ལྟ་མགུར་མུན་སེལ་སྒྲོན་མ། « ཚན་ཤུས། »

རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ།

ན་མོ་གུ་རུ་ཤྲཱི་པདྨ་ཀ་ར་ཡ།

དལ་བ་རྙེད་དང་བསྟན་ལ་མཇལ་བ་དང༌།།
དད་པ་མང་དང་རབ་ཏུ་བྱུང་ཐོབ་པ།།
འདི་འདྲ་རྙེད་པར་དཀའ་བས་འབད་པ་བརྒྱས།།
སྙིང་པོ་ལེན་པའི་ཐབས་ལ་བསླབ་འཚལ་ལོ།།

མཐོན་པོའི་ཐོབ་དང་ཕྱུག་པོའི་ལོངས་སྤྱོད་དང༌།།
བཙན་པོའི་དཔུང་ཤེད་གཞོན་ནུའི་ལང་ཚོ་སོགས།།
མཐའ་དག་བོར་ནས་ངེས་པར་འཆི་དགོས་ན༎
ཚེ་འདི་ཁོ་ནར་སེམས་པ་ཤིན་ཏུ་བླུན།།

སྟོན་པས་འཁོར་ལོས་སྒྱུར་བའི་སྲིད་སྤངས་ནས།།
ཤིང་དྲུང་རྩ་ཡི་གདིང་བ་བསྟེན་མཛད་ན།།
དུས་ངན་འདུ་འཛི་སྦྲུལ་གྱི་ཚང་ནང་ལྟར༎
འཇིགས་པའི་གནས་འདིར་བདག་ཅག་ཇི་ལྟར་དགའ༎

ཐུབ་པ་ཆགས་བྲལ་ཞི་བའི་མཐར་སོན་པའང༌།།
འདུ་འཛི་སྤངས་ནས་བྱང་ཆུབ་མཆོག་བརྙེས་ན༎
ཉེས་བརྒྱས་རྨས་པ་བདག་ཅག་ཆགས་སྡང་གི།
ཡུལ་ངན་ནང་དུ་དགེ་བ་ག་ལ་འཕེལ།།

གཞུང་མང་སྦྱངས་ཤིང་མན་ངག་ཐོས་པ་དང༌།།
སྒྲུབ་ལ་འདུན་པའི་སྐྱེས་བུ་བརྒྱ་སྙེད་དག།
འདོད་དང་འདུ་འཛིའི་ཆོམ་རྐུན་གྱིས་བཅོམ་སྟེ༎
ཚོང་དང་གྱོད་དང་ཁྱིམ་གྱི་སྒྲོག་ཏུ་ཚུད༎

ཕྱི་སྣོད་ཕལ་ཆེར་གོག་ཅིང་ཞིག་ཤུལ་གྱུར།།
སྐྱེ་དགུ་ཕལ་ཆེར་ལས་ཀྱི་ཆད་པས་མནར།།
གང་ལ་བལྟས་ཀྱང་འཇིགས་དང་སྐྱོ་བའི་རྒྱུ།།
འདི་འདྲའི་ནང་དུ་བདེ་སྐྱིད་ཅི་ཞིག་ཡོད།།

མདོར་ན་འཆིང་བ་མི་བཤད་འདོད་པའི་དགྲར།།
སྐྱོ་བ་སྐྱེད་ལ་བསྐྱེད་ནས་མང་དུ་བསླབ༎
སྐྱོ་འདི་བྱང་ཆུབ་ལམ་གྱི་གླེང་གཞི་རུ།།
འཇིག་རྟེན་གཉེན་གྱིས་ལན་ཅིག་མིན་པར་གསུངས༎

