སྐད་དང་ཡི་གེ་སྦྱོང་དགོས་པའི་འབོད་པ།

བཙུན་དགོན་ལོ་རིམ་ལྔ་པའི་སློབ་གཉེར་བ། བསོད་ནམས་ལྷ་མོ།

མི་སུ་དང་སུ་ལ་མཚོན་ནའང་རང་ཉིད་འཇིག་རྟེན་འདིར་སྐྱེས་པའི་ཉི་མ་དང་པོ་ནས་བཟུང་། དེ་ལ་སྐད་དང་ཡི་གེ་རང་ཆས་སུ་གྲུབ་ཡོད། རང་ཉིད་མི་རིགས་གང་གི་ངོ་བོར་སྐྱེས་ཀྱང་དེ་ཡི་སྐད་ཡིག་གི་རྗེས་སུ་སྙེག་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་ལ། དཔེར་ན་རང་ཉིད་ཨ་མ་གང་ལས་སྐྱེས་པ་དེ་ནི་ཁྱོད་ཀྱི་ཨ་མ་ཡིན་པ་ལས་གཞན་སུ་ཡང་ཁྱོད་ཀྱི་ཨ་མ་ཡིན་མི་སྲིད། དེ་བཞིན་རང་ཉིད་མི་རིགས་གང་གི་ངོ་བོར་སྐྱེས་ཀྱང་། མི་རིགས་དེའི་སྐད་ཡིག་ནི། ཁྱོད་ཀྱི་སྐད་ཡིག་ཡིན་པ་ལས་གཞན་ཞིག་ཡིན་མི་སྲིད།
རང་གི་སྐད་ཡིག་འཛིན་སྐྱོང་ཅི་ཕྱིར་བྱེད་དགོས།

འོ་ན་སྐྱེས་པ་ནས་བཟུང་སྐད་དང་ཡི་གེ་རང་ཆས་སུ་གྲུབ་ཡོད་ན། དེ་འཛིན་སྐྱོང་ཅིའི་ཕྱིར་བྱེད་དགོས་སམ་ཞེ་ན། ཕ་མས་ང་ཚོར་འཇིག་རྟེན་འདིར་འཚོ་བའི་ཆེད་དུ་ཚེ་སྲོག་དང་འཚོ་རྟེན་ས་ཞིང་སོགས་གནང་བ་དང་། ང་ཚོས་ཚེ་སྲོག་གནས་པའི་ཆེད་ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་ལ་གང་གཟབ་གཟབ་བྱེད་པ་དང་། ས་ཞིང་སོགས་འཚོ་རྟེན་དུ་ཉར་ཚགས་བྱས་ནས་ཕྱིས་སོ་སོའི་ལུས་སེམས་ཀྱིས་མ་ལྕོགས་ན་བུ་རྒྱུད་སོགས་ལ་རྩིས་སྤྲོད་བྱེད་པ་བཞིན་དུ། ང་ཚོའི་སྐད་དང་ཡི་གེ་ཡང་རང་ཉིད་འཇིག་རྟེན་འདི་རུ་དུས་ཡུན་རིང་ཐུང་ཇི་ཙམ་གནས་པའི་བར་དུ་འཛིན་སྐྱོང་བྱས་ཏེ། མཐར་རང་ཉིད་ཀྱི་བུ་རྒྱུད་དམ་མ་འོངས་པའི་སོན་རྩ་ཚོར་རྩིས་སྤྲོད་གཙང་མ་བྱེད་དགོས་ལ། གལ་ཏེ་ཁྱོད་ལ་ངོ་ཚ་དང་འགན་ཁུར་ཡོད་ན་སྐད་ཡིག་ར་མ་ལུག་ལྟ་བུ་མིན་པར་གཙང་མ་རྩིས་སྤྲོད་བྱེད་དགོས་ཤིང་། བརྡ་དང་ཐ་སྙད་ཀྱིས་མ་འདང་བ་མིན་པར་ཆ་ཚང་བ་ཞིག་རྩིས་སྤྲོད་དགོས།
ཅིའི་ཕྱིར་རང་གི་སྐད་ཡིག་དར་སྤེལ་གཏོང་དགོས།

