལ།

མཁན་ཆེན་ནུས་ལྡན་ནམ་མཁྱེན་བརྩེ་བློ་གྲོས་ནི། རབ་ཚེས་མེ་མོ་ལུག་ལོ་སྟེ་སྤྱི་ལོ་ ༡༩༠༧ ལ་མགོ་ལོག་གསེར་རྟ་སྨད་ཆུང་ཡོས་འབྲོག་སྡེར་འདུལ་བ་འཛིན་པ་ཆེན་པོ་ཨ་བོས་མ་ནིང་མགོན་གྱི་དབོན་རིགས་སུ་གྱུར་པ་ཡབ་མི་དཔོན་ཨ་བོས་སེང་ཁོ་དང་། ཡུམ་ཨ་སྐྱབས་བླ་བྲང་གི་བུ་མོ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཡག་སྐོར་བླ་མ་རྟོགས་ལྡན་ལས་ཡི་གེ་དང༌། ཆོས་སྤྱོད་དང་། སྒྲུབ་འཕྲིན་གྱི་སྐོར་རྣམས་བསླབས། སྐུ་ཆུང་ངུའི་དུས་ནས་མནལ་ལམ་དུ་རྗེ་མི་ལ་རས་པ་དང་། རས་པ་ཞི་བ་འོད་དང༌། སེ་བན་རིན་ཆེན་འབྱུང་གནས་སོགས་རྨིས་པས་དེ་དག་གིས་གསུངས་སམ་སྙམ་པའི་མགུར་མ་ལྡེབ་ཤར་རེ་ཡི་གེར་བཀོད་པ་ཀློག་མཉམ་སློབ་པ་མཁན་པོ་ཆོས་གསལ་ལ་བསྟན་ཅིང་གླེང༌།
ཡང་གསང་ཆེན་བབས་སོ་གསུམ་པ་ཟུར་ཧམ་ཤཱཀྱ་འབྱུང་གནས་ཀྱི་བརྒྱུད་འཛིན་སེའི་བནྡེ་འབྱུང་གནས་ཞེས་རྫོགས་པ་ཆེན་པོ་ཀློང་དགུ་སོགས་ཀློང་སྡེའི་ཆོས་ཚན་ཉེར་བཞི་ལ་མཆན་འགྲེལ་མཛད་པ་དེང་སང་གི་སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ནང་དུ་བཞུགས་པ་དག་གི་མཛད་པ་པོའི་རྣམ་སྤྲུལ་ཡིན་ཚུལ་དང་། རེས་ཀཿཐོག་ཀུན་དགའ་འབུམ་ཡིན་ནོ་ཞེས་རྗེ་ཉིད་ནས་ཞལ་རྩེད་མཛད། གནམ་ལྕགས་ཐོག་ཆར་བབས་པས་སྐུ་ལུས་ལ་གནོད་པ་མ་ཚུགས་པར་ན་བཟའི་སྟེང་ནས་ཁྲོ་ཆུ་རྣམས་འཁྱིལ་བ་སོགས་རྟགས་མཚན་ཤིན་ཏུ་མང་།

མདོ་རྒྱུད་ལ་ཐོས་བསམ་མཛད་ཚུལ།

ཆུང་དུས་ཡག་སྐོར་བླ་མ་རྟོགས་ལྡན་ལས་ཡི་གེ་དང༌། ཆོས་སྤྱོད། འཕྲིན་སྒྲུབ་ཀྱི་སྐོར་རྣམས་བསླབས། རྒྱལ་བ་དཔལ་ཡུལ་བའི་དགོན་ལག་ཧོར་ཤུལ་དགོན་དུ་རབ་ཏུ་བྱུང་ནས་དཔལ་ཡུལ་བའི་ལུགས་ཀྱི་བཅའ་རྡུང་འབུད་དཀྲོལ་དང༌། གར་ཐིག་དབྱངས་རྟ་ཕྱག་ལེན་རྣམས་བྱང་ཆུབ་པར་བསླབས། ཧོར་ཤུལ་དགོན་པའི་དབུ་མཛད་ཀྱང་མཛད།
དེ་ནས་ཤུག་སྒང་དགོན་དུ་གྲྭ་སར་བྱོན། སྒྲུབ་གྲྭ་ལ་བཞུགས་ཏེ་ཤུག་སྒང་ཀུན་བཟང་དབང་པོའི་མདུན་དུ་གནམ་ཆོས་སྔོན་འགྲོ་དང༌། རྩ་རླུང་། རྫོགས་ཆེན་སངས་རྒྱས་ལག་འཆང་རྣམས་གསན་པས། ལྟ་བ་ཐོག་མར་ངོ་འཕྲོད་པའི་དུས་སུ། ཕ་བླ་མ་ཀུན་བཟང་དབང་པོ་ལ། །སྙིང་མི་ཕྱེད་དད་པས་ཕྱག་གིས་འདུད། །ཅེས་པ་ལ་སོགས་པའི་དོ་ཧ་ལྡེབ་གསུམ་ཅན་ཞིག་ཀྱང་མཛད། ཧོར་ཤུལ་དགོན་བདག་ཚེ་སྤྲུལ་རིག་པའི་ཁུ་བྱུག་ལས་གནམ་ཆོས་དང་། ཀར་གླིང་ཞི་ཁྲོའི་དབང་ལུང་ཡང་གསན།
