སྤྱི་ལོ་ ༢༠༢༢ ལོའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ།

རྩོམ་སྒྲིག་པ།

གྲྭ་ཚང་གི་མཛད་རིམ་སྙིང་བསྡུས།

འདི་ཕྱིའི་ཚེ་རབས་གཏན་གྱི་སྐྱབས་གནས་དམ་པ་ ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་གི་དགོངས་བཞེད་ལྟར། རྒྱལ་བའི་བསྟན་པ་དར་ཞིང་། དེ་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་པ་སོགས་ཡངས་པའི་འཇིག་རྟེན་སྣོད་བཅུད་ཀུན་ཏུ་ནད་མུག་འཁྲུག་རྩོད་ཞི་ཞིང་། ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ། མི་ནད་དང་ཕྱུགས་ནད་སོགས་དུས་ཀྱི་རྒུད་པ་མཐའ་དག་ཞི་བའི་ཆེད་དུ་དམིགས་ཏེ། རྒྱུན་ལྡན་ལྟར་ལོ་འཁོར་མོ་གཅིག་ལ་རྒྱུན་མ་ཆད་པར་རཏ་གླིང་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་གནང་སྟེ་ལོ་འགོའི་ཟླ་ཤས་རིང་ཕུར་བསྙེན་གསང་སྒྲུབ་དང་། དེ་རྗེས་ཕུར་བཟློག་ཉིན་ལྟར་འཚོགས་དང་འཚོག་མུས་དང་། དེ་བཞིན་དུ་ཟླ་བ་རེ་རེའི་ནང་དུ་ཚེས་བཅུ་ལ་རིག་འཛིན་འདུས་པའི་ཚོགས་འཁོར་དང་། ཚེས་ཉེར་ལྔར་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་ཚོགས་འཁོར་རྣམས་མ་ཉམས་རྒྱུན་འཛིན་གྱིས་འཚོགས་དང་འཚོག་བཞིན་པ་ཡིན། བོད་ཟླ་ ༠༦ ཚེས་ ༡༦ ནས་བཟུང་སྔར་རྒྱུན་བཞིན་ལོ་འདིའི་དབྱར་གནས་དུས་བཟང་ཁྱད་པར་ཅན་གྱི་སྐབས་སུ། རྒྱུན་བཞུགས་གྲྭ་ཚང་གི་བླ་གྲྭ་དང་སློབ་གྲྭའི་འཛིན་གྲྭ་བཞི་པ་ཡན་ཆོད་ཀྱི་དགེ་འདུན་པ་རྣམས་ཀྱིས་ྋསྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་དགོངས་བཞེད་ལྟར་དབྱར་གནས་ཟླ་བ་གཅིག་དང་ཕྱེད་ཀྱི་རིང་འཚོགས་གནང་ཡོད་པ་དང་། དེ་ཡང་བདུན་ཕྲག་དང་པོར་སྙིང་ཐིག་གསོལ་ཁ་དང་། བདུན་ཕྲག་གཉིས་པར་གནམ་ཆོས་གསོལ་ཁ། བདུན་ཕྲག་གསུམ་པར་སེང་གདོང་། བདུན་ཕྲག་བཞི་པར་ཀར་གླིང་ཞི་ཁྲོ། བདུན་ཕྲག་ལྔ་པར་རཏ་གླིང་ཚེ་ཆོག བདུན་ཕྲག་དྲུག་པར་རཏ་གླིང་ཕུར་པ། ཉིན་མཐའ་མར་ཚེ་སྒྲུབ་གསང་བ་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་ཚེ་ཆོག་འཆི་བསླུ་དང་ཚོགས་འཁོར་བཅས་ཀྱི་སྒོ་ནས་ལོ་འདིའི་དབྱར་གནས་མཐའ་ལེགས་པར་གྲུབ་ཡོད། ནད་ཡམས་ཀྱིས་རྐྱེན་པས་དེ་སྔོན་ལོ་གཉིས་ཙམ་གྱི་རིང་དགེ་འདུན་པ་ཁོ་ན་ལས་མི་སྐྱ་ཕོ་མོ་རྣམས་མཉམ་ཞུགས་གནང་ཐུབ་མེད་ཅིང་། འདི་ལོར་སྤྱི་ཡོངས་ནས་ནད་ཡམས་ལྷིང་འཇགས་སུ་སོང་བར་བརྟེན་སླར་ཡང་སྔར་རྒྱུན་བཞིན་གནམ་ཆོས་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་གནང་མཁན་དགེ་འདུན་བཙུན་མ་དང་མི་སྐྱ་ཕོ་མོ་ཞལ་གྲངས་ ༨༠ ལྷག་གིས་སྔོན་འགྲོ་བསགས་སྦྱང་གནང་ཞིང་། བོད་ཟླ་ ༠༩ ཚེས་ ༢༢ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོར་གནམ་ཆོས་གསོལ་ཁ་དང་འབྲེལ་ཚོགས་འཁོར་རྒྱ་ཆེར་ཕུལ་ཏེ་གཏང་རག་དང་བཅས་པའི་སྒོ་ནས་འབུམ་ལྔ་མཐའ་ལེགས་པར་གྲུབ།

སྤྱི་ཟླ་ ༠༦ ཚེས་ ༠༩ ཉིན་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་ཐེག་མཆོག་རྣམ་གྲོལ་ བཤད་སྒྲུབ་དར་རྒྱས་གླིང་གི་སྡེ་ཚན་ཁག་གི་རྒྱུན་ལས་ལས་སྣེ་དང་། འགན་འཛིན་རྣམ་པ་ལྷན་འཛོམས་ཐོག་ལོ་འཁོར་གཅིག་གི་རྩིས་ཁྲ་གསལ་བཤད་ཀྱི་ཚོགས་ཆེན་འཚོགས་ཡོད། སྤྱི་ཟླ་ ༠༨ ཚེས་ ༢༢ ཉིན་གྲྭ་ཚང་གི་རྒྱུན་ལས་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། དགེ་བའི་བཤེས་གཉེན་ཆེན་མོ་མཁན་ཆེན་པདྨ་ཤེས་རབ་མཆོག་ནས་བཤད་གྲྭའི་འདུ་ཁང་ཆེན་མོའི་ནང་དུ་རེས་གཟའ་ཟླ་བའི་ཉིན་རྒྱབ་ཆུ་ཚོད་ ༡:༠༠ ནས་ ༢:༣༠ བར། བདུན་ཕྲག་བཞིའི་རིང་མཁན་སྤྲུལ་བླ་སློབ་དགེ་འདུན་བཙུན་མ་ཡོངས་ལ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་<<གསང་བ་སྙིང་པོའི་འགྲེལ་པ་ཕྱོགས་བཅུའི་མུན་སེལ།>>གྱི་བཀའ་ཁྲིད་བསྩལ་གནང་མཛད། དུས་ཚོད་ཀྱིས་རྐྱེན་པས་སྤྱི་ཟླ་ ༠༩ པའི་ཚེས་ ༡༦ ཉིན་རེ་ཞིག་མཚམས་འཇོག་གནང་ཞིང་། སྤྱི་ཚེས་ ༡༧ ཉིན་མཁན་སྤྲུལ་བླ་སློབ་དགེ་འདུན་བཙུན་མ་བཅས་དད་ལྡན་ཆོས་ཞུ་བ་ཡོངས་ནས་སྒྱུ་འཕྲུལ་ཞི་བའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་ཚོགས་མཆོད་རྒྱ་ཆེར་ཕུལ་ཅིང་བཀའ་དྲིན་གཏང་རག་འདེགས་འབུལ་དང་། མཐར་བཀྲ་ཤིས་བསྔོ་སྨོན་གང་རྒྱས་ཀྱི་སྒོ་ནས་མཇུག་ལེགས་པར་གྲུབ་ཡོད།