སྐད་དང་ཡི་གེ་རང་ཆས་སུ་ཡོད་ན་དར་སྤེལ་ཅིའི་ཕྱིར་གཏོང་དགོས་སམ་ཞེ་ན། སྐད་ཡིག་དེར་ཉམས་རྒུད་འགྲོ་བའི་རྒྱུ་རྐྱེན་ཚོགས་ན། རིམ་བཞིན་ཡལ་འགྲོ་བ་ཡིན་ཏེ། གནའ་སྔ་མོར་མཚོན་ན་ཉམས་རྒུད་དུ་འགྲོ་རྒྱུ་དམིགས་བསལ་གང་ཡང་མེད། གང་ཡིན་ཟེར་ན་འཚོ་བ་འདྲ་ཞིག་ལ་ཆ་མཚོན་ནའང་མི་མང་ཆེ་བ་རང་ཁ་རང་གསོ་ཡིན་ལ། མ་ཟད་རྒྱལ་ཁབ་གཅིག་ནས་གཅིག་ཏུ་འགྲོ་བའི་འགྲུལ་བཞུད་ཀྱང་ཧ་ཅང་ཉུང་ཉུང་ཡིན་པས་སྐད་དང་ཡི་གེ་འདྲེས་པའི་དོགས་ཟོན་ཡང་བྱེད་མི་དགོས། དེང་སང་ནི་དེ་ཡི་ལྡོག་ཕྱོགས་ཡིན། དེའི་རྐྱེན་པས་དར་སྤེལ་གཏོང་དགོས། དེང་སང་ནི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཉམས་རྒུད་དུ་འགྲོ་བའི་རྐྱེན་སྣ་ཚོགས་ཡོད་དེ། དེ་ཡང་སྐད་དང་ཡི་གེ་ཇི་ལྟར་ཉམས་ཤིང་རྒུད་ཅེ་ན། འཚོ་བ་དང་། འདུ་ཚོགས། གསར་གཏོད་བཅས་ཀྱི་རྐྱེན་པས་ཉམས་ཀྱིན་ཡོད།