སྐབས་ཤིག་ཚེ་སྤྲུལ་རིག་པའི་ཁུ་བྱུག་དང་ལྕགས་གཏེར་སྲས་རྡོ་རྗེ་དགྲ་འདུལ་གྱིས་ནུབ་ཕྱོགས་སུ་བྱོན་ཏེ་བྱ་བཏང་སྤྲོས་མེད་ཀྱི་སྤྱོད་པ་འཆང་ན་ལེགས་པར་གསུངས་པ་ལྟར་ཀུན་སྤངས་བྱ་བྲལ་བའི་ཚུལ་གྱིས་དབུས་གཙང་ཕྱོགས་སུ་ཕེབས། དབུས་གཙང་གི་གནས་དགོན་དུ་མར་མཇལ་ཕྱག་དང་སྒྲུབ་པ་མཛད། དབུས་ལྷ་ལྡན་ནས་ཀཿཐོག་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོ་དང་མཇལ། རྗེ་བཙུན་མར་པ་དངོས་སུ་མཇལ་ཏེ་རྟོག་ཚོགས་ཐམས་ཅད་དར་གཅིག་འགགས། སྔར་གྱི་སྡོམ་རྒྱུན་བརྗེས་ཏེ་ཚིགས་གསུམ་རིམ་ནོད་ཀྱིས་བསྙེན་པར་རྫོགས། མཚན་ཐུབ་བསྟན་མཁྱེན་བརྩེ་འོད་ཟེར་གསོལ། ཀཿཐོག་ཀུན་དགའ་འབུམ་གྱི་རྣམ་འཕྲུལ་དུ་ངོས་བཟུང༌། དེ་ནས་སི་ཏུ་རིན་པོ་ཆེས་འཁྲིད་དེ་ཀཿཐོག་ཏུ་ཕེབས། བཤད་གྲྭར་བཞུགས་ཏེ། མཁན་ཆེན་ལེགས་བཤད་འབྱོར་ལྡན་གནས་བརྟན་དུལ་བའི་སྡེ་དང་། མཁན་པོ་ཀུན་དཔལ་བླ་མཪ་བསྟེན་ནས་ཚད་མ་དང༌། མངོན་རྟོགས་རྒྱན། དབུ་མ། འདུལ་བ། མཛོད། རྒྱུད་བླ། འབྱེད་རྣམ་གཉིས། སྤྱོད་འཇུག སྡོམ་གསུམ། གསང་བ་སྙིང་པོ། ཐེག་པ་སྤྱི་ཆིངས། མདོ་འགྲེལ་མུན་པའི་གོ་ཆ་སོགས་མདོ་སྔགས་གཞུང་ལུགས་མཐའ་ཡས་པར་ཧ་ལམ་ལོ་ངོ་བདུན་རིང་ཐོས་བསམ་རྡོ་རུས་ཐུག་པར་མཛད་དེ་ཤེས་རབ་ཀྱི་ཀློང་བརྡོལ།
ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་ལས་བརྡ་སྤྲོད་དང༌། སྙན་ངག སྐར་རྩིས། སྒྲ་སོགས་ཐ་སྙད་རིག་པའི་གནས་ལ་བྱང་ཆུབ་པར་སྦྱངས། གཏེར་སྟོན་བདུད་འདུལ་རྡོ་རྗེ་དང་ཀློང་གསལ་གྱི་ཟབ་གཏེར་སྨིན་གྲོལ་དང་། བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་སྨིན་གྲོལ་མང་དུ་གསན། སི་ཏུ་རིན་པོ་ཆེ་ཉིད་ཀྱིས་ཟས་གོས་སོགས་འཇིག་རྟེན་པའི་བྱ་བའི་མཐུན་རྐྱེན་གྱི་སྒོ་ནས་ཀྱང་བསྐྱངས། སི་ཏུ་རིན་པོ་ཆེ་ཉིད་ཀྱི་ཞལ་ནས། ང་བླ་མ་ཁྱི་འདྲ་བ་ལ་སློབ་མ་སེངྒེ་འདྲ་བའི་ནུས་ལྡན་ཡོད་ཅེས་ཧོར་ཤུལ་མཁན་པོ་པདྨ་འཇིགས་མེད་ལ་གསུངས་པར་གྲགས་སོ།།
མཁན་པོ་ངག་ཆུང་ངམ་མཁན་ཆེན་ངག་དབང་དཔལ་བཟང་ལས་ཀྱང་མདོ་སྔགས་ཀྱི་གཞུང་དུ་མ་དང༌། ཁྱད་པར་དུ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ནས་བརྒྱུད་པའི་རྫོགས་ཆེན་སྙན་བརྒྱུད་ཀྱི་མན་ངག་མཐའ་དག་གསན། གཞན་ཡང་ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་གཞན་ཕན་ཆོས་ཀྱི་བློ་གྲོས་སོགས་དམ་པ་མང་པོར་བསྟེན་ནས་ཐ་སྙད་རིག་གནས་ནས་བཟུང་མདོ་སྔགས་ཀྱི་གཞུང་ཆེན་དུ་མ་དང༌། མན་ངག་སྨིན་གྲོལ་ཤིན་ཏུ་མང་པོ་གསན་སྦྱོང་མཛད།
