མི་འགྱུར་རྡོ་རྗེའི་མཆོད་རྟེན་ངོ་སྤྲོད།

རྩོམ་སྒྲིག་པ།

མི་འགྱུར་རྡོ་རྗེའི་མཆོད་རྟེན་གྱི་ངོ་སྤྲོད་དངོས།

མི་འགྱུར་རྡོ་རྗེའི་མཆོད་རྟེན་ནམ་མི་འགྱུར་མཆོད་རྟེན་ཞེས་དམངས་ཁྲོད་དུ་གྲགས་པའི་གཏེར་སྟོན་ཆེན་པོ་གནམ་ཆོས་མི་འགྱུར་རྡོ་རྗེ་(སྤྱི་ལོ་ ༡༦༤༥-༡༦༦༧)ཡི་སྐུ་གདུང་མཆོད་རྟེན་འདི་ནི། རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་མངའ་སྡེ་མཻའི་སོར་རྫོང་ཁོངས་སྦེལ་ཀོབ་བོད་མིའི་གཞིས་སྒར་ལུགས་ཟུང་བསམ་འགྲུབ་གླིང་དུ་༸སྐྱབས་རྗེ་གྲུབ་པའི་དབང་ཕྱུག་པདྨ་ནོར་བུ་རིན་པོ་ཆེའི་གདན་ས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་བྱང་ཤར་མཚམས་སུ་མགོན་པོ་གང་ཉིད་ཀྱིས་སྤྱི་ལོ་ ༡༩༨༢ ལོར་བཞེངས།

མཆོད་རྟེན་འདི་ཉིད་བཞེངས་པའི་དགོས་པ་ཡང་། སྤྱིར་རྣམ་གྲོལ་གླིང་དགོན་པ་དང་ཉེ་འགྲམ་གཞིས་གྲོང་བཞི་པ་ཡུལ་དགོན་གཉིས་ཀྱི་བྱང་ཕྱོགས་སུ་ཆུ་གསུམ་གྱི་མདོ་དང་འགྲོ་ལམ་ཁེལ་བས་དེ་ནི་བྱང་གི་དགྲ་ལམ་ཡིན་པར་བརྟེན། ༸སྐྱབས་རྗེ་རིན་པོ་ཆེས་རྣམ་གྲོལ་གླིང་གི་མཆོད་རྟེན་རྣམས་བྱང་གི་དགྲ་གནོན་ཡིན་གསུངས་ནས་དགོན་པའི་བྱང་ཕྱོགས་སུ་བཞེངས་པར་མཛད་པའི་དགོས་པ་སྤྱི་མཚུངས་ལྟར་ཡིན་ཞིང་། ཁྱད་པར་དུ། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་འགོ་ཙམ་ལ་གློ་ནད་ཊི་བི་འགོས་ཁྱབ་སོང་ནས་རྣམ་གྲོལ་གླིང་གི་དགེ་འདུན་པ་མང་པོ་ཞིག་ནད་མནར་གྱིས་ཆོས་སྒྲུབ་པ་ལ་བར་ཆད་ཆེན་པོ་བྱུང་བའི་རྐྱེན་གཙོ་བོར་བྱས་ཏེ། ས་ཕྱོགས་འདིས་མཚོན་པའི་རྒྱལ་ཁམས་ཀུན་ཏུ་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང། ནད་ཡམས་མཚོན་འཁྲུགས་མུ་གེའི་སྐལ་བ་ངན་པ་ཐམས་ཅད་ལྷག་མེད་དུ་ཞི་བ་དང་། ཆར་ཆུ་དུས་སུ་བབས་པ་ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས་མདོར་ན་ལེགས་ཚོགས་མཐའ་ཡས་པའི་སྒོ་དུ་མར་དམིགས་ཏེ་བཞེངས།