༡༽ སྐད་དང་ཡི་གེ་ནི་འཚོ་བའི་རྐྱེན་གྱིས་ཇི་ལྟར་ཉམས་སྙམ་ན།

སྐད་ཡིག་གང་གིས་འཚོ་བའི་ཆ་རྐྱེན་སྐྲུན་གྱིན་ཡོད་པ་དེ་ཡི་རྗེས་སུ་ཆ་ཚང་རྒྱུག་འགྲོ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན། གཞན་གྱི་སྐད་དང་ཡི་གེར་ལོ་ནས་ལོར་འབད་བརྩོན་བྱས་ཏེ་སྦྱོང་བ་དེ་ཡང་རྒྱུ་མཚན་རྩད་གཅོད་བྱས་ན་འགྲོ་ས་གཅིག་མ་གཏོགས་མེད། དེ་ནི་འཚོ་བའི་ཕྱིར་ཡིན་ཏེ། དེ་ནི་གཞན་ལ་སྐད་ཆ་འདྲི་མི་དགོས་པར་སོ་སོས་བསམ་བློ་བཏང་ན་ཤེས་ངེས། དཔེར་ན་གང་ཟག་གང་ཡང་རུང་བ་ཞིག་རང་གི་ནང་ཚང་སྐྱོང་བའི་ཆེད་དུ་ལོ་ལྟར་རྒྱ་གར་དུ་ཚོང་ལ་འགྲོ་བཞིན་ཡོད་ན། རླངས་འཁོར་གྱི་འཛིན་བྱང་དང་། མེ་འཁོར་གྱི་འཛིན་བྱང་ལ་སོགས་པར་དབྱིན་ཡིག་དང་རྒྱ་གར་གྱི་ཡི་གེ་བསྲེས་ནས་ཡོད། ཡི་གེ་དེ་དག་ཀློག་མ་ཤེས་ཚེ་གཞན་ལ་སྐད་ཆ་འདྲི་དགོས་ཐུག་ཅིང་། འགའ་རེ་ཡིས་ཁ་འཇམ་ཚིག་འཇམ་གྱི་སྒོ་ནས་ལམ་སྟོན་གནང་རུང་། མི་ཚང་མ་གཅིག་མཚུངས་མིན་པས་སྐབས་རེར་ཡ་མེད་སྣང་མེད་དུ་གཏོང་བ་ཡིན། ཐ་ན་ཁ་ལག་ཅིག་བཟའ་ནའང་ཟས་ཐོ་ཆ་ཚང་དབྱིན་ཡིག་གི་ཐོག་ཏུ་ཡོད་པས་སྐབས་རེ་ཁ་ལག་ཀྱང་ཇི་ལྟར་བྱས་ཏེ་ཟ་དགོས་མིན་མི་ཤེས་པའི་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་དཀའ་ངལ་མི་ཉུང་བ་ཕྲད་དུས་ཁོའི་སེམས་པར་དབྱིན་ཡིག་མ་ཤེས་ཐབས་མེད་རེད་འདུག་སྙམ་ནས་རང་གིས་ཀྱང་སྦྱང་བརྩོན་བྱེད་པ་མ་ཟད་རང་གི་ཕྲུ་གུ་ལའང་སྦྱོང་དུ་འཇུག་གིན་ཡོད། སྐད་ཡིག་ནི་འཚོ་བའི་རྗེས་འབྲང་ཡིན་པའི་དཔེ་མཚོན་གཅིག་ནི། མི་ཚོས་ཕྱི་ཡི་རྒྱལ་ཁབ་ཏུ་མ་ཕྱིན་པའི་གོང་དུ་དབྱིན་ཡིག་སྦྱོང་གི་ཡོད་པས། དབྱིན་ཡིག་ཅིའི་ཕྱིར་སྦྱོང་ངམ་དྲིས་ན། ཐེ་ཚོམ་མེད་པར་དབྱིན་ཡུལ་དུ་འགྲོ་རྒྱུ་ཡིན་ཞེས་ལན་འདེབས་སྲིད། དབྱིན་ཡུལ་དུ་ཅིའི་ཕྱིར་འགྲོའམ་དྲིས་ན། འདིར་ལས་ཀ་རག་གི་མི་འདུག རག་པའི་དབང་དུ་བཏང་ནའང་ཡོང་འབབ་ཡག་པོ་གསོག་མི་ཐུབ་ཅེས་ཟེར་ཐག་ཆོད་རེད། དེའི་ཕྱིར་འཇིག་རྟེན་འདིར་སྡོད་པའི་རིང་ཇི་ལྟར་བྱས་ཀྱང་འཚོ་བ་སྐྱེལ་དགོས་པས། འཚོ་བ་དེ་ཡང་གཞན་ལ་བརྟེན་ནས་སྐྱེལ་དགོས་པ་ཡིན་སྟབས་གཞན་གྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་དགོས་ཡོད་པ་གསལ་པོ་རེད།

