བྱེ་བྲག་སྨྲ་བས་རྫས་གྲུབ་དང་རྫས་ཡོད་འདོད་ཚུལ་ལ་དཔྱད་པ།

ཉམས་ཞིབ་པ་བཀྲ་ཤིས་དགེ་ལེགས། (ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་།)

བྱེ་བྲག་སྨྲ་བས་རྫས་གྲུབ་འདོད་ཚུལ་ལ་དཔྱད་པ་ལ་གཉིས་ཏེ། སྤྱི་བཤད་དང་སོ་སོར་བཤད་པ།

དང་པོ་སྤྱི་བཤད་ནི།

ནང་པའི་གྲུབ་མཐའ་སྨྲ་བ་རྣམས་ལས་བྱེ་བྲག་སྨྲ་བས་ཆོས་ཐམས་ཅད་རྫས་སུ་གྲུབ་པར་འདོད་ཅིང་། དེ་ཡང་ཆོས་རྣམས་རང་རང་གི་ངོ་བོ་རྫས་སུ་མ་གྲུབ་ན་འཇོག་མི་ཤེས་པས་ཐམས་ཅད་རྫས་སུ་གྲུབ་པར་འདོད་དེ་ཐམས་ཅད་དོན་བྱེད་ནུས་པའི་རྫས་སུ་གྲུབ་པར་འདོད་པའི་ཕྱིར། འོན་ཀྱང་མདོ་སྡེ་པ་སོགས་གྲུབ་མཐའ་སྨྲ་བ་གཞན་རྣམས་ཀྱིས་དོན་བྱེད་ནུས་པ་ལས་གཞན་པའི་ཆོས་རྣམས་རྫས་སུ་གྲུབ་པར་ཁས་མི་ལེན་ནོ། །ལུགས་འདིར་གཞི་དངོས་པོའི་རྣམ་གཞག་བཤད་པ་ལ་ཤེས་བྱ་ཐམས་ཅད་གཞི་ལྔར་འདུས་པར་འདོད་དེ། སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞི། འདུས་མ་བྱས་ཀྱི་གཞི་རྣམས་སོ། །གཞི་ལྔ་པོ་དེ་དག་ཀྱང་དངོས་པོར་འདོད་དེ། དོན་བྱེད་ནུས་པ་དངོས་པོའི་མཚད་ཉིད། དངོས་པོ། ཡོད་པ། ཤེས་བྱ་རྣམས་དོན་གཅིག དངོས་པོ་ལ་དབྱེ་ན་གཉིས་ཏེ། རྟག་པའི་དངོས་པོ་དང་མི་རྟག་པའི་དངོས་པོ། རྟག་པའི་དངོས་པོ་ནི་རང་སྡེའི་གྲུབ་མཐའ་སྨྲ་བ་བཞི་ལས་བྱེ་བྲག་སྨྲ་བ་ཁོ་ནས་འདོད་པ་ཞིག་སྟེ། དེས་འདུས་མ་བྱས་ཀྱི་ཆོས་རྣམས་རྟག་པའི་དངོས་པོར་འདོད་དེ། དཔེར་ན་འདུས་མ་བྱས་ཀྱི་ཆོས་ལ་གསུམ་དུ་དབྱེ་བའི་ནམ་མཁའ་ལྟ་བུ་ནི། སྐྱེ་འཇིག་མི་བྱེད་པའི་ཆ་ནས་རྟག་པར་འཇོག་པ་དང་། གཟུགས་ཅན་གཞན་སྐྱེ་བའི་གོ་འབྱེད་པའི་དོན་བྱེད་ནུས་པའི་ཆ་ནས་དངོས་པོར་འཇོག་གོ །མི་རྟག་པའི་དངོས་པོ་ནི་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་དུ་བཞེད་དེ། གཟུགས་གཟུགས་སུ་རུང་བའི་མཚན་ཉིད་ཅན་དང་། གསལ་ཞིང་རིག་པ་ཤེས་པའི་མཚན་ཉིད་དང་། གཟུགས་ཤེས་གང་རུང་མ་ཡིན་པའི་འདུས་བྱས་ལྡན་མིན་འདུ་བྱེད་ཀྱི་མཚན་ཉིད་དོ། །དངོས་པོ་ལ་རྫས་གྲུབ་ཀྱིས་ཁྱབ་ཀྱང་རྫས་ཡོད་ཀྱིས་མ་ཁྱབ་པ་སྟེ། དོན་དམ་བདེན་པ་དང་རྫས་ཡོད་དོན་གཅིག ཀུན་རྫོབ་བདེན་པ་དང་བཏགས་ཡོད་དོན་གཅིག་ཏུ་འདོད་དོ།།

གཉིས་པ་སོ་སོར་བཤད་པ་ལ་ལྔ་སྟེ། རྫས་བཏགས་ཀྱི་ཐ་སྙད་འཇོག་ཚུལ་དང་། རྫས་བཏགས་ཀྱི་ཁྱད་པར། རྫས་བཏགས་གཉིས་རྫས་སུ་ཡོད་མེད་མཚུངས་པ། བློའི་ཆ་ཤས་གཞན་སེལ་ཚུལ་མི་མཚུངས་པ། དོན་དམ་བདེན་པ་རྫས་སུ་ཡོད་ཚུལ་ལས། དང་པོ་ནི།

སྤྱིར་རྫས་བཏགས་འཇོག་ཚུལ་ལ་མི་འདྲ་བ་དུ་མ་ཡོད་དེ། དཔེར་ན། གཞི་གྲུབ་ཚད་ཀྱི་ཡོད་པ་ཙམ་ལ་རྫས་ཡོད་དང་། ཀུན་རྟོག་གིས་ཡོད་པར་བཟུང་ན་ཡང་དོན་ལ་ཡོད་པ་མིན་པ་ཟླ་གཉིས་ལྟ་བུ་ལ་བཏགས་ཡོད་དུ་འཇོག་ཚུལ་དང་། འདུས་བྱས་ཀྱི་དངོས་པོ་ཐམས་ཅད་རྫས་ཡོད་དང་། འདུས་མ་བྱས་ཀྱི་དངོས་མེད་ཐམས་ཅད་བཏགས་ཡོད་དུ་གསུངས། དེ་བཞིན་འདུས་མ་བྱས་ཀྱི་ཆོས་རྣམས་ལ་བརྟན་པ་མི་འགྱུར་བའི་རྫས་ཡོད་དང་། འདུས་བྱས་རྣམས་ལ་བཏགས་ཡོད་ཅེས་པའི་ཐ་སྙད་འཇོག་པ་དང་། གཟུགས་སྒྲ་སོགས་ལ་རྫས་ཡོད་དང་། མི་ལྡན་པའི་འདུ་བྱེད་དང་། ཡོངས་གྲུབ། ཀུན་བཏགས་ཀྱི་ཆོས་རྣམས་ལ་བཏགས་ཡོད་དུ་གསུངས་པ་སོགས་བཤད་ཚུལ་མི་འདྲ་བ་དུ་མ་ཡོད་པ་རྣམས་ཤེས་དགོས་སོ་སྙམ་པས་དཔྱད་པར་བྱའོ། །འོན་ཀྱང་གཞུང་སོ་སོའི་ཐད་དུ་རྫས་བཏགས་ཞེས་པའི་ཐ་སྙད་བཏགས་པ་དེ་དག་གང་དང་གང་གི་དབང་དུ་བྱས་ནས་ཐ་སྙད་བཏགས་པ་ཡིན་མིན་གྱི་དབྱེ་བ་སོ་སོར་འབྱེད་མ་ཤེས་ན་ནང་འགལ་མང་དུ་མཐོང་ནས་གཞུང་དོན་དངོས་དང་རྒྱང་རིང་དུ་ཕྱིན་ཏེ། གོ་བ་རྣལ་མ་རག་པ་ལ་སྐྱོན་དུ་འགྱུར་བས་དེ་དག་སོ་སོའི་དོན་མི་འདྲ་བ་རྣམས་ཕྱེ་དགོས་པ་ཤིན་ཏུ་ནས་གལ་ཆེའོ།།