དེ་ཡང་༸སྐྱབས་རྗེ་རིན་པོ་ཆེའི་དགོངས་བཞེད་བཞིན་རྦ་ཁ་སྤྲུལ་སྐུ་རིན་པོ་ཆེ་དང་། སྐུ་མཆེད་བསོད་ནམས། ཨ་ཁུ་ཚེ་ཕྲུག  ལྕམ་སྲིང་བདེ་ཆེན་སྒྲོལ་མ། ཨ་མར་བླ་མ་ཁོང་རྣམ་པས་གཙོ་བོར་བྱས་ཏེ་བཞེངས་སྐྲུན་གནང་ཡོད། ཞྭ་སྒམ་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་དབུས་པའི་དགེ་འདུན་འདུས་པ་ནས་ཆོས་སྒྲུབ་པ་ལ་བར་དུ་གཅོད་པའི་གཟུགས་ཅན་གཟུགས་མེད་ཀྱི་ཉེར་འཚེ་ཐམས་ཅད་ལྷག་མེད་ཞི་ཕྱིར་སྲི་བཟློག་རཀྴ་ཐོད་ཕྲེང་གི་སྒོ་ནས་མནན་པ་ཉིན་བདུན་དང་། ཁྱད་པར་དུའང་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེས་ཕུར་པ་ཡང་གསང་འདུས་པའི་སྒོ་ནས་སྲི་གནོན་ཉིན་བདུན་གྱི་རིང་ལ་འཚོགས་གནང་ཡོ
མཆོད་སྡོང་རིན་པོ་ཆེ་འདིའི་གཟུངས་གཞུག་གཙོ་བོ་ལ། གཏེར་ཆེན་མི་འགྱུར་རྡོ་རྗེའི་ཕྱག་མཛུབ་དང་གདུང་རུས་སོགས་ཀྱིས་གཙོས་རྟེན་ཁྱད་འཕགས་དུ་མ་བཞུགས་སུ་གསོལ་བ་དང་། རྟེན་དང་བརྟེན་པར་བཅས་པ་ལེགས་གྲུབ་བྱུང་བའི་རྗེས་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་མཆོག་གིས་དབུས་འདུས་པ་ཡོངས་ནས་རབ་གནས་ཚད་ལྡན་གནང་བ་མ་ཟད་༸གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་དང་། ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་ཐེག་མཆོག་བསྟན་པའི་རྒྱལ་མཚན། ༸སྐྱབས་རྗེ་སྨིན་གླིང་ཁྲི་ཆེན་ཀུན་བཟང་དབང་རྒྱལ། ༸སྐྱབས་མགོན་ས་སྐྱ་གོང་མ་ངག་དབང་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ། ༸སྐྱབས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས། ༸སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ། ༸སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་བཤད་སྒྲུབ་ཉིན་བྱེད་འཕྲིན་ལས། རྒྱལ་བ་དཔལ་ཡུལ་པའི་གདན་རབས་བཅུ་གཉིས་པ་༸སྐྱབས་རྗེ་ཀརྨ་སྐུ་ཆེན་ཐུབ་བསྟན་ཚུལ་ཁྲིམས་ནོར་བུ་འོད་ཟེར་ཕྲིན་ལས་ཀུན་ཁྱབ། རྫོགས་ཆེན་སྐུ་ཕྲེང་བདུན་པ་༸སྐྱབས་རྗེ་འཇིགས་མེད་བློ་གསལ་དབང་པོ་སོགས་བླ་ཆེན་རྣམས་ཀྱིས་བྱིན་རླབས་དང་རབ་གནས་གནང་བས་ཐུགས་རྗེའི་འཇུག་པ་མྱུར་ཞིང་བྱིན་རླབས་ཀྱི་ཚན་ཁ་འབར་བའི་མཐོང་གྲོལ་ཆེན་མོ་འཛམ་གླིང་མཛེས་པའི་རྒྱན་དུ་བཞུགས།