༢༽ འདུ་ཚོགས་ཀྱི་རྗེས་སུ་སྐད་ཡིག་ཇི་ལྟར་འབྲང་ངམ་ཞེ་ན།

ཚོགས་པའི་ནུས་པ་ནི་ཆེས་ཤུགས་ཆེན་ཞིག་ཡིན་པས། དཔེར་ན་འཛིན་སྐྱོང་ཕུན་སུམ་ཚོགས་པའི་སློབ་གྲྭ་ཞིག་ལ་མཚོན་ན་ཚོགས་པ་ཞིག་ཡིན་པས། དེ་ཡི་ནང་དུ་ཡོད་པའི་སློབ་ཕྲུག་དག་བརྒྱ་ཆ་བརྒྱ་ནས་བརྒྱ་ཆ་བདུན་ཅུ་ཙམ་སློབ་སྦྱོང་དང་ཀུན་སྤྱོད་ཆེས་ཕུལ་དུ་བྱུང་བ་རྐྱང་རྐྱང་ཡིན་པ་ལ་ཆ་བཞག་ནའང་། ལྷག་མ་རྣམས་དེ་ཙམ་མེད་ཀྱང་དེ་དག་གིས་སློབ་གྲྭ་དེ་ནས་ཡིན་ཞེས་བཤད་ན་སློབ་སྦྱོང་དང་ཀུན་སྤྱོད་མེད་ཀྱང་ཡོད་པའི་གྲས་སུ་ཚུད་འགྲོ་བ་ཡིན། རང་གི་སྐད་ཡིག་ལ་ཤ་ཞེན་དང་རྒྱུན་དུ་བཀོལ་སྤྱོད་བྱེད་མཁན་ཡིན་རུང་རྐྱེན་འགའ་ཞིག་ལ་བརྟེན་ནས་མི་རིགས་གཞན་གྱི་སྤྱི་ཚོགས་ལ་སྡོད་དགོས་བྱུང་ཚེ། སྐབས་དེ་དུས་ཁོར་ཡུག་དང་འཚོ་བའི་ཆ་རྐྱེན་མང་པོ་ཞིག་མ་མཐུན་པའི་རྐྱེན་གྱིས་རིམ་བཞིན་གཞན་དང་བསྟུན་དགོས་པར་འགྱུར་ངེས། དེ་ནས་ཉི་མ་ནས་ཉི་མ་བཞིན་དུ་གཞན་སྐད་བཀོལ་སྤྱོད་དང་རང་གི་སྐད་ཡིག་སྤྱོད་ས་མེད་པ་དང་སྤྱོད་པའི་དུས་ཚོད་ཀྱང་མི་འདང་བ་ཡིན་ནོ། །གཞན་གྱི་སྐད་དང་ཡི་གེ་ལ་གོམས་འདྲིས་ཆེས་ཆེར་འགྲོ་བའི་སྐབས་སུ་རང་གི་སྐད་དང་ཡི་གེ་རིམ་བཞིན་ཡལ་འགྲོ་བ་ཡིན། །གལ་ཏེ་རང་གི་སྐད་ཡིག་ལ་ཤ་ཞེན་ཡོད་ན་སྐད་ཡིག་དེའི་ཐོག་ནས་ཚོགས་པ་འཛུགས་དགོས་ཤིང་། ཚོགས་པ་དེ་རང་གི་སྐད་ཡིག་ཐོག་ནས་ཁ་ལོ་བསྒྱུར་ཐུབ་པ་དང་། རང་གི་སྐད་ཡིག་དང་འབྲེལ་བའི་སྒོ་ནས་མི་རིགས་ལ་ལས་གནས་སྤྲོད་ཐུབ་པ་ཞིག་བྱ་དགོས་སོ།།