གཉིས་པ།

བྱེ་བྲག་སྨྲ་བའི་ལུགས་འདིར་ཀུན་རྫོབ་བདེན་པ་དང་བཏགས་ཡོད་དོན་གཅིག དོན་དམ་བདེན་པ་དང་རྫས་ཡོད་དོན་གཅིག་ཏུ་འདོད་དེ། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ་ལས་བྱེ་བྲག་སྨྲ་བའི་བདེན་གཉིས་ཀྱི་ངོ་བོ་འཆད་སྐབས། “ཀུན་རྫོབ་ཏུ་ཡོད་པ་ནི་བཏགས་པར་ཡོད་པ་ཞེས་བྱ་སྟེ། དོན་དམ་པར་ཡོད་པ་ནི་རྫས་སུ་ཡོད་པ་ཞེས་བྱའོ། ། ”[1] ཞེས་དང་། སློབ་དཔོན་དབྱིག་གཉེན་གྱི་ཆོས་མངོན་པ་མཛོད་རང་འགྲེལ་ལས། “བློས་གཟུགས་ལ་སོགས་པའི་ཆོས་བསལ་ན་ཆུའི་བློ་མི་འཇུག་གོ། དེ་དག་ཁོ་ན་ལ་ཀུན་རྫོབ་ཏུ་དེའི་མིང་དུ་བཏགས་པ་ཡིན། ”[2] ཞེས་དང་། དེའི་འོག་ཏུའང་།  “བློས་ཆོས་གཞན་བསལ་ཡང་དེའི་བློ་འཇུག་པ་དེ་ནི་དོན་དམ་པར་ཡོད་པ་ཡིན་ཏེ། དཔེར་ན་གཟུགས་ལྟ་བུའོ། །”[3] ཞེས་དང་། གཞན་ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གྲུབ་མཐའ་ཆེན་མོ་ལས། རྫས་གྲུབ་ནི་ཆོས་དེ་ལས་གཞན་རང་དབང་བ་རེ་མེད་ན་འཇོག་མི་ཤེས་པས་ཐམས་ཅད་རྫས་སུ་གྲུབ་པར་འདོད་ཅིང་། རྫས་ཡོད་དང་བཏགས་ཡོད་ཀྱི་ཁྱད་པར་ཡང་གཙོ་ཆེར་དོན་དམ་དུ་གྲུབ་པ་རྫས་ཡོད་དང་། ཀུན་རྫོབ་ཏུ་གྲུབ་པ་བཏགས་ཡོད་ཀྱི་དོན་ཡིན་པས་ཁྱད་པར་ཆེ། [4] ཞེས་གསུངས་པའི་ཕྱིར་རོ། །བོད་འགྲེལ་ཁག་ཏུ་ལུགས་འདིའི་རྫས་བཏགས་འཆད་སྐབས་གོང་སྨོས་ལྟར་ཀུན་རྫོབ་བདེན་པ་དང་བཏགས་ཡོད་དོན་གཅིག དོན་དམ་བདེན་པ་དང་རྫས་ཡོད་དོན་གཅིག་ཡིན་པར་གསུངས་ཀྱང་དེ་ལྟར་ཡིན་ཚུལ་གྱི་ཁུངས་གཏུགས་ཀྱི་གཞུང་ལུགས་གང་ཡིན་གསལ་ཁ་མ་མཐོང་བས་གོང་དུ་དྲངས་པའི་གཞུང་ལ་གཞི་བཅོལ་ཏེ་གསུངས་པར་སྙམ་མོ།།

སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པའི་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པར། བུམ་པ་ལྟ་བུ་ཞིག་པ་ལ་བུམ་པའི་བློ་མི་སྐྱེ་བས་བུམ་པ་ཀུན་རྫོབ་ཏུ་ཡོད་པས་བཏགས་པར་ཡོད་པ་ཡིན་ཞེས་གསུངས་པ་ནི། བུམ་པའི་ཆ་ཤས་རེ་རེ་བསལ་ནས་བློས་བཙལ་ཀྱང་བུམ་པ་མི་རྙེད་པ་དེ་ལས་གཞན་པའི་བློ་སྐྱེ་བ་ཡིན་ཏེ། དཔེར་ན་བུམ་པ་ཞིག་ཀྱང་དེ་ལས་གཞན་པ་གྱོ་མོའི་བློ་སྐྱེ་བ་ལྟ་བུ་གྱོ་མོ་དོན་དམ་པ་དང་། དེ་བཞིན་དུ་རྒྱ་མཚོ་དང་ལྟེང་ཀ་ནས་བཅུས་པའི་ཆུ་ལ་རྒྱ་མཚོ་དང་ལྟེང་ཀའི་བློ་ཡང་མི་སྐྱེ་བས་རྒྱ་མཚོ་ནི་ཀུན་རྫོབ་དང་། དེ་ལྟར་བཅུས་པའི་ཆུ་ལ་ཆུའི་བློ་སྐྱེ་བས་ཆུ་ནི་དོན་དམ་པར་ཡོད་པ་ཡིན་ཏེ། རྫས་སུ་ཡོད་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་ཏེ། གཞུང་དེ་ཉིད་ལས། དེ་ལ་གང་ཞིག་པ་ལ་དེའི་བློ་མེད་པ་བུམ་པ་ལྟ་བུ་ཀུན་རྫོབ་ཏུ་ཡོད་པ་དེའི་མཚན་ཉིད་གང་ཞེ་ན། དངོས་པོ་གང་ཞིག་པ་ལ་དངོས་པོ་དེའི་བློ་མི་སྐྱེ་བ་དཔེར་ན་བུམ་པ་ཞིག་པ་ལ་བུམ་པ་དེའི་བློ་མི་སྐྱེ་ལ། བློ་གཞན་ཡང་མི་སྐྱེ་བ་ལྟ་བུ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། བཏགས་པར་ཡོད་པ་ཞེས་བྱའོ། །ཞེས་དང་། དེའི་གཤམ་དུ་ཡང་། དོན་དམ་པར་ཡོད་པ་ནི་དེ་དག་ལས་གཞན་པའི་དོན་ཡིན་ཏེ་ཞེས་བྱ་བ་དེའི་མཚན་ཉིད་གང་ཞེ་ན། དངོས་པོ་གང་ཞིག་པ་དང་བློས་བསྩལ་ཀྱང་དེ་ལས་གཞན་པའི་བློ་སྐྱེ་བ་དཔེར་ན་བུམ་པ་ཞིག་ཀྱང་དེ་ལས་གཞན་པ་གྱོ་མོའི་བློ་སྐྱེ་བ་ལྟ་བུ་དང་། རྒྱ་མཚོའམ་ལྟེང་ཀ་ནས་བཅུས་པའི་ཆུ་ལ་བློས་རྒྱ་མཚོ་དང་ལྟེང་ཀ་བསྩལ་ཀྱང་དེ་དག་ལས་གཞན་པ་ཆུའི་བློ་སྐྱེ་བ་ལྟ་བུ་དེ་ནི་དོན་དམ་པར་ཡོད་པ་ཡིན་ཏེ། རྫས་སུ་ཡོད་པ་ཞེས་བྱའོ། །[5] ཞེས་སོགས་བྱུང་ངོ་།།