མཆོད་སྡོང་ཆེན་མོ་འདིའི་དབྱིབས་ནི། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཡངས་པ་ཅན་དུ་བདུད་ལས་རྣམ་པར་རྒྱལ་ནས་སྐུ་ཚེའི་འདུ་བྱེད་ཟླ་བ་གསུམ་དུ་བྱིན་གྱིས་བརླབས་པའི་ཚེ་ན། དེའི་རྗེས་དྲན་དུ་གྲོང་ཁྱེར་པའམ་ལི་ཙ་བྱི་རྣམས་ཀྱིས་བཞེངས་པའི་རྣམ་རྒྱལ་མཆོད་རྟེན་ཏེ། དབྱིབས་གཟུགས་གྲུ་ཟུར་མེད་པའི་ཟླུམ་པོ་བང་རིམ་གསུམ་པ་ཅན་ཞིག་ཡིན།

མཆོད་རྟེན་འདིའི་ཆ་ཚད་ནི། ཕྱོགས་རེའི་རྒྱ་ཚད་ལ་དབྱིན་ཁྲུ་ཉི་ཤུ་[༢༠]རེ་དང་། སྤྱི་ཡི་མཐོ་ཚད་ལ་དབྱིན་ཁྲུ་ ༣༦ དང་ཨིན་ཚོན་ ༠༧ ཅན་ཞིག་ཡིན། རྒྱུ་གཙོ་བོ་རྡོ་དང་ཨར་འདམ་ལས་གྲུབ་ཅིང་། མཆོད་རྟེན་འདིའི་བུམ་པའི་ནང་དུ་གཏེར་སྟོན་མི་འགྱུར་རྡོ་རྗེའི་སྐུ་བརྙན་ཞིག་ཀྱང་བཞུགས་སུ་གསོལ་ཡོད།
གཞན་ཡང་སྤྱི་ལོ་ ༡༩༩༥ ལོར་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེས་སྤྱིར་སྙིགས་དུས་འགྲོ་བའི་བསོད་ནམས་གསོག་པའི་ཞིང་དང་། སྒོས་སུ་སེམས་ཁམས་མི་བདེ་བའི་ནད་པ་དང་བཅོས་མ་ཐུབ་པའི་ནད་རིགས་ངན་པ་རྣམས་ཞི་བའི་ཆེད་དུ་དགོངས་ཏེ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཨ་རིའི་མེ་རི་ལྰེན། པོལ་སི་བེ་ལིའི་ [Poolesville,Maryland, America] ཀུན་བཟང་དཔལ་ཡུལ་ཆོས་གླིང་དུ་རྟེན་གཙོ་གཏེར་སྟོན་མི་འགྱུར་རྡོ་རྗེའི་གདུང་རུས་ཕྱག་མཛུབ་བཞུགས་པའི་སྐུ་གདུང་མཆོད་རྟེན་ཞིག་བཞེངས། དེ་བཞིན་༸སྐྱབས་རྗེ་རིན་པོ་ཆེས་ནེའུ་ཡོག་ཨབ་སི་ཏྲེད [Upstate, New York] དཔལ་ཡུལ་གླིང་དུ་ཡང་མི་འགྱུར་རྡོ་རྗེའི་མཆོད་རྟེན་ཞིག་བཞེངས་འཆར་མཛད་ནའང་བར་ཆད་ཀྱི་རྐྱེན་པས་བཞེངས་མ་ཐུབ་པ་ཕྱིས་སུ་༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོ་ཆེས་བཞེངས་ཏེ་སྤྱི་ལོ་ ༢༠༡༤ ལོར་མཐའ་ལེགས་པར་གྲུབ་བོ།།

སྤྲུལ་སྐུ་མི་འགྱུར་རྡོ་རྗེ་རྣམ་ཐར་དང་འབྲེལ་བོད་ནང་གི་སྐུ་གདུང་མཆོད་རྟེན་ཁག་གི་ངོ་སྤྲོད་མདོར་བསྡུས།

