དྲང་ངེས་ཀྱི་དོན་ལ་དཔྱད་པ་སྔོན་མེད་གསར་དུ་སྤྲོས་པའི་རྟོག་དཔྱོད།

ལོ་རིམ་ལྔ་པའི་སློབ་གཉེར་བ།  སྤྲུལ་སྐུ་པདྨ་ཚེ་མཆོག་རྡོ་རྗེ། 

ཀུན་ནས་ཀུན་གྱི་མཆོག་གྱུར་ཟས་གཙང་སྲས། །དེ་ལུགས་འཛིན་པ་ཀླུ་སྒྲུབ་ཐོགས་མེད་ཞབས།།
ངེས་དོན་གཤིས་ཀྱི་གནས་ལ་དཀྲི་མཁས་རྣམས། །དེ་རིང་འདི་རུ་མཆོད་པའི་ཡུལ་དུ་གྱུར།།

སྒྲ་ཚིག་བརྗོད་པ་བྲལ་བའི་རང་བཞིན་དེ། །ཇི་ལྟར་བརྗོད་ཀྱང་རྟོག་པའི་རྒྱ་རུ་ཚུད།།
ཅི་ལྟར་བསམ་ཡང་བློ་ཡི་འགྱུ་བ་ཙམ། །ངེས་དོན་བརྗོད་ལ་རྒྱལ་བ་རྣམས་ཀྱང་ལྐུགས།།

དེ་ཕྱིར་དྲང་ངེས་དོན་ལ་རབ་རྨོངས་ན །།མདོ་སྡེའི་དགོངས་དོན་རྙེད་ལ་རིང་འགོར་བས།།
ཤེས་ནས་གཞན་ལ་འཆད་པ་མ་ཡིན་ཞིང་། །མ་ཤེས་རང་ཉིད་དེ་དོན་འཚོལ་ལ་འཇུག།།

ཅེས་འགོ་རྩོམ་དུ་ཚིགས་སུ་བཅད་པ་གསུམ་བཅོས་མའི་ཡ་རབས་ཀྱི་ཀུན་སྤྱོད་མ་དོར་ཙམ་དུ་བྲིས་ནས། ད་ནི་ནང་པའི་གཞུང་ལུགས་ལ་ཐོས་བསམ་བྱེད་མཁན་ཞིག་ཡིན་པའི་ཆ་ནས་བླུན་པོ་རང་ཉིད་ཤེས་རབ་ཀྱི་རྩལ་ཅུང་ཟད་རེ་རྒྱས་ནའང་ལེགས་ཕྱོགས་ཤིག་ཡིན་པས་དཔྱད་རྩོམ་ཞིག་འབྲི་བ་ལ། དེ་ཡང་རྒྱལ་བ་རང་ཉིད་ཀྱི་ཞལ་ནས།[1] དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པ་ལྟར་རྒྱལ་བས་ཇི་སྙེད་ཅིག་གསུངས་པའི་ཆོས་ཐམས་ཅད་ཐབས་མཁས་ལ་ཐུགས་རྗེ་ཆེན་པོས་གདུལ་བྱ་རྣམས་ཡང་དག་པའི་ལམ་ལ་འཛུད་པར་བྱ་ཕྱིར་གསུངས་ཤིང་། དེ་ལ་འདི་ལྟར་གསུངས་པ་ནི་དྲང་བའི་དོན་ནོ། །འདི་ལྟར་གསུངས་པ་ནི་ངེས་པའི་དོན་ནོ་ཞེས་རྣམ་པར་ཕྱེ་ནས་སྨྲ་དགོས་རྒྱུ་ལས། གསུངས་ཚད་ཐམས་ཅད་སྒྲ་ཇི་བཞིན་པར་གོ་བ་བླངས་ན་བདག་ཅག་གི་སྟོན་པའི་གསུང་ལ་ཡང་འགལ་འདུའི་སྐྱོན་འདུག་སྙམ་པའི་ལོག་པར་ལྟ་བས་ཕུང་ཁྲོལ་ཚབས་ཆེན་པོའི་རྒྱུ་རུ་འགྱུར་མི་སྲིད་པའང་མིན་པས། དྲང་ངེས་ཀྱི་དོན་ལ་མཁས་དགོས་པ་ནི་འཇམ་མགོན་མི་ཕམ་(༡༨༤༦-༡༩༡༢)པས་«དོན་རྣམ་ངེས་ཤེས་རབ་རལ་གྲི་»ལས།[2] དོན་ལ་རྣམ་པར་འཇུག་པ་ན། །དྲང་དོན་ངེས་དོན་ཤེས་བྱས་ནས། །དྲང་བའི་དོན་ལ་མི་རྟོན་པར། །ངེས་པའི་དོན་ལ་རྟོན་བྱ་སྟེ། །ཞེས་གསུངས་པས་སོ། །སྤྱིར་ཉན་རང་གི་ཐེག་པར་དྲང་ངེས་ཀྱི་རྣམ་གཞག་མཛད་པ་ཞིག་ད་བར་དུ་མ་མཇལ་ཞིང་། ཐེག་པ་ཆེན་པོའི་ཤེར་ཕྱིན་གྱི་མདོ་དག་ནི་སངས་རྒྱས་ཀྱི་དགོངས་པ་ཡིན་པའང་ཞལ་གྱིས་མི་བཞེད་པ་མ་ཟད་སྟོང་པ་ཉིད་བསྟན་པའི་དོན་རྣམས་ཁོང་དུ་མ་ཆུད་ནས་རིང་དུ་སྤང་བར་བྱེད་དེ། «སྤྱོད་འཇུག་»ལས།[3]བདེན་པ་མཐོང་བས་གྲོལ་གྱུར་གྱི། །སྟོང་ཉིད་མཐོང་བས་ཅི་ཞིག་བྱ། །ཞེས་གསུངས་པས་དྲང་དོན་ཡིན་མིན་དཔྱད་པའི་གཞི་མེད་པས་འདིར་ཡང་འདི་པའི་ལུགས་ཀྱི་དྲང་ངེས་ལ་རེ་ཞིག་མ་དཔྱད་དོ། །རྒྱལ་བའི་བཀའ་ལ་དྲང་ངེས་ཀྱི་རྣམ་གཞག་རྒྱས་པར་མཛད་པ་དེ་ཐེག་ཆེན་དབུ་སེམས་གཉིས་ཀྱི་གཞུང་དག་ཏུ་འོང་བས། དེ་ལས་བརྩམས་ཏེ་བདག་གིས་ཀྱང་དེ་དག་གི་དོན་ལ་རེ་ཞིག་མནོ་བསམ་རེ་བཏང་ན།

སེམས་ཙམ་པའི་ལུགས་ཀྱི་དྲང་ངེས། འཁོར་ལོ་བར་པར་བཤད་པའི་དབུ་མ་པའི་ལུགས་ཀྱི་དྲང་ངེས། འཁོར་ལོ་ཐ་མར་བཤད་པའི་དབུ་མ་པའི་ལུགས་ཀྱི་དྲང་ངེས། དྲང་ངེས་ཀྱི་དོན་ལ་ལོག་པར་རྟོག་པའི་ཕྱིན་ཅི་ལོག་པའི་བློ་དགག་པ། སྤྱིར་འཁོར་ལོ་གསུམ་གྱི་དྲང་ངེས་ཇི་ལྟར་འཇོག་ལུགས། བོད་མཁས་པ་དག་གིས་དྲང་ངེས་ཀྱི་དོན་ཇི་ལྟར་འཇོག་པའི་ཚུལ། དྲང་ངེས་ཀྱི་དོན་ལ་རང་གིས་ཐུན་མིན་གྱི་གོ་བ་ལེན་ཚུལ་བཤད་པའི་སྒོ་ནས་མཇུག་བསྡུ་བ་བཅས་བདུན་གྱི་སྒོ་ནས་རྩོམ་པ་ལ་འཇུག་གོ།

དང་པོ། སེམས་ཙམ་པའི་ལུགས་ཀྱི་དྲང་ངེས་ཀྱི་རྣམ་གཞག་ནི།

«མདོ་སྡེ་དགོངས་འགྲེལ་»ལས།[4] བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝ་ར་ཎཱ་སིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ་མིར་གྱུར་པ་སུས་ཀྱང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་གཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ། སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ་སྐབས་མཆིས་པ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། སྐྱེ་བ་མ་མཆིས་པ་དང་འགག་པ་མ་མཆིས་པ་དང་གཟོད་མ་ནས་ཞི་བ་དང་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ། ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ་སྐབས་མ་མཆིས་པ་ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་གསུངས་པ་ལྟར་མདོ་འདི་ནས་འཁོར་ལོ་ཐ་མ་ངེས་དོན་དུ་གསུངས་ཤིང་། འཁོར་ལོ་ཐ་མའི་མདོ་སྡེ་དག་ལ་བསམ་ན་ཐེག་ཆེན་དབུ་སེམས་གཉིས་ཀའི་མདོ་ཡོད་པས་སུ་ཞིག་གི་མདོ་རྣམས་དྲང་དོན་དང་། སུ་ཞིག་གི་མདོ་རྣམས་ངེས་དོན་རེད་ཅེས་པ་ལ་ལུགས་མི་འདྲ་བ་དུ་མར་བྱུང་བས་དཔྱད་པ་འདིར་ཞུགས་པའོ།།

འདིར་འཁོར་ལོ་ཐ་མ་ངེས་དོན་དུ་གསུངས་ཀྱང་ཆོས་ཐམས་ཅད་ཀྱི་འཇོག་ལུགས་ངོ་བོ་ཉིད་གསུམ་ལས་བརྩམས་ཏེ་བཞག་པར་མཛད་པ་དང་། འཁོར་ལོ་ཐ་མའི་སྙིང་པོ་བསྟན་པའི་མདོ་བཅུ་ལ་སོགས་པ་དང་མི་མཐུན་པས་ལུགས་འདིར་དྲང་ངེས་ཀྱི་རྣམ་གཞག་སེམས་ཙམ་པའི་ལུགས་ཉིད་དུ་འཇོག་པར་རིགས་སོ། །འཁོར་ལོ་ཐ་མ་ངེས་དོན་དུ་འདོད་པའི་དབུ་མ་པ་ཡོད་ཀྱང་། དེ་དག་མདོ་སྡེ་དགོངས་འགྲེལ་ལ་བརྟེན་པ་མ་ཡིན་ཏེ་སྙིང་པོ་བསྟན་པའི་མདོ་སྡེ་རྔ་བོ་ཆེ་དང་། མདོ་མྱང་འདས་ཆེན་པོ་ལ་སོགས་པའི་བསྟན་དོན་ངེས་དོན་མཐར་ཐུག་པར་བཞེད་ཅིང་བསྟན་པའི་མདོ་རྣམས་ལ་ངེས་དོན་གྱི་མདོར་ཞལ་གྱིས་བཞེས་པའོ། །འོན་ཀྱང་འདིར་ནི་འཁོར་ལོ་བར་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པའི་དོན་རྣམས་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པའི་དོན་དུ་བཀྲལ་ནས། དོན་ལ་གཟུང་འཛིན་གཉིས་མེད་ཀྱི་གཞན་དབང་ལ་ཀུན་བརྟགས་ཀྱིས་སྟོང་བའི་སྟོང་ཆ་ཡོངས་གྲུབ་དེ་བཞིན་ཉིད་ཡོངས་གཅོད་དུ་སྒྲུབ་ཚུལ་བསྟན་པས་སེམས་ཙམ་པའི་ལུགས་ཉིད་དུ་བཟུང་ན་བདེའོ། །དེའི་དགོངས་པ་ཇི་བཞིན་དུ་བཀྲལ་བ་ནི་ངོ་བོ་ཉིད་མེད་པ་གསུམ་ལས་བརྩམས་ཏེ་ཐེག་པ་ཆེན་པོའི་གཞུང་བསྐྱངས་པ། འཕགས་པ་ཐོགས་མེད་ཀྱི་ཤིང་རྟའི་ལམ་སྲོལ་ཆེན་པོའི་ལུགས་ལྟར་དུ་ཤེས་པར་བྱའོ།།