༣༽གསར་གཏོད་མེད་བའི་སྒོ་ནས་སྐད་ཡིག་ཇི་ལྟར་ཉམས་སྟངས་ནི།

མི་གང་ཡང་རུང་བ་ཞིག་གིས་དངོས་པོ་ཡ་མཚན་ཅན་ཞིག་འཇིག་རྟེན་འདིའི་ཐོག་གསར་གཏོད་བྱས་པའི་དབང་དུ་བཏང་ན། ཆེས་ཐོག་མར་དངོས་པོ་ཁྱབ་བསྒྲགས་གཏོང་སྐབས་མི་དེའི་སྐད་དང་ཡི་གེའི་ལམ་ནས་གཏོང་དགོས་པ་མ་གཏོགས་གཞན་ཞིག་གིས་བཏང་ན་མི་ཆོག་ལ་ཇི་ལྟར་གཏོང་དགོས་པའང་མི་ཤེས། དངོས་པོ་དེ་བཀོལ་སྤྱོད་བྱེད་སྟངས་ཚང་མ་མི་དེའི་སྐད་ཡིག་དུ་གྲུབ་ཡོད་པས། དངོས་པོ་དེ་ལ་ཡིད་སྨོན་སུས་སྐྱེས་ཀྱང་དེའི་ངང་གིས་མི་དེ་སྐད་དང་ཡི་གེ་སྦྱང་བརྩོན་བྱེད་པ་དང་ཤེས་རྟོགས་བྱེད་སྲིད་པ་ཞིག་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས་འཇིག་རྟེན་འདིའི་ཐོག་རྒྱལ་ཁབ་གང་ཞིག་གི་སྐད་ཡིག་ཁྱབ་སྤེལ་མང་ཤོས་འགྲོ་བཞིན་ཡོད་པ་དེ་ནི་འཇིག་རྟེན་འདིའི་ཐོག་དངོས་པོ་གསར་གཏོད་མང་ཤོས་བྱེད་མཁན་གྱི་གྲས་ཤིག་ཡིན་ནོ།།

ཀ༽ད་འོ་ན་འཚོ་བའི་རྗེས་སུ་མ་རྒྱུགས་པར་སྐད་དང་ཡི་གེ་སྦྱོངས་ཟེར་རམ།
དེ་ནི་འགྲིག་ཐབས་མེད་པ་ཞིག་ཡིན་ཏེ། འཚོ་བ་ཉིན་གཅིག་ཀྱང་མ་ཆག་པར་སྐྱེལ་དགོས་པས་མི་རིགས་གང་ཞིག་གིས་འཚོ་བའི་ལམ་སྣེ་སྟོན་ཚེ། དེ་ཡི་བཀའ་གསུང་ཅི་སྒྲུབ་ཞུ་དགོས། སྤྱིར་དེ་འདྲ་ཞིག་ཡིན་མོད། རེད་དེ་གང་ལ་རང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་དུང་ཞེན་ཡོད་ན་འཚོ་བ་ནམ་ཡང་གཞན་གྱི་ཁ་ལོར་བསྒྱུར་དུ་མི་འཇུག་པ་དེ་ཡིན། རང་གིས་འཚོ་བའི་ལམ་ལུགས་དེ་གཞན་ཞིག་ཏུ་བསྒྱུར་ནས་འབད་པ་དང་རྩོལ་བའི་སྒོ་ནས་ལམ་གསར་པ་ཞིག་འཚོལ་དགོས་པས། ཁྱོད་ཀྱིས་འབད་རྩོལ་གྱིས་བཙལ་ན་རྙེད་སྲིད་ཀྱང་། དཔེར་ན་དེ་ཡི་གོང་དུ་ཁྱོད་ལ་འཚོ་བའི་ལམ་སྣེ་སྟོན་མཁན་དེ་ཡང་ཁོ་རང་གིས་བཙལ་ནས་རྙེད་པ་ཞིག་མ་ཡིན་ནམ། གལ་ཏེ་ཁོས་བཙལ་བ་མ་ཡིན་ཀྱང་ཁོའི་ཕ་མས་བཙལ་ཟིན་པ་དེ་ཁོས་རྒྱུན་སྐྱོང་བྱེད་པ་ཞིག་ཡིན་ཀྱང་སྲིད།