གནམ་ཆོས་མི་འགྱུར་རྡོ་རྗེའི་རྣམ་ཐར་མདོར་བསྡུས་ཤིག་ཞུ་བར་བྱ་སྟེ། དེ་ཡང་གཏེར་སྟོན་མི་འགྱུར་རྡོ་རྗེ་ནི། པདྨ་བཀའ་ཡི་ཐང་ཡིག་ལས། གཏེར་སྟོན་མི་འགྱུར་རྡོ་རྗེ་ཞེས་བྱ་འབྱུང་༔ ཁམས་ཀྱི་ཕྱོགས་ཀྱི་གཏེར་ཁ་བརྒྱ་ལ་དབང་༔  ཞེས་དང་། ཆོས་རྒྱལ་རཏྣ་གླིང་པའི་གཏེར་ལུང་ལས། རྡོ་རྗེའི་མིང་ཅན་ངོམ་གྱི་ཕྱོགས་ནས་འབྱུང་། །གཏེར་སྟོན་ཁྱེད་དང་རྟེན་འབྲེལ་འགྲིགས་པའམ། །འོན་ཏེ་ཡིན་ཀྱང་མ་འོངས་ཆོས་ལ་སྤྱོད། །ཅེས་དང་། གཞན་ཡང་ཨོ་རྒྱན་སངས་རྒྱས་གླིང་པ་དང་རིག་འཛིན་བདུད་འདུལ་རྡོ་རྗེ་སོགས་ཀྱི་གཏེར་ལུང་དུ་མ་ནས་ཡང་ཡང་བསྔགས་པའི་སྤྲུལ་པའི་གཏེར་ཆེན་རིག་འཛིན་མི་འགྱུར་རྡོ་རྗེ་ནི། ལོ་ཆེན་བཻ་རོ་ཙ་ན་དང་ཤུད་བུ་དཔལ་གྱི་སེང་གེ་ཟུང་དུ་འཇུག་པའི་རྣམ་རོལ་དང་འཁྲུལ་ཞིག་དབང་དྲག་རྒྱ་མཚོའི་སྐུ་སྐྱེ་དེ་མ་ཐག་པ། ལྷོ་རྒྱུད་ངོམ་གྱི་ཡུལ་དུ་ཆོས་རྒྱལ་གྱི་གདུང་རྒྱུད་ཡབ་མགོན་པོ་ཚེ་བརྟན་དང་། ཡུམ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ། སྤྱི་ལོ་ ༡༦༤༥ བོད་རབ་བྱུང་ ༡༡ པའི་ཤིང་མོ་བྱ་ཡི་ལོར་འཁྲུངས་ཤིང་། དགུང་ལོ་ལྔའི་དུས་ནས་མགོན་པོ་འོད་དཔག་མེད་དང་། ཨོ་རྒྱན་སངས་རྒྱས་གཉིས་པ་རྣམས་ཀྱི་ཞལ་གཟིགས།

སྔོན་གྱི་སྐྱེ་བ་ཉིས་བརྒྱ་ཙམ་ལྷང་ངེར་ཐུགས་ལ་གསལ་ཞིང་གཞན་སེམས་མཁྱེན་པའི་མངོན་ཤེས་ཐོགས་མེད་དུ་ཤར། དགུང་ལོ་བཅུ་གསུམ་ནས་རྩ་གསུམ་ལྷག་པའི་ལྷ་རབ་འབྱམས་ཀྱིས་ཞལ་གཟིགས་གདམས་ངག་བསྩལ་བ་རྣམས་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་ཡི་གེར་བཀོད་པ་པོད་བཅུ་གསུམ་ཙམ་བྱུང་སྟེ་གནམ་ཆོས་ཞེས་པའི་མཚན་གྱི་སྙན་པས་ཁྱབ། དགུང་ལོ་བཅུ་དྲུག་ནས་དགོངས་གཏེར་ནམ་མཁའ་མཛོད་ལ་མངའ་དབང་འབྱོར་ཞིང་། ཐུགས་ཟིན་གྱི་སློབ་མ་མཁས་གྲུབ་ཀརྨ་ཆགས་མེད། རིག་འཛིན་ཀུན་བཟང་ཤེས་རབ། ཀ༔ཐོག་དྲུང་པ་དང་། སངས་རྒྱས་བཀྲ་ཤིས། ཀ༔ཐོག་སྐུ་སྐྱེ། སངས་རྒྱས་རྡོ་རྗེ། ཀུན་བཟང་ཡེ་ཤེས། གུ་རུ་མཁྱེན་བརྩེ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མ་དང་། ཆོས་བདག་ལས་ཅན་སློབ་མའང་བསམ་གྱིས་མི་ཁྱབ་པའི་འཁོར་ཚོགས་ལ་ཉིད་ཀྱི་གཏེར་ཁ་གནམ་ཆོས་ཀྱིས་མཚོན་པའི་སྨིན་གྲོལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་དགུང་གྲངས་ཉི་ཤུ་རྩ་གསུམ་དུ་ཕེབས་ཚེ་ཚད་པ་འདྲ་བ་ཞིག་གི་སྙུན་གཞི་བཞེས་ནས་སྐུ་རིམ་ཞབས་བརྟན་ཇི་ཙམ་མཛད་ཀྱང་ཕན་པ་ཆེར་མ་བྱུང་བའི་མཐར་སྤྱི་ལོ་ ༡༦༦༧ ཐོག་རྨུགས་སངས་དགོན་དུ་ནག་པ་ཟླ་བའི་ཚེས་ ༡༧ ཉིན་ཞིང་ཁམས་མེ་ཏོག་བཀོད་པར་རྒྱལ་བ་མེ་ཏོག་མྱ་ངན་ལས་འདས་པའི་རྒྱལ་ཚབ་ཏུ་འགྲོའོ་ཞེས་གསུངས་ཏེ་ངོ་མཚར་བའི་ལྟས་དུ་མ་དང་བཅས་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་བསྟན། སྐུ་གདུང་བཞུས་པས་ཐུགས་ལྗགས་སྤྱན་གསུམ་དང་རིང་བསྲེལ་དུ་མ་བྱུང་ངོ་།།
དེ་ཡང་གཏེར་སྟོན་མི་འགྱུར་རྡོ་རྗེའི་སྐུ་གདུང་ཞུགས་འབུལ་ཞུས་པར་ཐུགས་ལྗགས་སྤྱན་གསུམ་དང་རིང་བསྲེལ་རིགས་དུ་མ་བྱུང་བ་རྣམས་ཀ༔ཐོག་དང་། སྡེ་དགེ དཔལ་ཡུལ། འབྲི་གུང་། རི་བོ་ཆེ། ཆབ་མདོ་སོགས་ཀྱི་དགོན་སྡེ་ཁག་ནས་ཕེབས་པའི་སྐྱེས་ཆེན་དམ་པ་མང་པོ་དང་དེའི་ཕྱོགས་ཀྱི་དགོན་སྡེ་ཁག་ལ་སྙོམས་བགོས་བྱས་པ་མ་ཟད། ཁྱད་པར་དུ་གཏེར་སྟོན་གང་གི་ཐུགས་ཟིན་གྱི་སློབ་མ་སྡེ་དགེ་དྲུང་པ་ཀུན་དགའ་རྒྱ་མཚོས་མཐུན་རྐྱེན་སྦྱར་ཏེ་རྨུགས་སངས་དགོན་དང་། འབུམ་རྫོང་དགོན་དུ་སྐུ་གདུང་མཆོད་རྟེན་རེ་དང་། དེ་བཞིན་གང་གི་ཐུགས་ཟིན་སློབ་མ་དཔལ་ཡུལ་མ་དགོན་ཕྱག་འདེབས་པ་པོ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་རྒྱུ་གསེར་དངུལ་ལས་གྲུབ་པའི་སྐུ་གདུང་མཆོད་རྟེན་ཞིག་བཞེངས་གནང་མཛད་དེ། དེ་ཉིད་ནང་རྟེན་གཙོ་བོར་བྱས་པའི་ལྷ་ཁང་ཞིག་དང་གཏེར་སྟོན་གང་གི་སྐུ་བརྙན་ཞིག་ཀྱང་བཞེངས། གཞན་ཡང་གང་གི་ཐུགས་ཟིན་སློབ་མ་སངས་རྒྱས་རྡོ་རྗེས་རྒྱུ་གསེར་དངུལ་ལས་གྲུབ་པའི་སྐུ་གདུང་མཆོད་རྟེན་ཞིག་དང་དེ་ཉིད་ནང་རྟེན་གཙོ་བོར་བྱས་པའི་ལྷ་ཁང་ཞིག་དང་། ནམ་མཁའ་བཀྲ་ཤིས་ཀྱིས་གསེར་གྱི་སྐུ་གདུང་མཆོད་རྟེན་ཞིག་བཞེངས་པ་སོགས་བོད་ཁམས་ཁོ་ན་ལའང་གཏེར་སྟོན་མི་འགྱུར་རྡོ་རྗེའི་སྐུ་གདུང་མཆོད་རྟེན་དུ་མ་བཞུགས་པ་རྣམ་ཐར་དག་ལས་གསལ།