གསུམ་པ་རྫས་བཏགས་གཉིས་རྫས་སུ་ཡོད་མེད་མཚུངས་པ་ནི།

ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ་ལས། “དེས་ནི་ཕ་རོལ་པོ་དག་བུམ་པ་ཞིག་པ་ན་གྱོ་མོ་ལ་གྱོ་མོའི་བློ་སྐྱེ་བས་གྱོ་མོ་དེ་རྫས་སུ་ཡོད་པར་འདོད་པ་ལ་ཆོས་མངོན་པའི་མཚན་ཉིད་ལས་བུམ་པ་ཞིག་པ་ལ་བུམ་པའི་བློ་སྐྱེ་བ་མེད་པས་བུམ་པ་ཞིག་པ་དེ་ཀུན་རྫོབ་ཏུ་བཏགས་པར་ཡོད་པ་ཡིན་གྱི། དོན་དམ་པར་རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་འབྱུང་བའི་མཚན་ཉིད་དེས་གནོད་པ་ཉིད་དོ་ཞེས་སྟོན་ཏོ། །”[6] ཞེས་ཕ་རོལ་པོའམ་དབུ་མ་པས་བུམ་པ་ཞིག་མ་ཞིག་གཉིས་ཀ་རྫས་སུ་ཡོད་མེད་མཚུངས་པར་སྒྲུབ་སྟེ། བུམ་པ་ལ་བུམ་པའི་བློ་སྐྱེ་བ་ཡོད་པ་བཞིན། བུམ་པའི་ཞིག་པ་གྱོ་མོ་ལའང་གྱོ་མོའི་བློ་སྐྱེ་བ་ཡོད་པ་གཉིས་མཚུངས་པར་བསྒྲུབས་པར་མཛད་པ་ཡིན། བྱེ་བྲག་སྨྲ་བས་ནི། རང་ཉིད་ཀྱི་ལུགས་ལ་བུམ་པ་ཞིག་པ་ལ་བུམ་པའི་བློ་སྐྱེ་བ་ཡོད་པ་མི་འདོད་དེ། བུམ་པ་ཞིག་པ་དེ་ཀུན་རྫོབ་ཏུ་བཏགས་པར་ཡོད་པ་ཡིན་གྱི་དོན་དམ་པར་རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་གནོད་བྱེད་སྟོན་པ་ཡིན་ཞེས་གསུངས་སོ།།

དེ་ལྟར་ཡང་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ་ལས། “དེ་ཡང་འདི་ལྟར་སྦྱར་ཏེ། དེ་གང་གི་ཚེ་བུམ་པ་ཞིག་པ་དེ་ལ་བུམ་པའི་བློ་མི་སྐྱེ་བས་དེ་རྫས་སུ་ཡོད་པ་མ་ཡིན་པ་དེ་བཞིན་དུ་ཕྱིས་གྱོ་མོ་དེ་ཞིག་པར་གྱུར་པ་ན་ཡང་དེ་ལ་གྱོ་མོའི་བློ་མི་སྐྱེ་བས་དེ་ཡང་རྫས་སུ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཕྱིས་ནམ་ཞིག་ན་གྱོ་མོ་དེའི་གྱོ་དུམ་ཞིག་པར་གྱུར་པ་ན་ཡང་དེ་ལ་དེའི་བློ་མི་སྐྱེ་བས་དེ་ཡང་རྫས་སུ་ཡོད་པ་མ་ཡིན་ཏེ། ཚུལ་འདིས་བསྒྲེས་ནས་གྱོ་དུམ་དེའི་ཆ་ཤས་དུམ་བུ་དང་། རྡུལ་དང་རྡུལ་ཕྲ་མོ་དང་རྡུལ་ཕྲ་རབ་དང་ཕྱོགས་ཆ་མེད་པའི་རྡུལ་གྱི་མཐར་ཐུག་པའི་བར་དག་ཞིག་པར་གྱུར་ན་ཡང་དེ་དག་ལ་དེ་དག་གི་བློ་མི་སྐྱེ་བས་དེ་དག་ཀྱང་རྫས་སུ་ཡོད་པ་མ་ཡིན་པས་ཕ་རོལ་པོ་དམ་བཅའ་བ་དག་གིས་བུམ་པ་ཞིག་པ་དེ་ལས་གཞན་པའི་གཟུགས་གྱོ་མོ་ལ་སོགས་པ་གང་དག་ལ་དེ་དག་གི་བློ་སྐྱེ་བ་ཡོད་པ་དེ་དག་དོན་དམ་པར་རྫས་སུ་ཡོད་པ་དེ་བཞིན་དུ་བུམ་པ་མ་ཞིག་པ་ཡང་རྫས་སུ་ཡོད་པར་དམ་བཅས་པ་དེ་ལ་ཆོས་མངོན་པ་དེས་གནོད་པའི་ཕྱིར། ཕ་རོལ་པོ་དག་གི་དམ་བཅའ་པ་དེ་མ་གྲུབ་པས་བསྟན་བཅོས་མཛད་པས་དཔེར་ན་བུམ་པ་རྫས་སུ་ཡོད་པ་མ་ཡིན་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་དམ་བཅས་པའི་དགོངས་པ་འགྲུབ་བོ། །”[7] ཞེས་གསུངས་པའི་གཞུང་འདིས་ནི། དབུ་མ་པས་དེ་བཞིན་གཤེགས་པ་རྫས་སུ་ཡོད་པ་མ་ཡིན་ཏེ།  དཔེར་ན་བུམ་པ་བཞིན་ནོ། །ཞེས་ཆོས་མངོན་པ་ལས་བུམ་པ་རྫས་སུ་མ་གྲུབ་པར་བཤད་པ་ལ་བསམས་ནས་རྫས་སུ་མ་གྲུབ་པའི་དཔེར་བྱས་ཏེ། དེ་བཞིན་གཤེགས་པ་རྫས་སུ་གྲུབ་པར་འགོག་པ་བྱས་སོ།།

འགོག་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ཡང་བུམ་པ་ཞིག་པ་ལ་བུམ་པའི་བློ་སྐྱེ་བ་མེད་པས་བུམ་པ་རྫས་སུ་མ་གྲུབ་པ་འདོད་པ་བཞིན། བུམ་པ་ཞིག་པའི་གྱོ་མོ་ལ་ཡང་རང་ཉིད་ཞིག་པ་ལ་རང་ཉིད་འཛིན་པའི་བློ་སྐྱེ་བ་མེད་པས་རྫས་སུ་མེད་པ་དང་། དེ་བཞིན་དུ་གྱོ་དུམ་དང་དེའི་ཆ་ཤས་སོགས་རིམ་བཞིན་ཕྱོགས་ཆ་མེད་པའི་རྡུལ་གྱི་བར་དག་ཞིག་པ་ལ་དེ་དག་གི་བློ་སྐྱེ་བ་མེད་པས། དེ་དག་རྫས་སུ་མ་གྲུབ་པར་འགྱུར་ལ། དེ་ལྟར་ན་བསྟན་བཅོས་མཛད་པ་པོ་སློབ་དཔོན་ལེགས་ལྡན་གྱིས་ཤེས་རབ་སྒྲོན་མེ་ལས་བུམ་པ་རྫས་སུ་ཡོད་པ་མ་ཡིན་པ་བཞིན་དུ་དེ་བཞིན་གཤེགས་པ་ཡང་རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་དམ་བཅའ་བ་དང་། སྒྲུབ་པར་མཛད་པའི་དགོངས་དོན་ཡང་འགྲུབ་པ་ཡིན་ནོ།།