མཁན་ཆེན་ཉིད་སྔོན་ཀཿཐོག་ཏུ་མདོ་རྒྱུད་ཚེགས་མེད་དུ་མཁྱེན་ཡང་རྫོགས་ཆེན་སྐོར་དེ་ཙམ་མ་དགོངས་པས་དཔལ་ཡུལ་རྒྱ་སྤྲུལ་པདྨ་མདོ་སྔགས་བསྟན་འཛིན་གྱི་སློབ་མ་གྲུབ་ཆེན་ས་ར་ཧ་དང་ཞལ་མི་གཉིས་པ་གཙང་པ་གྲུབ་ཆེན་བྱམས་པ་ཆོས་འཛིན་གྱི་སྐུ་མདུན་དུ་ཕེབས་པ་ནས། གུས་པ་རི་བོ་རྩེ་ལྔར་བི་མ་ལ་མཇལ་དུ་འགྲོ་བསམས་པས་མཇལ་ལམ་ཞུས་པས། གྲུབ་ཆེན་ནས། འགའ་རེས་མཇལ་བས་ཁྱོད་ཀྱང་ཅི་ཤེས། ད་ཁྱེད་དེ་ཙམ་མོས་ན་བི་མས་ཅི་ཤེས་ནི་ངས་ཤེས་ཡུམ་དམ་པ་བཤད་རོགས་བྱེད་གསུངས་ནས་རྫོགས་ཆེན་ཞུས།
བཤད་སྲོལ་གཞན་ཞིག་ལ། སྐབས་ཤིག་ལྷག་པའི་ལྷ་ཞིག་གིས་ལུང་བསྟན་ཏེ་ཁྱོད་རྒྱ་ནག་རི་བོ་རྩེ་ལྔར་སོང་ན་རྗེ་བཙུན་འཇམ་དཔལ་དབྱངས་དངོས་སུ་མཇལ་བའི་སྐལ་བ་ཡོད། དེ་མཇལ་བ་ན་མདོ་སྔགས་རིག་གནས་དང་བཅས་པའི་མཐར་ཐུག་གི་དོན་ལ་སྒྲོ་འདོགས་ཆོད་དེ། རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་པར་ལུང་བསྟན་པས་ཁོང་རྒྱ་ནག་ཏུ་ཕེབས་པར་ཐག་བཅད་དེ། ལམ་ཁ་ནས་མགོ་ལོག་རྨ་ཆུ་བརྒྱུད་དེ་གཙང་པ་གྲུབ་ཆེན་བྱམས་པ་ཆོས་འཛིན་མཇལ་བ་ན། བླ་རྒན་ཁྱོད་གང་དུ་འགྲོ་བ་ཡིན་གསུངས། རྒྱུ་མཚན་ཞུས་ཚེ། འོ་རྒྱ་ནག་ཏུ་འགྲོ་མི་དགོས། ཁྱོད་ལ་དོགས་པ་ཅི་ཡོད་ནའང་དེ་གཅོད་པའི་གདམས་པ་ང་ལ་ཡོད་གསུངས། མཁན་རིན་པོ་ཆེ་ཐུགས་ཤིན་ཏུ་དགྱེས་ནས་ལེགས་སོ་གསུངས། ལོ་དུ་མར་སྐུ་མདུན་དུ་བཅར། ཁོང་ལ་གདམས་པ་མང་དུ་གནང་བ་དང་སྔ་ཕྱིར་བསྡོམས་པས་ལོ་ངོ་དྲུག་ཙམ་བསྟེན། གྲུབ་ཆེན་གྱིས་ཁོང་ལ་རིག་པ་གཅེར་མཐོང་དུ་ངོ་སྤྲད་པས་མན་ངག་གནང་བའི་རྩ་བའི་བླ་མ་ཉག་གཅིག་ཏུ་ངོས་འཛིན། མཁན་ཆེན་གྱིས་གྲུབ་ཆེན་རིན་པོ་ཆེའི་གསུང་མང་པོ་ཞིག་ཟིན་བྲིས་སུ་བཏབ་པར་གྲགས་ནའང་ད་ལྟ་ཤོག་ལྡེབ་གཅིག་ཀྱང་བཞུགས་མེད།
མདོ་དགོངས་པ་འདུས་པའི་ཊཱིཀ་ཆེན་གཟི་ལྡན་འཆར་ཁའི་འོད་སྣང་བརྩམས་དུས་དཀའ་གནད་ཀྱི་མདུད་པ་མ་གྲོལ་བ་མང་པོའི་སྒྲོ་འདོགས་གཅོད་ཕྱིར་རྨུགས་སངས་བཀྲ་ཚོགས་ཕྱག་ཕྱིར་ཁྲིད་དེ་ཞབས་ཐང་གིས་གྲུབ་ཆེན་མདུན་དུ་ཕེབས། (མཁན་པོ་གངས་ཤར་རང་གྲོལ་གྱི་རྣམ་ཐར་ལྟར་ན་ཕལ་ཆེར་སྤྱི་ལོ་ ༡༩༤༦ གཡས་གཡོན་ལ་ཁེལ།) རྗེ་བླ་མ་གཙང་པ་གྲུབ་ཆེན་མལ་སར་ཉལ་ནས་ལོ་འགར་ཡར་མི་བཞེངས་པའི་དུས་དང་འཕྲད། མཁན་ཆེན་པས་བདག་ནུས་ལྡན་ལགས། འདུས་མདོའི་དཀའ་གནད་ཀྱི་ཕྱིར་དུ་འོང་བ་ལགས་ཞེས་དཀའ་གནད་རྣམས་རིམ་བཞིན་དྲིས། གྲུབ་ཆེན་གྱིས་འཚོ་བའི་མཐུན་རྐྱེན་ལེགས་པོ་སྒྲུབས་ཤིག་ཅེས་འཁོར་ལ་བསྒོས་པ་ཙམ་ལས་ཚིག་གཅིག་ཀྱང་མ་གསུངས། ཟླ་གཅིག་གི་འཕྲོར་མཁན་ཆེན་གྱིས་ད་ཕྱིར་ལོག་གསུངས། བཀྲ་ཚོགས་ཀྱིས་དཀའ་གནད་དག་གི་ལན་ཇི་ལྟར་བྱ་ཞུས་པ་ལ། དཀའ་གནད་གསུངས་ཟིན། ད་ཇི་བཞིན་གོ་སོང་གསུངས། དེ་ནི་བླ་མ་དང་ཐུགས་དགོངས་དབྱེར་མེད་དུ་གྱུར་པའི་རྟོགས་པ་མཆོག་ལྡན་གྱི་སྤྱོད་ཡུལ་ལས་རང་དགར་ལྟ་ག་ལ་ཞིག་སྟེ། བླ་མ་རྟོགས་ལྡན་དང་སློབ་མ་སྣོད་ལྡན་འཛོམས་ན་དེ་ལྟར་དུ་ངེས་སོ།།
ཨ་འཛོམས་འབྲུག་རྒན་རིན་པོ་ཆེ་ལས་མན་ངག་རྫོགས་པ་ཆེན་པོ་དང༌། ཁོང་གི་གཏེར་གསར་རྣམས་ཀྱི་དབང་ལུང་ཟབ་ཁྲིད་རྣམས་ལེགས་པར་གསན། དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ་དར་ཐང་མཆོག་སྤྲུལ་རིན་པོ་ཆེ་འཇམ་དཔལ་དགྱེས་པའི་རྡོ་རྗེ་ལས་རིན་ཆེན་གཏེར་མཛོད་ཆེན་མོའི་སྨིན་བྱེད་ཡོངས་རྫོགས་གསན། དར་ཐང་དུ་བྱ་བཏང་བ་དཀྱུས་མའི་ཚུལ་གྱིས་བྱོན་ཏེ་ཞག་འགའ་བཞུགས་ཀྱང་སུས་ཀྱང་ངོ་མ་ཤེས། ཕེབས་ཟིན་འཕྲལ་སྐྱབས་མགོན་མཆོག་སྤྲུལ་ཪིན་པོ་ཆེས་མཁས་པའི་དབང་པོ་ནུས་ལྡན་ཕེབས་འདུག་པར་ཐོས་པས་གང་དུ་བཞུགས་པ་འཚོལ་བར་བཏང་དུས་ཕེབས་ཟིན་ཞེས་གྲྭ་རྒན་འགའི་ངག་ལས་ཐོས་སོ།།

སྒྲུབ་པ་མཛད་ཞོར་འགྲོ་དོན་བསྐྱངས་ཚུལ།

དགུང་གྲངས་ཉེར་བདུན་དུས་ཀཿཐོག་རྒྱུད་སྡེའི་མཁན་པོ་ལོ་གསུམ་མཛད་རྗེས་བྱ་བ་བྲལ་ཏེ་དབེན་རི་ལ་ཤོར་བས་ལོ་གཉིས་མཁན་པོ་འབྱོར་ལྡན་གྱིས་མཛད་དགོས་བྱུང་། དེ་ཚུན་སྨྱོ་ཤུལ་དུ་བཤད་གྲྭའི་མཁན་པོ་ལོ་གཅིག་ཙམ་ལས་འཆད་ཉན་ཆེར་མི་མཛད།
མཐར་བྲོ་རྡུང་གནས་དང་། རྨུགས་སངས་གཉིས་སུ་སྒྲུབ་པ་མཛད་དེ་ཡུན་རིང་བཞུགས། ཁྱད་པར་དུ་རྨུགས་སངས་གནས་སུ་ལོ་བཅུ་གསུམ་ལ་བཞུགས་ཤིང་རང་རྩོམ་མདོ་འགྲེལ་ལན་གསུམ་དང་། མདོ་འགྲེལ་མུན་པའི་གོ་ཆ་དང༌། ཆོས་དབྱིངས་མཛོད་དང་། ངེས་ཤེས་སྒྲོན་མེ་དང་། མི་ཕམ་པའི་གཉུག་སེམས་སྐོར་གྱི་བསྟན་བཅོས་རྣམས་དང༌། ཁྲིད་ཡིག་ཡེ་ཤེས་བླ་མ་དང་། ངག་ཆུང་སྙན་བརྒྱུད་སོགས་རྫོགས་ཆེན་གཙོ་བོར་གྱུར་པའི་ཆོས་ཁྲིད་ཀྱང་མང་དུ་མཛད། གཏེར་ཆེན་མི་འགྱུར་རྡོ་རྗེའི་གདུང་རྟེན་ལ་བསྐོར་བ་འབུམ་ཕྲག་མཛད།
མཁན་ཆེན་ཁོང་ཉིད་ཀྱི་གྲྭ་ས་ཆོས་རྒྱུན་ཧོར་ཤུལ་དགོན་དུའང་དབྱར་གནས་ཐོག་མའི་མཁན་པོའི་ཁྲི་ལ་བཞུགས་ཏེ་སྡོམ་གསུམ་སོགས་གཞུང་བཤད་གདམས་ངག་མང་པོ་གསུངས། དེ་དུས་ཧོར་ཤུལ་དགོན་པ་ལ་བཤད་གྲྭའི་སྡེ་ཟུར་དུ་མེད་པས་རྣམ་དཔྱོད་ཅན་གྱི་གྲྭ་གསར་རྣམས་བསྡུས་ཏེ་མཁན་པོ་ཁོང་ཉིད་ཀྱི་གཟིམ་ཤག་ནང་ནས་གཞུང་ཆེ་ཆུང་དུ་མའི་དཔེ་ཁྲིད་གསུངས། མཁན་རིན་པོ་ཆེ་མཆོག་ཧོར་ཤུལ་རང་རིག་འཇམ་དཔལ་ཞི་བའི་རི་ཁྲོད་དུའང་སྒྲུབ་པ་དང་དཔེ་གཟིགས་མཛད་དེ་ཡུན་རིང་བཞུགས། སྐབས་འདི་དག་ཏུ་གསེར་གནུབས་ཟུར་དགོན་དུ་ཡང་བྱོན་ནས་དམ་པའི་ཆོས་ཀྱི་འཆད་ཉན་མཛད་ཅིང་། ཁྲ་ལིའི་ཕུག་པ་དང༌། སེང་གེ་ཡང་རྫོང་གི་སྒྲུབ་ཕུག་དང་། སྐྱེ་ཤར་ལུང་པ་སོགས་སུ་བཞུགས་ནས་ངེས་ཤེས་སྒྲོན་མེའི་འགྲེལ་པ་སོགས་ལྗགས་རྩོམ་མཛད་དོ།།