གཉིས་པ། འཁོར་ལོ་བར་པར་བཤད་པའི་དབུ་མ་པའི་ལུགས་ཀྱི་དྲང་ངེས་ཀྱི་རྣམ་གཞག་ནི།

དེ་ལྟར་མདོ་སྡེ་དགོངས་འགྲེལ་ནས་བསྟན་པའི་ངེས་དོན་དུ་བསྒྲུབས་པའི་སེམས་ཙམ་གྱི་མདོ་སྡེ་དག་ངེས་པའི་དོན་ཉིད་དུ་མི་འཐད་དེ། «དབུ་མ་ལ་འཇུག་པ་»ལས།[5] མདོ་སྡེ་གང་ལས་ཕྱི་རོལ་སྣང་ཡོད་མིན། །སེམས་ནི་སྣ་ཚོགས་སྣང་ངོ་ཞེས་གསུངས་པ། །གཟུགས་ལ་ཤིན་ཏུ་ཆགས་གང་དེ་དག་ལ། །གཟུགས་ལྡོག་པ་སྟེ་དེ་ཡང་དྲང་དོན་ཉིད། །འདི་ནི་སྟོན་པས་དྲང་དོན་ཉིད་གསུངས་ཤིང་། །འདི་ནི་དྲང་དོན་ཉིད་དུ་རིགས་པས་འཐད། །རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཅེས་གསུངས་པ་ལྟར་སེམས་ཙམ་དུ་བསྟན་པའི་མདོ་རྣམས་དྲང་དོན་གྱི་མདོ་ཡིན་པ་སྟོན་པ་ཉིད་ཀྱིས་ལུང་འདིས་གསལ་བར་གསུངས་པར་འདུག་སྟེ། འཇུག་པར་གསུངས་པའི་ལུང་འདི་གང་ཞེ་ན། «ལང་ཀར་གཤེགས་པ་»ལས།[6] ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་རྣམས་གཏོང་བ་ལྟར། །སངས་རྒྱས་དེ་བཞིན་སེམས་ཅན་ལ། །སེམས་ཙམ་དུ་ཡང་རབ་ཏུ་གསུངས། །ཞེས་བསྟན་པ་ལྟར་སེམས་ཙམ་དུ་གསུངས་པའི་ལུང་ཇི་སྙེད་པ་ལུགས་འདིར་དྲང་དོན་དུ་བསྟན་ནས། ད་ནི་རང་གི་ལུགས་ལ་སྒྲ་ཇི་བཞིན་པའི་བསྟན་དོན་ལ་དངོས་ལ་གནོད་བྱེད་མེད་པའི་མདོ་སྡེ་དག་གང་ཡིན་ཞེ་ན། བློ་གྲོས་མི་ཟད་པ་ནས་བསྟན་པ་ལྟར་སྟོང་པ་ཉིད་བསྟན་པའི་མདོ་རྣམས་ངེས་དོན་གྱི་མདོ་དང་། དེ་ལས་གཞན་པའི་ཕུང་ཁམས་སྐྱེ་མཆེད་ཡོད་པར་བསྟན་པའི་འཁོར་ལོ་དང་པོའི་མདོ་རྣམས་དང་། སེམས་ཙམ་དུ་གསུངས་པའི་འཁོར་ལོ་བར་ཐ་གཉིས་ཀའི་མདོ་རྣམས་དང་། སྙིང་པོ་བསྟན་པའི་མདོ་རྣམས་དྲང་བའི་དོན་ཉིད་དུ་གསུངས་སོ། །དེ་ཡང་«འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་»ལས།[7] ངེས་པའི་དོན་གྱི་མདོ་སྡེ་ནི་གང་། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ལམ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་འབྲས་བུ་ལ་འཇུག་པའི་ཕྱིར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་[8]བྱའོ། །མདོ་སྡེ་གང་དག་བདག་དང་། སྲོག་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། ཤེད་བདག་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། སྒྲ་རྣམ་པ་སྣ་ཚོགས་སུ་བཤད་པ་དང་། བདག་པོ་མེད་པ་ལ་བདག་པོ་དང་བཅས་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཅེས་བྱའོ། །མདོ་སྡེ་གང་དག་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་།  སྨོན་པ་མེད་པ་དང་། མངོན་པར་འདུ་མི་བྱེད་པ་དང་། མ་སྐྱེས་པ་དང་། མ་བྱུང་བ་དང་། དངོས་པོ་མེད་པ་དང་། བདག་མེད་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གང་ཟག་མེད་པ་དང་། བདག་པོ་མེད་པ་དང་། རྣམ་པར་ཐར་པའི་སྒོའི་བར་དུ་མེད་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཅེས་བྱ་སྟེ། འདི་ནི་ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི། དྲང་བའི་དོན་གྱི་མདོ་སྡེ་ལ་མི་རྟོན་པ་ཞེས་བྱའོ། །ཞེས་གསུངས་པ་འདི་ཡི་དགོངས་པ་དང་མཐུན་པར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་(༡༣༠༨-༡༣༦༤)ལུང་འདི་དྲངས་ནས་«སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ་»ལས།[9] ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་དབྱིངས་རང་བཞིན་གྱིས་དག་པ་སེམས་ཉིད་འོད་གསལ་བའི་དགོངས་པ་ནི་རང་བཞིན་གྱིས་དག་ཅིང་འཕོ་འགྱུར་མེད་པ་སྐྱེ་འགག་གནས་གསུམ་ལས་འདས་པ་ནམ་མཁའི་ངོ་བོ་ནི་ངེས་པའི་དོན་ཡིན་ལ། དེ་སྟོན་པའི་བཀའ་དང་བསྟན་བཅོས་མ་ལུས་པ་ངེས་པའི་དོན་གྱི་ཁོངས་སུ་བསྡུའོ། །ཞེས་གསུངས་པ་དང་། དེ་ལྟ་བུའི་གཤིས་ཀྱི་གནས་ལུགས་ལས་གཞན་དུ་གྱུར་བའི་མ་བརྟགས་གཅིག་པུ་ན་སྒྲ་ཚིག་བརྗོད་པ་དང་ལྡན་པའི་ཆོས་ཡོད་དོ་ཅོག་དྲང་དོན་དང་། དེ་སྟོན་པའི་བཀའ་དང་བསྟན་བཅོས་ཐམས་ཅད་དྲང་དོན་ཡིན་པ་ལ་སྨྲ་མི་དགོས་ཤིང་། དེ་ལས་ཀྱང་དེ་དག་ལ་དྲང་དོན་གྱི་མདོ་སྡེ་ཞེས་ཐ་སྙད་ཉེ་བར་འདོགས་ཏེ། «སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ་»ལས།[10] ཆོས་ཅན་སྣང་ཚོད་པ་སྐྱེ་བ་དང་། འགག་པ་དང་། འོང་བ་དང་། འགྲོ་བ་དང་། དག་པ་དང་། མ་དག་པ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའི་རིམ་པ་རྣམ་པ་སྣ་ཚོགས་པར་སྣང་བ་རྨི་ལམ་ལྟ་བུ་སྨྲ་བསམ་བརྗོད་པའི་རིམ་པས་གཞལ་ཞིང་སྒྲོ་བཏགས་ནས་བསྟན་པ་ཐམས་ཅད་དྲང་བའི་དོན་ཞེས་བྱའོ། །དེ་སྟོན་པའི་བཀའ་དང་བསྟན་བཅོས་ཐམས་ཅད་ཀུན་རྫོབ་པའི་ནང་དུ་འདུའོ། །དཔེར་ན་སེམས་ཉིད་ནམ་མཁའ་ལྟ་བུ་ཞེས་སྨྲ་བརྗོད་དང་བསམ་པས་རློམ་པ་ནི་ཀུན་རྫོབ་ལ། དོན་དམ་པའི་གཤིས་གང་ཡིན་པ་དེ་ངེས་པའི་དོན་ཏེ་ཡང་དག་པ་ཡིན་པ་བཞིན་ནོ། །ཞེས་གསུངས་སོ།།

གཞན་ཡང་«མདོ་སྡེ་ཏིང་འཛིན་རྒྱལ་པོ་»ལས།[11] སྟོང་པ་བདེ་བར་གཤེགས་པས་བཤད་པ་ལྟར། ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལ་སེམས་ཅན་གང་ཟང་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་། རྩ་འཇུག་བཞི་གསུམ། འཇུག་པ་རྩ་འགྲེལ་ལ་སོགས་པའི་བཀའ་བར་བ་དགོངས་འགྲེལ་དང་བཅས་པ་ནས་བསྟན་པའི་ངེས་དོན་མཐར་ཐུག་པ། སྤྲོས་བྲལ་དབུ་མ་ཆེན་པོ་ཉིད་སྟོན་པའི་མདོ་རྣམས་ངེས་དོན་གྱི་མདོ་སྡེ་དང་། དེ་ལས་གཞན་བློ་ཡི་སྤྱོད་ཡུལ་དུ་གྱུར་པའི་ཆོས་ཇི་སྙེད་ཅིག་སྟོན་པ་རྣམས་དྲང་བའི་དོན་དུ་གསུངས་པའི་བཀའ་བསྟན་ཉིད་དུ་བསྟན་པའོ། །དེ་བཞིན་དུ་མདོ་དེ་གཉིས་ཀྱི་དགོངས་པ་ལྟར་བསྟན་བཅོས་ལ་བསམ་ནའང་། དཔལ་ལྡན་ཟླ་བ་གྲགས་པས་«དབུ་མ་ལ་འཇུག་པ་»ལས།[12] དེ་ལྟར་ལུང་གི་ལོ་རྒྱུས་ཤེས་བྱས་ཏེ། །མདོ་གང་དེ་ཉིད་མ་ཡིན་བཤད་དོན་ཅན། །དྲང་དོན་གསུངས་པའང་རྟོགས་ནས་དྲང་བྱ་ཞིང་། །སྟོང་ཉིད་དོན་ཅན་ངེས་དོན་ཤེས་པར་གྱིས། །ཞེས་གསུངས་པ་དང་དེའི་འགྲེལ་པར། གོང་དུ་དྲངས་པའི་ཏིང་རྒྱལ་གྱི་ལུང་འདི་དྲངས་ནས་བློ་གྲོས་མི་ཟད་པའི་མདོ་ནས་བསྟན་པའི་དྲང་ངེས་ཀྱི་རྣམ་གཞག་ཀྱང་དེ་ལྟར་ཡིན་པ་ཞལ་འཕངས་ཡོད། «འཇུག་པ་རང་འགྲེལ་»ལས།[13] དེ་བཞིན་དུ་འཕགས་པ་བློ་གྲོས་མི་ཟད་པ་ལ་སོགས་པའི་མདོ་སྡེ་དག་ལས་རྒྱ་ཆེར་བསྟན་པ་ཡང་རྟོགས་པར་བྱའོ། །ཞེས་གསུངས་པ་ལྟར་གོང་དུ་བཤད་པའི་རྣམ་གཞག་དེ་ཡིན་པར་སེམས་ཞིང་། དེ་ཡིས་སྐབས་འདིར་བསྟན་གྱི་དོན་རྣམས་རེ་ཞིག་འདི་ཙམ་གྱིས་འཐུས་པར་བྱས་སོ།།

གསུམ་པ། འཁོར་ལོ་ཐ་མར་བཤད་པའི་དབུ་མ་པའི་ལུགས་ཀྱི་དྲང་ངེས་ཀྱི་རྣམ་གཞག་ནི།

བཀའ་ཐ་མ་དབུ་མའི་མདོ་སྡེ་དག་ལྟར་ན་ངེས་དོན་མཐར་ཐུག་པ་ནི་རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོ། སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་བརྗོད་བྱར་བྱས་པའི་མདོ་རྣམས་ངེས་དོན་གྱི་མདོ་དང་དེ་ལས་གཞན་པའི་སྟོང་ཉིད་བསྟན་པའི་མདོ་སོགས་ཀྱང་དྲང་དོན་ཉིད་དུ་གནས་པར་འདོད་དེ། «མདོ་»ལས།[14] ངས་སྟོང་པ་ཉིད་དུ་བསྟན་པ་ཇི་སྙེད་པ་ནི་དྲང་དོན་ཡིན་ལ། བདེ་གཤེགས་སྙིང་པོ་བསྟན་པ་ནི་ངེས་དོན་ཡིན་ནོ། །ཞེས་གསུངས་པ་ལྟར་སྐབས་འདིར་དྲང་ངེས་འཇོག་ལུགས་སོ་སོ་ནས་ཡོད་དོ།།

«གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་»ལས།[15] རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་ནོར་བུ་མཁན་མཁས་པ་ནོར་བུ་སྤྱོད་པའི་ཚུལ་ལེགས་པར་ཤེས་པ་དེས་ནོར་བུ་རིན་པོ་ཆེའི་རིགས་ནས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ་ལན་ཚྭའི་ཆུ་རྣོན་པོས་སྦངས་ནས་སྐྲའི་རེ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྦངས་ནས་བལ་གྱི་ཝ་བའི་ཡོངས་སུ་སྦྱོང་བས་ཡོངས་སུ་སྦྱོང་བར་བྱེད་དོ། །དེ་ཙམ་གྱི་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བ་ལ་ཡང་སྦངས་ནས་རས་སྲབ་མོའི་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཏེ་དྲི་མ་དང་བྲལ་བ་ནི་བཻ་ཌཱུརྱའི་རིགས་ཆེན་པོ་ཞེས་བརྗོད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པ་དང་མི་གཙང་བ་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་སྐྱེད་པར་མཛད་དེ་འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ། དེའི་འོག་ཏུ་ཕྱིར་མི་ལྡོག་པའི་འཁོར་ལོའི་གཏམ་དང་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞེས་འཁོར་ལོ་བར་པ་ནས་བསྟན་པའི་ངོ་བོ་སྟོང་པ་ཉིད། རྒྱུ་མཚན་མ་མེད་པ། འབྲས་བུ་སྨོན་པ་མེད་པ་ཙམ་དུ་གསུངས་པ་དེས་ཀྱང་གནས་ལུགས་ཅིས་ཕྱིན་པ་མ་ཡིན་ཞིང་། དེ་ནི་མཚན་འཛིན་ལྡོག་པའི་ཕྱིར་དུ་གསུངས་པ་ཡིན་ལ། དེའི་སྟེང་དུ་ཆོས་གང་ལ་ཡང་མཚན་མར་འཛིན་པ་དེ་མེད་བཞིན་དུ་རང་གི་སེམས་ཉིད་གདོད་ནས་འོད་གསལ་བ། སངས་རྒྱས་ཀྱི་རང་བཞིན་དུ་བསྟན་པ་ནི་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་སྟེ་འཁོར་ལོ་གསུམ་པའོ། །དེ་བཞིན་དུ་«མདོ་སྡེ་རྔ་བོ་ཆེ་»ལས་ཀྱང་།[16] སྟོང་པ་ཉིད་སྟོན་པ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་དགོངས་པ་ཅན་དུ་རིག་པར་བྱ་ལ། བླ་ན་མེད་པའི་མདོ་འདི་ལྟ་བུ་འདི་དག་ནི་དགོངས་པ་ཅན་མ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །འདི་ཙམ་ཞིག་ས་བོན་དུ་བྱས་ནས་དོན་ལ་འཁོར་ལོ་ཐ་མའི་མདོ། མྱང་འདས་ཆེན་པོ་དང་། རྔ་བོ་ཆེ། སོར་ཕྲེང་གི་མདོ་ལ་སོགས་པ་དང་། བསྟན་བཅོས་ཀྱང་རྒྱུད་བླ་མ་དང་ཆོས་དབྱིངས་བསྟོད་པ་ལ་སོགས་པར་རྒྱས་བཤད་དུ་ལྟ་བར་འཚལ།