འཇིག་རྟེན་བྱ་བ་སྤུན་པ་འཕྱར་བ་བཞིན༎
སྙིང་པོ་མེད་པར་གཏིང་ནས་རིག་གྱུར་ན།།
དམ་ཆོས་སྒྲུབ་ལ་ཅིས་ཀྱང་མི་བཟློག་པའི།།
ཐག་ཆོད་བློ་སྣ་འདི་འདྲ་ཟིན་པ་འོང༌།།

ཕྱུག་པོའི་ནོར་བཞིན་དམ་ཆོས་ཐང་བདལ་ཡང༌།།
གང་ལ་འཇུས་ཀྱང་ཕག་སྣ་བྲག་ཐུག་བཞིན།།
གཅིག་ཏུ་རྡུགས་འདི་ཆོས་བརྒྱད་འགོང་པོ་ཡིས༎
རང་རྒྱུད་ཟིལ་གྱིས་མནན་པས་ནོངས་པར་གསུངས།།

དམ་ཆོས་བྱེད་འདོད་ལྷད་དང་བྲལ་ངེས་ཤིག།
ཡོད་ན་ད་ལྟ་ཐུབ་བསྟན་གནས་པའི་ཕྱིར༎
མངོན་མཐོ་ངེས་ལེགས་ཆོས་སྐོར་གང་འདོད་ཀྱང༌།།
རིན་ཆེན་གླིང་ནས་གསེར་བཞིན་བླང་བས་ཆོག།

དེ་ཚེ་གདམས་པས་རང་གི་བྱ་བ་བྱེད།།
ཆོས་ལ་བློ་འགྲོ་སོང་ནས་ཕྱིར་མི་ལྡོག།
ཆོས་དང་རང་རྒྱུད་དཔྱིད་དང་ལྡུམ་ར་བཞིན༎
མཐུན་པའི་རྟེན་འབྲེལ་ངང་གིས་འགྲིགས་པ་ལགས།།

ཆོས་ཀྱི་ཉིང་ཁུ་ཐེག་པ་མཆོག་གི་ལམ།།
མཐོ་རིས་ཐར་པ་སྒྲུབ་པའི་ལམ་རྣམས་ཀུན།།
དེ་ལ་གཞོལ་ཞིང་དེ་ཡི་ཁོང་ཆུད་དེ།།
སངས་རྒྱས་ཐེག་པ་གངས་ཆེན་མཚོ་འདྲར་བསྔགས།།

ཐེག་མཆོག་ལམ་བཟང་ངེས་པར་སྒྲུབ་སྙམ་ན།།
ལམ་དེའི་སྔོན་འགྲོ་ཅི་ཙམ་སྦྱང་བ་དང༌༎
ལམ་དེའི་འཇུག་སྒོ་གང་ལ་བྱེད་པ་དང༌།།
འཇུག་སྒོ་དེ་ལ་ཇི་ལྟར་སློབ་པ་དང༌༎

ཞུགས་ནས་ཅི་ཞིག་བྱ་བའི་རྣམ་བཞག་སོགས༎
རྒྱལ་བས་གསུངས་ཤིང་ཤིང་རྟ་ཆེན་པོས་བཀྲལ།།
མཁས་ནས་མཁས་པར་བརྒྱུད་པའི་མན་ངག་བཞིན།།
བརྩོན་འགྲུས་ཆེན་པོས་ལེགས་པར་སྦྱངས་པ་གཅེས།།

འོན་ཏེ་ཚིག་ཕྲེང་ཉུང་ངུས་ལམ་གྱི་གནད།།
ཚང་བར་འདོམས་པའི་ཞལ་གདམས་ལ་དགྱེས་ན།།
སངས་རྒྱས་སྲས་པོ་དཔལ་ལྡན་ཞི་བ་ལྷའི།།
སྤྱོད་འཇུག་གཞུང་ལ་ཆོག་ཤེས་མེད་པར་གཟིགས།།