གལ་ཏེ་འཚོལ་རྒྱུ་ཡོད་ན་རྙེད་རྒྱུ་ཡོད་པ་དེ་ཡང་ཐག་ཆོད་པ་ཞིག་ཡིན། དུས་ཚོད་སྤྲད་དེ་བཙལ་ནས་རྙེད་པ་དེ་ཡང་ངང་རྒྱུད་རིང་པོའི་སྒོ་ནས་སྐྱོང་དགོས་པ་དང་། རང་གི་གཉེན་ཉེ་དང་སྤུན་མཆེད་སོགས་ཀྱང་དེ་ཡི་ལམ་དུ་ཁྲིད་ཐུབ་པ་ཞིག་བྱེད་དགོས། མ་ཟད་དེ་ནི་རང་གི་སྐད་དང་ཡི་གེའི་སྒོ་ནས་ཁ་ལོ་བསྒྱུར་ཐུབ་པ་ཞིག་དང་རང་གི་དགའ་ཉེ་སྤུན་མཆེད་སོགས་ཀྱང་རང་གི་སྐད་ཡིག་གི་ལམ་དེར་དཀྲི་ཐུབ་པ་ཞིག་བྱེད་དགོས་པ་ནི་ལས་འགན་ཞིག་མ་ཡིན་ནམ།

ཁ༽ གང་ལ་རང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་དུང་ཞེན་ཡོད་མཁན་ཞིག་ཡིན་ན་ཁྱོད་ཀྱིས་ཡིན་ཅིག་ཚོགས་པ་འཛུགས་ཐུབ་པ་བྱེད་དགོས། ཚོགས་པ་དེ་ཡང་རང་གི་སྐད་དང་ཡི་གེ་ཡི་སྒོ་ནས་ཁ་ལོ་བསྒྱུར་ཐུབ་པ་ཞིག་བྱེད་དགོས། ཚོགས་པའི་ནང་དུ་མི་རིགས་མང་པོ་ཞིག་བསྡུ་རུབ་བྱེད་པ་ནི་རང་གི་སྐད་ཡིག་དར་སྤེལ་གཏོང་བྱེད་ཀྱི་རྒྱུ་གཙོ་བོ་ཞིག་ཡིན། དཔེར་ན་གནའ་ནས་ད་ལྟའི་བར་དུ་བོད་མི་རིགས་ཀྱི་སྐད་ཡིག་ལ་ཞབས་འདེགས་མང་ཤོས་ནི་བླ་མ་ཚོས་ཞུས་ཡོད་པ་ང་རང་གི་འཆར་སྣང་ཞིག་ཡིན།
བླ་མ་ཚོས་དགོན་པའམ་གྲྭ་ཚང་སོགས་འཛིན་སྐྱོང་གནང་དང་གནང་མུས་ཡིན་པས། དེ་ནི་ཚོགས་པ་ཞིག་ཡིན་སྟབས། དེང་སང་གི་དུས་ལ་མཚོན་ན་ཁ་ཤས་ནི་འཚོ་བའི་ཕྱིར་དུ་ཡོང་གིན་ཡོད་ལ། ཁ་ཤས་ནི་སློབ་སྦྱོང་གི་ཆེད་དུ་ཡོང་གིན་ཡོད། འོན་ཀྱང་ཐར་པ་དོན་གཉེར་གྱི་ཆེད་དུ་ཡོང་མཁན་ནི་ཆེས་ཉུང་ཉུང་ཞིག་ཡིན་མོད། འོན་ཀྱང་བླ་མ་ཚོས་ལྟོ་གོས་ཆོས་གསུམ་གནང་ཞིང་། ཚོགས་པ་ཞིག་རྒྱུན་སྐྱོང་ཐུབ་པས། སྔོན་ནས་ད་ལྟའི་བར་བོད་ཀྱི་སྐད་ཡིག་ལ་སྦྱང་བརྩོན་གནང་ནས་རང་གི་སློབ་མ་ཚོར་བསླབས་ཏེ་གཅིག་ནས་གཅིག་ཏུ་སྤེལ་གྱིན་ཡོད།