བཞི་པ། དྲང་ངེས་ཀྱི་དོན་ལ་ལོག་པར་རྟོག་པའི་ཕྱིན་ཅི་ལོག་པའི་བློ་དགག་པ་ནི།

ཁ་ཅིག་རང་ལུགས་འཁོར་ལོ་བར་མཐའ་གཉིས་ངེས་དོན་དང་། དང་པོ་དྲང་དོན་དུ་འདོད་པ་ཀུན་མཁྱེན་ཡབ་སྲས་དག་གི་དགོངས་པ་ཡིན་ཚུལ་གླེང་། མ་ཚད་འཁོར་ལོ་བར་པའི་སྐབས་སུའང་འཁོར་ལོ་ཐ་མ་ངེས་དོན་དང་། འཁོར་ལོ་ཐ་མ་འཆད་དུས་ཀྱང་འཁོར་ལོ་བར་པ་ངེས་དོན་དུ་འདོད་དགོས་ཏེ། གཉིས་ཀས་ཀྱང་གཤིས་ཀྱི་གནས་ལུགས་བསྟན་པ་ལས་བར་པས་སྟོང་ཆ་དང་། ཐ་མས་གསལ་ཆའི་སྒོ་ནས་བསྟན་པས་སོ་ཟེར། དེ་དགག་པ་ལ། འཁོར་ལོ་བར་པའི་སྐབས་སུ་འཁོར་ལོ་ཐ་མ་ངེས་དོན་དུ་བཀྲལ་ཡང་རུང་སྟེ། འདིར་སྟོང་པ་ཉིད་བསྟན་པ་ལ་ངེས་དོན་དུ་བརྗོད་ན། སྙིང་པོ་བསྟན་པའི་མདོ་དག་ཀྱང་སྟོང་ཉིད་བསྟན་པའི་མདོར་གསུངས་པ་སྟེ། «མདོ་ལང་ཀར་གཤེགས་པ་»ལས།[17] བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་སྙིང་པོར་སྨྲ་བ་འདི་ནི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་འདྲ་བ་མ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་རྟག་པ་བྱེད་པ་པོ་མ་ཡིན་པ་ཡོན་ཏན་མེད་པ་ཁྱབ་པ་མི་འཇིག་པའོ་ཞེས་བདག་ཏུ་སྨྲ་བ་སྟོན་པར་བྱེད་དོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། བློ་གྲོས་ཆེན་པོ་དེའི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་དང་། མ་སྐྱེས་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤང་བར་བྱ་བའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པ་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། ཞེས་གསུངས་པས་སོ།།

འོན་ཀྱང་འཁོར་ལོ་ཐ་མ་འཆད་པའི་སྐབས་སུ་འཁོར་ལོ་བར་པ་ངེས་དོན་དུ་འདོད་ན། མདོ་བསྟན་ཤིན་ཏུ་མང་པོ་དང་ འགལ་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་«ཆོས་དབྱིངས་བསྟོད་པ་»ལས།[18] སྟོང་པ་ཉིད་ནི་བསྟན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་དེ། །དེ་དག་ཀུན་གྱི་ཉོན་མོངས་ལྡོག །ཁམས་དེ་ཉམས་པར་བྱེད་མ་ཡིན། །ཞེས་གསུངས་པ་དང་། རྒྱལ་བ་རང་ཉིད་ཀྱི་«མདོ་»ལས་ཀྱང་།[19] ངས་སྟོང་པ་ཉིད་དུ་བསྟན་པ་ཇི་སྙེད་པ་ནི་དྲང་དོན་ཡིན་ལ། བདེ་གཤེགས་སྙིང་པོ་བསྟན་པ་ནི་ངེས་དོན་ཡིན་ནོ། །ཞེས་དང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་ཞབས་ཀྱིས་«གྲུབ་མཐའ་མཛོད་»ལས།[20]ཆོས་ཕུན་སུམ་ཚོགས་པ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་རྣམ་གྲངས། ཞེས་འཁོར་ལོ་བར་པ་དང་འཁོར་ལོ་ཐ་མ་འཆད་སྐབས།[21]ཆོས་ཕུན་སུམ་ཚོགས་པ་བཀའ་ཐ་མ་ངེས་པ་དོན་གྱི་རྣམ་གྲངས། ཞེས་གསུངས་སོ། །ད་རུང་དམ་པ་འདི་ཡི་དགོངས་པ་དེ་ལྟར་མ་ཡིན་ནོ་སྙམ་ན། «གྲུབ་མཐའ་མཛོད་»ལས།[22] དེ་ལའང་ལས་དང་པོ་བའི་ཚེ་གཟུང་འཛིན་རང་རྒྱུད་པས་བཅིངས་པའི་ཉོན་མོངས་པ་ལས་སེམས་བསྲུང་བའི་ཕྱིར་སྤང་གཉེན་བླང་དོར་འབྱེད་པའི་རིམ་པ་གཙོ་བོར་སྟོན་པས་བདེན་པ་བཞིའི་ཆོས་ཀྱི་རྣམ་གྲངས་དང་།  བར་པ་གཉེན་པོ་ལ་མངོན་པར་ཞེན་པ་དགག་པའི་ཕྱིར་མཚན་ཉིད་མེད་པ་དང་། ཐ་མ་གཤིས་ཇི་ལྟར་གནས་ཚུལ་བསྟན་པ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་གསུམ་དུ་བྱུང་བ་ཡིན་ནོ། །ཞེས་གསུངས་པ་དག་ལ་གཟིགས་ནས་ངེས་དོན་ནི་གང་དྲང་དོན་ནི་གང་ཞེས་བརྟག་པར་འཚལ།

དེའི་རྗེས་སུ་འབྲངས་ནས་རང་ལུགས་ལ་འཁོར་ལོ་བར་པ་ངེས་དོན་དང་། ཐ་མ་དྲང་ངེས་ཕྱེད་མར་འདོད་དགོས་ཟེར་བའང་ཡོད་ཅིང་། དེ་དག་ཀྱང་འཛིན་མཚམས་གཅིག་གི་དབང་དུ་བྱས་ན་མི་འགྲིག་པ་ཆེར་མེད་མོད། འོན་ཀྱང་རྒྱལ་བའི་བཀའ་ལ་མཐའ་གཅིག་ཏུ་དྲང་དོན་དང་ངེས་དོན་ཞེས་ཁ་ཚོན་གཅོད་པ་ནི་ཤིན་ཏུ་མི་འཐད་པའི་ཚུལ་འོག་ནས་འཆད་པར་འགྱུར་རོ། །དེ་བཞིན་དུ་རང་ཉིད་རྣམ་དཔྱོད་ཡོད་མདོག་གིས་ཡེ་ཤེས་སྤྱན་ལྡན་གྱི་གང་ཟག་ཀུན་མཁྱེན་དོལ་པོ་བ་ལ་སོགས་པས་ཀྱང་དྲང་ངེས་ཀྱི་དོན་ཤེས་མི་འདུག་ཅེས་སྐུར་འདེབས་བྱེད་པ་ནི་ཆེས་མི་རུང་བའི་གནས་ཏེ། །བདེ་གཤེགས་སྙིང་པོ་དོན་དམ་པར་བསྒྲུབ་དགོས་ཞེས་རྗེས་ཐོབ་ཀྱི་ཞལ་བཞེས་གནང་སྟངས་དེ་བློ་ལ་མ་འཁྱོང་ནས་མུ་སྟེགས་བྱེད་ཀྱི་གྲུབ་མཐའ་ལས་དམན་འདུག་ཅེས་ཟེར་བའང་ཕུང་ཀྲོལ་ཆེན་པོའི་རྒྱུར་སེམས་སོ། །དེ་ཡང་ཀུན་མཁྱེན་དོལ་པོ་བས་«རི་ཆོས་ངེས་དོན་རྒྱ་མཚོ་»ལས།[23] འདིར་ཡོད་མེད་ཀྱི་མཐའ་དང་བྲལ་ཞེས་པ་རྣམ་པ་གཉིས་ཏེ། ཆོས་ཉིད་ཟབ་མོ་ལ་ཤིན་ཏུ་མཉམ་པར་གཞག་པའི་སྐབས་སུ་ནི་ཡོད་མེད་ལ་སོགས་པའི་སྤྲོས་པ་ཐམས་ཅད་དོར་ཞིང་སྨྲ་བསམ་བརྗོད་དུ་མེད་པ་ཡིན་ལ། རྗེས་ཐོབ་ལ་སོགས་པར་གནས་ལུགས་ཇི་ལྟར་ཡིན་པ་གཏན་ལ་འབེབས་པའི་སྐབས་སུ་ནི་ཡོད་པ་ལ་ཡོད་ཅེས་པ་དང་། །མེད་པ་ལ་མེད་ཅེས་གནས་ལུགས་དང་མཐུན་པར་ཁ་ཚོན་བཅད་ན་སྐྱོན་མེད་ཀྱི། །དེ་ལས་བཟློག་ན་མཐར་ལྟུང་བའི་སྐྱོན་དུ་འགྱུར་རོ། །ཞེས་གསུངས་པ་ལྟར་སྔ་འགྱུར་བའི་ངོས་ནས་བསམ་ནའང་འདི་ལྟ་བུའི་བཞེད་པ་ལ་མི་མཐུན་པ་གང་ཡང་མེད་ཅིང་། འབབ་ས་ཐམས་ཅད་གནད་གཅིག་ཏུ་བབས་ན་གཞུང་འཆད་ཚུལ་དང་། རྗེས་ཐོབ་ཀྱི་ཁས་ལེན་མཛད་ཚུལ་སྣ་ཚོགས་ཡོད་པས་དབུ་མ་ཐལ་འགྱུར་བ་དང་རང་རྒྱུད་པ་བཞིན་ནོ།།

ཡང་ཁ་ཅིག་འཁོར་ལོ་བར་བ་ཁོ་ན་ངེས་དོན་དང་། དང་པོ་དང་ཐ་མ་གཉིས་དྲང་དོན་དུ་འདོད་པ་དག་ཀྱང་། གཤིས་ཀྱི་གནས་ལུགས་མཐར་ཐུག་པ་ནི་སྟོང་པ་ཉིད་འདི་ཙམ་ཞིག་གོ་སྙམ་དུ་སེམས་ནས་དེ་དང་མི་མཐུན་པ་གསུངས་ཚད་དྲང་དོན་དུ་འགྲེལ་པའང་ཕྱོགས་མ་གོ་བའི་རྣམ་འགྱུར་ཙམ་དུ་ཟད་པ་འོག་ཏུ་འཆད་པར་འགྱུར་རོ། །མདོར་ན་རྒྱ་བོད་ཀྱི་མཁས་པ་སུ་དང་། གྲུབ་མཐའ་སུ་ཡི་ལུགས་ཡིན་ནའང་རྒྱལ་བའི་མདོ་རྒྱུད་བསྟན་བཅོས་ལ་དྲང་ངེས་ཀྱི་འཛིན་མཚམས་མཐའ་གཅིག་ཏུ་བྱས་ན་གནོད་བྱེད་དང་ལྡན་པས་སྐབས་འདིར་དགག་པར་བྱ་བ་ཡིན་ལ། གཞན་སྐབས་བབས་ཀྱི་རང་རང་སོ་སོའི་དྲང་ངེས་རྣམ་གཞག་ཇི་ལྟར་བྱས་ཀྱང་འགལ་བ་ཆེན་པོ་མ་མཐོང་ངོ་། །གོང་དུ་མདོ་སོ་སོའི་སྐབས་དང་། གྲུབ་མཐའ་སོ་སོ། མཁས་པ་སོ་སོའི་དགོངས་པ་བཞེས་ཕྱོགས་ཀྱིས་དྲང་ངེས་ཀྱི་རྣམ་གཞག་ཇི་ལྟར་བྱས་པ་རྣམས་མ་ནོར་བར་འཇོག་ཤེས་དགོས་པ་ལས། དེ་ཐམས་ཅད་རིང་དུ་སྤངས་ནས་རང་གི་རྣམ་པར་རྟོག་པ་ཙམ་སྤུངས་ན་སྤྱིར་རྣམ་དཔྱོད་དུ་བསམ་ཡང་ཕུང་ཁམས་སྐྱེ་མཆེད་ལས་འདས་པའི་དོན་སེམས་ཀྱི་གནས་ལུགས་འཚོལ་བའི་ལུགས་འདིར་རང་ཉིད་ཀྱིས་དངོས་སུ་མ་རྟོགས་བར་དུ་དམ་པ་གོང་མའི་ལུང་དག་ལ་ངེས་པར་དུ་ལྟོས་དགོས་པ་ནི་མེད་དུ་མི་རུང་བའི་ཐབས་སོ།།

ལྔ་པ། སྤྱིར་བོད་འདིར་འཁོར་ལོ་གསུམ་གྱི་དྲང་ངེས་ཇི་ལྟར་འཇོག་ལུགས་ནི།

གངས་རི་ལྗོངས་དེར་མཁས་གྲུབ་སོ་སོ་ཡི། །གདུལ་བྱ་འདྲེན་ལ་མཁྱེན་པའི་སྤྱན་ལྡན་པས། །སྨྲ་བསམ་བརྗོད་པ་བྲལ་བའི་ཆོས་ཉིད་ལ། །དཀྲི་བའི་ཚུལ་ལུགས་ཐུན་མིན་ལམ་རེ་ཡོད། །རྒྱལ་བའི་འཁོར་ལོ་ཐོག་མཐའ་བར་གསུམ་ལ། །དྲང་དོན་ངེས་དོན་མཐའ་གཅིག་འཛིན་དཀའ་ཡང་། །གྲུབ་མཐའ་སོ་སོའི་དགོངས་པ་བཞེད་ལུགས་ཀྱིས། །བོད་དུ་རྣམ་གཞག་འདི་ལྟར་བྱུང་བ་ལགས། །མང་དུ་སྤྲོ་ལ་དུས་དང་ནུས་པས་ཕོངས།།