སྤྱི་ཟླ་ ༠༩ ཚེས་ ༢༢ ཉིན་ནས་བཟུང་ཆོས་ཐུན་ལྔའི་རིང་། རང་དགོན་གྱི་སྒྲུབ་སྡེ་བསམ་གཏན་འོད་གསལ་གླིང་གི་སྒྲུབ་བླ་གསར་ཞུགས་པ་རྣམས་ཀྱི་གཙོས་མཁན་སྤྲུལ་བླ་སློབ་མང་པོར་མཁན་ཆེན་པདྨ་ཤེས་རབ་མཆོག་ནས་ཞེ་ཆེན་རྒྱལ་ཚབ་ཀྱིས་མཛད་པའི་༼བསྐྱེད་རིམ་རྣམ་གཞག་རབ་གསལ་ནོར་བུའི་མེ་ལོང་༽གི་བཀའ་ཁྲིད་ཟབ་མོ་བསྩལ་གནང་ཞིང་། མཐར་བསྔོ་སྨོན་གྱི་རྒྱས་བཏབ་པའི་སྒོ་ནས་བསྐྱེད་རིམ་གྱི་བཀའ་ཁྲིད་མཐའ་ལེགས་པར་གྲུབ་ཡོད། སྤྱི་ཟླ་ ༡༠ ཚེས་ ༡༥ ཉིན་ཚེ་དཔལ་སྟོབས་བསྐྱེད་སྨན་ཁང་དང་མཻ་སོར་ཨ་པོ་ལོ་ (Mysore Apollo Hospital) སྨན་ཁང་གཉིས་མཉམ་ལས་ཐོག་དགོན་པའི་དགེ་འདུན་པ་བགྲེས་སོང་རྣམས་ཀྱིས་གཙོས་མི་གྲངས་ ༣༠ ལྷག་ལ་དམིགས་བསལ་སྙིང་བརྟག་དཔྱད་ཀྱི་ཞབས་ཞུ་བསྒྲུབས་ཡོད་པ་དང་། སྤྱི་ཟླ་ ༡༠ ཚེས་ ༡༨ ཉིན་ཚེ་དཔལ་སྟོབས་བསྐྱེད་སྨན་ཁང་དང་མེང་ལོར་སྨན་ཁང་ (A B SHETTY MEMORIAL INSTITUTE OF DENTAL SCIENCES) གཉིས་མཉམ་ལས་ཐོག་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་འདུན་པ་དང་བཙུན་མ་ཞལ་གྲངས་ ༣༠༠ ལྷག་ལ་སོ་བརྟག་དཔྱད་དང་། སོའི་སྨན་བཅོས་རིན་མེད་ཐོག་ཞབས་ཞུ་བསྒྲུབས་ཡོད། སྤྱི་ཟླ་ ༡༠ ཚེས་ ༢༡ ཉིན་ཨ་རུ་ན་ཅལ་མངའ་སྡེའི་སྲིད་བློན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ཐེག་མཆོག་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་གནས་གཟིགས་ལ་ཕེབས་ཡོད་ཅིང་། དགོན་པའི་རྒྱུན་ལས་ལས་སྣེ་རྣམས་ནས་ཕེབས་བསུ་ཞུས་ཤིང་། རྣམ་གྲོལ་གླིང་དགོན་པའི་ངོས་ནས་བློན་ཆེན་ལགས་ལ་ཕྱག་རྟགས་ཕུལ་གྲུབ་རྗེས་འདུ་ཁང་ཆེན་མོ་དང་ཟངས་མདོག་དཔལ་རིའི་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གི་སྐུ་གདུང་མཆོད་རྟེན་མདུན་ནས་སྣང་གསལ་མེར་མེ་ཞལ་འབྱེད་གནང་བ་དང་། ཨ་རུ་ན་ཅལ་མངའ་ཁོངས་ཀྱི་དགེ་འདུན་པ་དང་བཙུན་མ་རྣམས་མཇལ་ཕྲད་ཞུས།སྤྱི་ཟླ་ ༡༡ ཚེས་ ༠༣ ཉིན་གཙུག་ལག་ཁང་ཆེན་མོར་ནང་དུ་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་མཆོག་དབུ་བཞུགས་ཐོག མཁན་སྤྲུལ་བླ་སློབ་དགེ་འདུན་བཙུན་མ་ཡོངས་ནས་ནང་སྒྲུབ་རིག་འཛིན་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་གནོད་སྦྱིན་ཙིའུ་དམར་པོའི་གསོལ་ཁ་རྒྱས་པ་གནད་སྨིན་གསོག་སྒྲུབ་མཛད། བོད་ཟླ་ ༡༡ པའི་ཚེས་ ༡༥ ནས་སྔར་སྲོལ་ལྟར་རྡོ་རྗེ་གདན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོར་ཕེབས་བཞིན་ཡོད་ནའང་ལོ་ངོ་གཉིས་ཙམ་གྱི་རིང་ནད་ཡམས་ཀྱིས་རྐྱེན་པས་དགེ་འདུན་པ་རེ་ཟུང་ལས་ཕེབས་ཐུབ་མེད་ཅིང་། ད་ལོར་འཛམ་གླིང་ས་ཕྱོགས་ཕལ་ཆེ་བར་ནད་ཡམས་ཞི་འཇགས་སུ་སོང་བར་བརྟེན་དམིགས་བསལ་དགེ་འདུན་པ་དང་བཙུན་མ་གྲངས་ ༢༠༠༠ ལྷག་ཙམ་སྔ་འགྱུར་སྨོན་ལམ་ཆེན་མོར་ཕེབས་རྒྱུའི་ཐོ་བཀོད་གནང་ཡོད་པ་བཅས་སོ།།

སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ།

སྒྱུ་འཕྲུལ་ཞི་ཁྲོའི་བཀའ་དབང་དང་དགེ་ཚུལ་སློང་གི་སྡོམ་པ་གནང་བའི་སྐོར།
སྤྱི་ལོ་ ༢༠༢༢ ཟླ་བ་ ༠༧ ཚེས་ ༡༩ སྟེ་རེས་གཟའ་མིག་དམར་གྱི་སྔ་དྲོ་ཆུ་ཚོད་བརྒྱད་པའི་ཐོག་གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་གི་སྟེང་ཐོག་འདུལ་བའི་ལྷ་ཁང་ནང་དུ་མཁན་ཆེན་པདྨ་ཤེས་རབ་མཆོག་གིས་གཙོས་དགེ་སློང་ཁག་ཅིག་ཞབས་སོར་འཁོད་དེ་རྒྱུན་ཆགས་གསུམ་པ་དང་གསོ་སྦྱོང་མཛད་ཅིང་། དེ་ནས་བཟུང་མཁན་ཆེན་པདྨ་ཤེས་རབ་མཆོག་གིས་ཉིན་ཉི་ཤུ་རྩ་གཉིས་ཀྱི་རིང་ལ། ཀོ་ལེ་གྷལ་དང་། མོན། འབྲུག འབྲས་ལྗོངས། ཨོ་རི་ས། མན་པཌ། སྦེལ་ཀོམ་འབྲི་གུང་དགོན། སུད་སི་སོགས་ཕྱོགས་མཐའ་ཁག་གི་དགོན་སྡེ་དང་། རང་དགོན་གྱི་གྲྭ་ཚང་དང་། སྔ་འགྱུར་མཐོ་སློབ་ཆེན་མོ། གཞི་རིམ་སློབ་གྲྭ། བཙུན་དགོན་བཅས་ཀྱི་དགེ་ཚུལ་སྡོམ་པ་ཞུ་མཁན་གྲངས་ ༥༢༧ དང་། དགེ་སློང་སྡོམ་པ་ཞུ་མཁན་གྲངས་ ༢༦༤ སྟེ་ཁྱོན་སྡོམས་དགེ་འདུན་བཙུན་མ་ ༧༩༡ ལ་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིའི་རབ་བྱུང་གཞིའི་ཆོ་ག་རིན་ཆེན་ཐེམ་སྐས་གཞིར་བཟུང་གིས་དགེ་ཚུལ་སློང་གི་སྡོམ་པ་བསྩལ་གནང་མཛད། གཞན་ཡང་མཁན་ཆེན་མཆོག་གིས་སྤྱི་ཟླ་ ༠༨ ཚེས་ ༡༧ རེས་གཟའ་ལྷག་པ་ནས་ཉིན་བཞིའི་རིང་ཉིན་རྒྱབ་ལ། གཙུག་ལག་ཁང་ཆེན་མོར་སྨིན་གླིང་ཁྲི་རབས་གཉིས་པ་པདྨ་འགྱུར་མེད་རྒྱ་མཚོས་མཛད་པའི་སྒྱུ་འཕྲུལ་ཞི་བའི་དབང་ཆོག་འབྲིང་པོ་དཀྱིལ་འཁོར་རྒྱ་མཚོར་འཇུག་པའི་གྲུ་ཆེན་དང་། སྒྱུ་འཕྲུལ་ཁྲོ་བོའི་དབང་ཆོག་ཁྲག་འཐུང་རྡོ་རྗེའི་གད་རྒྱངས་བཅས་ཀྱི་སྒོ་ནས་སྒྱུ་འཕྲུལ་ཞི་ཁྲོའི་བཀའ་དབང་གི་སྟ་གོན་དང་། དངོས་གཞི་ཕན་དབང་དང་ནུས་དབང་སྔ་མ་བཞི་བཅས་བསྩལ་གནང་མཛད། སྤྱི་ཚེས་ ༢༠ རེས་གཟའ་སྤེན་པའི་ཕྱི་དྲོའི་ཆར་མཁན་རིན་པོ་ཆེ་མཆོག་ལ་བཤད་གྲྭའི་རྒྱུན་ལས་གཙོས་དགེ་འདུན་འདུས་མང་ཡོངས་ནས་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་ཚོགས་འཁོར་གཏང་རག་བཅས་ཕུལ།