ག༽ ཡང་གལ་ཏེ་གསར་གཏོད་ཅུང་ཙམ་བྱེད་མཁན་ཞིག་ཡིན་ན་དེ་དང་མཉམ་དུ་སྐད་དང་ཡི་གེ་ཡང་དར་འཕེལ་དུ་འགྲོ་ངེས་པ་ཞིག་ཡིན། དཔེར་ན་འཇིག་རྟེན་འདིའི་ཐོག་བོད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་མཁན་ཆེས་ཉུང་བས། རྒྱུ་མཚན་དེ་ལ་བརྟེན་ནས་གསར་གཏོད་བྱ་རྒྱུ་དེ་ཉུང་ཉུང་ཡིན། དཔེར་ན་བོད་མི་ཞིག་གིས་ཟ་ཁང་ཞིག་བཙུགས་པ་ཆ་བཞག་ན་དེ་ཡི་སྒོ་བྱང་དུ་བོད་ཡིག་མཐོང་རྒྱུ་ཡོད་ལ་མེད་ལ་ཞིག་ཡིན། མ་ཚད་དེ་ཡི་ནང་དུ་ཟས་ཐོ་ཡང་བོད་ཡིག་ཏུ་བྲིས་ཡོད་པ་དེ་བས་ཀྱང་མཐོང་རྒྱུ་མེད་ལ། སྦྱིན་བདག་གིས་ལས་མི་ཚོའི་སྒྲིག་ཆས་སུ་བོད་ཀྱི་ཐབ་ཚང་ཞེས་པ་ཞིག་བཀོད་སྒྲིག་བྱས་ཡོད་རུང་དེ་ནི་དབྱིན་ཡིག་ཏུ་བྲིས་ཡོད་པ་ཞིག་རེད། བྱེད་སྟངས་དེ་དག་ནི་རང་གི་སྐད་ཡིག་གི་རིན་ཐང་བརླག་ཏུ་འཇུག་པ་མིན་ནམ་སྙམ། ཕྱོགས་གཅིག་ནས་བསམས་ན་བོད་ཀྱི་ཡི་གེ་ནི་གནའ་སྔ་མོ་ནས་ད་ལྟའི་བར་ཆེས་རྩ་ཆེན་ཞིག་ཏུ་བརྩིས་ཡོད་པས། ཕྱག་དང་མཆོད་པའི་ཡུལ་དུ་འགྱུར་བ་དེ་ནི་དགའ་བ་སྐྱེ་དགོས་པ་ཞིག་དང་། ངའི་ཕ་ཡུལ་འདྲ་ཞིག་ཏུ་མཚོན་ན་བུ་མོ་ཡིན་རུང་ཀ་མད་སུམ་ཅུ་ཤེས་དགོས་ལ་གལ་ཏེ་མ་ཤེས་ན་ངན་སོང་དུ་སྐྱེ་བ་ལེན་ཞེས་པའི་བཤད་སྲོལ་ཡང་ཡོད། ཀ་ཁ་ག་ང་ཤེས་ན་ཕྱུགས་ཀྱི་སྐྱེ་བ་མི་ལེན་ཞེས་པའི་མཐའ་གཅིག་ཏུ་ཡིད་ཆེས་ཀྱང་བྱེད་པ་ཞིག་རེད། སྐབས་དེ་དུས་ཡི་གེ་རུ་ཆོས་དཀོན་མཆོག་དངོས་སུ་ངོས་འཛིན་བྱེད་ཀྱིན་ཡོད་པས། ཡི་གེ་རྐང་པའི་འོག་ཏུ་ཤོར་དུ་མི་འཇུག་པ་དང་། དེ་བཞིན་གྱོན་ཆས་དང་ཅ་ལག་གི་སྟེང་དུ་ཡི་གེ་མིག་གི་མཐོང་རྒྱུ་མེད། ཐེངས་ཤིག་ང་རང་རྡོ་རྗེ་གདན་དུ་སྡོད་སྐབས་ཐོག་བརྩེགས་དང་པོར་ཕྱིན་ཡིན། ངའི་ཁྱིམ་མཚེས་ཨ་མ་ཤིག་ཡོད་ཁོང་གི་ལག་ཏུ་རྒྱལ་སྲས་ལག་ལེན་དེབ་ཆུང་ཞིག་ཆར་པས་སྦངས་འདུག བླ་མ་མཁྱེན་ཉེས་པ་ག་ཚོད་ཡོད་ཀྱི་རེད་ལབ་ཀྱིན་བོད་ཡིག་ཡོད་པའི་མཚམས་དེར་བཅད་ནས་ཁུར་ཡང་། དབྱིན་ཡིག་དེ་ས་རུ་བཞག་ནས་ལོག་ཕྱིན་སོང་། ཡང་ཐེངས་ཤིག་བུ་མོ་ཞིག་གིས་མོ་རང་གི་རྐང་པར་བོད་ཡིག་བྲིས་ཡོད་པ་ཞིག་དྲ་ཐོག་ཏུ་མི་ཚང་མས་འགྲེམ་སྤེལ་བྱེད་པ་མ་ཟད། དེ་འདྲ་བྱས་ན་མི་ཆོག་པ་དང་བོད་ཡིག་ལ་མཐོང་ཆུང་གཏོང་གི་འདུག་ཅེས་བསམ་འཆར་སྣ་ཚོགས་ཤིག་འགོད་ཀྱིན་འདུག གཙོ་བོ་ནང་དོན་གལ་ཆེན་པོ་ཡིན་མིན་ལས་ཡིག་རིས་གཙོ་བོ་མ་ཡིན་སྙམ། ཁ་ཤས་དོན་དག་ལ་བསམ་བློ་གང་ཡང་མ་བཏང་བར་གང་ཟག་གང་ཡང་རུང་བ་ཞིག་གསོད་དགོས་ཅེས་པ་ཞིག་བོད་ཡིག་ཏུ་བྲིས་ཡོད་ན་དེ་ལ་ཡང་རྩི་མཐོང་དང་གུས་ཤིང་བཀུར་བ་ནི་ཡི་གེའི་དོན་མ་རྟོགས་པ་ཞིག་ཡིན་སྙམ།