ཀཿཐོག་དང༌། ཨ་འཛོམས་དང༌། ཞེ་ཆེན་རྣམས་སུ་བཞུགས་དུས་ཐུགས་ཤིན་ཏུ་དྲག་པས་སུས་ཀྱང་བསྟེན་དཀའ་བ། མི་ཆེན་དང་། ཕྱུག་པོ་དང་། དཔོན་ཆེན་རྣམས་དང་འཕྲད་ན་དབུ་མནབ་གཟན་གྱིས་བཏུམས་ནས་བཞུགས་པ་ལས་ཞལ་མི་སྟོན་ཞིང་གསུང་མི་འབྱོན་པ་དང༌། ཞལ་ཟས་ཁམ་གང་ལས་མེད་ཀྱང་དཔེ་གཟིགས་དང་སྒྲུབ་པ་ལ་བཞུགས་པ་ལས་ཁ་ཟས་འཚོལ་བའི་རྩོལ་བ་སྤངས་པ་སོགས་བྱ་བྲལ་འཇིག་རྟེན་ལ་ཞེན་པ་ལོག་པའི་ངང་ཚུལ་ཁོ་ན་བསྐྱངས། རྨུགས་སངས་སུ་བཞུགས་དུས་དེ་འདྲ་གཏན་ནས་མི་མཛད་པར་ཐུགས་བརྩེ་བ་དང་། དགྱེས་པ། ཞལ་རས་འཛུམ་མུལ་གྱིས་དགོན་པའི་གྲྭ་ཚང་ལ་བཅའ་ཁྲིམས་དང་། ཕན་པའི་ཞལ་བཀོད་དང་། སྐྱེ་བོ་སུ་བྱུང་རྣམས་ལ་རེ་བ་བསྐངས་པ་ལས་བཀའ་བཀྱོན་གང་ཡང་མེད་པར་བཞུགས་སོ།།
ཆུ་འབྲུག་ཕྱི་ལོ་ ༡༩༥༢ ལོར་དཔལ་ཡུལ་བརྡ་མགོ་རི་ཁྲོད་ལྷ་རི་འོད་གསལ་སྒང་དུ་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་སྐུ་ཕྲེང་གསུམ་པ་མཆོག་གིས་གདན་དྲངས་ཤིང་། མཁན་ཆེན་མཆོག་གིས་དགོངས་འདུས་འགྲེལ་ཆེན་བརྩམས་ཟིན་པར་བརྟེན་སློབ་མའི་གཙོ་བོ་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་དང་། གྱང་ཁང་སྤྲུལ་སྐུ་ཐུབ་བསྟན་དཔལ་བཟང་། རྫོང་ནང་རིན་པོ་ཆེ་འཇམ་དཔལ་བློ་གྲོས། ཞེ་ཆེན་རྒྱལ་ཚབ་ཀྱི་སྐུ་ཚ་མཁན་པོ་གང་ཤར་བྱང་ཆུབ་རྡོ་རྗེ། མཁན་པོ་མགོན་གྲུབ་བཅས་ལྔ་ནི་ཕྱི་ལྟར་ན་འཁོར་ལྔ་སྡེ་བཟང་པོ་དང་། ནང་ལྟར་ན་དམ་པའི་རིགས་ཅན་དྲྭ་མ་ལྔ། གསང་བ་རིགས་ལྔའི་འཁོར་གྱིས་གྲངས་ཏེ། དེ་ལས་མང་མི་རུང་ཞེས་གསུངས་ཤིང་། ཚོགས་ཆེན་འདུས་པའི་སྒྲུབ་ཐབས་སྒྲུབ་ཁོག་འབྲེལ་མས་ཁོག་དབུབ་སྟེ་ཉིན་ལྟར་མཁན་ཆེན་ཨ་སྟོབས་ཀྱི་གསུང་ཞི་ཐུང་ཁྲོ་ཐུང་ལས་བྱང་རེ། ལེགས་ཆུང་། ཐོ་ཁ་གསོ། ཉིན་གཞུང་ན་རཀ་སྐོང་བཤགས་རེ། དགོང་མོར་དམ་ཅན་སྤྱི་གཏོར་ནས་རྗེས་ཆོག བསྐྲད་འབྱིན་བཅས་པའི་སྒྲུབ་པའི་དབུ་མཛད་གྱང་ཁང་རིན་པོ་ཆེས་མཛད་ཅིང་། མཁན་རིན་པོ་ཆེ་ནས་འཆད་ཐབས་ལྟར་གནུབས་ཆེན་གྱི་མདོ་འགྲེལ་མུན་པའི་གོ་ཆ། ཀཿདམ་པའི་གསུང་ཆ་ཚང་། གཙང་སྟོན་པའི་མཆན། མཁན་ཆེན་ཉིད་ཀྱིས་མཛད་པའི་མདོ་འགྲེལ་མུན་པའི་གོ་ཆ་པོད་བཞི་བཅས་ཉིན་ལྔ་བཅུའི་རིང་དུ་གསུངས་ཤིང་། མཐའ་རྒྱས་དངོས་གྲུབ་བླང་བའི་དབང་བསྐུར་དང་བཅས་མཐའ་གྲུབ་པར་མཛད།