དབྱར་གནས་ཀྱི་མཛད་རིམ།
རིགས་ཀུན་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་མཆོག་གིས་བསྟན་པའི་གཞི་མ་འདུལ་བ་སོ་སོར་ཐར་པ་འདི་ཉིད་ལ་ཐུགས་གཙིགས་བླ་མེད་དུ་གནང་བ་བཞིན། བོད་ཟླ་ ༠༦ ཚེས་ ༡༤ ཉིན་བཤད་གྲྭའི་ཚོགས་གཙོ་མཁན་རིན་པོ་ཆེ་ངག་དབང་བསམ་གཏན་མཆོག་གིས་དབྱར་གནས་ཀྱི་མཁན་པོ་མཛད་ནས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གཉིས་ཀྱི་དགེ་འདུན་བཙུན་པ་དང་བཙུན་མ་རྣམས་ཀྱིས་རྒྱུན་ཆགས་གསུམ་པ་གསུངས་ཤིང་བསླབ་པ་ཡོངས་སྦྱོང་གི་གཞི་གསུམ་གྱི་ཡ་གྱལ་གསོ་སྦྱོང་འཚོགས། དེ་ནས་དབྱར་ཁས་ལེན་གྱི་སྔོན་འགྲོ་མཚམས་བུ་བཅད་པ་དང་། གནས་མལ་སྟོབ་པ་བསྐོས་པ། དབྱར་གྱི་ཁྲིམས་བརྗོད་པ། ཚུལ་ཤིང་བྲིམས་པ། གནས་མལ་སྟོབ་པ། གདན་ཆ་འབོགས་པ། གདིང་ཁྲིམས་བརྗོད་པ། རུང་ཁང་བྱིན་རླབས་བཅས་གནང་། ཚེས་ ༡༥ ཉིན་དབྱར་གནས་དངོས་གཞིའི་སྐབས་གྲུབ་དབང་སྐུ་ཕྲེང་གཉིས་པ་རིག་འཛིན་དཔལ་ཆེན་འདུས་པ་རྩལ་གྱིས་མཛད་པའི་གཞི་གསུམ་གྱི་ཆོ་ག་ཐར་གླིང་བགྲོད་པའི་གྲུ་ཆེན་གྱི་ཟིན་བྲིས་ཀུན་མཁྱེན་ཞལ་ལུང་བདུད་རྩིའི་ཐིགས་པར་གསལ་བའི་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལྟར། དགེ་ཚུལ་ཕ་ ༥༢༥ དང་། དགེ་ཚུལ་མ་ ༡༩༥ དང་དགེ་སློང་ ༣༥༧ བཅས་ཁྱོན་དགེ་ཚུལ་སློང་ ༡༠༧༧ གྱིས་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་མཛད། ཉིན་རེར་ཐུན་གསུམ་དུ་བགོས་ནས་ཞོགས་པ་རྒྱུན་ཆགས་གསུམ་པ་དང། ཉིན་གུང་གདུགས་ཚོད་སྐབས་དཀོན་མཆོག་རྗེས་དྲན་དང་། བར་བསམ་སྒྲོལ་གསུམ་སོགས་ཞབས་རིམ་ཁག དགོང་མོར་གཞུང་ཆེན་ཁག་གི་རྩ་བ་དང་བསྔོ་སྨོན་ཞལ་འདོན་གནང་ཞིང་། ཟླ་རེའི་གསོ་སྦྱོང་བཅུ་བཞི་པ་དང་བཅོ་ལྔ་པ་རྣམས་ནམ་རྒྱུན་ལྟར་དང། བོད་ཟླ་ ༠༧ ཚེས་ ༠༨ ཉིན་བཀྲ་ཤིས་པའི་གསོ་སྦྱོང་འཚོགས། ཉིན་དེར་སྔ་འགྱུར་བསྟན་པའི་སྣང་བྱེད་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་མཁན་ཆེན་པདྨ་ཤེས་རབ་མཆོག་གིས་དབུས་བཤད་གྲྭ་ཁག་གཉིས་ཀྱི་མཁན་སློབ་དགེ་འདུན་བཙུན་པ་དང་བཙུན་མ་རྣམས་ལྷན་བཞུགས་ཀྱིས་སྐུ་པར་བསྒྲོན།

སྔ་འགྱུར་མཐོ་སློབ་ཆེན་མོའི་དབྱར་གནས་ཀྱི་འཆད་རྩོད་རྩོམ་གསུམ་ལས།
དང་པོ་འཆད་པའི་སྐོར།
དེ་ཡང་མཐོ་སློབ་ཆེན་མོའི་རྒྱུན་ལས་ནས་ཐོག་མར་བརྗོད་བྱ་གཏན་འབེབས་ཀྱིས་མཁན་སློབ་འདུས་མང་དབུས་སུ་འཆད་རྩོད་ཀྱི་རྒྱུགས་འབུལ་དགོས་པའི་ལམ་སྲོལ་ཡོད་པ་ལྟར། དབྱར་གནང་བོད་ཟླ་ ༠༧ ཚེས་ ༠༦ དང་། ཚེས་ ༡༤ ཉིན་གཉིས་ཀྱི་རིང་ལོ་རིམ་བདུན་པའི་སློབ་གཉེར་བ་རྣམས་ཀྱིས་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་ལས་སྐབས་ཐོག་བརྗོད་གཞི་གང་ཁེལ་འཆད་རྒྱུགས་ཕུལ་ཅིང་མཁན་སློབ་རྣམས་ཀྱིས་དམིགས་བསལ་དཀའ་གནད་ཀྱི་ཐོག་ལ་དྲི་བ་དང་སློབ་གཉེར་བ་སོ་སོས་གོ་རྟོགས་དང་འཚམས་པའི་དྲིས་ལན་ཕུལ་བ་སོགས་མཛད་པ་དང་། ལོ་རིམ་དྲུག་པའི་སློབ་གཉེར་བ་རྣམས་ཀྱིས་ཀྱང་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་པ་དཔལ་སྤྲུལ་སྤྱི་དོན་ཐོག་ནས་གོང་ལྟར་རྒྱུགས་ཕུལ་བ་བཅས་མདོ་སྔགས་གཉིས་ཀྱི་ཐོག་ནས་འཆད་རྒྱུགས་ཕུལ་ཡོད།
གཉིས་པ་རྩོད་པའི་ལས་རིམ་སྐོར།
བོད་ཟླ་ ༠༧ ཚེས་ ༠༦ དང་ཚེས་ ༡༤ བཅས་ཉིན་གཉིས་ཀྱི་རིང་ལོ་རིམ་དང་པོ་ནས་བཞི་པའི་བར་གྱི་སློབ་གཉེར་བ་རྣམས་ཀྱིས་ལུང་རིགས་དང་མཐུན་པའི་སྒོ་ནས་སྐབས་བབ་སློབ་ཚན་གྱི་བརྗོད་བྱ་དཀའ་གནད་ཆེ་བའི་རིགས་ལ་རྟགས་གསལ་དང་དམ་བཅའི་རྒྱུགས་ཕུལ་བ་དང་། དེ་བཞིན་ལོ་རིམ་གཉིས་པ་ནས་དགུ་པའི་བར་ལུགས་འབྱུང་གིས་ལོ་རིམ་གོང་འོག་ཕན་ཚུན་རྟགས་གསལ་དང་དམ་བཅའ་འགྲན་སྡུར་བཅས་ཀྱིས་དབྱར་གནས་སྐབས་ཀྱི་རྩོད་པའི་རིམ་པ་མཐའ་གྲུབ་ཡོད།
གསུམ་པ་རྩོམ་པའི་ལས་རིམ།
ད་ལོའི་ཆར་ལོ་རིམ་བརྒྱད་པའི་སློབ་གཉེར་བ་ཡོངས་ཀྱིས་མཁན་ཆེན་ཞི་བ་འཚོའི་ཚད་མ་དེ་ཁོ་ན་ཉིད་བསྡུས་པ་ལ་དཔྱད་རྩོམ་རེ་བྲིས་པའི་ནང་ནས་དཔྱད་རྩོམ་རྩེ་ཕུད་བཅུ་འདེམས་སྒྲུག་བྱས་ཏེ་དམ་བཅར་བཞུགས་ཤིང་། དམ་བཅའ་བ་དེ་དག་ལ་ལོ་རིམ་བརྒྱད་པའི་སློབ་གཉེར་བ་ཡོངས་ཀྱིས་དྲི་བ་བཀོད་གནང་བ་དང་། གཞན་ལོ་རིམ་གཉིས་པ་ནས་དགུ་པའི་བར་གྱི་སློབ་གཉེར་བ་གཞན་རྣམས་ཀྱིས་རང་མོས་ལྟར་དྲི་བ་བཀོད། དེ་བཞིན་སྤྱི་ཟླ་ ༠༩ ཚེས་ ༡༤ ཉིན་གྱི་དགོང་མོར་སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་རྣམས་ཀྱིས་རིག་གནས་འགྲན་སྡུར་གནང་། དེ་ནས་སྤྱི་ཟླ་ ༠༩ ཚེས་ ༢༣ བོད་ཚེས་ ༢༨ སྟེ་རེས་གཟའ་པ་སངས་ཀྱི་དགོང་མོར་དགག་དབྱེ་སྦྱོར་ཆོས་དང་། ཚེས་ ༢༤ ལ་དགག་དབྱེ། སྤྱི་ཚེས་ ༢༥ ཉིན་ལྗོངས་རྒྱུར་ཕེབས་པ་བཅས་བཀྲ་ཤིས་པའི་ངང་མཐའ་ལེགས་པར་གྲུབ། སྤྱི་ཟླ་ ༡༠ ཚེས་ ༠༢ སྟེ་རེས་གཟའ་ཉི་མའི་དགོང་མོར་ཆུ་ཚོད་ ༠༧ ཐོག་དབྱར་གནས་སྐབས་སུ་འཆད་རྩོད་རྩོམ་གསུམ་གྱི་རྒྱུགས་འབྲས་ཨང་ཐོབ་རྣམས་སྙན་སྒྲོན་དང། རྒྱུགས་འབྲས་རྩེར་སོན་ཨང་དང་པོ། གཉིས་པ། གསུམ་པ་རྣམས་ལ་ཚོགས་གཙོ་མཁན་རིན་པོ་ཆེ་ངག་དབང་བསམ་གཏན་མཆོག་ནས་གཟེངས་བསྟོད་བྱ་དགའ་ཕུལ། དེ་བཞིན་དུས་དེབ་པདྨའི་རང་མདངས་བཞི་བཅུ་པའི་རྩོམ་པ་པོ་ཡོངས་ལ་ཁ་བཏགས་དང་དུས་དེབ་རེ་ཕུལ་ཡོད།