ཡང་རྒྱ་གར་གྱི་ཡི་གེ་དང་དབྱིན་ཡིག་སོགས་ཀྱི་སྒོ་ནས་སངས་རྒྱས་ཀྱི་བཀའ་བདེན་བཞི་སོགས་བྲིས་ཡོད་ནའང་རྐང་པས་བརྫི་རྒྱུར་འཛེམ་བག་ཞིག་མེད། སྐབས་རེ་ངའི་བསམ་པར་རང་ཉིད་ཀྱིས་ལས་འགོ་ཞིག་བཙུགས་པ་ཡིན་ན་འདྲ། ཅ་ལག་ཆེ་ཆུང་གང་བཟོས་ཀྱང་རུང་དེ་ཡི་སྟེང་དུ་སོ་སོའི་ཡི་གེ་འགོད་དགོས་རྒྱུ་གལ་ཆེན་མཐོང་། བོད་རིགས་མང་པོ་ཞིག་གིས་བོད་ཡིག་གང་བྱུང་དུ་བྲིས་ན་མི་འགྲིག གང་ཡིན་ཟེར་ན་སངས་རྒྱས་ཀྱིས་ལུང་བསྟན་ཡོད། དེ་ནི་རྦད་དེ་ནོར་བ་མིན་ནམ་སྙམ། ལྔ་བརྒྱའི་ཐ་མར་གྱུར་པ་ལ། །ང་ནི་ཡི་གེའི་གཟུགས་སུ་སྣང་། །ཞེས་གསུངས་པ་ལས་བོད་ཡིག་ཏུ་སྤྲུལ་ཞེས་གསུངས་པ་མིན། བརྗོད་བྱ་དོན་དང་ལྡན་པ་ཡིན་ན་མི་རིགས་གང་གི་ཡི་གེ་ཡིན་རུང་ང་ཚོས་བརྩི་བཀུར་བྱེད་དགོས་པ་ཞིག་ཡིན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།