བཞི་པ་བློས་ཆ་ཤས་གཞན་སེལ་ཚུལ་མི་མཚུངས་པ་ནི།

ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པར། དབུ་མ་པ་དག་གིས་བུམ་པ་ལྟ་བུ་གང་ཞིག་པ་དང་མ་ཞིག་པ་ལ་དེ་དག་གི་བློ་སྐྱེ་བ་མེད་པས་རྫས་སུ་ཡོད་པ་མ་ཡིན་པ་བཞིན་དུ་བློས་གཞན་བསལ་བ་དང་མ་བསལ་བ་ལ་ཡང་དེའི་བློ་སྐྱེ་བ་མེད་པས་རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་གསུངས་ཏེ། གཞུང་དེ་ཉིད་ལས། “འདིས་ནི་ཇི་ལྟར་ཞིག་པ་དང་མ་ཞིག་པ་དེ་ལ་དེའི་བློ་སྐྱེ་བ་མེད་པས་རྫས་སུ་ཡོད་པ་མ་ཡིན་པ་བཞིན་དུ་བློས་གཞན་བསལ་བ་དང་མ་བསལ་བ་ལ་ཡང་དེའི་བློ་སྐྱེ་བ་མེད་པས་རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་སྟོན་ཏེ། ”[8] ཞེས་གསུངས་པའི་ཕྱིར་རོ། །སྤྱིར་བྱེ་བྲག་སྨྲ་བ་དང་དབུ་མ་པ་གཉིས་ཀས་ཆ་ཤས་གཞན་སེལ་བ་ཞེས་པའི་ཐ་སྙད་བརྗོད་ཚུལ་གཅིག་པ་ཡིན་ཀྱང་གཞན་སེལ་ཚུལ་གྱི་དོན་མི་གཅིག་སྟེ། དཔེར་ན་བྱེ་བྲག་སྨྲ་བས་མཚན་གཞི་བུམ་པ་ལྟ་བུའི་ཆོས་གཅིག་གི་སྟེང་དུ་ཆ་ཤས་གཞན་སེལ་ཚུལ་ནི་བུམ་པའི་ཆ་ཤས་ལྟོ་ལྡིར་བ་དང་ཞབས་ཞུམ་པ་སོགས་རྡུལ་ཕྲན་རེ་རེ་བཞིན་སེལ་བ་ལ་གཞན་སེལ་བར་འདོད་པ་དང་། དབུ་མ་པས་ཆ་ཤས་གཞན་སེལ་བ་ཞེས་བྱ་བའི་དོན་ནི་དོན་དམ་པར་ངོ་བོ་ཉིད་ཀྱིས་སྐྱེ་བ་སོགས་མེད་པའི་ཚུལ་གྱིས་སེལ་བ་ལ་གཞན་སེལ་ཞེས་འདོད་པ་ཡིན་པར་བཞེད་དེ། གཞུང་དེ་ལས་ཀྱང་། དབུ་མ་པ་ནི་གཞན་སེལ་བ་ཞེས་བྱ་བའི་དོན་ཇི་ལྟར་དངོས་པོའི་ངོ་བོ་ཉིད་དོན་དམ་པར་སྐྱེ་བ་མེད་པར་བསལ་བ་བཞིན་དུ་དངོས་པོ་ཉེ་བར་ལེན་པའི་རྒྱུ་དང་བཅས་པ་གཞན་དག་ཀྱང་དོན་དམ་པར་སྐྱེ་བ་མེད་པའི་ཚུལ་གྱིས་སེལ་བ་ལ་གཞན་སེལ་ཞེས་བྱ་བར་འདོད་པས་དེས་ན་བློས་གཞན་བསལ་བ་ལ་དེའི་བློ་མེད་པ་ཆུ་ལྟ་བུ་དེའི་མི་མཐུན་པའི་ཕྱོགས་དེ་ལས་གཞན་པ་བློས་མ་བསལ་བའི་དངོས་པོ་མེད་པའི་ཕྱིར། ཇི་ལྟར་བློས་གཞན་སེལ་བ་ལ་དེའི་བློ་མེད་པས་དོན་དམ་པར་རྫས་སུ་ཡོད་པ་མ་ཡིན་པ་དེ་བཞིན་དུ་བློས་གཞན་མ་བསལ་བ་ལ་ཡང་དེའི་བློ་མེད་པར་འདྲ་བས་དེ་ཡང་དོན་དམ་པར་རྫས་སུ་ཡོད་པ་མ་ཡིན་ནོ།།[9]

ཞེས་གསུངས་པ་ལྟར་ལུགས་འདི་གཉིས་ཀྱི་རྫས་སུ་གྲུབ་པའི་དོན་མི་མཚུངས་ཏེ། བྱེ་བྲག་སྨྲ་བས་ཆོས་གང་ལ་འཇོམས་བྱེད་ཐོ་བས་བཅོམ་པའམ་སེལ་བྱེད་ཀྱི་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་རུང་བའི་ཆོས་སུ་དམིགས་པས་ན་རྫས་སུ་མ་གྲུབ་པར་འདོད་པ་དང་། དབུ་མ་རང་རྒྱུད་པས་ནི་ཆོས་རྣམས་དོན་དམ་པར་སྐྱེ་བ་ངོ་བོ་ཉིད་མེད་པ་ལ་དགོངས་ནས་རྫས་སུ་མ་གྲུབ་པར་འདོད་པར་སྣང་ངོ་།།

ལྔ་པ།  དོན་དམ་བདེན་པ་རྫས་སུ་ཡོད་ཚུལ་འཆད་པ་ལ། ཤེས་བྱེད་ཀྱི་ཁུངས་དང་། དོན་དམ་བདེན་པའི་ངོ་བོ་གཉིས་ལས། དང་པོ་ཤེས་བྱེད་ཀྱི་ཁུངས་ལུང་འགོད་པ་ནི།

སློབ་དཔོན་དབྱིག་གཉེན་གྱི་མཛོད་གནས་དྲུག་པའི་རྩ་བར། དོན་དམ་ཡོད་གཞན་ནོ། །[10] ཞེས་པས་དོན་དམ་བདེནཔ་ཡོད་པའི་ཚུལ་ལ་ནི་ཀུན་རྫོབ་བདེན་པ་ཡོད་ཚུལ་ལས་གཞན་ཡིན་ནོ་ཞེས་ལུགས་འདིའི་དོན་དམ་བདེན་པ་ངོས་བཟུང་བར་མཛད། གཞུང་དེ་ཉིད་ཀྱི་རང་འགྲེལ་ལས་ཀྱང་། “དེ་ལས་གཞན་པ་ནི་དོན་དམ་པའི་བདེན་པ་སྟེ། གང་ལ་བཅོམ་ཡང་དེའི་བློ་འཇུག་པ་ཁོ་ན་ཡིན་ལ། བློས་ཆོས་གཞན་བསལ་ཡང་དེའི་བློ་འཇུག་པ་དེ་དོན་དམ་པར་ཡོད་པ་ཡིན་ཏེ། དཔེར་ན་གཟུགས་ལྟ་བུའོ། །”[11] ཞེས་དོན་དམ་བདེན་པའི་མཚན་ཉིད་དང་མཚན་གཞི་བསྟན་པར་མཛད་དེ། གཟུགས་ལྟ་བུའི་དོན་དམ་བདེན་པའི་མཚན་གཞི་དེ་ཉིད་གང་ལ་བརྟེན་སའི་རྡུལ་ཕྲན་དང་རྡུལ་ཕྲ་རབ་དེ་དག་ཐོ་བ་ལ་སོགས་པའི་དངོས་པོ་གཞན་གྱིས་བཅོམ་ཡང་དེ་དག་གཟུགས་སུ་རུང་བའི་བདག་ཉིད་ཅན་ཡིན་པས་ན་དེ་དག་ལ་དམིགས་པའི་གཟུགས་འཛིན་རང་བཞིན་གྱི་བློ་མི་འདོར་བར་འཇུག་པ་ཡིན། འོན་ཀྱང་རྡུལ་ཕྲན་དང་རྡུལ་ཕྲ་རབ་དུ་མ་བསགས་པའི་གོང་བུ་ཅན་གྱི་གཟུགས་དེ་ནི་རང་གི་རྟེན་གཞིར་གྱུར་པའི་བསགས་རྡུལ་གྱི་གོང་བུའི་བདག་ཉིད་ལ་ཐོ་བ་ལ་སོགས་པས་བཅོམ་པ་ན་གོང་བུའི་བདག་ཉིད་ཅན་གྱི་གཟུགས་མེད་པར་འགྱུར་བས་ན། གོང་བུའི་གཟུགས་དེ་ཉིད་འཛིན་པའི་བློ་ཡང་འཇུག་པ་མེད་པས་དེ་ནི་ཀུན་རྫོབ་བདེན་པ་ཡིན་ཞིང་། དེས་ན་དོན་དམ་བདེན་པའི་མཚན་གཞིར་གྱུར་པའི་གཟུགས་ལྟ་བུར་མཚན་གཞིར་བཟུང་བ་ཙམ་ཡིན་གྱི་ཁྱབ་པ་ནི་མ་ངེས་པས་སོ།།