སྔ་འགྱུར་རྙིང་མའི་ཞིབ་འཇུག་གི་དཔེ་དེབ་དང་རྣམ་གྲོལ་གླིང་གི་ལོ་རྒྱུས་ཆེན་མོའི་མཛད་སྒོ།
སྤྱི་ཟླ་ ༠༩ ཚེས་ ༡༡ ཉིན་མཐོ་སློབ་འདིའི་ཡན་ལག་སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གི་སྐབས་གཉིས་པའི་ཞིབ་འཇུག་སློབ་ཐོན་པ་མཁན་པོ་ཆོས་འཕེལ་ནོར་བུ་དང། མཁན་པོ་སྐལ་བཟང་དོན་གྲུབ། སློབ་དཔོན་ཨོ་རྒྱན་ཕུན་ཚོགས། སློབ་དཔོན་མ་པདྨ་ཆོས་སྐྱིད་བཅས་རྣམ་པ་བཞིས་སྤྱི་ལོ་ ༢༠༡༦ ནས་བཟུང་ ༢༠༢༢ བར་འབད་བརྩོན་ལྷོད་མེད་གནང་སྟེ་ཡང་གསང་འོད་གསལ་སྙིང་ཐིག་གི་བསྟན་པའི་བདག་པོ་པཎ་ཆེན་དྲི་མེད་བཤེས་གཉེན་གྱི་མཛད་པ་རྒྱ་ཆེར་གླེང་བ་<<བི་མ་ལ་ཏྲའི་མཛད་རྗེས་ཉུལ་བ།>> ཞེས་པའི་ཐུན་མོང་ཞིབ་འཇུག་གི་དཔེ་དེབ་ལེགས་པར་གྲུབ་ནས་མཁན་ཆེན་པདྨ་ཤེས་རབ་མཆོག་དབུ་བཞུགས་ཐོག་དབུ་འབྱེད་མཛད་སྒོ་གནང་། ཕྱིས་སུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས། སྤྱི་ཟླ་ ༠༩ ཚེས་ ༡༨ རེས་གཟའ་ཉི་མའི་ཉིན་སྤྱི་ལོ་ ༢༠༢༡ ལོར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཡན་ལག་སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ལྷན་ཁང་ནས་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་ཐུགས་བསྐྱེད་ལས་གྲུབ་པའི་གདན་ས་ཆེན་མོ་རྣམ་གྲོལ་གླིང་སྤྱི་དང་བྱེ་བྲག་སྡེ་ཚན་སོ་སོའི་ལོ་རྒྱུས་དང་། རྟེན་དང་བརྟེན་པའི་ངོ་སྤྲོད། འབྲེལ་ཡོད་གལ་ཆེན་མི་སྣ་རྣམས་ཀྱི་མཛད་རྣམ། ཁུངས་སོ་སོའི་འཛིན་སྐྱོང་གནང་ལུགས། ཕྱག་བཞེས་ཕྲིན་སྒྲུབ། ཁོར་ཡུག་བཅས་ཞིབ་པར་གསལ་བའི་ <<རྣམ་གྲོལ་གླིང་གི་ལོ་རྒྱུས་ཆེན་མོ།>> དེབ་ཕྲེང་གསུམ་དང་། གདན་ས་འདི་ཉིད་དང་འབྲེལ་བའི་མཁན་ཆེན་རྣམ་གསུམ་གཙོས་གནད་ཡོད་མི་སྣ་རྒན་གྲས་རྣམས་ལ་བཅར་འདྲི་ཞུས་པ་ <<རྣམ་གྲོལ་གི་ངག་རྒྱུན་ལོ་རྒྱུས།>> དེབ་ཕྲེང་གཉིས་བཅས་ཁྱོན་དེབ་ཕྲེང་ལྔ་རྩོམ་སྒྲིག་ཞུས་ཏེ་དངོས་སུ་པར་སྐྲུན་ལེགས་གྲུབ་བྱུང་བའི་དུས་བཟང་ལ་མཁན་ཆེན་པདྨ་ཤེས་རབ་མཆོག་གིས་དབུས་རང་དགོན་རྣམ་གྲོལ་གླིང་གི་སྡེ་ཚན་སོ་སོའི་སྐུ་ཚབ་མི་སྣ་རྣམས་ལྷན་བཞུགས་ཀྱིས་སྔ་དྲོ་ཆུ་ཚོད་ ༨:༣༠ ཐོག་དཔེ་དེབ་དབུ་འབྱེད་མཛད་སྒོ་གནང་ཞིང་། ཕྱིས་སུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལའང་སྤྱན་འབུལ་ཞུས།

སྔ་འགྱུར་ལྟ་གྲུབ་བགྲོ་གླེང་གི་སྐོར།
སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་བརྒྱད་པ་དེ། ཟླ་ ༡༠ ཚེས་ ༢༧ དང་ ༢༨ བཅས་ཉིན་གཉིས་ཀྱི་རིང་། མཁན་ཆེན་པདྨ་ཤེས་རབ་མཆོག་གི་བཀའ་དགོངས་བཞིན་སྔར་སྲོལ་ལྟར། ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་འདས་མཆོད་དང་སྟབས་བསྟུན་ནས་འཚོགས་ཡོད། ཐེངས་འདིའི་ལྟ་གྲུབ་བགྲོ་གླེང་ལ་རང་དགོན་གྱི་མཐོ་སློབ་ཆེན་མོའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དང་། སློབ་གཉེར་བ་རྣམ་པ། དེ་བཞིན་རྒྱ་གར་གྱི་ས་ཁུལ་ཁག་ནས། སྨིན་གྲོལ་གླིང་གི་བཤད་གྲྭ་མདོ་རྒྱུད་ལེགས་བཤད་གླིང་དང་། འཕགས་ཡུལ་རྫོགས་ཆེན་བཤད་གྲྭ་ཤྲཱི་སིང་ཧ་ཐོས་བསམ་ནོར་བུ་གླིང་། ཨོ་རི་ས་ཐུབ་བསྟན་སྨིན་གྲོལ་གླིང་བཤད་གྲྭ་འཇམ་དཔལ་དགྱེས་པའི་དགའ་ཚལ། སྔ་འགྱུར་མཐོ་སློབ་ཤུགས་གསེབ་ཨོ་རྒྱན་རྫོང་། བྷིར་དཔལ་ཡུལ་ཆོས་འཁོར་གླིང་། བལ་ཡུལ་ནས་ཚོགས་གཉིས་དགེ་ཆགས་གླིང་བཤད་གྲྭ། འབྲུག་ནས་ཐར་པ་གླིང་། སྔ་འགྱུར་བཀའ་གཏེར་རིག་པའི་འབྱུང་གནས་གླིང་། འབྲུག་ཉི་མ་ལུང་བཤད་གྲྭ་སྔ་འགྱུར་མཐོ་སློབ་འགྱུར་མེད་མདོ་སྔགས་གླིང་བཅས་ནས་བགྲོ་གླེང་གསུང་བཤད་པ་དང་ཟུར་ཉན་པ་མཁན་སློབ་རྣམས་ཕེབས་ཡོད་ཅིང་། ཉིན་དང་པོ་ཞོགས་པ་ཆུ་ཚོད་ ༧:༠༠ ཐོག་རྣམ་གླིང་དབུ་འཛིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་བགྲོ་གླེང་ཚོགས་ཞུགས་པ་རྣམས་ནས་བགྲོ་གླེང་དབུ་འབྱེད་གནང་བ་དང་། བགྲོ་གླེང་དངོས་གཞི་དེ་ཉིན་གཉིས་ཀྱི་རིང་ལ་འཚོག་ཐེངས་བརྒྱད་དུ་བགོས་ནས་འཚོགས། དེ་ཡང་དངོས་གཞི་འཚོག་ཐེངས་རེ་ལ་དུས་ཡུན་ཆུ་ཚོད་ ༠༡:༣༠ རིང་གཙོ་སྐྱོང་བའི་གསུང་བཤད་དུས་ཡུན་སྐར་མ་ ༡༠ བགྲོ་གླེང་དམ་བཅའ་བའི་གསུང་བཤད་སྐར་མ་ ༡༥ གླེང་སློང་བ་ལ་དུས་ཡུན་སྐར་མ་ ༠༥ བགྲོ་གླེང་དངོས་གཞི་དྲི་བ་དྲིས་ལན་དུས་ཡུན་སྐར་མ་ ༥༥ དེའི་ནང་ནས་སློབ་གཉེར་བ་ལ་དུས་ཡུན་སྐར་མ་ ༡༥ བཅས་ཉིན་དང་པོར་འཚོག་ཐེངས་ལྔ། ཉིན་གཉིས་པ་ལ་འཚོག་ཐེངས་ལྔ་འཚོགས་ཡོད།