མི་འགྱུར་རྡོ་རྗེའི་མཆོད་རྟེན་སྐོར་བའི་ཕན་ཡོན།

སྤྱིར་མཆོད་རྟེན་ལ་སྐོར་བ་བྱས་པའི་ཕན་ཡོན་ནི་བཅོམ་ལྡན་འདས་ཀྱིས་མདོ་ལས། མཆོད་རྟེན་སྐོར་བ་བྱས་པས་ནི། །བསྐལ་པ་བརྒྱར་ཡང་དེ་དག་རྣམས། །ཞར་བ་གྲུམ་པོ་ཡོང་མི་འགྱུར། །མཆོད་རྟེན་སྐོར་བ་བྱས་པས་ནི། །ཕྱུག་ཅིང་ནོར་ཀྱང་མང་བ་དང་། །སེར་སྣ་མེད་ཅིང་གཏོང་ཕོད་དང་། །སྦྱིན་པ་དག་ལ་དཔའ་བར་འགྱུར། །མཆོད་རྟེན་སྐོར་བ་བྱས་པས་ནི། །ཡིད་དུ་འོང་ཞིང་བལྟ་ན་སྡུག །མདོག་བཟང་མཐོང་ན་དགའ་བ་དང་། །ལོངས་སྤྱོད་རྒྱ་ཆེན་སྤྱོད་པར་འགྱུར། །ཞེས་སོགས་མཆོད་རྟེན་ལ་ཕྱག་འཚལ་བ་དང་སྐོར་བ་བྱས་པ་ལ་བརྟེན་ནས་གནས་སྐབས་དང་མཐར་ཐུག་གི་བླ་ན་མེད་པའི་འབྲས་བུ་འབྱུང་བར་རྒྱ་ཆེར་གསུངས་པ་དང་།

སྒོས་སུ་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དུ་མས་རབ་གནས་མཛད་པ། ཡང་སྒོས་སུ་གཏེར་ཆེན་མི་འགྱུར་རྡོ་རྗེ་གང་ཉིད་སྐུ་ཚེ་ཧ་ཅང་ཐུང་ཐུང་ལས་འཚོ་བཞུགས་མ་གནང་བར་དགུང་ལོ་ཉེར་གསུམ་ཐོག་མྱ་ངན་ལས་འདས་ཁ་ཞམས་ཆེམས་སུ། ང་ཡི་གདུང་འདི་ཞག་གསུམ་ལ། །ཐུག་རེག་མ་བྱེད་ཅལ་ལེ་ཞོག །དེ་ནས་སྤུར་ཆས་ལེགས་པར་གྱིས། །དར་དམར་ལ་སོགས་རྒྱན་གྱིས་བརྒྱན། །མཆོད་རྟེན་དཀར་པོ་གཅིག་གྱིས་དང་། །མཐོོང་ཚད་རླུང་གིས་ཕོག་ཚད་ཀུན། །ངན་སོང་མེད་དོ་་་་་་། །ཞེས་ཁོང་ཉིད་ཀྱི་སྐུ་གདུང་གིས་འགྲོ་ལ་ཕན་པ་རྒྱ་ཆེར་ཡོང་བར་ཐུགས་བསྐྱེད་སྨོན་ལམ་གནང་བ་དུས་སུ་སྨིན་པའི་ཉེར་ལེན་གྱིས་ངོ་མཚར་རྟེན་མཆོག་འདི་ལ་བརྟེན་ནས་ཀྱང་འབྲས་བུ་འབྱུང་བ་ལ་ཐེ་ཚོམ་མ་མཆིས། དམིགས་བསལ་མཆོད་རྟེན་འདིར་སྐོར་ཚད་ཕུལ་ན་སྨན་པས་བཅོས་མ་ཐུབ་པའི་སྐྲན་ནད་སོགས་ན་ཚའི་རིགས་བཅོས་ཐུབ་པ་དང་། མངལ་ལ་ཕྲུ་གུ་འཁོར་མ་ཐུབ་པ་རྣམས་ལ་ཕྲུ་གུ་འབྱུང་བ། ཆོས་འཇིག་རྟེན་གང་གི་ཐོག་ལའང་ལས་དོན་གལ་ཆེན་རིགས་སྒྲུབ་པའི་བར་ཆད་སེལ་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་རྣམས་ཀྱང་སྐོར་ཚད་འབུལ་མཁན་རྣམས་ལ་རང་རང་གི་འདོད་དོན་དངོས་སུ་གྲུབ་པའི་དཔེ་མཚོན་ལོ་རྒྱུས་ཀྱང་ཧ་ཅང་མང་། དེའི་རྐྱེན་གྱིས་ཐོག་མར་མཆོད་རྟེན་འདིར་སྐོར་བ་སྐོར་མཁན་དགོན་པའི་གྲྭ་པ་འགའ་ཞིག་ལས་མེད་ཀྱང་གོང་དུ་ཞུས་མ་ཐག་པའི་ཕན་འབྲས་དེ་དག་རིམ་བཞིན་གཅིག་བརྒྱུད་གཉིས་ཐོས་སུ་གྱུར་པས་ལོ་ནས་ལོར་དད་ལྡན་སྐོར་བ་སྐོར་མཁན་དང་སྐོར་ཚད་འཇོག་མཁན་ཇེ་མང་དུ་སོང་སྟེ་ད་ལྟའི་ཆར་ཉིན་ལྟར་སྐོར་བ་སྐོར་མཁན་བརྒྱ་ཕྲག་མང་པོ་ཆད་མེད་དུ་འོང་གི་ཡོད། ལྷག་པར་དུ་བོད་ཟླ་བཞི་པ་ས་ག་ཟླ་བའམ་འབུམ་འགྱུར་ཟླ་བ་ལ། དགེ་འདུན་པ་དང་བཙུན་པ་རྣམས་ཀྱི་གཙོས་མང་ཚོགས་བརྒྱ་ཕྲག་མང་པོས་དགོན་པའི་གླིང་སྐོར་དང་། མཆོད་སྡོང་ཆེན་མོ་འདིར་སྐོར་ཚད་འཇོག་མཁན་ལོ་ལྟར་འཚང་ཀ་ཤིག་ཤིག་ཡོད།

རྒྱུན་དུ་མཆོད་སྡོང་ཆེན་མོ་འདིར་སྐོར་བ་སྐོར་མཁན་དང་སྐོར་ཚད་འཇོག་མཁན་ནི། རང་དགོན་གྱི་དགེ་འདུན་བཙུན་མ་རྣམས་དང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་སྒར་ལུགས་ཟུང་བསམ་འགྲུབ་གླིང་དང་། བདེ་སྐྱིད་སླར་གསོའི་བོད་མི་རྣམས་ཀྱིས་གཙོས། རྒྱ་བལ་འབྲུག་གསུམ་སོགས་ཤར་ཕྱོགས་ཀྱི་རྒྱལ་ཁབ་དུ་མ་དང་། གཞན་ཡང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་དུ་མའི་དད་ལྡན་མང་པོས་ཆེད་དུ་གཉེར་ནས་སྐོར་ཚད་གསོག་ཏུ་ཕེབས་ཀྱི་ཡོད་པ་མ་ཟད། དགོན་པའི་གཡས་གཡོན་གྱི་རྒྱ་གར་བ་འགས་ཀྱང་དད་པ་ཟོལ་མེད་ངང་མཆོད་རྟེན་འདིར་ཕྱག་མཆོད་འབུལ་བ་དང་སྐོར་བ་བྱེད་པ་སོགས་བྱེད་ཀྱིན་ཡོད།

མཆོད་རྟེན་འདིའི་སྐོར་ཚད་ནི་སྐོར་བ་ཆིག་ཁྲི་ཆིག་སྟོང་གཅིག་བརྒྱ་བཅུ་གཅིག་ ༡༡༡༡༡ ཁ་སྐོང་དང་བཅས་པ་འཇོག་སྲོལ་ཡོད། བོད་རྨུགས་སངས་དགོན་དུ་བཞུགས་པའི་མི་འགྱུར་རྡོ་རྗེའི་མཆོད་རྟེན་སྐོར་ཚད་ལ་རང་ཉིད་གང་ལྕོགས་ཀྱིས་དུས་ཚོད་དང་བསྟུན་ཏེ་ལོ་རེར་སྐོར་བ་ལྔ་སྟོང་དང་དྲུག་སྟོང་སོགས་གང་ལྟར་ཡང་ལོ་གཉིས་རེ་དང་གསུམ་རེ་མཚམས་ནས་མཐའ་གྲུབ་ནའང་རུང་བཤད་སྲོལ་འདུག་པ་དང་། སྐོར་བ་སྐོར་བའི་ཚེ་ནའང་། དུས་གསུམ་སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །མི་འགྱུར་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །ནད་དོན་བར་ཆད་ཞི་བར་བྱིན་གྱིས་རློབས། །ཚེ་བསོད་དཔལ་འབྱོར་རྒྱས་པར་བྱིན་གྱིས་རློབས། །སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །གཏེར་ཆེན་བླ་མ་མཆོག་གིས་རྗེས་བཟུང་ནས། །བྱང་ཆུབ་སེམས་ཉིད་རྒྱུད་ལ་འབྱོངས་པ་དང་། །བདེ་ཆེན་ཞིང་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་གསུང་བྱིན་ཅན་དེ་ཉིད་འདོན་སྲོལ་ཡོད་པར་གྲགས་སོ། །བོད་ཀྱི་རྨུགས་སངས་རི་ཁྲོད་དུ་བཞུགས་པའི་མི་འགྱུར་རྡོ་རྗེའི་གདུང་རྟེན་དེར་དེ་སྔོན། རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། མཁན་ཆེན་ནུས་ལྡན་སོགས་ནས་ཀྱང་ཞབས་སྐོར་ཡུན་རིང་གནང་བའི་ལོ་རྒྱུས་རྣམ་ཐར་ཁག་ཏུ་གསལ། རྣམ་གྲོལ་གླིང་གི་མཆོད་རྟེན་འདིའི་སྐོར་ཚད་གྲུབ་རྗེས་ཉེ་འགྲམ་མཆོད་རྟེན་ཆ་བརྒྱད་ལ་སྐོར་བ་བཅུ་དྲུག་དང་། རྣམ་གྲོལ་གླིང་དགོན་པའི་གླིང་སྐོར་བཅུ་གསུམ་བཅས་ཉིན་གཅིག་ལ་བསྐོར་དགོས་ཤིང་། དེ་དག་ཚར་རྗེས་ཚོགས་མཆོད་དང་། མཆོད་མེ། ཡོན་ཆབ་སོགས་དངོས་འབྱོར་གྱི་མཆོད་སྤྲིན་དང་། ཕྱག་སྐོར་བྱེད་མཁན་རྣམ་པ་ལ་ཆུ་མངར་མོ་དང་། གསོལ་ཇ། བག་ལེབ་རྣམས་སྦྱིན་པ་གཏོང་གནང་བའི་སྲོལ་བཟང་ཡང་ཡོད། སྐོར་བ་སྐོར་མཁན་མི་སྐྱ་ཕོ་མོ་རྣམས་ཕྱི་དྲོ་ཆུ་ཚོད་བརྒྱད་པ་ཕན་ཆད་སྐོར་བ་སྐོར་མི་ཆོག་པ་དང་། སྐོར་བ་སྐོར་བའི་དུས་སུའང་ཆགས་སྡང་གི་སྐད་ཆ་དང་། ངག་འཁྱལ་གྱི་སྐད་ཅོར། བག་མེད་ཀྱི་བྱ་སྤྱོད་སོགས་གང་དྲན་བྱེད་མི་ཆོག་པའི་དགོན་པའི་བཀའ་ཁྲིམས་ཡོད་པ་བཞིན་དེ་དག་རིང་དུ་དོར་ཞིང་ཕྱག་ཏུ་ཕྲེང་བ་དང་ངག་ནས་བཛྲ་གུ་རུ་སོགས་ཡི་དམ་ལྷ་ཡི་མཚན་སྔགས་གསུང་བཞིན་ཞི་དུལ་བག་ཡོད་ཚུལ་མཐུན་གྱིས་ཕེབས་དགོས་ཀྱི་ཡོད། དེ་ལྟར་མི་འགྱུར་རྡོ་རྗེའི་མཆོད་རྟེན་གྱི་ངོ་སྤྲོད་སྙིང་བསྡུས་ཞུས་པ་མཐའ་གྲུབ་བོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།