གཉིས་པ་དོན་དམ་བདེན་པའི་ངོ་བོ་འཆད་པ་ལ་གསུམ་སྟེ། སྒྲ་བཤད་དང་། མཚན་ཉིད། དེ་རྫས་སུ་ཡོད་ཚུལ།

དང་པོ་སྒྲ་བཤད་ནི།

གཟུགས་དང་བུམ་པའི་སྟེང་གི་མི་རྟག་པ་གཉིས་ཆོས་ཅན། ཁྱོད་ལ་དོན་དམ་བདེན་པ་ཞེས་བརྗོད་པར་བྱ་སྟེ། བཅོམ་པ་དང་བློས་ཆོས་གཞན་བསལ་ཡང་གཟུགས་དང་མི་རྟག་པ་སོགས་སུ་ཡོད་པས་ན་དེ་ལྟར་བརྗོད་པའི་ཕྱིར། སློབ་དཔོན་དབྱིག་གཉེན་གྱིས་མཛོད་གནས་དྲུག་པར་བྱེ་བྲག་སྨྲ་བའི་དོན་དམ་བདེན་པའི་མཚན་ཉིད་དང་མཚན་གཞི་བཞག་པ་མ་གཏོགས་དེའི་སྒྲ་བཤད་མ་གསུངས། འོན་ཀྱང་གྲུབ་མཐའ་གཞན་གྱི་སློབ་དཔོན་རྣམས་ཀྱི་ལུགས་ལ་དོན་དམ་བདེན་པའི་སྒྲ་བཤད་ཇི་ལྟར་ཡིན་པར་གསུངས་པ་ནི། འཇིག་རྟེན་ལས་འདས་པའི་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། དེའི་རྗེས་ཐོབ་དེ་བཞིན་ཉིད་དུ་སྣང་བའི་ཡུལ་ནི་དོན་དམ་པར་ཡོད་པ་ཡིན་ཞེས་གསུངས་ཏེ། སློབ་དཔོན་དབྱིག་གཉེན་གྱི་མཛོད་རང་འགྲེལ་ལས། “སྔོན་གྱི་སློབ་དཔོན་རྣམས་ན་རེ། ཇི་ལྟར་འཇིག་རྟེན་ལས་འདས་པའི་ཤེས་པའམ། དེའི་རྗེས་ལ་ཐོབ་པ་འཇིག་རྟེན་པས་འཛིན་པ་དེ་ལྟར་ནི་དོན་དམ་པའི་བདེན་པ་ཡིན་ནོ། །”[12] ཞེས་དང་། རྒྱལ་སྲས་གྲགས་པའི་བཤེས་གཉེན་གྱི་ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་ལས།  “དེ་བཞིན་དུ་དོན་དམ་པའི་བདེན་པ་ཞེས་བྱ་བ་ནི་ཡེ་ཤེས་དམ་པའི་དོན་ཡིན་པས་དོན་དམ་པའོ། །དེ་ནི་དོན་དམ་པ་ཡང་ཡིན་ལ་དེ་ནི་བདེན་པ་ཡང་ཡིན་པས་དོན་དམ་པའི་བདེན་པའོ། །”[13] ཞེས་དང་། སློབ་དཔོན་གང་སྤེལ་གྱི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་རྗེས་འབྲང་ལས། “དེ་ལྟར་ནི་དོན་དམ་པའི་བདེན་པ་ཡིན་ནོ་ཞེས་བྱ་བ་ལ་དམ་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཏེ། དེའི་དོན་དུ་ཡུལ་ནི་དོན་དམ་པའོ། །”[14] ཞེས་ཡེ་ཤེས་དམ་པའི་དོན་དུ་ཡོད་པའི་ཡུལ་ནི་དོན་དམ་པར་གསུངས་སོ།།

གཉིས་པ་དོན་དམ་བདེན་པའི་མཚན་ཉིད་ནི།

ཆོས་གང་ལ་འཇོམས་བྱེད་ཐོ་བས་བཅོམ་པའམ་སེལ་བྱེད་ཀྱི་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་མི་རུང་བའི་ཆོས་སུ་དམིགས་པ་དེ་དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ནི་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་། ཤེས་པ་སྐད་ཅིག་ཆ་མེད། འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ་ཡིན། སློབ་དཔོན་དབྱིག་གཉེན་གྱི་མཛོད་རང་འགྲེལ་ལས།  “དེ་ལས་གཞན་པ་ནི་དོན་དམ་པའི་བདེན་པ་སྟེ། གང་བཅོམ་ཡང་དེའི་བློ་འཇུག་པ་ཁོ་ན་ཡིན་ལ། བློས་ཆོས་གཞན་བསལ་ཡང་དེའི་བློ་འཇུག་པ་དེ་ནི་དོན་དམ་པར་ཡོད་པ་ཡིན་ཏེ། དཔེར་ན་གཟུགས་ལྟ་བུའོ། །”[15] ཞེས་གསུངས་པ་ལྟར་རོ། །འོ་ན་བྱེ་བྲག་སྨྲ་བའི་ལུགས་འདིར་དོན་དམ་བདེན་པ་ཡིན་ན་ཆ་མེད་ཁོ་ན་ཡིན་དགོས་སམ་ཞེ་ན། དེ་ཡང་དོན་དམ་བདེན་པའི་མཚན་གཞི་བཟུང་བའི་རྡུལ་ཕྲན་ལ་ཆ་མེད་ཡིན་པས་ཁྱབ་པར་བཞེད་ཀྱང་དོན་དམ་བདེན་པ་ལ་ཆ་མེད་ཀྱིས་མ་ཁྱབ་སྟེ། དཔེར་ན་གཟུགས་དང་ཁ་དོག་ལྟ་བུའི་འདུས་བྱས་རྣམས་ཀྱང་བློས་ཇི་ལྟར་བསལ་ཡང་རང་ཡིན་གྱི་ཆ་ཤས་དུ་མ་དང་བཅས་པས་བཟུང་དུ་ཡོད་པ་དང་རྫས་སུ་ཡོད་པས་དོན་དམ་བདེན་པར་འདོད་དེ། སློབ་དཔོན་གང་སྤེལ་གྱི་མཛོད་འགྲེལ་མཚན་ཉིད་རྗེས་འབྲང་ལས། “བསྡུས་པའི་དོན་ནི་རེ་ཞིག་གཟུགས་ནི་གཅིག་ཏུ་རྫས་སུ་ཡོད་པ་ཡིན་ལ། གཟུགས་ཀྱི་ཕུང་པོ་ནི་དགོངས་པས་ཡིན་ནོ། །”[16] ཞེས་གསུངས་སོ།།