དེ་ནས་བགྲོ་གླེང་དངོས་གཞིའི་ཉིན་དང་པོ་དེ་སྔ་དྲོའི་ཆུ་ཚོད་ ༠༩:༠༠ ནས་དབུ་འཛུགས་ཐོག་འཚོག་ཐེངས་དང་པོའི་བརྗོད་གཞི། སེམས་ཅན་ཐམས་ཅད་ལ་ཁམས་ཡོད་པ་ལུང་རིགས་གཉིས་ཀྱི་སྒོ་ནས་སྒྲུབ་པ། འཚོག་ཐེངས་གཉིས་པའི་བརྗོད་གཞི། སེམས་ཙམ་པའི་གྲུབ་མཐའི་སྙིང་པོ་གཉིས་སྟོང་གི་ཤེས་པ་ལ་དཔྱད་པ། ཕྱི་དྲོའི་འཚོག་ཐེངས་དང་པོའི་བརྗོད་གཞི། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་དགོངས་པ་ཇི་ལྟར་འགྲེལ་ཚུལ་ལ་ཞིབ་མཇལ་ཐེངས་གཅིག།འཚོག་ཐེངས་གཉིས་པའི་བརྗོད་གཞི། སེམས་ཙམ་པའི་ལུགས་ཀྱི་མཚན་ཉིད་གསུམ་གྱི་རྣམ་གཞག་མདོར་ཙམ་བཀོད་པའི་སྐོར་ལ་བགྲོ་གླེང་གནང་ནས་ཕྱི་དྲོ་ཆུ་ཚོད་ ༥:༡༥ ཐོག་ཉིན་དང་པོའི་བགྲོ་གླེང་མཐའ་གྲུབ། ཉིན་གཉིས་པའི་བགྲོ་གླེང་དེ་ཕྱི་ཉིན་ཚེས་ ༢༨ ཞོགས་པ་ཆུ་ཚོད་ ༠༧:༠༠ ནས་དབུ་བཙུགས་ཤིང་། ཉིན་དེའི་སྔ་དྲོའི་ཆར་གྱི་འཚོག་ཐེངས་དང་པོའི་བརྗོད་གཞི། རཏྣ་གོ་ཏྲ་བི་བྷཱ་ག་ཡི་བརྗོད་བྱ་རྗོད་བྱེད་ཀྱི་དཔྱད་གླེང་མདོར་བསྡུས་པ། འཚོག་ཐེངས་གཉིས་པའི་བརྗོད་གཞི། སེམས་ཙམ་པའི་བྱུང་རིམ་དང་ལྟ་གྲུབ་དར་རྒུད་གླེང་བ། ཆུ་ཚོད་ ༡༡:༤༥ ནས་ ༡༢:༠༠ བར་བགྲོ་གླེང་མཉམ་ཞུགས་པ་ལྷན་འཛོམས་ཀྱི་བརྙན་པར་བསྒྲོན། ཕྱི་དྲོའི་འཚོག་ཐེངས་དང་པོའི་བརྗོད་གཞི། རྣམ་པར་ཤེས་པ་སྨྲ་བའི་ལུགས་ཀྱི་བག་ཆགས་ལ་དཔྱད་པ། ཕྱི་དྲོའི་འཚོག་ཐེངས་གཉིས་པའི་བརྗོད་གཞི། དབུ་སེམས་གཉིས་ཀྱི་མཐའ་བཞི་བྲལ་ཚུལ་སྐོར་སོགས་ལ་བགྲོ་གླེང་གནང་བ་བཅས་ཀྱིས་ཐེངས་འདིའི་བགྲོ་གླེང་དངོས་གཞི་མཐའ་གྲུབ། མཇུག་ཏུ་ཐེངས་འདིའི་བགྲོ་གླེང་གི་མཛད་རིམ་མཐའ་སྡུད་སྐབས། མཐོ་སློབ་ཆེན་མོ་འདི་གའི་སློབ་དཔོན་གཅིག་དང་སློབ་དཔོན་མ་གཅིག། ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་བཅར་བ་གཅིག་བཅས་ཀྱིས་ཐེངས་འདིའི་བགྲོ་གླེང་གི་མྱོང་ཚོར་མདོར་བསྡུས་རེ་དང་། དེའི་རྗེས་རྣམ་གླིང་དབུ་འཛིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་རིན་པོ་ཆེ་ངག་དབང་བསམ་གཏན་མཆོག་ནས་བགྲོ་གླེང་ལ་མཉམ་ཞུགས་གནང་མཁན་ཡོངས་ལ་ཕྱག་ཁྱེར་ཕུལ་བ་དང་། དེ་ནས་མཐོ་སློབ་འདི་གའི་ཚོགས་གཞོན་མཁན་པོ་མཆོག་ནས་ཐེངས་འདིའི་བགྲོ་གླེང་དུ་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཏེ། མཐར་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་སོགས་ཀྱི་བསྔོ་བ་མཛད་ནས་སྔ་འགྱུར་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་བརྒྱད་པ་མཐའ་གྲུབ་བོ། །སྤྱི་ཟླ་ ༡༠ ཚེས་ ༢༩ རེས་གཟའ་སྤེན་པའི་ཉིན་སྔ་དྲོ་ཆུ་ཚོད་ ༠༨ ཐོག་བཤད་གྲྭའི་ཚོགས་ཁང་ཆེན་མོར་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས་སྔ་འགྱུར་མཐོ་སློབ་ཆེན་མོ་དང་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་ཐོས་བསམ་དགའ་བའི་ཚལ་གྱི་དགེ་སློབ་ཡོངས་ལ་འདི་ཕྱི་གཉིས་ཕན་གྱི་བཀའ་སློབ་ལམ་སྟོན་བསྩལ་གནང་མཛད།

ལོ་མཇུག་གི་ཞབས་རིམ་དང་ཡིག་རྒྱུགས་ཆེན་མོའི་སྐོར།
སྤྱི་ཟླ་ ༡༡ ཚེས་ ༡༥ བོད་ཟླ་ ༠༩ ཚེས་ ༢༢  སྟེ་རྒྱལ་བ་ལྷ་ལས་བབས་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་སྔར་བཞིན་སྔ་འགྱུར་མཐོ་སློབ་ཆེན་མོའི་ལོ་འདིའི་དཔེ་ཁྲིད་མཚམས་འཇོག་གནང་ཡོད། སྤྱི་ཟླ་ ༡༡ ཚེས་ ༡༦ ནས་ཉིན་གསུམ་གྱི་རིང་སྔ་འགྱུར་མཐོ་སློབ་ཆེན་མོའི་དགེ་སློབ་ལྷན་འཛོམས་ཐོག་སྔོན་འགྲོ་འཛིན་གྲྭའི་སློབ་ཕྲུག་རྣམས་ཀྱིས་རྩོད་རྒྱུགས་ཕུལ་ཅིང་། གཞན་རྣམས་ཀྱིས་སྔ་འགྱུར་མཐོ་སློབ་ཆེན་མོའི་ལོ་མཇུག་ཞབས་རིམ་ཆེན་མོ་བཀའ་འགྱུར་དག་ཚར་དང་། ཕུར་བཟློག སྙིང་ཐིག་བསང་གསོལ་བཅས་འཚོགས། དེ་ནས་སྤྱི་ཟླ་ ༡༡ ཚེས་ ༡༩ ནས་ཉིན་བཞིའི་རིང་རང་སྦྱོང་གུང་གསེང་བཏང་། ད་ལོར་མཁན་ཆེན་པདྨ་ཤེས་རབ་མཆོག་གིས་དགེ་ཚུལ་སློང་གི་སྡོམ་པ་གསར་དུ་འབོག་སྒྲུབ་མཛད་པ་རྣམས་ལ་དམིགས་བསལ་དུ་སྤྱི་ཟླ་ ༡༡ ཚེས་ ༢༤ ཉིན་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་རིན་པོ་ཆེ་ངག་དབང་བསམ་གཏན་མཆོག་དང་། ཚོགས་གཞོན་མཁན་པོ་ཟླ་བ་དཔལ་མཆོག དེ་བཞིན་སློབ་དཔོན་གཅིག་བཅས་ཀྱིས་དམ་ཆོས་འདུལ་བའི་བསླབ་ཁྲིམས་དང་། གཞི་གསུམ་གྱི་ལག་ལེན་བྱེད་ཚུལ་གྲུབ་དབང་གོང་མ་དཔལ་ཆེན་འདུས་པའི་ཟིན་བྲིས་ལྟར་ངོ་སྤྲོད་གནང་། བོད་ཟླ་ ༡༠ ཚེས་ ༠༢ རེས་གཟའ་པ་སངས་ཀྱི་མཚན་མོར་མཁན་སློབ་རྣམས་དང་རྒྱུགས་སྤྲོད་དོ་དམ་པ་རྣམས་ཀྱིས་ཡིག་རྒྱུགས་རང་སྦྱོང་དང་འབྲེལ་བའི་བཀའ་སློབ་གནང་ཞིང་། བོད་ཟླ་ ༡༠ ཚེས་ ༠༣ ནས་ཚེས་ ༢༥ བར་ལོ་འཁོར་ཡིག་རྒྱུགས་རང་སྦྱོང་དང་། སྤྱི་ཟླ་ ༡༢ ཚེས་ ༡༩ རེས་གཟའ་ཟླ་བའི་ཉིན་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དབུ་ཚུགས། དེ་ནས་ཉིན་གསུམ་རེའི་མཚམས་ལ་སློབ་ཚན་ཁག་གི་རྒྱུགས་སྤྲོད་རེ་བཅས་མཐར་བོད་ཟླ་ ༡༡ ཚེས་ ༡༣ ཉིན་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་མཐའ་ཡོངས་སུ་གྲུབ། དེ་ནས་མཐོ་སློབ་ཆེན་མོའི་དགེ་འདུན་པ་ཞལ་གྲངས་ ༡༠༠༠ ཙམ་ཞིག་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་སྨོན་ལམ་ཆེན་མོར་ཕེབས་འཆར་དང་བཅས་སོ།།

ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་སྙིང་བསྡུས།

སྔར་སྲོལ་ལྟར་ལོ་འགོའི་དཔེ་ཁྲིད་དབུ་ཚུགས་པ་ནས་རྩ་བ་དང་ཡན་ལག་གི་སློབ་ཚན་སུམ་རྟགས་དག་གསུམ། རྒྱལ་རབས། ཆོས་འབྱུང་། བཤེས་སྤྲིངས་དང། རྒྱལ་སྲས་ལག་ལེན། བློ་རྟགས་བསྡུས་གསུམ། དབྱིན་བོད་ཀྱི་སྐད་ཡིག་སློབ་དེབ། འབུད་རྡུང་བཅའ་དཀྲོལ་དང་འབྲེལ་བའི་འདོན་ཆོ་ག་ཕྱག་ལེན་སོགས་ཕྱི་ནང་གི་རིག་པའི་གནས་རྣམས་ཟླ་དྲུག་སྔ་ཕྱི་གཉིས་སུ་བགོས་ནས་སློབ་སྟོན་གནང་མུས་བཞིན། འདི་ལོ་སྤྱི་ཟླ་ ༠༨ ཚེས་ ༡༤ དགོང་མོར་ཟླ་དྲུག་ཕྱི་མའི་སློབ་ཚན་ཁག་གི་དཔེ་ཁྲིད་རྣམས་རིམ་པར་འགོ་ཚུགས་ཤིང་། འཛིན་གྲྭ་གོང་འོག་གི་སློབ་གཉེར་བ་རྣམས་ནས་སྤྱི་ཟླ་ ༠༨ ཚེས་ ༠༢ ཉིན་སྔར་སྲོལ་བཞིན་ལོ་འཁོར་གཅིག་གི་ནང་ཟླ་དྲུག་སྔ་ཕྱི་གཉིས་སུ་བོད་སྐད་རྒྱུགས་སྤྲོད་ཐེངས་རེ་གཏོང་བ་ལས་ཟླ་དྲུག་ཕྱི་མའི་བོད་སྐད་རྒྱུགས་སྤྲོད་ཐེངས་གཉིས་པ་དང་། སྤྱི་ཟླ་ ༠༩ ཚེས་ ༡༦ ཉིན་འཛིན་གྲྭ་གསུམ་པ་མན་ཆད་ཀྱི་ཟླ་དྲུག་ཕྱི་མའི་དབྱིན་ཇི་ཟླ་རྒྱུགས་ཐེངས་དང་པོ་བཏང་། སྔར་སྲོལ་ལྟར་རྣམ་གླིང་གཞི་རིམ་སློབ་གྲྭའི་འཛིན་སྐྱོང་གནང་མཁན་གྱི་དགེ་རྒན་རྣམ་པ་དང་འཛིན་རིམ་གསུམ་པ་མན་གྱི་སློབ་གཉེར་བ་ཡོངས་རྫོགས་བཅས། སྤྲོ་སྣང་དང་བག་ཕེབས་ཡོང་ཆེད་དུ་སྤྱི་ཟླ་ ༠༩ ཚེས་ ༣༠ རེས་གཟའ་པ་སངས་ཉིན་ལ་ཐུགས་སྤྲོ་བཏང་གནང་ཡོད། སྤྱི་ཟླ་ ༡༠ ཚེས་ ༠༤ ཉིན་ཟླ་དྲུག་ཕྱི་མའི་སློབ་དེབ་ཀྱི་ཟླ་རྒྱུགས་དང་པོ་བཏང་གནང་ཡོད།

སྤྱི་ཟླ་ ༡༠ ཚེས་ ༡༦ ཉིན་གྱི་དགོང་མོར་ཀ་ཁ་འཛིན་གྲྭ་ནས་བཟུང་སྟེ་འཛིན་རིམ་བརྒྱད་པའི་བར་གྱི་སློབ་གཉེར་བ་རྣམས་ཀྱིས་བོད་ཡིག་ཡིག་གཟུགས་དང་དབྱིན་ཇིའི་ཡིག་གཟུགས་གཉིས་ཀྱི་དངོས་གཞིའི་འགྲན་སྡུར་གནང་། དེའང་ཀ་ཁ་འཛིན་གྲྭ་ནས་གསུམ་པའི་བར་དབུ་མེད་སུག་བྲིས་དང་། འཛིན་རིམ་བཞི་པ་ནས་དྲུག་པའི་བར་དབུ་མེད་འཁྱུག་ཡིག། འཛིན་རིམ་བདུན་པ་དང་བརྒྱད་པ་གཉིས་དབུ་ཅན་དང་གཞན་ཡང་སློབ་ཕྲུག་ཡོངས་ནས་དབྱིན་ཇིའི་ཡིག་གཟུགས་ལའང་དངོས་གཞིའི་འགྲན་སྡུར་གནང་ཡོད། སྤྱི་ཟླ་ ༡༠ ཚེས་ ༡༩ ཉིན་གྱི་དགོང་མོར་རྣམ་གླིང་གཞི་རིམ་སློབ་གྲྭའི་ཀ་ཁ་འཛིན་གྲྭ་ནས་བཟུང་སྟེ་འཛིན་རིམ་བརྒྱད་པའི་བར་གྱི་སློབ་གཉེར་བ་རྣམས་ཀྱིས་དངོས་གཞིའི་རི་མོའི་འགྲན་སྡུར་ཐེངས་དང་པོ་བཏང་གནང་ཡོད། དེ་སྔོན་ཟླ་འདིའི་ཚེས་ ༡༢/༡༣/༡༤/ བཅས་ཀྱི་སྔ་དགོང་གཉིས་ལ་འཛིན་གྲྭ་སོ་སོའི་འཛིན་ཁང་དུ་སློབ་གཉེར་བ་རྣམས་ཀྱིས་སྔོན་འགྲོའི་རི་མོའི་འགྲན་སྡུར་གནང་སྟེ་འཛིན་གྲྭ་རེའི་ནང་ནས་སྐབས་ཐོབ་དགེ་རྒན་གྱིས་རི་མོ་རྩེད་གྲས་བཅུ་ལས་མི་ཉུང་བ་བདམས་ནས་དངོས་གཞིའི་འགྲན་སྡུར་ནང་མཉམ་ཞུགས་བྱས་ཡོད། བོད་ཡིག་དང་དབྱིན་ཇི་བཅས་ཀྱི་དངོས་གཞིའི་ཡིག་གཟུགས་འགྲན་སྡུར་ནང་ཚུད་པའི་སློབ་གཉེར་བ་ཡོངས་ཀྱིས་སྤྱི་ཟླ་ ༡༠ ཚེས་ ༢༡ ཉིན་གྱི་དགོང་མོར་ཡིག་གཟུགས་འགྲན་སྡུར་ཐེངས་གཉིས་པ་དང་དེ་བཞིན་རི་མོའི་དངོས་གཞིའི་འགྲན་སྡུར་ནང་ཚུད་པའི་སློབ་གཉེར་བ་ཡོངས་ཀྱིས་སྤྱི་ཟླ་ ༡༠ ཚེས་ ༢༥ རེས་གཟའ་མིག་དམར་གྱི་དགོང་མོར་རི་མོའི་འགྲན་སྡུར་ཐེངས་གཉིས་པ་དེ་བཏང་གནང་ཡོད།

སྤྱི་ཟླ་ ༡༠ པའི་ཚེས་ ༢༦ རེས་གཟའ་ལྷག་པའི་ཉིན་འདི་ག་རྣམ་གླིང་གཞི་རིམ་སློབ་གྲྭའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་དང་སློབ་ཕྲུག་ཡོངས་ནས་སྤྱིར་འཛམ་གླིང་ཡོངས་དང་སྒོས་སློབ་གྲྭའི་ཕྱི་ནང་གསང་གསུམ་གྱི་རྐྱེན་ངན་བར་ཆད་ཞི་བའི་ཆེད་དུ་དམིགས་ཏེ་བསང་དང་གསོལ་ཁ་གནད་དུ་སྨིན་པ་ཞིག་འཚོགས་གནང་མཛད། སྤྱི་ཟླ་ ༡༠ ཚེས་ ༣༡ རེས་གཟའ་ཟླ་བའི་སྔ་དྲོའི་ཕྱག་ཚོད་ ༨ པའི་ཐོག རྣམ་གྲོལ་གླིང་གི་སློབ་གྲྭའི་རྒྱུན་ལས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ་ནས་འདི་གར་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་དགེ་རྒན་དང་སློབ་གཉེར་བ་ཡོངས་ལ་བཀའ་སློབ་ལམ་སྟོན་དང་བླ་མའི་རྣལ་འབྱོར་སོགས་ཀྱི་ཆོས་འབྲེལ་གནང་ཞིང་། གཞན་ཡང་སློབ་ཕྲུག་གསར་བུ་རྣམས་ལ་སྐྱབས་འགྲོའི་སྡོམ་པ་དང་བསྐྱར་བཟོས་བྱས་པའི་ནོར་བུ་ཚོང་ཁང་ལ་རབ་གནས་སོགས་གནང་ཡོད།