གཡུ་ཁོག་བྱ་བྲལ་བའི་མདུན་དུ་བྱོན་ནས་ཉིན་ཁ་ཤས་ལ་མདོ་སྔགས་ཀྱི་དཀའ་གནད་སོ་སོའི་ཕྱོགས་ཀྱི་བགྲོ་གླེང་མཛད། བྱ་བྲལ་བས་བླ་མ་ཡོན་ཏན་ཁྱད་པར་ཅན་ཞེས་བསྟོད་བསྔགས་མཛད་པར་བཤད།

ཞལ་སློབ་ཀྱི་སྐོར།

རྗེ་ཉིད་ཀྱི་ཞལ་སློབ་མང་པོ་བཞུགས་ནའང་གཙོ་བོའི་གྲས། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་དང་། དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ། གྱང་ཁང་སྤྲུལ་སྐུ་ཐུབ་བསྟན་དཔལ་བཟང་། རྫོང་ནང་རིན་པོ་ཆེ་འཇམ་དཔལ་བློ་གྲོས། ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས། ཞེ་ཆེན་རྒྱལ་ཚབ་ཀྱི་སྐུ་ཚ་མཁན་པོ་གང་ཤར་བྱང་ཆུབ་རྡོ་རྗེའམ་ཡོངས་གྲགས་སུ་ཞེ་ཆེན་མཁན་པོ་གང་ཤར་དབང་པོ། ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་ཡང་སྲིད་སི་ཏུ་ཆོས་ཀྱི་ཉི་མ། ཀཿཐོག་མཁན་ཆེན་ཁྲོ་རུ་ཚེ་རྣམ། མཁན་པོ་མགོན་གྲུབ། རྨུགས་སངས་བླ་མ་འཇམ་དཔལ་བཟང་པོའམ་བླ་མ་ཚེ་རིང་། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན། ཀཿཐོག་དབོན་སྤྲུལ་ཚུལ་ཁྲིམས་ཡོན་ཏན་རྒྱ་མཚོ། གྲུབ་ཐོབ་ནམ་མཁའ་རྒྱ་མཚོ། མཁར་ལེགས་སྤྲུལ་སྐུ་པདྨ་ཀུན་བཟང་རང་གྲོལ། མཁན་ཆེན་དཀོན་མཆོག་རིན་ཆེན། གཏེར་སྟོན་བསོད་རྒྱལ་གྱི་སྲས་ཉི་དགོན་སྐུ་ཕྲེང་ལྔ་པ་སྐལ་བཟང་སྟོབས་རྒྱལ་རྡོ་རྗེ་ལ་སོགས་པ་བྱོན་ནོ།།

གསུང་རྩོམ་གྱི་སྐོར།

མཁན་ཆེན་འདི་པས་གཙོ་བོ་ལུང་ཨ་ནུ་ཡོ་ག་དང་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་སྡེ་གསུམ་ལས་སེམས་སྡེའི་སྐོར་ལ་གསུང་རྩོམ་མཛད་པ་ལས། ཨ་ནུ་ཡོ་གའི་སྐོར། «དཔལ་སྤྱི་མདོ་དགོངས་པ་འདུས་པའི་འགྲེལ་པ་རྣལ་འབྱོར་ཉི་མ་གསལ་བར་བྱེད་པའི་ལེགས་བཤད་གཟི་ལྡན་འཆར་ཁའི་འོད་སྣང་།(ཨེ་ཝཾ་མ་ཡཱ་པོད་བཞི་ཅན།)»ཞེས་པ་མཁན་ལེགས་བཤད་འབྱོར་ལྡན་དང་། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་གཞན་ཕན་བཟང་པོ་བཅས་ནས་ཐོག་མར་བསྐུལ་ཅིང་། བར་དུ་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་པདྨ་ནོར་བུ་སྐུ་ཕྲེང་གསུམ་པ་སོགས་ནས་བསྐུལ། མཐའ་མར་ཡང་༸སྐྱབས་རྗེ་རིན་པོ་ཆེ་ནས་ནན་བསྐུལ་མཛད་པར་བརྟེན་སྔ་ཕྱིར་ཀཿཐོག་དང་། རྨུགས་སངས། ཨ་འཛོམས་རི་ཁྲོད་སོགས་ལ་བཞུགས་ཞོར་དུ་མཛད་ཅིང་། མཐར་དཔལ་ཡུལ་བརྡ་མགོ་རི་ཁྲོད་དུ་མཇུག་གྲུབ་པར་མཛད།