གསུམ་པ་ལུགས་འདིར་དོན་དམ་བདེན་པ་རྫས་སུ་ཡོད་ཚུལ་ནི།

སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ་ལས་བྱེ་བྲག་སྨྲ་བའི་འདོད་པ་བརྗོད་སྐབས། “དོན་དམ་པར་ཡོད་པ་ནི་རྫས་སུ་ཡོད་པ་ཞེས་བྱའོ། །”[17] ཞེས་དང་། སློབ་དཔོན་དབྱིག་གཉེན་གྱི་མཛོད་རང་འགྲེལ་ལས། “དེ་ནི་དོན་དམ་པར་ཡོད་པའི་ཕྱིར་དོན་དམ་པའི་བདེན་པ་ཞེས་བྱའོ། །”[18] ཞེས་གསུངས་པ་ལྟར་ལུགས་འདིར་དོན་དམ་བདེན་པ་དང་། དོན་དམ་པར་གྲུབ་པ། དོན་དམ་པར་ཡོད་པ། རྫས་སུ་ཡོད་པ་རྣམས་དོན་གཅིག་ཡིན། ཡང་མཛོད་རང་འགྲེལ་ལས། དེ་ལས་གཞན་དུ་ཡོད་ཚུལ་ནི་དོན་དམ་བདེན་པ་སྟེ། ཆོས་གང་ལ་ཐོ་བས་དངོས་སུ་བཅོམ་པའམ་བློས་ཆོས་གཞན་བསལ་བ་ནའང་དེའི་བློ་འཇུག་པ་དེ་ནི་དོན་དམ་པར་ཡོད་པ་ཡིན་ཏེ། དཔེར་ན་གཟུགས་ཀྱི་རྡུལ་དང་སྐད་ཅིག་མ་ལ་སོགས་པ་ལྟ་བུ་ཡིན། ཚོར་བ་ལ་སོགས་པ་ཡང་དེ་བཞིན་དུ་ལྟ་བར་བྱ་དགོས་ཏེ་དོན་དམ་པར་ཡོད་པའི་ཕྱིར་རོ་ཞེས་གསུངས་ཏེ། གཞུང་དེ་ཉིད་ལས།  “དེ་ལས་གཞན་པ་ནི་དོན་དམ་པའི་བདེན་པ་སྟེ། གང་བཅོམ་ཡང་དེའི་བློ་འཇུག་པ་ཁོ་ན་ཡིན་ལ། བློས་ཆོས་གཞན་བསལ་ཡང་དེའི་བློ་འཇུག་པ་དེ་ནི་དོན་དམ་པར་ཡོད་པ་ཡིན་ཏེ། དཔེར་ན་གཟུགས་ལྟ་བུའོ། །དེ་ལ་ནི་རྡུལ་ཕྲ་རབ་ཏུ་བཅོམ་ཡང་རུང་། བློས་རོ་ལ་སོགས་པའི་ཆོས་བསལ་ཀྱང་རུང་གཟུགས་ཀྱི་རང་བཞིན་གྱི་བློ་འཇུག་པ་ཉིད་དེ། ཚོར་བ་ལ་སོགས་པ་ཡང་དེ་བཞིན་དུ་ལྟ་བར་བྱའོ། །”[19] ཞེས་གསུངས་སོ།།

དེ་ལྟར་ཡང་སློབ་དཔོན་གང་སྤེལ་གྱི་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་རྗེས་འབྲང་ལས། ཚོར་བ་ལ་སོགས་པ་སྐད་ཅིག་མ་དུ་མ་དང་བཅས་པའི་ཚོགས་པ་ནི་ཀུན་རྫོབ་ཏུ་ཡོད་པ་དང་། དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་སེམས་པ་ལ་སོགས་པ་དག་ཀྱང་སྐད་ཅིག་དུ་མའི་རྒྱུན་གྱི་ཚོགས་པ་ཡང་ཀུན་རྫོབ་ཏུ་ཡོད་པར་འདོད་ནས་དེ་དག་སྐད་ཅིག་མ་རེ་རེ་ནི་སྐད་ཅིག་སྔ་ཕྱི་སོགས་ཀྱི་ཆ་ཤས་ཇི་སྙེད་ཅིག་བསལ་ཀྱང་ཚོར་བའི་རང་བཞིན་དུ་གནས་པ་ཉིད་ཡིན་པས་རང་འཛིན་གྱི་བློ་འདོར་བ་མེད་ཅིང་འཇུག་པ་ལ་རྫས་སུ་གསུངས་པའི་ཕྱིར་ཏེ། ཚོར་བ་ལ་སོགས་པ་རེ་རེ་བཞིན་ཆ་ཤས་དང་བཅས་པ་ཡིན་ཡང་རྫས་སུ་ཡོད་པ་ཁོ་ནར་བལྟའོ་ཞེས་བཤད་དེ། གཞུང་དེ་ཉིད་ལས། “ཚོར་བ་ལ་སོགས་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །ཞེས་བྱ་བ་ནི་ཚོར་བ་དང་འདུ་ཤེས་དང་སེམས་པ་ལ་སོགས་པ་དག་ཀྱང་ཚོགས་པ་ཀུན་རྫོབ་ཏུ་ཡོད་པ་ཡིན་ལ། ཚོར་བ་ལ་སོགས་པ་རེ་རེ་ནི་རྫས་སུ་ཡོད་པ་ཁོ་ནར་བལྟའོ། །ཇི་ལྟར་ཞེ་ན། ཚོར་བ་ལ་སོགས་པ་ནི་བློས་བསལ་ནས་ཀྱང་ཚོར་བའི་རང་བཞིན་གྱིས་བློར་འགྱུར་བས་ཚོར་བ་རྫས་སུ་ཡོད་པ་ཡིན་ནོ། །སེམས་པ་ལ་སོགས་པ་དག་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །”[20] ཞེས་དང་། གཞན་ཡང་སློབ་དཔོན་འདུན་བཟང་གི་མཛད་པའི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པའི་རྣམ་པར་བཤད་པར། “དེ་བཞིན་དུ་ཚོར་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱ་སྟེ། དེ་དག་ནི་དོན་དམ་པར་ཡོད་པས་ན་དོན་དམ་པའི་བདེན་པའོ། །”[21] ཞེས་དང་། སློབ་དཔོན་རྒྱལ་པོའི་སྲས་ཀྱི་མཛོད་ཀྱི་འགྲེལ་བཤད་དོན་གསལ་ལས་ཀྱང་། ཚོར་བ་ལ་སོགས་པ་ཡང་དེ་བཞིན་དུ་བལྟ་བར་བྱའོ། །ཞེས་བྱ་བ་ནི་ཚོར་བ་དང་འདུ་ཤེས་དང་སེམས་པ་ལ་སོགས་པ་ཡང་རྫས་སུ་ཁོ་ནར་ལྟའོ། །ཇི་ལྟར་ཞེ་ན་ཚོར་བ་ལ་སོགས་པའི་ཆོས་རྣམས་ནི་བློས་བསལ་ན་ཚོར་བའི་ངོ་བོ་ཉིད་ཀྱི་བློ་འབྱུང་བས། ཚོར་བ་ནི་རྫས་སུ་ཡོད་པ་ཡིན་ཏེ། འདུ་ཤེས་དང་སེམས་པ་ལ་སོགས་པ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །[22] ཞེས་སོ།།

སྟོང་ཉིད་ལ་དོན་དམ་བདེན་པས་ཁྱབ་པ། དོན་དམ་བདེན་པའི་རྣམ་གཞག་ལས་འཕྲོས་ཏེ་བྱེ་བྲག་སྨྲ་བའི་ལུགས་འདིར་འདུས་མ་བྱས་གསུམ་མམ་བཞི་འདོད་མིན་དང་།  སྟོང་པ་ཉིད་དམ་དེ་བཞིན་ཉིད་ཀྱི་ཐ་སྙད་ཇི་ལྟར་བྱ་མིན། སྟོང་ཉིད་ཀྱི་ཐ་སྙད་འདོད་དང་མི་འདོད། དེ་དོན་དམ་བདེན་པ་ཡིན་མིན་འཕྲོས་དོན་ཅུང་ཟད་བཤད་པ་ལ།