སྤྱི་ཟླ་ ༡༡ ཚེས་ ༠༢ ཉིན་ཟླ་དྲུག་ཕྱི་མའི་འཛིན་གྲྭ་འོག་མ་རྣམས་ཀྱི་དབྱིན་ཇི་དང་ཨང་རྩིས་ཟླ་རྒྱུགས་ཐེངས་གཉིས་པ་བཏང་། སྤྱི་ཟླ་ ༡༡ ཚེས་ ༡༡ ཉིན་ཟླ་དྲུག་ཕྱི་མའི་སློབ་དེབ་ཟླ་རྒྱུགས་ཐེངས་གཉིས་པ་བཏང་། སྤྱི་ཟླ་ ༡༡ ཚེས་ ༡༥ དེ་རྒྱལ་བ་ལྷ་ལས་བབས་པའི་ཉིན་དུས་བཟང་ཁྱད་པར་ཅན་གྱི་ཉིན་འཛིན་གྲྭ་གོང་མ་རྣམས་ཀྱིས་རྩོད་རྒྱུགས་ཕུལ་བ་དང་། ལོ་འཁོར་མོ་གཅིག་གི་དཔེ་ཁྲིད་ཀྱང་མཚམས་འཇོག་གནང་། སྤྱི་ཟླ་ ༡༡ ཚེས་ ༡༦ ཉིན་ལོ་འཁོར་མོ་གཅིག་གི་ཆོ་ག་ཕྱག་ལེན་གྱི་རྒྱུགས་སྤྲོད་བཏང་། ཚེས་ ༡༨ ནས་ཉིན་གསུམ་གྱི་རིང་རང་སྦྱོང་གུུང་སེང་དང་། སྤྱི་ཟླ་ ༡༡ ཚེས་ ༢༡ ནས་བདུན་ཕྲག་གཅིག་གི་རིང་ལ་ལོ་འཁོར་ཡིག་རྒྱུགས་ཀྱི་རང་སྦྱོང་གནང་ཞིང་སྤྱི་ལོ་ ༢༠༢༢ ལོའི་སྤྱི་ཟླ་ ༡༡ ཚེས་ ༢༦ བོད་ཟླ་ ༡༠ ཚེས་ ༠༣ ཉིན་ལོ་འདིའི་ལོ་འཁོར་རྒྱུགས་སྤྲོད་ཐེངས་དང་པོ་དེ་བཏང་ཡོད། དེ་ནས་ཉིན་གསུམ་རེའི་མཚམས་སུ་ཡིག་རྒྱུགས་རེ་བཏང་ནས་མཐར་སྤྱི་ཟླ་ ༡༢ ཚེས་ ༢༤ ཉིན་སློབ་གྲྭའི་ལོ་འཁོར་ཆེན་མོའི་ཡིག་རྒྱུགས་ཐེངས་ལྔ་པ་བཏང་། དེ་རྗེས་སུ་སྤྱི་ཚེས་ ༢༥ དང་ ༢༦ ཉིན་གཉིས་ཀྱི་རིང་རྩ་བ་ཤོག་ལྷེ་ལྔ་བཅུ་ཡན་ཕུལ་མཁན་རྣམས་ལ་དོ་དམ་ལྷན་ཚོགས་ནས་བློ་རྒྱུགས་ལེན་པ་བཅས་ལོ་འཁོར་མོ་གཅིག་གི་ཡིག་རྒྱུགས་མཐའ་ལེགས་པར་གྲུབ་ནས་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོར་ཕེབས་འཆར་བཅས་སོ།།

སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ།

བཙུན་དགོན་གྲྭ་ཚང་གི་མཛད་རིམ་སྙིང་བསྡུས།
༸སྐྱབས་མཆོག་འཁོར་ལོའི་མགོན་པོ་གྲུབ་དབང་ཡིད་བཞིན་ནོར་བུ་གང་གི་བཀའ་དགོངས་བཞིན། ཉིན་ལྟར་བཙུན་མ་རྣམས་རེ་མོས་ཀྱིས་སྔ་དྲོར་སྒྲོལ་ཆོག་དང་། ཕྱི་དྲོར་སྙིང་ཐིག་གསོལ་ཁ་བསྔོ་སྨོན་དང་བཅས་པ་ཆག་མེད་འཚོག་བཞིན་པ་དང་དེ་བཞིན་བླ་མ་རྡོ་རྗེ་སློབ་དཔོན་རྣམས་རེས་མོས་དབུ་བཞུགས་ཐོག་ཚེས་བཅུ་ལ་བླ་མ་རིག་འཛིན་འདུས་པ་དང་ཉེར་ལྔ་ལ་ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཚོགས་མཆོད་ཀྱང་རྒྱུན་ལྡན་ལྟར་འཚོག་བཞིན་ཡོད། སྤྱི་ཟླ་ ༠༨ པའི་ཚེས་ ༡༣ ནས་དབུ་ཚུགས་ཏེ་སྔར་སྲོལ་ལྟར་དབྱར་གནས་ཟླ་བ་གཅིག་དང་ཕྱེད་ཀྱི་རིང་ལ་རྡོ་རྗེ་སློབ་དཔོན་བླ་མ་ཕུར་པ་ཕྲིན་ལས་དབུས་པའི་གྲྭ་ཚང་གི་བཙུན་མ་རྣམས་དང་སློབ་གྲྭའི་འཛིན་གྲྭ་ལྔ་པ་ཡན་ཆད་ཀྱི་སློབ་གཉེར་བ་རྣམས་ནས་སྙིང་ཐིག་གསོལ་ཁ་དང་། མཁའ་འགྲོ་སེང་གདོང་མའི་བཟློག་པ། སྨིན་གླིང་རྡོར་སེམས། རཏ་གླིང་ཚེ་ཆོག ཀར་གླིང་ཞི་ཁྲོ། དགེ་སློང་མ་དཔལ་མོའི་སྨྱུང་གནས་ཀྱི་ཆོ་ག་ཆ་བཞི་བཅས་རེས་མོས་འཚོགས་ནས། མཐར་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་གཏང་རག་དང་ཚོགས་འཁོར་བཅས་སྤྱི་ཟླ་ ༠༩ པའི་ཚེས་ ༢༣ ཉིན་མཐའ་གྲུབ། དབྱར་གནས་ནང་དུ་མཁན་རིན་པོ་ཆེ་པདྨ་ཤེས་རབ་མཆོག་གིས་སྒྱུ་འཕྲུལ་ཞི་ཁྲོའི་བཀའ་དབང་ཉིན་བཞིའི་རིང་དང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་གསང་བ་སྙིང་པོའི་འགྲེལ་བ་ཕྱོགས་བཅུའི་མུན་སེལ་གྱི་བཀའ་ཁྲིད་བཀའ་དྲིན་བསྩལ་བ་བཅས་ནི་རྣམ་གླིང་འདུས་སྤྱི་ཡོངས་དང་གཅིག་མཚུངས་ཡིན། སྤྱི་ཟླ་ ༠༩ ཚེས་ ༢༩ ཉིན་བཙུན་མའི་འདུས་སྡེ་ཡོངས་ལ་མཁན་ཆེན་པདྨ་ཤེས་རབ་མཆོག་ནས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་མཐར་ཐུག་དོན་གྱི་གདམས་པ་གནད་ཀྱི་མེ་ལོང་གི་བཀའ་ཁྲིད་བསྩལ་བ་དང་། བཙུན་དགོན་གྱི་འདུས་སྤྱི་ཡོངས་ནས་བརྟན་བཞུགས་ཕུལ། སྤྱི་ཟླ་ ༠༩ ཚེས་ ༣༠ ཉིན་མཁན་རིན་པོ་ཆེ་པདྨ་ཤེས་རབ་མཆོག་གིས་བཙུན་དགོན་གྱི་སྒྲུབ་སྡེ་གྲུབ་གཉིས་དགའ་ཚལ་གླིང་གི་བཙུན་མ་རྣམས་ལ་སྙིང་ཐིག་རྩ་གསུམ་གྱི་བསྙེན་ཡིག་བཀའ་ཁྲིད་ཟབ་མོ་གསུངས་གནང་མཛད་ཡོད། སྤྱི་ཟླ་ ༡༡ ཚེས་ ༠༡ ཉིན་སྔ་འགྱུར་བཙུན་དགོན་གྱི་རྒྱུན་ལས་རྣམས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་རྣམ་གླིང་དབུ་འཛིན་མཆོག་སྤྲུལ་གྱང་ཁང་རིན་པོ་མཆོག་གིས་བཙུན་མ་ཡོངས་ལ་འདི་ཕྱི་གཉིས་ཕན་གྱི་བཀའ་སློབ་ཟབ་མོ་གནང་། འདི་ལོར་སློབ་དཔོན་མ་འགའ་དང་གྲྭ་ཚང་གི་བཙུན་མ་འགས་འབུམ་ལྔ་བསགས་སྦྱང་གནང་བཞིན་པ་ལས་སྤྱི་ཟླ་ ༡༡ ཚེས་ ༡༥ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་གཏང་རག་ཚོགས་འཁོར་དང་བཅས་མཐའ་གྲུབ། བོད་ཟླ་ ༡༡ ཚེས་ ༡༥ ནས་བཙུན་མ་ ༣༠༠ ལྷག་ཙམ་རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོ་སྐབས་སོ་བཞི་པ་འཚོག་ཕྱིར་ཕེབས་རྒྱུ་བཅས་སོ།།

བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གྱི་མཛད་རིམ་སྙིང་བསྡུས།
སྤྱི་ལོ་ ༢༠༢༢ ཟླ་ ༠༨ པའི་ཚེས་ ༡༢ ཉིན་སྔར་སྲོལ་ལྟར་ཚོགས་གཙོ་མཁན་རིན་པོ་ཆེ་ངག་དབང་བསམ་གཏན་མཆོག་དབྱར་གནས་ཀྱི་མཁན་པོར་དབུ་བཞུགས་ཐོག བཙུན་མ་ཉིས་བརྒྱ་ཙམ་གྱིས་རྣམ་གླིང་མཁན་སློབ་དགེ་འདུན་རྣམས་དང་ལྷན་དུ་དབྱར་ཁས་བླངས་ཏེ། ཉིན་རེར་ཐུན་གསུམ་དུ་བགོས་ཏེ་ཞོགས་པའི་ཆར་རྒྱུན་ཆགས་གསུམ་པ་དང་། ཉིན་གུང་གདུགས་ཚོད་ཀྱི་སྐབས་དཀོན་མཆོག་རྗེས་དྲན། བར་བསམ་སྒྲོལ་གསུམ། གདུགས་ཤེར་སེང་གསུམ་བཅས་ཞབས་རིམ་ཁག་དང་། དགོང་མོའི་ཆར་གཞུང་ཆེན་ཁག་གི་རྩ་བ་རེས་མོས་དང་བསྔོ་སྨོན་ཞབས་རིམ་གསུངས་གནང་བ་དང་། དེ་བཞིན་དབྱར་གནས་སྐབས་འཆད་རྩོད་རྩོམ་གསུམ་གྱི་མཛད་རིམ་ཁག་ལས། འཆད་པའི་རིམ་པ་ནི་འཛིན་གྲྭ་བདུན་པའི་སློབ་ཕྲུག་རྣམས་ཀྱིས་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་དང་། དྲུག་པའི་སློབ་གཉེར་བ་རྣམས་ཀྱིས་དཔལ་སྤྲུལ་ཤེར་ཕྱིན་སྤྱི་དོན་གྱི་བཤད་རྒྱུགས་ཕུལ་ཡོད། རྩོད་པའི་རིམ་པ་ལ་འཛིན་གྲྭ་དང་པོ་ནས་དགུ་པའི་བར་དང་དགུ་པ་ནས་དང་པོའི་བར་ལུགས་འབྱུང་ལྡོག་གི་ཚུལ་དུ་རྩོད་རྒྱུགས་ཕུལ་བ་དང་། ད་ལོའི་ཆར་ལོ་རིམ་བརྒྱད་པའི་སློབ་གཉེར་བ་ཡོངས་ཀྱིས་ཚད་མ་རྣམ་འགྲེལ་ལ་དཔྱད་རྩོམ་བྲིས་པའི་ནང་ནས་དཔྱད་རྩོམ་རྩེ་ཕུད་རྣམས་འདེམས་སྒྲུག་བྱས་ཏེ་དམ་བཅར་བཞུགས་ཤིང་། དམ་བཅའ་བ་དེ་དག་ལ་ལོ་རིམ་བརྒྱད་པའི་སློབ་གཉེར་བ་ཡོངས་ནས་དྲི་བ་བཀོད་གནང་བ་དང་། གཞན་ལོ་རིམ་གཉིས་པ་ནས་དགུ་པའི་བར་གྱི་སློབ་གཉེར་བ་གཞན་རྣམས་ཀྱིས་རང་མོས་ལྟར་དྲི་བ་བཀོད།

སྔོན་འགྲོ་འཛིན་གྲྭའི་སློབ་ཕྲུག་རྣམས་ཀྱིས་ཡིག་གཟུགས་འགྲན་སྡུར་དང་། དམིགས་བསལ་ད་ལོའི་ཆར་སྔ་འགྱུར་མཐོ་སློབ་ཆེན་མོ་དང་གཅིག་མཚུངས་སྔོན་འགྲོ་འཛིན་གྲྭའི་སློབ་ཕྲུག་རྣམས་ཀྱིས་རིག་གནས་འགྲན་སྡུར་གནང་ཡོད། གཞན་དགག་དབྱེའི་སྦྱོར་ཆོས་དང་མཐར་ལྗོངས་རྒྱུ་བཅས་ནི་སྔ་འགྱུར་མཐོ་སློབ་ཆེན་མོ་དང་གཅིག་མཚུངས་ཡིན། སྤྱི་ཟླ་ ༡༡ པའི་ཚེས་ ༡༥ རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཉིན་མོར་ལོ་འཁོར་མོ་གཅིག་གི་དཔེ་ཁྲིད་ཡོངས་སུ་རྫོགས་པར་མཐའ་གྲུབ་པ་དང་། སྤྱི་ཚེས་ ༢༦ ཉིན་སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་རྣམས་ཀྱིས་ལོ་འཁོར་རྩོད་རྒྱུགས་ཕུལ་ཅིང་། ཚེས་ ༢༧ ནས་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རང་སྦྱོང་དབུ་བཙུགས་ཏེ། སྤྱི་ཟླ་ ༡༢ པའི་ཚེས་ ༢༠ ཉིན་ནས་བཟུང་ཉིན་གསུམ་རེའི་རྗེས་སུ་ཡིག་རྒྱུགས་རེ་བཏང་སྟེ། སྤྱི་ལོ་ ༢༠༢༣ ཟླ་ ༠༡ པའི་ཚེས་ ༠༥ ཉིན་ལོ་འཁོར་ཡིག་རྒྱུགས་ཆེན་མོ་ལེགས་པར་མཐའ་གྲུབ། གཞན་རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོར་ཕེབས་ཕྱོགས་དང་གུང་སེང་སོགས་ནི་སྔ་འགྱུར་མཐོ་སློབ་ཆེན་མོ་དང་གཅིག་མཚུངས་ཡིན།

བཙུན་དགོན་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་གི་མཛད་རིམ་སྙིང་བསྡུས།
སྤྱི་ལོ་ ༢༠༢༢ ལོར་སྔ་སྲོལ་ལྟར་བཙུན་དགོན་གྱི་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་གི་སློབ་ཕྲུག་རྣམས་ཀྱིས་རྒྱུན་དུ་ཞོགས་པའི་ཆར་བར་བསམ་སྒྲོལ་གསུམ། སྔོན་འགྲོའི་ཞལ་འདོན། གདུགས་ཤེར་སེང་གསུམ། ཚེ་མདོ་ཚེ་གཟུངས། བཀྲ་ཤིས་སྨོན་ལམ་དང་ཞབས་བརྟན་ཁག དགོང་དྲོའི་ཆར་སྨོན་ལམ་རྣམ་གསུམ་དང་འཇམ་དཔལ་མཚན་བརྗོད། གསོལ་འདེབས་ལེའུ་བདུན་མ་སོགས་རེས་མོས་འདོན་བཞིན་ཡོད། གཞན་ཡང་རྒྱུན་དུ་སློབ་ཕྲུག་རྣམས་ཀྱིས་ཀློག་རྩལ་དང་བྲིས་གཟུགས། དེེ་བཞིན་ཆོས་འབྱུང་དང། རྒྱལ་རབས། ནང་ཆོས་ངོ་སྤྲོད། དབྱིན་ཡིག་སོགས་ལ་ཐོས་བསམ་སློབ་གཉེར་བྱེད་བཞིན་ཡོད། སྤྱི་ཟླ་ ༡༠ ཚེས་ ༢༡ གི་དགོང་མོའི་ཆར་འཛིན་གྲྭ་འོག་མ་རྣམས་ཀྱིས་དབྱིན་ཡིག་གི་སྙན་རྩོམ་བློ་ལ་སྐྱོར་རྒྱུ་དང་འཛིན་གྲྭ་བཞི་པ་ཡན་ཆོད་ཀྱི་སློབ་ཕྲུག་རྣམས་ནས་འཛིན་གྲྭ་གོང་འོག་བར་ལ་དབྱིན་ཡིག་དག་ཆ་བློ་འཛིན་འགྲན་སྡུར་དང་། སུམ་རྟགས་དག་གསུམ་གྱི་ཤེས་ཚད་འགྲན་སྡུར་གནང་ཡོད། དེ་བཞིན་གཏོར་བཟོ་དཀར་རྒྱན། འབུད་རྡུང་དཀྲོལ་གསུམ། རི་མོ་བཅས་ཀྱི་རྒྱུགས་སྤྲོད་ཀྱང་རིམ་བཞིན་བཏང་ནས་གྲུབ་འབྲས་རྩེར་སོན་རྣམས་ལ་བྱ་དགའ་གནང་། སྤྱི་ཟླ་ ༡༢ ཚེས་ ༡༡ ཉིན་ནས་བཟུང་བདུན་ཕྲག་གཅིག་རིང་ལོ་འཁོར་རྒྱུགས་སྤྲོད་ཆེད་རང་སྦྱོང་དང་། སྤྱི་ཟླ་ ༡༢ ཚེས་ ༡༨ ཉིན་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་དབུ་བཙུགས་ཏེ་སྤྱི་ལོ་ ༢༠༢༣ ཟླ་ ༠༡ ཚེས་ ༠༢ ཉིན་མཐའ་གྲུབ་པར་བྱས། གཞན་ཡང་རྡོར་གདན་སྔ་འགྱུར་སྨོན་ལམ་ཆེན་མོ་ལ་ཕེབས་རྒྱུ་དང་གུང་སེང་རྣམས་སྔ་འགྱུར་མཐོ་སློབ་ཆེན་མོ་དང་གཅིག་མཚུངས་ཡིན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།