རྫོགས་པ་ཆེན་པོ་སེམས་སྡེའི་སྐོར་ལ། «རིན་པོ་ཆེ་གཏེར་གཏད་པའི་འགྲེལ་ཆུང་འཕྲུལ་གྱི་མེ་ལོང་གསལ་བར་བྱེད་པའི་འོད་ཀྱི་ལྡེའུ་མིག» སེ་སྟོན་འབྱུང་ལྡན་གྱི་ཕྱག་མཆན་དང་བསྟུན་ཏེ། མཁན་ལེགས་བཤད་འབྱོར་ལྡན་དང་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་ཡང་སྲིད་སི་ཏུ་ཆོས་ཀྱི་ཉི་མས་བསྐུལ་བ་ལ་བརྟེན་ནས་བྲིས།
«བྱང་ཆུབ་ཀྱི་སེམས་མི་ནུབ་པའི་རྒྱལ་མཚན་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེའི་འགྲེལ་བཤད་གསང་བདག་དགའ་རབ་དཔའ་བོའི་དགོངས་རྒྱན།» མཆོག་སྤྲུལ་ཀུན་ཏུ་བཟང་པོ་ནས་ནམ་མཁའ་ཆེ་ལ་ནན་ཏན་བྱེད་པར་མ་འཆུགས་གསུངས་པ་དང་། རྗེས་སོར་སྐྱབས་རྗེ་རིགས་བདག་བཀའ་དྲིན་མཚུངས་མེད་མཁན་ཆེན་ལེགས་བཤད་དུལ་བའི་སྡེས་སེམས་ཕྱོགས་ལའང་གསལ་བྱེད་ཀྱི་ཡི་གེ་རེ་ཅིས་ཀྱང་གྱིས་ཤིག་ཅེས་བཀའ་བསྩལ་བ་བཞིན་ཐུབ་བསྟན་མཁྱེན་བརྩེ་བློ་གྲོས་ཀྱིས་བྲིས་ཤིག་ཅེས་བཀའ་བསྩལ་བ་དང་། མཆོག་སྤྲུལ་པདྨ་ཚུལ་ཁྲིམས་ཀྱིས་ཀྱང་གསུང་བསྐུལ་འབྲི་གཞི་བཅས་གནང་།
«མཁས་པའི་ཚུལ་ལ་འཇུག་པའི་སྒོའི་མཆན་འགྲེལ་ལེགས་བཤད་སྣང་བའི་འོད་ཟེར།»
མཁན་ཆེན་རྡོ་རྗེ་འཆང་ཀུན་བཟང་དཔལ་ལྡན་གྱིས་བཀའ་བསྩལ་བ་ལྟར་མཛད།
«ངེས་ཤེས་རིན་པོ་ཆེའི་སྒྲོན་མེའི་འགྲེལ་ཆུང་ཟབ་དོན་སྣང་བའི་འཆར་སྒོ་ཡིད་དཔྱོད་ཚིག་གི་མེ་ལོང་།»
སྐུ་སྐྱེས་ཐུབ་བསྟན་མཁས་བཙུན་བློ་གྲོས་ཀྱིས་བསྐུལ་བ་ལ་བརྟེན་ནས་མཛད།
གཞན་ཡང་ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལ་སློབ་པའི་ངག་འདོན་གྱི་ཚིག་འགྲེལ་ལེགས་བཤད་སྣང་བའི་འོད་ཟེར། མཆོག་སྤྲུལ་མི་འགྱུར་རྡོ་རྗེའི་རྣལ་འབྱོར་འོད་གསལ་རིག་པའི་རང་མདངས། སྐུ་གསུམ་བླ་མའི་རྣལ་འབྱོར་འོད་གསལ་རིག་པའི་ཐོལ་གླུ། རིགས་བདག་མཁན་ཆེན་བླ་མ་ལ་གསོལ་བ་འདེབས་པ་མོས་གུས་འདྲེན་པའི་ཤིང་རྟ་སོགས་བཞུགས་ཤིང་། རྨུགས་སངས་བླ་མ་འཇམ་དཔལ་བཟང་པོས་མཛད་པའི་རྗེ་ཉིད་ཀྱི་རྣམ་ཐར་དུ་ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་ཊིཀ་ཀྱང་ཡོད་ཚུལ་གསལ་རུང་དེང་སང་མཇལ་དུ་མེད། གསུང་རྩོམ་ཁྱོན་བསྡོམས་རྣམ་ཐར་ལ་ལར་པོད་དགུ་བཞུགས་ཚུལ་དང་། ལ་ལར་པོད་བདུན་བཞུགས་ཚུལ་གསལ་རུང་། སྤྱི་ལོ་ ༢༠༡༤ ལོར་ཀཿཐོག་དྲུང་པ་སྤྲུལ་སྐུ་སོགས་ཀྱིས་ཕྱོགས་བསྒྲིགས་མཛད་ནས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བའི་མཁན་ཆེན་གྱི་གསུང་འབུམ་དེ་ལ་པོད་བདུན་བཞུགས།
གསུང་རྩོམ་དེ་དག་མཛད་པའི་སྐབས་སུ་མཚན་མོ་སྣང་བ་མེད་ཀྱང་མུན་པས་མི་སྒྲིབ་པར་བྲི་བར་མཛད་པར་བཤད་དོ།།
བོད་རྒྱ་འོག་ལ་ཤོར་དུས་ཞིང་ལ་ཕེབས་ཚུལ།