མདོར་བསྡུས་ཙམ་ཞིག་ཁ་འཕང་བགྱིས་པ་ནི། །ཆོས་ཀྱི་རྒྱལ་པོ་རྒྱལ་དབང་ཀློང་ཆེན་པས། །གཤིས་ཀྱི་གནས་ལུགས་བརྗོད་དང་མ་བརྗོད་ཐོག །དྲང་ངེས་མདོ་སྡེའི་ཁྱད་པར་འབྱེད་དགོས་གསུངས། །དེ་ལྟར་བརྟགས་ན་གཤིས་ཀྱི་གནས་ལུགས་ནི། །ངེས་དོན་མཐར་ཐུག་བདེ་གཤེགས་སྙིང་པོ་སྟེ། །དེ་ཚུལ་བརྗོད་པ་འཁོར་ལོ་ཐ་མ་ཡི། །རྡོ་རྗེའི་མདོ་རྣམས་ངེས་པའི་དོན་དུ་འདོད། །འཁོར་ལོ་བར་པ་མཚན་འཛིན་ལྡོག་ཕྱིར་དུ། །གསུངས་པར་འདོད་པ་འཇམ་མགོན་ཀོང་སྤྲུལ་བཞེད། །ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ལུགས་ལྟར་ན། །ཐ་མ་སྙིང་པོ་བསྟན་པའི་མདོ་སོགས་དང་། །བར་པ་མཚན་ཉིད་མེད་པ་སྟོན་གཉིས་ཀ །ཀུན་མཁྱེན་ཆོས་རྗེས་ངེས་དོན་འདོད་དོ་ཞེས། །སྟོང་ཐུན་ཆེན་མོ་སེང་གེའི་ང་རོར་གསུངས། །དེ་མིན་སྔ་འགྱུར་རྗེས་འཇུག་རེ་འགའ་ཡིས། །བར་མཐའ་གཉིས་ཀ་ངེས་དོན་འདོད་ལུགས་འདི། །ཀུན་མཁྱེན་ཡབ་སྲས་དགོངས་པ་ཡིན་ཞེས་ཟེར། །ཡིན་མིན་རྣམ་དཔྱོད་རྩལ་གྱིས་བརྟག་པར་འཚལ། །བདག་ཀྱང་དམ་པ་དེ་ལུགས་འཛིན་རློམ་ཡང་། །ཁྱེད་ཀྱི་ཞེ་འདོད་ལྟར་དུ་མ་མཐོང་ལགས། །ཁོང་གིས་བརྩམས་པའི་བསྟན་བཅོས་མང་མོད་ཀྱང་། །དྲང་ངེས་ཚུལ་འདི་རྒྱས་བཤད་མི་སྣང་བས། །སེམས་ཉིད་ངལ་གསོ་ལེའུ་བརྒྱད་པ་དང་། །གྲུབ་མཐའ་མཛོད་ཀྱི་ལེའུ་དང་པོ་གཉིས། །མདོ་ཕྱོགས་རྣམས་སུ་ཐོར་བུའི་ཚུལ་དུ་བཞུགས། །ས་བཅད་གཞན་དུ་ལུང་རྣམས་དྲངས་ནས་ཡོད། །ཞིབ་ཏུ་གཟིགས་དང་མཇལ་བར་སྤྲོ་སྣང་འོང་།།

རྟོགས་པའི་དབང་ཕྱུག་ཀུན་མཁྱེན་དོལ་པོ་བས། །འཁོར་ལོ་དང་པོ་གཉིས་པ་དྲང་དོན་དང་། །འཁོར་ལོ་ཐ་མ་ངེས་པའི་དོན་དུ་འདོད། །རྔ་བོ་ཆེ་དང་མྱང་འདས་ཆེན་པོའི་མདོ། །སྙིང་པོ་བསྟན་པའི་མདོ་སོགས་ངེས་དོན་བཞེད། །དེ་ཡི་ཚུལ་ལུགས་རྒྱས་པར་ཤེས་འདོད་ན། །ཁོང་གིས་བརྩམས་པའི་བསྟན་བཅོས་འདི་ལྟར་ལགས། །རྒྱུད་བླའི་འགྲེལ་པ་ཉི་མའི་འོད་ཟེར་དང་། །ངེས་དོན་མཐར་ཐུག་དེ་ཉིད་གསལ་བྱེད་དང་། །རི་ཆོས་ངེས་དོན་རྒྱ་མཚོ་ལ་སོགས་པའི། །རྡོ་རྗེའི་གསུང་གི་ཆ་ཤས་ལེན་པར་མཛོད།།

 རྒྱལ་བའི་དབང་པོ་རང་བྱུང་ཀརྨ་པས། །ཀླུ་སྒྲུབ་ལྟ་བ་ཀུན་བཟློག་འཁོར་ལོ་དང་། །བྱམས་པའི་ལུང་བསྟན་འཁོར་ལོ་སྤྱི་གཏོགས་ནས། །སྤྲོས་བྲལ་ཙམ་གྱིས་གནད་ནས་གཅིག་འབབ་ཀྱང་། །ཐ་མར་སྤྲོས་བྲལ་ཡེ་ཤེས་དེ་ཉིད་ནི། །སོ་སོ་རང་རིག་ཡེ་ཤེས་མྱོང་བྱ་རུ། །བཤད་པས་འཁོར་ལོ་ཐ་མ་ངེས་དོན་ཉིད། །གསུངས་པ་འདིས་ཀྱང་སེང་གེའི་སྒྲ་རུ་འགྱུར། །འདི་དང་ཀློང་ཆེན་རབ་འབྱམས་དོལ་པོ་གསུམ། །ཐ་མ་ངེས་དོན་འདོད་པའི་ལུགས་གསུམ་ཞེས། །གཞན་སྟོང་དབུ་མའི་ཤིང་རྟ་རྣམ་གསུམ་བསྔགས། །འཇམ་མགོན་ཀོང་སྤྲུལ་ཀུན་ཁྱབ་མཛོད་དུ་བཤད། །དེ་ཡང་ཚིགས་སུ་བཅད་པ་འདིར་དྲངས་ན། །[24]བར་པ་སྤྲོས་གཅོད་གནས་སྐབས་ངེས་པའི་དོན། །ཐ་མ་དོན་དམ་གཏན་འབེབས་མཐར་ཐུག་གི །ངེས་དོན་ཡིན་ཞེས་རྣལ་འབྱོར་སྤྱོད་པའི་ལུགས། །ལུང་ཁུངས་རྒྱལ་བ་ཉིད་ཀྱིས་ཕྱེས་པ་དང་། །འབྱེད་པར་ལུང་བསྟན་ས་གསུམ་འཕགས་པའི་ལུགས། །རིགས་པ་ནོར་བུ་སྦྱོང་སོགས་དཔེ་དོན་སྦྱར། །རང་བྱུང་དོལ་པོ་དྲི་མེད་འོད་ཟེར་སོགས།  །ཕྱི་མ་གཙོར་བཞེད་གཞན་དག་སྔ་མའོ། །ཞེས་པའི་ཚིགས་བཅད་གཉིས་པོ་འདི་ལགས་སོ།།

འཇམ་མགོན་ཀོང་སྤྲུལ་རང་གིས་བཞེད་པ་ལ། །འཁོར་ལོ་དང་པོ་དྲང་དོན་ཀུན་དང་མཐུན། །གཉིས་པ་གནས་སྐབས་ངེས་དོན་ཞེས་པ་དང་། །གསུམ་པ་མཐར་ཐུག་ངེས་དོན་ཞེས་སུ་འདོད། །ཤེས་བྱ་ཀུན་ཁྱབ་མཛོད་དུ་དེ་ལྟར་གསུངས། །གཞན་སྟོང་དབུ་མ་ཆེན་པོའི་ལྟ་ཁྲིད་དུ། །དང་པོ་དྲང་དོན་བར་པ་འདྲེས་མ་དང་། །ཐ་མ་ངེས་དོན་བླ་ན་མེད་པར་གསུངས། །གཞན་ཡང་ལེགས་བཤད་མང་དུ་ཡོད་སྲིད་པས། །དམ་པ་འདི་ཡི་བདུད་རྩི་མྱོང་བར་མཛོད། །སྔོན་ཆད་ཐོས་མ་མྱོང་བ་མང་འདུག་ཅིང་། །མཁྱེན་ཀོང་རྣམ་གཉིས་ནམ་མཁའི་ཉི་ཟླ་བཞིན། །སྙན་པའི་བ་དན་ས་གསུམ་གྲགས་ལ་ལྟོས། །

ཤེས་བྱ་ཀུན་རིག་རོང་སྟོན་ཆོས་རྗེ་དང་། །གོ་བོ་རབ་འབྱམས་བསོད་ནམས་སེང་གེ་སོགས། །འཁོར་ལོ་བར་པ་ངེས་པའི་དོན་དུ་བཞེད། །ཐ་མ་དབུ་མའི་གཞུང་རྣམས་ངེས་དོན་དང་། །མདོ་སྡེ་དགོངས་འགྲེལ་ལང་གཤེགས་ལ་སོགས་ནས། །མཚན་ཉིད་གསུམ་གྱི་རྣམ་གཞག་བསྟན་པ་དང་། །སྙིང་པོ་སྒྲུབ་པའི་ཚུལ་གྱིས་བསྟན་པ་ཡི། །རྣལ་འབྱོར་སྤྱོད་པའི་མདོ་སྡེ་ཇི་སྙེད་པ། །དྲང་དོན་ཡིན་པ་བསོད་ནམས་སེང་གེས་བཞེད། །དབུ་མའི་ལུགས་ཀྱི་བདེ་གཤེགས་སྙིང་པོ་ནི། །མཐའ་བཞི་སྤྲོས་པ་བྲལ་བའི་ངོ་བོ་ལས། །ཡོངས་གཅོད་སྒྲུབ་པ་མི་འདོད་ཁྱད་ཡིན་གསུངས། །བརྗོད་བྱ་དོན་དམ་བསྟན་པ་ངེས་དོན་དང་། །བརྗོད་བྱ་ཀུན་རྫོབ་བསྟན་པ་དྲང་དོན་ཞེས། །ཏིང་འཛིན་རྒྱལ་པོའི་མདོ་ལུང་དེ་དྲངས་ནས། །དྲང་ངེས་དོན་ལྡོག་རྣམ་པར་ཕྱེ་ནས་ཡོད། །ཤེར་ཕྱིན་འགྲེལ་པ་ཚིག་དོན་རབ་གསལ་དང་། །ཡུམ་དོན་རབ་གསལ་ལྟ་བ་ངེན་སེལ་དང་། །དབུ་མའི་སྤྱི་དོན་ངེས་དོན་རབ་གསལ་སོགས། །མཇལ་ན་མཁས་པའི་ལུགས་བཟང་འདི་ཡིས་ཀྱང་། །ཐུབ་བསྟན་ཉིན་བྱེད་དབང་པོ་གསལ་བར་བྱས།།

མཁྱེན་པའི་གཏེར་ཆེན་རྗེ་བཙུན་ཙོང་ཁ་པས། །འཁོར་ལོ་ཐོག་མཐའ་གཉིས་པོ་དྲང་དོན་དང་། །བར་པ་མཚན་ཉིད་མེད་པ་ངེས་དོན་བཞེད། །རྒྱལ་ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་དང་། །སྟོང་ཉིད་བསྟན་པའི་མདོ་སྡེ་ཇི་སྙེད་པ། །བློ་གྲོས་མི་ཟད་བསྟན་པའི་མདོ་བཞིན་དུ། །ངེས་དོན་མདོ་སྡེའི་ཁྱད་པར་ཤེས་དགོས་གསུངས། །ཁོང་གིས་བརྩམས་པའི་བསྟན་བཅོས་མང་ལགས་ཀྱང་། །དྲང་ངེས་འབྱེད་ལ་སྙིང་པོའི་སྙིང་པོ་ནི། །དྲང་ངེས་ལེགས་བཤད་སྙིང་པོ་ཐེངས་ཤིག་གཟིགས། །དེ་བཞིན་ལྟ་བའི་ལེགས་བཤད་གཞན་རྣམས་ནི། །དགོངས་པ་རབ་གསལ་རྩ་ཤེས་ཊིག་ཆེན་དང་། །ལམ་རིམ་ལྷག་མཐོང་ཆེ་ཆུང་རྣམ་གཟིགས་དང་། །རྣམ་དཔྱོད་འགྲན་ཟླ་བྲལ་ལ་ཡིད་རྟོན་འོང་། །རྟེན་འབྱུང་གཏམ་གྱིས་རང་གཞན་མཛེས་པར་བྱེད།།

སྨྲ་བའི་དབང་ཕྱུག་མི་ཕམ་རྣམ་རྒྱལ་གྱིས། །སྔོན་མེད་ལེགས་བཤད་རྒྱལ་བའི་གསུང་ཇི་བཞིན། །མཁྱེན་བརྩེ་ནོར་བུའི་ངོ་བོར་གྲུབ་པ་ནི། །རྒྱལ་བའི་གསུང་ལ་དྲང་དོན་ངེས་དོན་ཞེས། །མཐའ་གཅིག་ཁ་ཚོན་གཅོད་པ་མི་བཞེད་དེ། །རྒྱལ་བའི་གསུང་གི་སྒྲ་ཚིག་གཅིག་ལ་ཡང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པས། །སུ་ལ་དྲང་དོན་སུ་ལ་ངེས་དོན་ཞེས། །འགྱུར་བའི་རྣམ་གཞག་སྤྲོ་ལ་ངལ་བ་ཙམ། །མདོར་ན་བདག་ཡོད་ཞེས་པ་སྟོན་ན་ཡང་། །ᨵᫍ᪄་སྟོང་པ་ལ་ངེས་པའི་དོན་དུ་འགྱུར། །དེ་ཕྱིར་གཤིས་ཀྱི་གནས་ལུགས་གོ་ནུས་ན། །ཅི་ལྟར་གསུངས་ཀྱང་ངེས་དོན་མདོ་རུ་བཟུང་། །གཞན་དུ་སྟོང་ཉིད་མཐའ་བྲལ་དབུ་མ་སོགས། །གཤིས་སུ་མ་བབས་འཛིན་སྟངས་དང་བཅས་ན། །ངེས་དོན་མདོ་རུ་བརྗོད་ལ་རྒྱུ་མཚན་ཅི། །སོ་སོར་རང་གིས་རིག་པར་བྱ་རྒྱུ་ལས། །གནས་ལུགས་བརྗོད་པའི་སྒྲ་ཚིག་མི་མངའ་འོ། །ས་བཅད་མཐའ་མར་ཅུང་ཟད་སྤྲོས་ནས་ཡོད། །མདོར་ན་ཁོང་གིས་གང་དུ་གསུངས་པ་ནི། །དབུ་མའི་བསྟན་བཅོས་བརྒལ་ལན་རྣམ་པ་གསུམ། །ཞིབ་ཏུ་གཟིགས་དང་དེ་རུ་གསལ་ནས་འོང་། །རྣམ་པར་འཕྲུལ་གྱི་རྒྱལ་པོའི་མདོ་སོགས་ལ། །སྦྱར་ནས་འདི་ཡི་རྣམ་གཞག་མཛད་ནས་འདུག །དེ་ཕྱིར་དམ་པ་འདི་ཡི་ལེགས་བཤད་ལ། །ཇི་ཙམ་དཔྱད་པ་དེ་ཙམ་ངོ་མཚར་ཆེ། །རྒྱུན་དུ་མཇལ་ལ་ངོམས་པ་མེད་པའི་དྲིན། །དེང་འདིར་ཡིད་ལ་ཚོར་འདི་སྐྱིད་སྣང་ཞིག །གལ་ཏེ་གང་ལ་མོས་པ་སུ་ཡོད་ན། །ཁྱེད་ཀྱང་དེ་ཡི་ལེགས་བཤད་རྒྱ་མཚོ་ལ། །རེ་ཞིག་ཞུགས་དང་དགའ་སྤྲོ་ངང་གིས་འཕེལ། །རྒྱལ་བསྟན་རིང་དུ་གནས་པའི་རྒྱུར་ཡང་འགྲོ །འཛམ་གླིང་བརྟན་པ་འཕྲོག་ལ་མངའ་དབང་འབྱོར། །དུས་གསུམ་དགེ་ཞིང་བཀྲ་ཤིས་ལེགས་ཚོགས་འཕེལ། །འདི་ནི་ཚིགས་སུ་བཅད་པའི་ས་བཅད་ཀྱི་སྐབས་སོ།།