གཞུང་ཉུང་དོན་རྒྱས་ཚིག་སྦྱོར་གསལ་ཞིང་སྙན༎
རིགས་པའི་རྒྱུན་ལྡན་ཉམས་ལེན་གནད་དུ་འདྲིལ༎
རྒྱ་བོད་མཁས་པའི་ཐུགས་དམ་བྱིན་རླབས་ཅན།།
འདི་འདྲ་རྙེད་དཀའ་ལྷག་པ་གང་ནས་རྙེད༎

ཡང་ཡང་བལྟ་ཞིང་མཁས་པས་ཞིབ་ཏུ་མཉན༎
དུས་ཀུན་སེམས་ཤིང་དབྱངས་ཀྱིས་ཁ་ཏོན་བྱ༎
སྔས་སུ་བཞག་ཅིང་སྨོན་ལམ་རྒྱ་ཆེན་གདབ༎
སྒོ་རྣམས་ཀུན་ནས་འདི་ལ་བྱ་བ་མཛོད།།

བཀྲ་ཤིས་མཐའ་བཟང་མིས་མཆོད་རང་སེམས་གཙང༌།།
ལྷ་དགའ་འདྲེ་ཞི་རྒྱལ་དང་མཁས་པ་དགྱེས༎
རྨི་ལམ་ཚུན་ཆད་ལེགས་པའི་ལམ་དུ་འོང༌།།
དགེ་སྦྱོར་དེ་ཡིན་ཆོས་སྤྱོད་དེ་ལ་ཟེར༎

དེ་ལྟར་ཐེག་པ་མཆོག་ལ་བློ་སྦྱངས་ནས།།
སངས་རྒྱས་རིགས་ཀྱི་ནུས་པ་ཆེར་རྒྱས་ན༎
དོན་གཉིས་བསམ་པ་མྱུར་དུ་རྫོགས་སླད་དུ།།
བླ་མེད་རྡོ་རྗེ་ཐེག་ལ་འཇུག་པར་བྱ༎

འཇུག་སྒོ་དབང་དང་དབང་སྲོག་དམ་ཚིག་གིས།།
བཟུང་དང་སྨིན་ལམ་རིམ་པ་དང་པོ་དང༌།།
དངོས་གཞི་རྫོགས་རིམ་བོགས་འདོན་ཐབས་དང་བཅས།།
གསར་རྙིང་རྒྱུད་སྡེའི་ལམ་སྲོལ་གྲངས་མེད་ཀྱང༌།།

རང་ཅག་ལས་སྨོན་དཀར་པོའི་མེ་ཏོག་ཕྲེང༌།།
སྔ་འགྱུར་ཆོས་ཀྱི་རེ་ཁཱ་ལ་བབས་ཕྱིར༎
སྐྱབས་གཅིག་ཨོ་རྒྱན་པདྨའི་བཀའ་བརྒྱུད་འདིར༎
བློ་རྩེ་གཅིག་ཏུ་དྲིལ་ནས་འཇུས་ན་འཐད༎

དེ་སྐད་རང་བློར་གང་ཤར་ཡི་གེའི་ཕྲེང༌༎
རྐང་པར་བཅད་འདི་བསོད་ནམས་དཔལ་ལྡན་པས༎
བསྐུལ་ནས་ནགས་ཀྱི་མི་རྒན་བྷུ་སུ་ཀུས།།
བྲིས་པའི་དགེ་བས་འགྲོ་ལ་ཕན་བྱེད་ཤོག།

ཅེས་པ་འདི་ཡང་རྡོ་གྲུབ་སྤྲུལ་བའི་སྐུ་མཆོག་འཇིགས་མེད་བསྟན་པའི་ཉི་མས་བྲིས་པ་ལགས།

ཁུངས་གཏུགས་སའི་ཡིག་ཆ།
ནང་བསྟན་དཔེ་ཚོགས་ལྟེ་གནས། I1KG5707 རྣམ་གྲོལ་འདོད་འཇོ་དཔེ་རྙིང་ཁང་གི་པར་མ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།