རབ་རྒྱལ་ས་ཁྱི་སྤྱི་ལོ་ ༡༩༥༨ ལོར་རྒྱ་ནག་དམར་ཤོག་གིས་བོད་བཙན་བཟུང་བྱེད་དུས་མཁན་རིན་པོ་ཆེ་དམག་མིས་རྨུགས་སངས་དགོན་ནས་ཁྲིམས་ཁང་དུ་ཁྲིད། ལམ་བར་དུ་བྱ་རྒོད་ཅིག་གིས་ལྡིང་སྐོར་བྱས་ཏེ་གཤོག་རྩེ་ཁོང་ལ་རེག་ཙམ་བྱས། བཙོན་བདག་རྣམས་ཀྱིས་ཁྱོད་བླ་མ་བཟང་ན་བྱ་རྒོད་འདི་བཞིན་དུ་འཕུར་དགོས་ཟེར་ནས་ཁྲེལ་བགད་བགྱིས། ཅུང་ཙམ་ནས་ས་ལ་བཞུགས་ཏེ་ཞབས་སྐྱིལ་ཀྲུང་དང་ཕྱག་གཉམ་བཞག་མཛད་པ་ཙམ་ནས་སྐད་ཅིག་གིས་སྐུ་འདས་པས་འཆི་བ་ལ་དབང་འབྱོར་བའི་གང་ཟག་གོ །སྐུ་གདུང་ས་དེར་བསྐྱུར་པ་ཉིན་ཁ་ཤས་རྗེས་དངོས་སློབ་བྲོ་རྡུང་བླ་མ་ལེགས་བློ་བཙལ་དུ་སོང་བའི་ཚེ་ན་བཟའ་ཙམ་ལས་ཕྱོགས་གར་ཡང་སྐུ་གདུང་གི་ཤུལ་ཙམ་ཡང་མེད། སྐྲ་སེན་སོགས་ལྷག་མ་ལུས་ཡོད་མེད་བལྟ་ཡང་མ་ཤེས་ཞེས་ལེགས་བློའི་ཞལ་ནས་རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱིས་དངོས་སུ་ཐོས་པས་སྐུ་ཟག་མེད་འཇའ་ལུས་སུ་གྲུབ་པ་གོར་མ་ཆག་གོ།


 ཁུངས་གཏུགས་སའི་ཡིག་ཆ།
༡༽ རྨུགས་སངས་འཇམ་དཔལ་བཟང་པོས་མཛད་པའི་མཁན་ཆེན་མཁྱེན་བརྩེ་བློ་གྲོས་ཀྱི་རྣམ་ཐར་པདྨའི་དགའ་ཚལ།
༢༽ ཀརྨ་བཤད་སྒྲུབ་ཕྲིན་ལས་རྒྱ་མཚོས་མཛད་པའི་ཞེ་ཆེན་མཁན་པོ་གང་ཤར་དབང་པོའི་རྣམ་ཐར་རྒྱས་པ།
༣༽ ཇོ་ནང་མཁས་པ་བདེ་ལེགས་རབ་རྒྱས་ཀྱིས་མཛད་པའི་གཙང་པ་གྲུབ་ཆེན་བྱམས་པ་ཆོས་འཛིན་གྱི་རྣམ་ཐར།
༤༽ ཨ་བསེ་བྱ་བྲལ་སངས་རྒྱས་རྡོ་རྗེས་མཛད་པའི་དཔལ་ཀཿ་ཐོག་པའི་ཆོས་འབྱུང་རིན་ཆེན་ཕྲེང་བ།
༥༽ སྨྱོ་ཤུལ་མཁན་འཇམ་དབྱངས་རྡོ་རྗེས་མཛད་པའི་རྫོགས་ཆེན་ཆོས་འབྱུང་།
༦༽ ཀཿཐོག་དྲུང་པ་སྤྲུལ་སྐུ་སོགས་ཀྱིས་ཕྱོགས་བསྒྲིགས་མཛད་ནས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་ ༢༠༡༤ ལོར་དཔར་བའི་མཁན་ཆེན་ནུས་ལྡན་གྱི་གསུང་འབུམ།
༧༽ རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱིས་མཛད་པའི་དཔལ་ཡུལ་ཆོས་འབྱུང་རྒྱས་པ།
༨༽ མུ་པོས་མཛད་པའི་དཔལ་ཡུལ་གདན་རབས།
༩༽ དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བའི་གསན་ཡིག
༡༠༽ མཁན་ཆེན་མུལ་སེལ་གྱིས་ཕྱོགས་བསྒྲིགས་མཛད་པའི་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པ།
༡༡༽ ཀཿཐོག་རྒྱུད་སྡེ་བཤད་སྒྲུབ་ནོར་བུའི་ལྷུན་པོ་རྩོམ་སྒྲིག་ཁང་ནས་རྩོམ་སྒྲིག་ཞུས་པའི་ཀཿཐོག་རྒྱུད་སྡེ་བཤད་སྒྲུབ་ནོར་བུའི་ལྷུན་པོ་ཆོས་སྡེ་ཆེན་པོའི་སྣང་བརྙན་མིག་གི་དགའ་སྟོན་དད་པའི་གསོས་སྨན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།