དྲུག་པ། བོད་མཁས་པ་དག་གིས་དྲང་ངེས་ཀྱི་དོན་ཇི་ལྟར་འཇོག་ཚུལ།

ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་«སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ་»ལས།[25] མདོར་ན་གཤིས་ཀྱི་གནས་ལུགས་དང་དེ་སྟོན་པའི་མདོ་སྡེ་རྣམས་ལ་ངེས་པའི་དོན་དང་དེའི་མདོ་སྡེ་ཞེས་བྱའོ། །གཤིས་ལ་འཇུག་པའི་ཐབས་སུ་ཐབས་མང་པོས་སེམས་ཅན་གྱི་བློ་འདྲེན་པར་བྱེད་ཆོས་མ་དག་པ་འཁྲུལ་པ་དང་དེའི་དབྱེ་བ་ལ་སོགས་པར་སྟོན་པ་ཐམས་ཅད་དྲང་བའི་དོན་དང་དྲང་དོན་གྱི་ཆོས་ཞེས་བྱའོ། །ཞེས་གསུངས་པ་ལྟར་དྲང་དོན་དང་། དྲང་དོན་གྱི་མདོ། ངེས་དོན་དང་། ངེས་དོན་གྱི་མདོ་ལ་སོགས་པའི་དོན་རྣམས་ལ་རིམ་བཞིན་བསམས་ན། གྲུབ་མཐའ་སོ་སོའི་རང་ལུགས་ཀྱི་གཤིས་ཀྱི་གནས་ལུགས་དེ་ལ་ངེས་དོན་དང་། དེ་སྟོན་པའི་མདོ་དང་བསྟན་བཅོས་རྣམས་ངེས་དོན་གྱི་གཞུང་དུ་བཞེད་པ་དང་། གྲུབ་མཐའ་སོ་སོའི་ལུགས་ཀྱི་གཤིས་ལ་མ་གྲུབ་པའི་ཆོས་གཤིས་རྟོགས་པའི་གཞིའམ་ཐབས་ལྟ་བུ་ཀུན་རྫོབ་ཀྱི་ཆོས་རྣམས་ལ་དྲང་དོན་དང་། གཤིས་ལ་ཞུགས་པའི་ཐབས་སུ་དེ་དག་གི་གྲུབ་དོན་ཅི་རིགས་པའི་སྒོ་ནས་སྟོན་པའི་བཀའ་དང་བསྟན་བཅོས་རྣམས་དྲང་དོན་གྱི་གཞུང་དུ་བཞེད་དོ།།

དེ་ལུགས་ཚུལ་བཞིན་དུ་འཛིན་པ་མི་ཕམ་ཆོས་རྗེས་ལུང་གང་ལ་རིགས་པས་གནོད་པ་ཡོད་ན་དྲང་དོན་དང་། ལུང་གང་ལ་རིགས་པས་གནོད་པ་མེད་པ་ལ་ངེས་དོན་བཞེད་དེ། «བདེ་གཤེགས་སྙིང་པོའི་སྟོང་ཐུན་ཆེན་མོ་སེང་གེའི་ང་རོ་»ལས།[26] ཁྱད་པར་དུ་གཞུང་དེའི་སྒྲ་ཇི་བཞིན་པའི་བསྟན་དོན་ལ། རིགས་པས་གནོད་པ་མེད་ཅིང་། སྒྲུབ་བྱེད་ཡང་དག་ཡོད་པའི་སྒོ་ནས་ངེས་པའི་དོན་དུ་བཟུང་དགོས་ཀྱི། ཞེས་དང་། «དམ་ཆོས་དོགས་སེལ་»ལས་ཀྱང་།[27] མདོར་ན་ལུང་གང་ལ་རིགས་པའི་གནོད་པ་ཡོད་ན་རྒྱལ་བའི་གསུང་ཡང་དྲང་དོན་དུ་འགྲེལ་པ་དམ་པ་སྤྱི་ཡི་ལུགས་དམ་པ་ཡིན་ན། ཞེས་གསུངས་པ་དང་། དེ་བཞིན་དུ་«དོན་རྣམ་ངེས་»ལས།[28] དགོངས་གཞི་གང་ལ་དགོངས་ནས་སུ། །ལྡེམ་དགོངས་དགོངས་པ་བརྒྱད་ལྟ་བུ། །སྒྲ་ཇི་བཞིན་ལ་ཚད་མ་ཡིས། །གནོད་གང་དགོས་ཕྱིར་གསུངས་པ་དང་། །ཞེས་པ་ལྟར་ཤེས་པར་བྱའོ།།

གཞན་ཡང་བོད་ཀྱི་མཁས་པ་གཞན་རྣམས་ཀྱི་དྲང་ངེས་ཀྱི་རྣམ་གཞག་ཅི་རིགས་མཛད་པ་དག་འདིར་ཅུང་ཟད་རེ་བླངས་ན་བློ་བསྐྱེད་ལ་ཕན་རེ་ཆེ་སྙམ་པས། ཀོང་སྤྲུལ་བློ་གྲོས་མཐའ་ཡས་(༡༨༡༣-༡༨༩༩)ཀྱིས་«ཤེས་བྱ་ཀུན་ཁྱབ་མཛོད་»ལས།[29] སྤྱིར་དྲང་ངེས་ཀྱི་མདོའི་མཚན་ཉིད་ནི། ཐེག་པ་གསུམ་ཀའི་གདུལ་བྱའི་རིགས་ལ་ངེས་པར་ལེགས་པའི་ལམ་རྒྱུད་ལ་སྐྱེ་རུང་གི་ཐབས་སུ་གྱུར་པ་ཀུན་རྫོབ་བདེན་པ་གཙོ་བོར་སྟོན་པའི་མདོ་ནི་དྲང་དོན་གྱི་མདོའི་མཚན་ཉིད། ཟབ་མོའི་དོན་བཟོད་པའི་གདུལ་བྱ་འགའ་ཞིག་གི་ངོར་ངེས་པར་ལེགས་པའི་ལམ་བསྒོམ་པ་ལས་མི་གནས་པའི་མྱང་འདས་ཐོབ་པའི་དོན་དམ་བདེན་པ་གཙོ་བོར་སྟོན་པའི་མདོ་དེ་དོན་དམ་གྱི་མདོ་སྡེའི་མཚན་ཉིད་དོ།།

རྗེ་ཙོང་ཁ་པ་ཆེན་པོས།(༡༣༥༧-༡༤༡༩)[30]འཛམ་གླིང་མཁས་པའི་རྒྱན་གྱུར་འདི་རྣམས་ཀྱི། །ལེགས་བཤད་ཀུན་ལ་སྙིང་ནས་གུས་མོད་ཀྱང་། །འཁོར་འདས་རྟེན་འབྱུང་མི་བསླུའི་གཏན་ཚིགས་ཀྱིས། །མཚན་འཛིན་དམིགས་གཏད་ཐམས་ཅད་འཇིག་བྱེད་པ། །ཟླ་བ་ལས་འོངས་ལེགས་བཤད་འོད་དཀར་གྱིས། །བློ་མིག་ཀུན་དའི་ཚལ་རབ་ཕྱེ་བའི་ཚེ། །སངས་རྒྱས་བསྐྱངས་ཀྱིས་བསྟན་པའི་ལམ་མཐོང་ནས། །ཀླུ་སྒྲུབ་ལུགས་བཟང་གཙོ་བོར་མི་འཛིན་སུ། །ཞེས་དྲང་ངེས་ལེགས་བཤད་སྙིང་པོའི་མཐའ་སྡོམ་དུ་རང་གི་དགོངས་པ་གསུངས་པ། དཔལ་ལྡན་ཟླ་བའི་ལུགས་ཉིད་འཐད་ཕྱོགས་སུ་བཟུང་འདུག་པས་དེ་ལས་རྟོགས་ནུས། ཞེས་གསུངས་པ་ལྟར། ཟབ་མོ་སྟོང་པ་ཉིད་དངོས་སུ་བརྗོད་བྱར་བྱས་པའི་མདོ་རྣམས་ངེས་དོན་དང་དེ་ལས་ལྡོག་པ་རྣམས་དྲང་དོན་དུ་བཞེད་དོ།།

པཎ་ཆེན་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་(༡༤༢༨-༡༥༠༧)ཀྱིས་«མངོན་རྟོགས་རྒྱན་གྱི་དཀའ་འགྲེལ་ལུང་ཆོས་རྒྱ་མཚོའི་སྙིང་པོ་»ལས།[31] དང་པོ་ཆེད་དུ་བྱ་བའི་གདུལ་བྱ་ཐེག་པ་ཐུན་མོང་གི་རིགས་ཅན་ལ་དགོས་པ་བསོད་ནམས་ཀྱི་ཚོགས་གསོག་པའི་ཕྱིར་དུ། བསྟན་བྱའི་གཙོ་བོ་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་སྟོན་པའི་མདོ་དེ། དྲང་དོན་གྱི་མདོའི་མཚན་ཉིད། དབྱེ་ན་དྲང་དོན་གྱི་དྲང་དོན་དང་། དྲང་དོན་གྱི་ངེས་དོན་གྱི་མདོ་བཅས་སོ། །དང་པོ་ནི། ཕ་དང་མ་ནི་གསད་བྱ་ཞིང་། །ཞེས་སོགས་ལྟ་བུ་ལོག་པའི་ཀུན་རྫོབ་སྒྲས་ཟིན་ལ་སྟོན་པའི་མདོ་རྣམས་དང་། གཉིས་པའི་མཚན་གཞི་ནི། ཚོགས་བསགས་པ་ལས་བདེ་བ་འབྱུང་། །ཞེས་སོགས་ལྟ་བུ་ཡང་དག་ཀུན་རྫོབ་སྒྲས་ཟིན་ལ་སྟོན་པའི་མདོ་ལྟ་བུའོ།  །དེ་གཉིས་པོའི་མཚན་ཉིད་ཀྱང་། དྲང་དོན་གྱི་མདོ་གཞིར་བྱས་པ་ལ་སྒྲ་ཇི་བཞིན་པ་དང་མ་ཡིན་པའོ། །གཉིས་པ་ངེས་དོན་གྱི་མདོའི་མཚན་ཉིད་ནི། ཆེད་དུ་བྱ་བའི་གདུལ་བྱ་ངེས་དོན་གྱི་སྣོད་དུ་གྱུར་པ་ལ་དགོས་པ་ཡེ་ཤེས་ཀྱི་ཚོགས་གསོག་པའི་ཕྱིར་དུ། བསྟན་བྱའི་གཙོ་བོ་དོན་དམ་པའི་བདེན་པ་བསྟན་པའི་མདོ་ཡིན་ནོ། །དེའི་དབྱེ་བ་འཆད་ཚུལ་ལ་ཐོགས་མེད་སྐུ་མཆེད་ཀྱི་ལུགས་དང་། ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་སོ། །དང་པོ་ནི། དེ་ལ་དབྱེ་ན། ངེས་དོན་གྱི་དྲང་དོན་དང་། ངེས་དོན་གྱི་ཡང་ངེས་དོན་གྱི་མདོ། གཉིས་པོའི་མཚན་ཉིད་ནི། ངེས་དོན་གྱི་མདོ་གཞིར་བྱས་པ་ལ་སྒྲ་ཇི་བཞིན་པ་དང་མ་ཡིན་པའོ། །མཚན་གཞི་ནི། ཤེར་ཕྱིན་གྱི་མདོའི་སྟོང་ཉིད་སྟོན་པའི་ཆ་རྣམས་དང་། དགོངས་འགྲེལ་གྱི་ངེས་དོན་སྟོན་པའི་ཆ་རྣམས་སོ། །ལུགས་གཉིས་པ་ནི། དེ་ལ་དབྱེ་ན། གནས་སྐབས་ཀྱི་ངེས་དོན་སྟོན་པའི་མདོ་དང་། མཐར་ཐུག་གི་དེ་སྟོན་པའི་མདོ། །གཉིས་པོའི་མཚན་ཉིད་ནི། དེ་གཞིར་བྱས་པ་ལ་སྤྲོས་པ་ཕྱོགས་རེ་བཀག་པའི་དེ་ཁོ་ན་ཉིད་སྟོན་པ་དང་། སྤྲོས་པ་མ་ལུས་པ་བཀག་པའི་དེ་བཞིན་ཉིད་སྟོན་པའོ། །མཚན་གཞི་ནི་བར་དུ་བདག་ཟློག་པའི་འཁོར་ལོ་རིམ་པ་བཞིན་དུ་བཟུང་ངོ་། །ངེས་དོན་མཐར་ཐུག་དེ་ལའང་གཉིས་ཏེ། ཡུལ་སྤྲོས་བྲལ་མེད་དགག་གི་ཆ་དང་། ཡུལ་ཅན་སྤྲོས་བྲལ་གྱི་ཡེ་ཤེས་སོ། །དང་པོ་ནི། རིགས་ཚོགས་ནས་འབྱུང་བའི་ངེས་དོན་མཐར་ཐུག་པའོ། །ཞེས་གསུངས་སོ།།