བྱེ་བྲག་སྨྲ་བའི་རང་ལུགས་ལ་སྟོང་ཉིད་ཡིན་ན་དོན་དམ་བདེན་པ་ཡིན་པས་ཁྱབ་ཀྱང་དོན་དམ་བདེན་པ་ཡིན་ན་སྟོང་ཉིད་ཡིན་མི་དགོས་ཏེ། འདུས་མ་བྱས་གསུམ་དང་འདུས་བྱས་ཆ་མེད་སོགས་དོན་དམ་བདེན་པར་འདོད་ཀྱང་སྟོང་ཉིད་མི་འདོད་པ་ཡིན། འོ་ན་ལུགས་འདིའི་སྟོང་ཉིད་འདོད་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། སློབ་དཔོན་དབྱིག་གཉེན་གྱི་མཛོད་གནས་བརྒྱད་པ་སྙོམས་འཇུག་བསྟན་པ་ལས། སྟོང་ཉིད་བདག་མེད་སྟོང་ཉིད་དུ། །[23] ཞེས་དང་། ཡང་དེའི་གཤམ་དུ། སྟོང་ཉིད་སྟོང་ཉིད་ཅེས་ལ་སོགས། །[24] ཞེས་སོགས་ཀྱི་རྩ་འགྲེལ་རྣམས་ལས་གསུངས་པ་ལྟར་བདེན་བཞི་མི་རྟག་སོགས་བཅུ་དྲུག་གི་ནང་ཚན་སྡུག་བདེན་གྱི་རྣམ་པ་བཞི་ལས་སྟོང་པ་དང་བདག་མེད་པ་གཉིས་ལ་སྟོང་ཉིད་དུ་འདོད་པ་ཡིན། སྟོང་ཉིད་ལ་འདུས་བྱས་སུ་འདོད་པའི་ནང་པའི་གྲུབ་མཐའ་སྨྲ་བ་སུ་ཡང་མེད་དེ། དེ་འདུས་མ་བྱས་སུ་འདོད་དགོས་ལ། མཛོད་རྩ་བར་འདུས་མ་བྱས་རྣམ་གསུམ་ཡང་སྟེ་ཞེས་འདུས་མ་བྱས་གསུམ་དུ་གསུངས་པས། སྟོང་པ་ཉིད་དེ་དེ་གསུམ་གང་དུ་འདོད་མིན་དཔྱོད་དགོས་པར་སྣང་ལ། འོན་ཀྱང་སློབ་དཔོན་ལེགས་ལྡན་གྱིས་རྟོག་གེ་འབར་བ་ལས་བྱེ་བྲག་སྨྲ་བའི་འདོད་པ་བརྗོད་སྐབས་འདུས་མ་བྱས་བཞི་ཁས་ལེན་པར་གསུངས་ཏེ།

འདུས་མ་བྱས་ནི་འགོག་གཉིས་དང་། ནམ་མཁའ་དང་ནི་དེ་བཞིན་ཉིད། །[25]ཅེས་དང་། སློབ་དཔོན་བྱང་ཆུབ་བཟང་པོའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ཀྱི་འགྲེལ་པར། “འདི་ལྟར་འདུས་མ་བྱས་བཞི་པོ་དག་ནི་ཁོ་བོ་ཅག་གི་ཕྱོགས་ལ་ཡང་རྫས་སུ་ཡོད་པར་འདོད་པའི་ཕྱིར་ཏེ། བཞི་གང་ཞེ་ན་ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང་། སོ་སོར་བརྟགས་པའི་འགོག་པ་དང་། དེ་བཞིན་ཉིད་དེ་ཞེས་རྩོད་པ་སྨྲ་སྟེ། ཡུལ་དབུས་ཀྱི་བྱེ་བྲག་སྨྲ་བ་དག་གི་འདུས་མ་བྱས་བཞིར་འདོད་པས། ”[26] ཞེས་འདུས་མ་བྱས་བཞི་འདོད་མཁན་ནི་ཡུལ་དབུས་ཀྱི་བྱེ་བྲག་སྨྲ་བ་ཡིན་པར་བཤད་ཀྱང་རྟོག་གེ་འབར་བ་ལས་དེ་ལྟ་བུ་གསལ་ཁ་མཛད་པ་མ་མཐོང་ངོ་། །དེས་ན་སྐབས་འདིར་འདུས་མ་བྱས་བཞི་གསུངས་པའི་ནང་ཚན་གྱི་དེ་བཞིན་ཉིད་དང་། སྟོང་ཉིད། མྱང་འདས་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་སྣང་སྟེ། སློབ་དཔོན་གང་སྤེལ་གྱི་མཛོད་འགྲེལ་མཚན་ཉིད་རྗེས་འབྲང་ལས། “སྟོང་པ་དང་བདག་མེད་པ་དག་མེད་པ་ནི་མྱ་ངན་ལས་འདས་པའི་ཡང་མཚན་ཉིད་ཡིན་ནོ། །”[27] ཞེས་གསུངས་པ་ལྟར་རོ། །འོ་ན་དབུ་མ་སྙིང་པོ་རྩ་འགྲེལ་དང་ཡེ་ཤེས་སྙིང་པོ་ཀུན་བཏུས་བཅས་ལས་འདུས་མ་བྱས་བཞིར་གསུངས་པ་དང་། སློབ་དཔོན་དབྱིག་གཉེན་གྱི་མཛོད་ཀྱི་རྩ་འགྲེལ་ལས་འདུས་མ་བྱས་གསུམ་གསུངས་པ་གཉིས་འགལ་དང་མི་འགལ་ཞེ་ན། འགལ་བ་ལྟ་བུར་སྣང་སྟེ། བྲེ་བྲག་སྨྲ་བའི་ལུགས་འདིར་སྟོང་བདག་མེད་གཉིས་འདུས་མ་བྱས་སུ་འཇོག་པ་མི་འཐད་དེ། འདུས་མ་བྱས་ལ་ནམ་མཁའ་དང་འགོག་པ་གཉིས་ཏེ་གསུམ་དུ་གྲངས་ངེས་པའི་ཕྱིར་ཏེ། མཛོད་གནས་དང་པོའི་རྩ་བར། འདུས་མ་བྱས་རྣམ་གསུམ་ཡང་སྟེ། །[28] ཞེས་གསུངས་པའི་ཕྱིར་དང་། གཞན་ཡང་མཆིམས་འཇམ་དབྱངས་ཀྱི་འགྲེལ་པ་མངོན་པའི་རྒྱན་ལས། གལ་ཏེ་དེ་བཞིན་ཉིད་ཀྱང་འདུས་མ་བྱས་མ་ཡིན་ནམ་ཅིའི་ཕྱིར་རྣམ་པ་གསུམ་དུ་བརྗོད་ཅེ་ན། དེ་བཞིན་ཉིད་ནི་བདག་མེད་པ་ལ་འདོད་ན་ཆོས་ཀྱི་བདག་མེད་ནི་སྡེ་པ་དག་གིས་མི་འདོད་ལ། གང་ཟག་གི་བདག་མེད་ནི་བདེན་བཞིའི་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ལ་འདོད་པས་ན། འགོག་བདེན་གྱི་རྣམ་པ་རྣམས་ནི་སོ་སོར་བརྟགས་འགོག་གི་ངོ་བོ་ཉིད་ཡིན་ལ། བདེན་པ་གསུམ་གྱི་རྣམ་པ་རྣམས་ནི་འདུས་བྱས་ཀྱི་བདག་ཉིད་ཡིན་པའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་བའི་འདུས་མ་བྱས་ལོགས་པ་ནི་མེད་དོ། །[29]