རོང་སྟོན་ཤཱཀྱ་རྒྱལ་མཚན་( ༡༣༦༧-༡༤༤༩)གྱིས་«མངོན་རྟོགས་རྒྱན་གྱི་རྣམ་བཤད་ཚིག་དོན་རབ་གསལ་»ལས།[32] གཉིས་པ་དྲང་ངེས་ཀྱི་ཁྱད་པར་ནི། བདེན་བཞིའི་ཆོས་ཀྱི་འཁོར་ལོ་ནི། གཙོ་བོར་དྲང་བའི་དོན་ཡིན་ལ། དགོངས་པ་ངེས་འགྲེལ་ལས། བར་པ་དྲང་དོན་དུ་བཤད་པ་ནི། སེམས་ཙམ་པས་མདོ་དེ་ངེས་དོན་དུ་འདོད་ཀྱང་། དབུ་མ་པས་དྲང་བའི་དོན་དུ་བཞེད་པས་འདིར་ངོ་བོ་ཉིད་མེད་པར་སྟོན་པ་ངེས་དོན་དུ་བཟུང་ངོ་། །ཡང་ན་བར་པ་དང་ཐ་མ་གཉིས་བརྗོད་བྱའི་དོན་ངེས་དོན་ཡིན་པ་ལ་ཁྱད་པར་མེད་ལ། དགོངས་འགྲེལ་ལས། བར་པ་དྲང་དོན་དང་བརྩོད་པའི་གཞིར་གྱུར་པ་དང་། བླ་ན་ཡོད་པར་གསུངས་པའི་དོན་ནི། འཁོར་ལོ་བར་པས་ངོ་བོ་ཉིད་མེད་པར་བསྟན་པ་ན། འཁོར་ལོ་དང་པོ་དང་འགལ་ལོ་སྙམ་པའི་བརྩོད་པ་ཡོད་པས་བརྩོད་པའི་གཞིར་འགྱུར་བ་ཞེས་པ་དང་། འཁོར་ལོ་ཕྱི་མ་ནས་བཤད་པའི་དགོངས་པ་ལ་སླར་བློ་དྲང་དུ་ཡོད་པའི་ཕྱིར་དང་། ད་དུང་ཡོད་མེད་གཉིས་སུ་གསུངས་པའི་དགོངས་པ་རྣམ་པར་འབྱེད་པའི་ཆོས་འཁོར་ཕྱི་མ་བསྐོར་དུ་ཡོད་པའི་ཕྱིར་བླ་ན་ཡོད་པ་ཞེས་གསུངས་སོ། །ཞེས་གསུངས་ཡོད།

དེ་བཞིན་དུ་ཀུན་མཁྱེན་གོ་རམས་པས་(༡༤༢༩-༡༤༨༩)«དབུ་མའི་སྤྱི་དོན་ངེས་དོན་རབ་གསལ་»ལས།[33] གསུང་རབ་ཐམས་ཅད་ནི་ངེས་དོན་གྱི་གསུང་རབ་དང་དྲང་དོན་གྱི་གསུང་རབ་གཉིས་སུ་འདུས་ཤིང་། ངེས་དོན་གྱི་གསུང་རབ་ནི་བརྗོད་བྱ་དོན་དམ་པའི་བདེན་པ་སྟོན་པ་དང་། དྲང་དོན་གྱི་གསུང་རབ་ནི་བརྗོད་བྱ་ཀུན་རྫོབ་ཀྱི་བདེན་པ་སྟོན་པའི་ཕྱིར་ཏེ། ཞེས་ཏིང་འཛིན་རྒྱལ་པོའི་མདོ་དང་སྦྱར་ཏེ་གསུངས་སོ།།

ཀརྨ་པ་རང་འབྱུང་རྡོ་རྗེས།(༡༢༨༤-༡༣༣༩)འཕགས་པའི་ལྟ་བ་ཀུན་ཟློག་གི་འཁོར་ལོ་དང་། རྗེ་བཙུན་བྱམས་པའི་ལུང་བསྟན་པའི་འཁོར་ལོ་གཉིས་ཅི་ཙམ་ནས་གནད་གཅིག་ཏུ་འབབ་སྟེ།  འཁོར་ལོ་ཐ་མ་དེ་ཡིན་ན་སྤྲོས་བྲལ་སྟོན་པའི་འཁོར་ལོ་ཡིན་པས་ཁྱབ་པའི་གནད་ཀྱིས་སོ། །ཁྱད་པར་བྱེ་བྲག་འགའ་ཞིག་གི་སྒོ་ནས་མི་གཅིག་སྟེ། སྔ་མ་དེ་ལ་སྤྲོས་བྲལ་ཙམ་ལས་མ་གསུངས་ཤིང་། ཕྱི་མ་ནི་སྤྲོས་བྲལ་གྱི་ཡེ་ཤེས་དེ་སོ་སོ་རང་རིག་གི་ཡེ་ཤེས་ཀྱིས་མྱོང་བྱའི་ཁྱད་པར་དུ་བཤད་པས་སོ། །འོ་ན་ཀླུ་སྒྲུབ་ཡབ་སྲས་ཀྱིས་སྤྲོས་བྲལ་གྱི་ཡེ་ཤེས་མི་བཞེད་དམ་ཞེ་ན། མ་ཡིན་ཏེ། བསྟོད་ཚོགས་དང་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་སོགས་ནས་དངོས་སུ་བསྟན་པའི་ཕྱིར་རོ། །[34]ཞེས་གསུངས་པ་ལྟར་འཁོར་ལོ་ཐ་མ་ཉིད་ངེས་དོན་དུ་བཞེད་དོ།། གཞན་ཡང་བོད་འདིར་ཆོས་བརྒྱུད་དང་གྲུབ་མཐའ་རིས་སུ་མ་ཆད་པའི་ལུགས་ལ་རང་རང་སོ་སོའི་དགོངས་པ་བཞེས་ཕྱོགས་ཀྱིས་དྲང་ངེས་ཀྱི་དོན་ཅི་རིགས་པར་མཛད་པ་དེ་དག་ཀྱང་སྐབས་འདིར་ཤེས་པར་བྱ་དགོས་ཤིང་། དེ་ཙམ་དུ་མ་ཟད་ཆགས་སྡང་གིས་མ་བསླད་པར་རང་ལུགས་ཀྱང་ཚུལ་བཞིན་དུ་གྲུབ་མཐའ་གཞན་དང་མ་འདྲེས་པར་སྨྲ་ཤེས་དགོས་སོ།།

བདུན་པ། དྲང་ངེས་ཀྱི་དོན་ལ་རང་གིས་ཐུན་མིན་གྱི་གོ་བ་ལེན་ཚུལ་བཤད་པའི་སྒོ་ནས་མཇུག་བསྡུ་བ་ནི།

ད་ནི་དྲང་ངེས་ཀྱི་དོན་ལ་གྲུབ་མཐའ་ཕན་ཚུན་གྱི་བཞེད་པ་མི་འདྲ་བ་ཇི་སྙེད་ཅིག་བྱུང་ཡང་། རང་རང་སོ་སོས་གཤིས་ཀྱི་དོན་ལ་གོ་བ་ལེན་ཚུལ་དང་། གནས་ལུགས་ལ་ཞུགས་པ་ཟབ་ཁྱད་ཙམ་དུ་སོང་ཞིང་། དོན་ལ་ཐེག་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ཀྱི་དགོངས་དོན་མཐར་ཐུག་པ། ཐེག་པ་ཆེན་པོའི་གང་ཟག་ཐམས་ཅད་ཀྱི་འཇུག་ངོགས་བླ་ན་མེད་པ། ཐེག་པ་ཆེན་པོའི་གྲུབ་མཐའ་ཐམས་ཅད་ཀྱི་མཐར་ཐུག་གི་བབས་སོ་ཆེན་པོ། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཞིང་ཁམས་མཆོག་ཏུ་གྱུར་པ། ས་བཅུའི་སེམས་དཔའ་ཐམས་ཅད་ཀྱི་ཡང་ནས་ཡང་དུ་བསྔགས་པའི་ཞིང་སར་གྱུར་པ། རང་ཅག་འཁོར་བའི་སེམས་ཅན་རྣམས་ཀྱི་ཡང་མགོན་དང་སྐྱབས་གཅིག་པུར་གྱུར་པ་སྟེ། ཆོས་ཉིད་དོན་དམ་པའི་བདེན་པའམ་སོ་སོར་རང་རིག་པའི་ཡེ་ཤེས་འདི་ཁོ་ན་མདོ་དང་བསྟན་བཅོས་ཡོད་དོ་ཅོག་གི་དགོངས་དོན་ཉིད་དུ་གོ་ན་ནི་སངས་རྒྱས་ཀྱི་གསུང་རབ་མ་ལུས་པ་ངེས་དོན་དུ་བཞག་ཏུ་རུང་ཡང་། དེ་ལྟར་གོ་མི་ནུས་པར་སྒྲ་ཇི་བཞིན་པའི་བསྟན་དོན་ལ་ཚད་མས་གནོད་པ་ཡོད་མེད་ཁོ་ན་ལ་བསམས་ན་ནི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཡིན་ན་དྲང་དོན་ཡིན་པས་ཁྱབ་ཏེ། «རྣམ་པར་འཕྲུལ་པའི་རྒྱལ་པོས་ཞུས་པའི་མདོ་»ལས།[35] མདོ་སྡེ་ཐམས་ཅད་ཀྱི་བརྗོད་དོན་ཉིད་མཐར་བརྗོད་དུ་མེད་པའི་དོན་དུ་འབབ་པར་ཤེས་ན་ཐམས་ཅད་ཀྱང་ངེས་དོན་དུ་འགྱུར་བར་གསུངས་ནས། རྣམ་པར་འཕྲུལ་པའིི་རྒྱལ་པོ་དོན་གྱི་རྣམ་པ་འདི་ལ་དེ་ལྟར་ཆོས་ཉིད་འདི་ལ་རྟོན་ན་མདོ་སྡེ་ཐམས་ཅད་ངེས་པའི་དོན་དུ་འགྱུར་རོ། །དེ་ལྟར་མི་རྟོན་ན། མདོ་སྡེ་ཐམས་ཅད་དྲང་བའི་དོན་དུ་འགྱུར་རོ། །ཞེས་གསུངས་པ་ལྟར་དྲང་ངེས་སུ་འབྱེད་ཚུལ་དེ་ཡང་ལུགས་སོ་སོ་དང་། མདོ་སོ་སོ། གྲུབ་མཐའ་སོ་སོས་གོ་བ་ལེན་ཚུལ་ཙམ་ཞིག་འདུག་པས་ཇི་ལྟར་བརྗོད་ཀྱང་ཆོག་སྟེ། བདག་གིས་ནི་ཇི་ཙམ་དཔྱད་ཀྱང་སངས་རྒྱས་ཀྱིས་གསུངས་པའི་ཆོས་རྣམས་དྲང་དོན་ལས་མ་འདས་ཏེ། །གཤིས་ཀྱི་གནས་ལུགས་བརྗོད་ནུས་པ་ནི་སོ་སྐྱེ་དང་ཉན་རང་ལྟ་ཞོག ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་དུས་གསུམ་གྱི་རྒྱལ་བ་མ་ལུས་པས་ཀྱང་བརྗོད་མི་ནུས་སོ།།

དེས་ན་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཡིན་ན་དྲང་དོན་ཡིན་པས་ཁྱབ་ཟེར་ནའང་བློ་ཡངས་པོ་རྣམས་ལ་ཧ་ལས་རྒྱུ་མེད་པ་མ་ཚད་གོ་བའི་གནད་ཆེན་པོ་ཡོད་དེ།  ངེས་དོན་བརྗོད་པ་ལ་སྒྲ་ཚིག་གཞི་མ་གྲུབ་པའི་ཕྱིར་དང་། དེ་ལྟར་ན་«ལང་གཤེགས་»ལས།[36] མདོ་སྡེ་ནི་སེམས་ཅན་གྱི་བསམ་པ་བཞིན་བསྟན་པ་དོན་འཁྲུལ་བ་ཡིན་ཏེ་དེ་ཁོ་ནའི་གཏམ་མིན་ནོ། །དཔེར་ན། སྨིག་རྒྱུ་ནི་ཆུ་མེད་པས་ཆུར་ཞེན་པའི་རི་དྭགས་སླུ་བ་བཞིན་དུ། བསྟན་པའི་ཆོས་ཀྱང་བྱིས་པ་མགུ་བར་བྱེད་ཀྱི་འཕགས་པའི་ཡེ་ཤེས་རྣམ་པར་འགོད་པའི་གཏམ་མིན་ནོ། །དེས་ན་ཁྱོད་ཀྱིས་དོན་གྱི་རྗེས་སུ་འབྲང་བར་བྱ་ཡི་བརྗོད་པ་ཆགས་པར་མི་བྱའོ། །ཞེས་གསུངས་པ་འདིས་ཀྱང་གསལ་པོར་ཤེས་ནུས་ལ། དེ་ཡི་དོན་ནི། ཆོས་ཆོས་བཞིན་དུ་མ་བྱས་ན་སླར་ངན་སོང་འགྲོ་བའི་རྒྱུར་གསུངས་པའང་གནད་འདི་ལ་ཐུག འཁོར་ལོ་བར་པར་གསུངས་པའི་སྟོང་པ་ཉིད་ལ་ཧ་ཅང་ལྟ་ཉེས་ན་ཤེས་ཆུང་ཕུང་ཚུལ་གསུངས་པའང་གནད་འདི་ལ་ཐུག དགོངས་འགྲེལ་དུ་འཁོར་ལོ་ཐ་མར་སྙིང་པོ་བསྟན་པ་ལ་བདག་དུ་ཞེན་ནའང་ཕུང་ཚུལ་གསུངས་པ་གནད་འདི་ལ་ཐུག་པས་སྒྲ་ཇི་བཞིན་པ་ཞེན་ཆེར་སོང་ན་ཕུང་རྒྱུ་ལས་ཆོས་སུ་མི་འགྲོ་བར་ཤེས་པར་བྱའོ། །«ཐེག་པ་ཆེན་པོ་མདོ་སྡེ་རྒྱན་»ལས།[37] དོན་སྒྲ་ཇི་བཞིན་ཡོངས་རྟོག་ན། །བདག་ཉིད་སྙེམས་ཤིང་བློ་ཉམས་འགྱུར། །ལེགས་པར་གསུངས་པའང་སྤངས་པས་ན། །བརླག་འགྱུར་ཆོས་ལ་ཁོང་ཁྲོས་སྒྲིབ། །ཞེས་དང་དེ་ཉིད་ལས།[38]དེ་ལས་གཞན་དང་གཞན་མེད་ཤིན་ཏུ་ཟབ་ཅིང་རྗེས་སོང་ཕྱིར། །སྣ་ཚོགས་སྟོན་ཅིང་མང་པོའི་སྒོ་ནས་རྟག་ཏུ་སྟོན་དང་ལྡན། །ཇི་སྐད་བཤད་བཞིན་དོན་མིན་བཅོམ་ལྡན་དགོངས་པ་ཤིན་ཏུ་ཟབ། །ཅེས་ཇི་སྐད་གསུངས་པ་ལྟར་སྒྲ་ཇི་བཞིན་པ་མིན་པའི་དོན་ཅན་དུ་གསུངས་པས་ཀྱང་ཤེས་ནུས། བཅོམ་ལྡན་འདས་རང་ཉིད་ཀྱིས།[39] ཟབ་ཞི་རྡུལ་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩིའི་ཆོས་ནི་ཁོ་བོས་ཐོབ་པར་གྱུར། །བདག་གིས་བསྟན་ཀྱང་གཞན་གྱིས་མ་ཤེས་དེ། །མི་སྨྲ་ནགས་འདབས་གནས་པར་བྱ་བ་སྙམ། །ཞེས་དང་«ཡུལ་འཁོར་སྐྱོང་གི་ཞུས་པའི་མདོ་»ལས།[40] སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་བ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་གྱིས། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །ཅེས་གསུངས་པ་ལྟར་ཐབས་སྣ་ཚོགས་ཀྱིས་ཞི་བ་མྱང་ངན་འདས་པའི་ལམ་ལ་ཁྲིད་པར་མཛད་དོ།།

འོ་ན་གོང་དུ་མདོ་དང་བསྟན་བཅོས་ཐམས་ཅད་དུ་དྲང་ངེས་ཀྱི་རྣམ་གཞག་མཛད་པ་དེ་ཀུན་གྱི་དགོངས་དོན་རྒྱང་དུ་དོར་ནས། རང་གི་རྣམ་རྟོག་དགོས་མེད་ཡོད་ཚད་འདིར་སྤུངས་པ་མ་ཡིན་ནམ་སྙམ་ན། གོང་དུ་མདོ་བསྟན་གྱི་དགོངས་དོན་རྒྱང་དུ་དོར་དགོས་པ་ལྟ་ཞོག དགོངས་དོན་དེ་དག་ལ་བསམ་པ་དང་ཐོས་པའི་མཐུ་ཁོ་ན་ལས་འདི་ཙམ་སྨྲ་ནུས་པར་གྱུར།  རང་གི་རྣམ་རྟོག་ཡོད་ཚད་འདིར་སྤུངས་པ་ནི་བདེན་ཏེ། གཞན་རྨོངས་པ་བདག་ལྟ་བུའི་ངག་ལ་ཉན་མཁན་མེད་པ་མ་ཟད། རང་གི་བསམ་ཚུལ་འཆད་པའི་རང་དབང་ཅུང་ཟད་ཙམ་ཡང་མེད་པར། སུ་ལ་བཤད་ནའང་གྲུབ་མཐའ་ཞིག་གི་ར་བ་ལས་འགལ་དོགས་དང་། རང་ལུགས་ཀྱི་ཡིག་ཆ་ཞེས་སྲ་ཁྲེགས་རྡོ་རུ་བཟུང་ནས་དེ་དང་འགལ་ན་མི་གྲལ་ནས་བུད་པ་ལྟ་བུར་འཛིན་ཅིང་། ཁྲིམས་འགལ་ཆེན་པོ་ཞིག་བྱས་སོང་སྙམ་པ་ལས་དུས་ཚོད་ཕལ་ཆེར་ཡིག་ཆ་དེ་དག་ལ་བཏང་ནས་དཔེ་ཀློག་གང་ཐུབ་ཐུབ་ཞིག་བྱས་པ་དང་། དེ་དག་གི་དོན་ལ་བསམ་བློ་ཅུང་ཟད་རེ་བཏང་ཡོད་པ་ལ་ཡང་ཆ་འཇོག་ཙམ་ཡང་མ་བྱས་ན་བདག་གིས་ཅི་བྱ། དེར་བརྟེན་གོང་དུ་དྲང་ངེས་ཀྱི་རྣམ་གཞག་ཇི་ཙམ་ཕྱེ་ཡང་སྐབས་བབ་སོ་སོའི་དགོངས་དོན་རིགས་ལམ་ནས་བསྒྲུབ་ཏུ་ཡོད་ལ། གྲུབ་མཐའ་སོ་སོ་དང་མདོ་སོ་སོའི་སྐབས་བབ་ཀྱི་བཞེད་པའི་ངེས་དོན་གྱི་གཤིས་ལ་ཉེ་བར་གནས་པ་དང་ལུང་དེ་དག་གི་དགོངས་དོན་གཙོ་བོ་དེ་གཤིས་ཀྱི་གནས་ལུགས་སུ་འབབ་པར་ཤེས་ན་ངེས་དོན་དང་། བཀའ་བསྟན་གང་ཡིན་ཡང་གདུལ་བྱའི་བློ་དྲང་བའི་དོན་ཙམ་དུ་ཟད་པར་གོ་ན་ནི་དེའི་ལུགས་ཀྱི་དྲང་དོན་དུ་འཆད་པ་ལས། དོན་ལ་བཅོམ་ལྡན་འདས་ཉིད་ཆོས་ཀྱི་དབྱིངས་ལས་ཅུང་ཟད་ཙམ་ཡང་མ་གཡོས་ནས་སྒྲ་ཚིག་ཏུ་གྱུར་བའི་ཆོས་ཅུང་ཟད་ཙམ་ཡང་གསུངས་མེད་ན་དེ་ལ་ལྟོས་པའི་དྲང་ངེས་ཀྱང་ཇི་ལྟར་འབྱེད། འོན་ཀྱང་གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པའི་ཆོས་ཇི་ཙམ་སྣང་ཡང་རང་རང་སོ་སོའི་འཐད་ཕྱོགས་སུ་གྱུར་བ་དང་དྲང་པོ་ཞིག་གསུངས་འདུག་སྙམ་ན་ངེས་དོན་དང་། དེ་ལས་ཐ་དད་དུ་སོང་ཡོད་ན་སངས་རྒྱས་ཀྱི་བཀའ་མིན་པ་དང་། ཡིན་པའི་དབང་དུ་བཏང་ན་སེམས་ཅན་བློ་དྲང་བའི་དོན་དུ་གསུངས་སོ་ཞེས་གོ་བ་ལེན་པར་ཟད་དོ།།

ཆོས་རྣམས་ཀྱི་གནས་ལུགས་ནི་སངས་རྒྱས་དང་སེམས་ཅན་སུས་ཀྱང་བརྗོད་དུ་མེད་ཅིང་། ཡུམ་དུ་ཆོས་ཉིད་དེ་བཞིན་ཉིད་ནི་བརྗོད་དུ་མེད་པའོ་ཞེས་གསུངས་པའང་། སྒྲ་ཇི་བཞིན་པར་བླངས་ན་ཆོས་ཉིད་ནི་བརྗོད་དུ་མེད་པའི་ངོ་བོ་རུའང་གྲུབ་ཏུ་མེད་པས་དབུ་མའི་གཏན་ཚིགས་ཆེན་པོ་དག་གི་གནོད་པ་ཡོད་པས་དྲང་དོན་ཉིད་དུ་འགྲེལ་དགོས་སོ། །འོན་ཀྱང་གང་གོ་དགོས་རྒྱུ་དེ་གོ་ན་ནི་ངེས་པའི་དོན་ཉིད་དུ་འགྱུར་བ་ནི། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །[41]ཞེས་གསུངས་པ་ལྟར་སོ་སོ་རང་གིས་རིག་རྒྱུ་ལས། བདག་ཅག་གི་སྟོན་པས་ཀྱང་མཛུབ་མོས་ཟླ་བ་སྟོན་པ་བཞིན་དུ་སེམས་ཅན་གྱི་ཁམས་དབང་བསམ་པ་ལ་ལྟོས་ནས་ཐེག་པའི་རྣམ་གྲངས་ཇི་ཙམ་གསུངས་ནའང་། མཐར་སོ་སོས་གོ་བ་ལེན་མ་ཤེས་ན་ཐར་པ་ཐོབ་པ་ལ་རིང་དུ་འགོར་བའི་རྒྱུ་མཚན་ཡང་འདི་ཡིན་ཏེ། ངས་ནི་ཁྱོད་ལ་ཐར་བའི་ལམ་སྟོན་ཞིང་། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས། །ཞེས་ཐབས་དང་དཔེ་རྣམ་པ་སྣ་ཚོགས་ཀྱིས་རང་ཅག་རྣམས་ལ་བསྟན་པས་སྐྱབས་འགྲོའི་སྐབས་སུའང་སྐྱབས་སྟོན་པ་པོ་ཞེས་ཡོངས་སུ་གྲགས་པ་ལྟར་རོ། །དེ་བཞིན་དུ་«འཕགས་པ་བདེན་པ་གཉིས་ལ་འཇུག་པ་»ལས།[42] ལྷའི་བུ་གལ་ཏེ་དོན་དམ་པར་ན་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་ཡུལ་གྱི་རང་བཞིན་དུ་འགྱུར་ན་ནི། དེ་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །འོན་ཀྱང་ལྷའི་བུ་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ། བྱེ་བྲག་མེད་པ། མ་སྐྱེས་པ། མ་འགགས་པ། སྨྲ་བར་བྱ་བ་དང་། སྨྲ་བ་དང་། ཤེས་པར་བྱ་བ་དང་། ཤེས་པ་དང་བྲལ་བའོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཇི་ལྟར་དོན་དམ་པའི་བདེན་པའོ་ཞེས་བརྗོད་པ་ལྟར་ནི་མ་ཡིན་ནོ། །ཆོས་ཐམས་ཅད་ནི་རྫུན་ཏེ་བསླུ་བའི་ཆོས་སོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་བསྟན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོན་པ་དང་། ཅི་སྟོན་པ་དང་། གང་ལ་སྟོན་པའི་ཆོས་དེ་དག་ཐམས་ཅད་ནི་དོན་དམ་པར་རབ་ཏུ་མ་སྐྱེས་པའོ། །རབ་ཏུ་མ་སྐྱེས་པའི་ཆོས་རྣམས་ཀྱིས་རབ་ཏུ་མ་སྐྱེས་པའི་ཆོས་རྣམས་བཤད་པར་མི་ནུས་སོ། །ཞེས་གསུངས་པའི་དོན་ནི་ཟླ་བས་«འཇུག་པ་རང་འགྲེལ་»ལས་ཀྱང་།[43] དེའི་ཕྱིར་དེ་ལྟར་ཀུན་རྫོབ་ཀྱི་བདེན་པ་བསྟན་ནས། དོན་དམ་པའི་བདེན་པ་བསྟན་པར་འདོད་པས་དེ་ནི་བརྗོད་དུ་མེད་པའི་ཕྱིར་དང་ཤེས་པའི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར་དངོས་སུ་བསྟན་པར་མི་ནུས་པས། ཉན་པར་འདོད་པ་སེམས་ལ་རང་གིས་མྱོང་བ་ཉིད་དུ་དེའི་རང་བཞིན་གསལ་བར་བྱ་བའི་ཕྱིར་དཔེ་བཤད་པ། ཞེས་གསུངས་པ་ལྟར་ཐ་སྙད་དུ་བདེན་པ་གཉིས་ཞེས་པ་ལས་བརྩམས་ཏེ་ཐབས་རྣམ་པ་སྣ་ཚོགས་པའི་སྒོ་ནས་ཆོས་ཉིད་དེ་བཞིན་ཉིད་གཞལ་བ་ལ་རིམ་གྱིས་བཀྲི་བར་བྱེད་དོ། །ཐ་སྙད་དུ་བདེན་པ་གཉིས་འདི་མེད་ན་ཞི་བ་ཆོས་དབྱིངས་ཀྱི་གོ་འཕང་ཐོབ་པ་ལ་ཐབས་གཞན་མེད་པས། ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་དང་། ཟླ་བས་«དབུ་མ་ལ་འཇུག་པ་»ལས།[44] དེ་ལྟར་བློ་གྲོས་ཟེར་གྱི་སྣང་བ་གསལ་བྱས་པ། །རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར། །རྟོགས་དེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །རྟག་ཏུ་འགོག་པར་རྟོགས་པའི་བསམ་ལྡན་ཡིན་མོད་ཀྱི། །འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད། །དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི། །མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན། །ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡིས། །མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །ཞེས་གསུངས་སོ།།

འདིར་སྨྲས་པ།

རང་སྡེའི་ལྟ་གྲུབ་རྒྱ་མཚོའི་ཁྱོན་ཆེན་པོ། །གསལ་བའི་མེ་ལོང་རྒྱ་བོད་མཁས་གྲུབ་ཀྱི། །གཞུང་ལུགས་འབུམ་དུ་སྣང་བའི་གཟུགས་བརྙན་དེར། །རགས་ཙམ་མཇལ་ལ་སྤྲོ་སྣང་ལྡན་པའི་སེམས། །བླ་མ་དྷཱི་རུ་འབོད་པ་བཀའ་དྲིན་ཆེ། །ཅོལ་ཆུང་འདིས་ཀྱང་འདུ་བྱེད་སྣ་ཚོགས་ཀྱིས། །རྟོག་པའི་རི་མོ་ཅི་རིགས་བྲིས་ཏེ་ཐལ། །རྒྱལ་བའི་གསུང་ལ་འདི་དང་འདི་རེད་ཅེས། །སྨྲ་བའི་སྤོབས་པ་བདག་ལ་མེད་ན་ཡང་། །ཐོས་བསམ་བློ་ཡི་ནུས་པ་འཕེལ་བྱའི་ཕྱིར། །ཅུང་ཟད་བྲིས་འདི་དོན་ཡོད་འགྱུར་བར་ཤོག །འདི་ཡང་སེམས་ཀྱི་རྟོག་དཔྱོད་ཙམ་ཟད་པས། །ནོངས་པའི་ཆ་ཀུན་ཡེ་ཤེས་ལྡན་ལ་བཤགས། །གལ་ཏེ་རྣམ་དཀར་ཆ་རེ་ཡོད་སྲིད་ན། །ལེགས་ཚོགས་སུ་ལ་མཁོ་ནའང་ཐོབ་གྱུར་ཅིག།