ཞེས་གསུངས་པ་ལྟར་ལུགས་འདིས་ཆོས་ཀྱི་བདག་མེད་ནི་མི་འདོད་ལ། གང་ཟག་གི་བདག་མེད་ནི་བདེན་བཞིའི་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ལས་གཞན་མེད་ཅིང་། སྡུག་བདེན་གྱི་རྣམ་པར་གྱུར་པའི་བདག་མེད་ནི་འདུས་བྱས་ཀྱི་བདག་ཉིད་ཡིན་པར་འཆད་དོ། །འོན་ཀྱང་མཁས་པའི་ངག་རྒྱུན་ལ་དེ་གཉིས་མི་འགལ་བར་སྒྲུབ་བྱེད་དུ་མཛོད་རྩ་བས་བསྟན་པའི་གསུམ་ཞེས་པ་ནི་འདུས་མ་བྱས་རྫས་གྲུབ་ཀྱི་དབང་དུ་བྱས་ཏེ་གསུངས་པ་དང་། གཞན་བཞི་བཤད་པ་ནི་ལུགས་འདིའི་སྤྱིར་འདུས་མ་བྱས་ཀྱི་ཆོས་ཇི་ཙམ་འདོད་མིན་ལ་གསུངས་པ་ཡིན་ཞེས་སྨྲ་ལ། འོ་ན་འདུས་མ་བྱས་རྫས་གྲུབ་ཅེས་པའི་དོན་གང་ཡིན་ཞེ་ན། རང་གི་དགག་བྱ་ཤེས་བྱ་ལ་སྲིད་པའི་འདུས་མ་བྱས་ཤིག་ལ་འདོད་དེ། ནམ་མཁའི་དགག་བྱ་ནི་ཐོགས་རེག་དང་། སྤང་བྱ་དང་མ་འོངས་སྐྱེ་རྒྱུའི་ཆོས་གཉིས་འགོག་པ་གཉིས་ཀྱི་དགག་བྱ་ཡིན་ཅིང་། དེ་དག་ནི་རྫས་སུ་གྲུབ་ལ། སྟོང་པ་ཉིད་དམ་བདག་མེད་པའི་དགག་བྱ་ནི་རྫས་སུ་གྲུབ་པ་ནམ་ཡང་མི་འདོད་པས། འདི་ཉིད་འདུས་མ་བྱས་སུ་འདོད་ཀྱང་འདུས་མ་བྱས་རྫས་གྲུབ་ཏུ་མི་འདོད་དོ་ཞེས་ཁྱད་པར་འབྱེད་དོ། །ཁོ་བོ་ལྟར་ན་རྟོག་གེ་འབར་བ་ལས་གསུངས་པ་ལྟར་ཉི་འོག་པའམ་ཡུལ་དབུས་ཀྱི་བྱེ་བྲག་སྨྲ་བས་འདུས་མ་བྱས་བཞིར་འདོད་པ་དང་། ཁ་ཆེ་བྱེ་བྲག་སྨྲ་བས་འདུས་མ་བྱས་གསུམ་དུ་འདོད་པ་ཡིན་སྙམ་མོ།།


[1]  སྡེ་དགེ་བསྟན་འགྱུར།  དབུ་མ།  ཟ།  ཤོག་གྲངས།  ༡༧༣ པར་གསལ།

[2]  སྡེ་དགེ་བསྟན་འགྱུར།  མངོན་པ།  ཁུ།  ཤོག་གྲངས།  ༧ པར་གསལ།

[3]  སྡེ་དགེ་བསྟན་འགྱུར།  མངོན་པ།  ཁུ།  ཤོག་གྲངས།  ༧ པར་གསལ།

[4]  འབྲས་སྤུངས་སྒོ་མང་དཔེ་མཛོད།  ༡༩༩༩ ཤོག་གྲངས།  ༡༩༠ པར་གསལ།

[5]  སྡེ་དགེ་བསྟན་འགྱུར། དབུ་མ། ཟ།  ཤོག་གྲངས། ༡༧༣ པར་གསལ།

[6]  སྡེ་དགེ་བསྟན་འགྱུར། དབུ་མ། ཟ།  ཤོག་གྲངས། ༡༧༤ པར་གསལ།

[7]  སྡེ་དགེ་བསྟན་འགྱུར།  དབུ་མ།  ཟ།  ཤོག་གྲངས།  ༡༧༤ པར་གསལ།

[8]  སྡེ་དགེ་བསྟན་འགྱུར།  དབུ་མ།  ཟ།  ཤོག་གྲངས།  ༡༧༥ པར་གསལ།

[9]  སྡེ་དགེ་བསྟན་འགྱུར།  དབུ་མ། ཟ།  ཤོག་གྲངས།  ༡༧༥ པར་གསལ།

[10]  སྡེ་དགེ་བསྟན་འགྱུར།  མངོན་པ། ཀུ། ཤོག་གྲངས།  ༡༨ པར་གསལ།

[11]  སྡེ་དགེ་བསྟན་འགྱུར།  མངོན་པ།  ཁུ།  ཤོག་གྲངས།  ༧ པར་གསལ།

[12]  སྡེ་དགེ་བསྟན་འགྱུར།  མངོན་པ།  ཁུ།  ཤོག་གྲངས།  ༧ པར་གསལ།

[13]  བསྟན་འགྱུར་དཔེ་བསྡུར་མ།  མངོན་པ།  ཀུ།  ཤོག་གྲངས།  ༡༢༢༤ པར་གསལ།

[14]  སྡེ་དགེ་བསྟན་འགྱུར།  མངོན་པ།  ཆུ།  ཤོག་གྲངས།  ༡༥༥ པར་གསལ།

[15]  སྡེ་དགེ་བསྟན་འགྱུར།  མངོན་པ།  ཁུ།  ཤོག་གྲངས།  ༧ པར་གསལ།

[16]  སྡེ་དགེ་བསྟན་འགྱུར།  མངོན་པ།  ཅུ།  ཤོག་གྲངས།  ༤༨ པར་གསལ།

[17]  སྡེ་དགེ་བསྟན་འགྱུར།  དབུ་མ།  ཟ།  ཤོག་གྲངས།  ༡༧༣ པར་གསལ།

[18]  སྡེ་དགེ་བསྟན་འགྱུར།  མངོན་པ།  ཁུ།  ཤོག་གྲངས།  ༧ པར་གསལ།

[19]  སྡེ་དགེ་བསྟན་འགྱུར། མངོན་པ།  ཁུ།  ཤོག་གྲངས།  ༧ པར་གསལ།

[20]  སྡེ་དགེ་བསྟན་འགྱུར། མངོན་པ།  ཆུ།  ཤོག་གྲངས།  ༡༥༥ པར་གསལ།

[21]  བསྟན་འགྱུར་དཔེ་བསྡུར་མ།  མངོན་པ།  ཁུ།  ཤོག་གྲངས།  ༡༢༣༡ པར་གསལ།

[22]  སྡེ་དགེ་བསྟན་འགྱུར།  མངོན་པ།  ངུ་།  ཤོག་གྲངས།  ༡༦༠ པར་གསལ།

[23]  སྡེ་དགེ་བསྟན་འགྱུར།  མངོན་པ། ཀུ། ཤོག་གྲངས།  ༢༤ པར་གསལ།

[24]  སྡེ་དགེ་བསྟན་འགྱུར།  མངོན་པ། ཀུ། ཤོག་གྲངས།  ༢༤ པར་གསལ།

[25]  སྡེ་དགེ་བསྟན་འགྱུར།  དབུ་མ།  ཛ།  ཤོག་གྲངས།  ༨༨ པར་གསལ།

[26]  སྡེ་དགེ་བསྟན་འགྱུར།  དབུ་མ།  ཚ།  ཤོག་གྲངས།  ༤༡ པར་གསལ།

[27] བསྟན་འགྱུར་དཔེ་བསྡུར་མ།  མངོན་པ།  ཆུ།  ཤོག་གྲངས།  ༡༦༣༧ པར་གསལ།

[28] སྡེ་དགེ་བསྟན་འགྱུར།  མངོན་པ།  ཀུ།  ཤོག་གྲངས།  ༡ པར་གསལ།

[29] བོད་ཀྱི་གཙུག་ལག་གཅེས་བཏུས།  པོད།  ༢༣   ༢༠༠༩ ཤོག་གྲངས།  ༢༠ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།