གསལ་བཤད།
གོང་གི་མི་སྣ་འཁྲུངས་འདས་ཀྱི་ལོ་ཚིགས་རྣམས་ནང་བསྟན་དཔེ་ཚོགས་ལྟེ་གནས་ཁང་གཞིར་བཞག་སྟེ་བཀོད་ཡོད།

[1]  ཚིགས་བཅད་འདི་སངས་རྒྱས་ཀྱིས་དངོས་སུ་གསུངས་པར་འདོད་མཁན་དང་རྗེས་སུ་གནང་བའི་བཀའ་ཡིན་ཟེར་མཁན་ཡང་ཡོད་ཚོད། འདི་འདྲ་བོ་ཞིག་དཔལ་སྟོབས་པོ་ཆེའི་རྒྱུད་དུ་གསུངས་ཡོད་ཅེས་རྒན་སེམས་དཔའ་རྡོ་རྗེས་གསུངས། བོད་འགྱུར་མང་ཆེ་བར་འགྱུར་གོང་སྨོས་ལྟར་ལ། ལེགས་སྦྱར་དུ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །མཁས་པ་རྣམས་ཀྱིས་ང་ཡི་བཀའ། །ལེགས་པར་བརྟག་ནས་བྱང་བྱ་ཡི། །གུས་ཕྱིར་མིན་ནོ་དགེ་སློང་དག །ཅེས་གསུངས་ཡོད་པར་ཡང་ཁོང་གིས་དེ་ཁོ་ན་ཉིད་ཀྱི་འགྲེལ་པ་དཔལ་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲོན་མ་ཞེས་པའི་ཤོག་གྲངས། ༣༡ པའི་མཆན་དུ་གསུངས་ཡོད། ཚིགས་བཅད་འདི་ད་ལྟའི་བོད་འགྱུར་གྱི་མདོ་གང་དུ་ཡང་མཇལ་རྒྱུ་མི་སྣང་ཞེས་པ་ལྟ་བུ་འདུག་ཀྱང་དཔྱད་གཞི་ཙམ།

[2]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དོན་རྣམ་ངེས་འགྲེལ་པ། ༢༠༡༨ དེབ་གཟུགས། ཤོག་གྲངས། ༧༠ པར་གསལ།

[3]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ཤེར་འགྲེལ་ཀེ་ཏ་ཀ། ༢༠༡༨ དེབ་གཟུགས། ཤོག་གྲངས། ༣༡ པར་གསལ།

[4]  ཐཱའི་ཝན་བསྐྱར་པར་མ། (TI)097) དྲང་ངེས་ལེགས་བཤད་སྙིང་པོ། དེབ་གཟུགས། ཤོག་གྲངས། ༢༡ པར་གསལ།

[5]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། འཇུག་པ་རང་འགྲེལ། ༢༠༡༨ དེབ་གཟུགས། ཤོག་གྲངས། ༡༨༧ པར་གསལ།

[6]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། འཇུག་པ་རང་འགྲེལ། ༢༠༡༨ དེབ་གཟུགས། ཤོག་གྲངས། ༡༨༩ པར་གསལ།

[7] ཐཱའི་ཝན་པར་མ། སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ། དེབ་གཟུགས། སྨད་ཆ། ཤོག་གྲངས། ༡༣༨ པར་གསལ།

[8] དོན་ཅེས་བྱའོ།།) ཞེས་པའི་ཚིག་འདི་དག་མ་གཞི་ལྟར་དུ་སོར་བཞག་བྱས་ཡོད།

[9] ཐཱའི་ཝན་བསྐྱར་པར་མ། སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ། དེབ་གཟུགས། སྨད་ཆ། ཤོག་གྲངས། ༡༣༧ པར་གསལ།

[10] ཐཱའི་ཝན་བསྐྱར་པར་མ། སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ། དེབ་གཟུགས། སྨད་ཆ། ཤོག་གྲངས། ༡༣༧ པར་གསལ།

[11]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། འཇུག་པ་རང་འགྲེལ། ༢༠༡༨ དེབ་གཟུགས། ཤོག་གྲངས། ༡༩༧ པར་གསལ།《ལུང་འདི་ཀུན་མཁྱེན་ཆེན་པོས་འགྲེལ་པ་ཤིང་རྟ་ཆེན་པོར་དྲངས་ཡོད་ཀྱང་། སྟོན་པ་བདེ་བར་གཤེགས་པས་བཤད་པ་ལྟར། ཞེས་གསུངས་ཡོད།》

[12]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། འཇུག་པ་རང་འགྲེལ། ༢༠༡༨ དེབ་གཟུགས། ཤོག་གྲངས། ༡༩༢ པར་གསལ།

[13]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། འཇུག་པ་རང་འགྲེལ། ༢༠༡༨ དེབ་གཟུགས། ཤོག་གྲངས། ༡༩༣ པར་གསལ།

[14]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དམ་ཆོས་དོགས་སེལ། ༢༠༡༨ དེབ་གཟུགས། ཤོག་གྲངས། ༤༠༩ པར་གསལ། མདོ་ལུང་འདི་དྲངས་ཡོད་ཀྱང་མདོ་གང་དུ་ཡོད་མེད་ད་དུང་ཡང་བདག་ལ་རྙེད་མེད།)

[15]  དར་ཐང་པར་མ། ཤེས་བྱ་ཀུན་ཁྱབ་མཛོད། དེབ་གཟུགས། དེབ་ཨང་། ༥ ཤོགས་གྲངས། ༤༢ པར་གསལ།

[16]  དར་ཐང་པར་མ། ཤེས་བྱ་ཀུན་ཁྱབ་མཛོད། དེབ་གཟུགས། དེབ་ཨང་། ༥ ཤོགས་གྲངས། ༤༩ པར་གསལ།

[17]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། འཇུག་པ་རང་འགྲེལ། ༢༠༡༨ དེབ་གཟུགས། ཤོག་གྲངས། ༡༨༩ པར་གསལ།

[18]  ཀུན་མཁྱེན་དོལ་པོའི་གསུང་འབུམ། ཆོས་དབྱིངས་བསྟོད་པ། དེབ་གཟུགས། པོད། ༣ ཤོག་གྲངས། ༣༥༣ པར་གསལ།

[19]  ལུང་ཁུངས་འདི་རྙེད་མེད། མདོ་ལུང་ཡིན་པ་མི་ཕམ་རིན་པོ་ཆེས་དམ་ཆོས་དོགས་སེལ་དུ་དྲངས་པ་དེ་ཡིན།

[20]  ཐཱའི་ཝན་བསྐྱར་པར་མ། གྲུབ་མཐའ་མཛོད། དེབ་གཟུགས། ཤོག་གྲངས། ༡༣ པར་གསལ།

[21]  ཐཱའི་ཝན་བསྐྱར་པར་མ། གྲུབ་མཐའ་མཛོད། དེབ་གཟུགས། ཤོག་གྲངས། ༡༤ པར་གསལ།

[22]  ཐཱའི་ཝན་བསྐྱར་པར་མ། གྲུབ་མཐའ་མཛོད། དེབ་གཟུགས། ཤོག་གྲངས། ༢༦ པར་གསལ།

[23]  ཀུན་མཁྱེན་དོལ་པོའི་གསུང་འབུམ། པོད། ༢ རི་ཆོས་ངེས་དོན་རྒྱ་མཚོ། དེབ་གཟུགས། ཤོག་གྲངས། ༣༧༨ པར་གསལ།

[24]  དར་ཐང་པར་མ། ཤེས་བྱ་ཀུན་ཁྱབ་མཛོད། དེབ་ཨང་། ༥ ཤོག་གྲངས། ༤༨ པར་གསལ།

[25] ཐཱའི་ཝན་བསྐྱར་པར་མ། སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ། སྨད་ཆ། དེབ་གཟུགས། ཤོག་གྲངས། ༡༣༨ པར་གསལ།

[26] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། བདེ་གཤེགས་སྙིང་པོའི་སྟོང་ཐུན་ཆེན་མོ་སེང་གེའི་ང་རོ། ༢༠༡༨ དེབ་གཟུགས། ཤོག་གྲངས། ༢༡༠ པར་གསལ།

[27] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ཤེར་འགྲེལ་ཀེ་ཏ་ཀ་དང་བརྒལ་ལན་རྣམ་གསུམ། ༢༠༡༨ ཤོག་གྲངས། ༤༣༢ པར་གསལ།

[28] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དོན་རྣམ་ངེས་འགྲེལ་པ། ༢༠༡༨ དེབ་གཟུགས། ཤོག་གྲངས། ༧༠ པར་གསལ།

[29] དར་ཐང་པར་མ། ཤེས་བྱ་ཀུན་ཁྱབ་མཛོད། དེབ་གཟུགས། དེབ་ཨང་། ༥ ཤོགས་གྲངས། ༣༩ པར་གསལ།

[30] ཐཱའི་ཝན་བསྐྱར་པར་མ། དྲང་ངེས་ལེགས་བཤད་སྙིང་པོ། (TI097) དེབ་གཟུགས། ཤོག་གྲངས། ༢༣༠ པར་གསལ།

[31] བློ་གྲོས་མཐའ་ཡས་པའི་མཛོད། དེབ་ཕྲེང་བརྒྱད་པ། མངོན་རྟོགས་རྒྱན་གྱི་དཀའ་འགྲེལ་ལུང་ཆོས་རྒྱ་མཚོའི་སྙིང་པོ། དེབ་གཟུགས། ཤོག་གྲངས། ༥༡ པར་གསལ།

[32]  མངོན་རྟོགས་རྒྱན་གྱི་རྣམ་བཤད་ཚིག་དོན་རབ་གསལ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་བསྒྲིགས་ཁང་། ༢༠༡༩ BDRC དཔེ་རྒྱུན་ཨང་། MW3CN22747 དེབ་གཟུགས། ཤོག་གྲངས། ༣༡ པར་གསལ།

[33]  དབུ་མའི་སྤྱི་དོན་ངེས་དོན་རབ་གསལ། གོ་རམས་པའི་གསུང་འབུམ། ཐཱའི་ཝན་བསྐྱར་པར་མ། དེབ་གཟུགས། དེབ་ཨང་། ༥ ཤོག་གྲངས། ༢༣ པར་གསལ།

[34]  ཤེས་བྱ་ཀུན་ཁྱབ་མཛོད། དར་ཐང་པར་མ། དེབ་གཟུགས། དེབ་ཨང་། ༥ ཤོགས་གྲངས། ༥༢ པར་གསལ། ཀོང་སྤྲུལ་པས་ལུང་འདི་དྲངས་ཡོད།

[35] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ཤེར་འགྲེལ་ཀེ་ཏ་ཀ་དང་བརྒལ་ལན་རྣམ་གསུམ། ༢༠༡༨ དེབ་གཟུགས། རིགས་ལམ་རབ་གསལ་དེ་ཉིད་སྣང་བྱེད། ༢༧༠ པར་གསལ།《མདོ་ལུང་འདི་དཔེ་ཆ་དེར་དྲངས་ཡོད་པའི་དོན་ཡིན།》

[36] ཐཱའི་ཝན་བསྐྱར་པར་མ། (TIO97) དྲང་ངེས་ལེགས་བཤད་སྙིང་པོ། དེབ་གཟུགས། ཤོག་གྲངས། ༡༩༠ པར་གསལ།

[37]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། མདོ་སྡེ་རྒྱན་འགྲེལ་ཐེག་མཆོག་བདུད་རྩིའི་དགའ་སྟོན། ༢༠༡༩ སྟོད་ཆ། དེབ་གཟུགས། ཤོག་གྲངས། ༢༤ པར་གསལ།

[38]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། མདོ་སྡེ་རྒྱན་འགྲེལ་ཐེག་མཆོག་བདུད་རྩིའི་དགའ་སྟོན། ༢༠༡༩ སྟོད་ཆ། དེབ་གཟུགས། ཤོག་གྲངས། ༢༣ པར་གསལ།

[39]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་། ༢༠༡༨ དེབ་གཟུགས། ཤོག་གྲངས། ༣༣ པར་གསལ། རྒྱ་ཆེར་རོལ་པའི་མདོ་ལུང་འདི་དྲངས་ཡོད།

[40]  ཐཱའི་ཝན་པར་མ། (TIO97) དྲང་ངེས་ལེགས་བཤད་སྙིང་པོ། དེབ་གཟུགས། ཤོག་གྲངས། ༢ པར་གསལ།

[41] མདོ་ལུང་འདི་སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས་ཞེས་ཡོངས་སུ་གྲགས་མོད། ད་ལྟའི་ཆར་བསྟན་འགྱུར་དུ་བསྟོད་པ་དེ་མི་རྙེད་པ་དང་སྒྲ་གཅན་འཛིན་ཡང་སུ་ཡིན་མིན་ཐག་ཆོད་པའི་ཁུངས་ཐུབ་ཡིག་ཆ་ཞིག་ད་བར་དུ་མ་མཇལ་བས། ཞིབ་ཏུ་ལྟ་ནུས་ན་འགྲུབ་འབྲས་ཡོད་ཀྱང་སྲིད་ལ། བདག་གིས་ནི་འདི་ཙམ་བཞག

[42]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ༢༠༡༨ དེབ་གཟུགས། འཇུག་པ་རང་འགྲེལ། ༡༠༩ པར་གསལ།

[43]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ༢༠༡༨ དེབ་གཟུགས། འཇུག་པ་རང་འགྲེལ། ༡༠༨ པར་གསལ།

[44]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་གྱི་པར་མ། ༢༠༡༨ དེབ་གཟུགས། འཇུག་པ་རང་འགྲེལ། ༣༢༣ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།